Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 100
Văn bản gốc(Tây Tạng)
Trang 2 / 23 (50.000 ký tự/trang)
ིག་ནི་མིག་གི་ དབང་པོ་ཡིན་པའི་ཕྱིར་འོད་ཟེར་དང་བཅས་པ་ཁོ་ན་ཡིན་པ་དེ་བཞིན་དུ་མིག་གི་དབང་པོ་ཡང་མིག་གི་དབང་པོ་ཡིན་པའི་ཕྱིར་འོད་ཟེར་དང་བཅས་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཅིའི་ ཕྱིར་དེ་རིགས་པ་མ་ཡིན་ཞེ་ན། མིག་གི་དབང་པོ་ནི་བསྟན་དུ་མེད་པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། གང་བསྟན་དུ་ཡོད་པའི་གཟུགས་ནི་འོད་ཟེར་དང་བཅས་པ་ཡིན་ཏེ། དཔེར་ན་ཉི་མའི་གཟུགས་ལྟ་བུ་ཡིན་ནོ། །མིག་གི་དབང་པོ་ནི་བསྟན་དུ་མེད་པའི་གཟུགས་ཡིན་པའི་ཕྱིར་འོད་ཟེར་དང་བཅས་ པ་མ་ཡིན་པས་དཔེ་བསྒྲུབ་པར་བྱ་བ་ཆོས་ཀྱིས་སྟོང་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ། །གལ་ཏེ་ཕ་རོལ་པོ་ན་རེ་མིག་གི་དབང་པོའི་གནས་མིག་གི་འབྲས་བུ་འོད་ཟེར་དང་བཅས་པ་ཉིད་ཡིན་པས་དཔེ་བསྒྲུབ་པར་བྱ་བ་ཆོས་ཀྱིས་སྟོང་པ་མ་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་འབྱུང་བ་དེའི་ལན་ དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེའི་གནས་འོད་ཟེར་དང་བཅས་པ་ཉིད་ཡིན་དུ་ཟིན་ན་ཡང་དཔེ་མ་གྲུབ་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། མིག་གི་དབང་པོ་དེའི་གནས་མིག་གི་འབྲས་བུ་འོད་ཟེར་དང་བཅས་པ་ཉིད་ཡིན་དུ་ཟིན་ན་ཡང་བྱི་བ་ལ་སོགས་པའི་མཚན་མོ་རྒྱུ་བའི་མིག་ འོད་ཟེར་དང་བཅས་པ་དེ་དོན་དམ་པར་མ་སྐྱེས་པས་ཁྱེད་ཀྱི་དཔེ་མ་གྲུབ་པའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ། །འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡོད་པའི་ཕྱིར་ཡང་དེ་རིགས་པ་མ་ཡིན་ཏེ། འདི་ལྟར་ཁྱེད་ལ་དཔེ་བསྒྲུབ་པའི་ རྗེས་སུ་དཔག་པ་ཡོད་པ་དེ་བཞིན་དུ་ཁོ་བོ་ལ་ཡང་ཁྱེད་ཀྱི་དཔེ་སུན་འབྱུང་བའི་རྗེས་སུ་དཔག་པ་ཡོད་པའི་ཕྱིར་རོ། །དཔྱད་པ་རྣམ་པར་འཕྲོས་པས་ཆོག་གི་སྐབས་ཉིད་ཀྱི་དབང་དུ་བྱའོ་ཞེས་བྱ་བ་ནི་བྱེ་བྲག་པ་དང་གྲངས་ཅན་དག་ཡུལ་མ་ཕྲད་པ་དང་ཕྲད་པ་འཛིན་པར་ཡོངས་སུ་རྟོག་པའི་རྣམ་པར་རྟོག་པ་ བསལ་བའི་དཔྱད་པ་རྣམ་པར་འཕྲོས་པས་ཆོག་གི་ད་ནི་ལྟ་བ་གཟུགས་ལ་ལྟ་བར་མི་བྱེད་པའི་སྐབས་དེ་ཉིད་ཀྱི་དབང་དུ་བྱས་ཏེ་བཤད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལྟ་བ་རང་གི་བདག་ཉིད་ན། །དེ་ནི་དེ་ལ་མི་ལྟ་ཉིད། །གང་ཚེ་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། །ཞེས་བྱ་བ་འདི་ལ་ཁ་ ཅིག་ན་རེ་འདི་ལ་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ནི་རང་གི་བདག་ཉིད་ལ་མཐོང་ན་དེ་དང་ལྡན་པས་གཞན་གྱི་བདག་ཉིད་ལ་ཡང་དམིགས་པར་འགྱུར་ཏེ། དཔེར་ན་ཆུ་ལ་རླན་མཐོང་ན་དེ་དང་ལྡན་པས་ས་ལ་ཡང་དམིགས་པ་དང་། མེ་ལ་ཚ་བ་མཐོང་ན་དེ་དང་ལྡན་པས་ཆུ་ལ་ཡང་དམིགས་པ་དང་། སྣ་མའི་ མེ་ཏོག་ལ་དྲི་ཞིམ་པ་ཉིད་མཐོང་ན་དེ་དང་ལྡན་པས་གོས་ལ་ཡང་དམིགས་པ་ལྟ་བུ་ཡིན་ན་དངོས་པོ་གང་རང་གི་བདག་ཉིད་ལ་མི་སྣང་བ་དེ་གཞན་གྱི་བདག་ཉིད་ལ་ཇི་ལྟར་དམིགས་པར་འགྱུར་ཏེ། འདི་ལྟར་སྣ་མའི་མེ་ཏོག་ལ་དྲི་ང་བ་ཉིད་མ་མཐོང་ན་གོས་ལ་ཡང་དམིགས་པར་མི་འགྱུར་བ་ལྟ་བུའོ། ། དེའི་ཕྱིར་གལ་ཏེ་ལྟ་བ་རང་གི་བདག་ཉིད་ལ་ལྟ་བར་བྱེད་ན་ནི་དེས་ན་གཟུགས་ལ་ལྟ་བར་བྱེད་པས་ལྟ་བ་ཞེས་བྱ་བ་དེ་འཐད་པར་འགྱུར་བ་ཞིག་ན་ལྟ་བ་ནི་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་དོ། །ད་གང་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པ་དེ་གཞན་དག་ལ་ཇི་ལྟར་ལྟ་བར་བྱེད་དེ། །དེ་བས་ན་གཟུགས་ལ་ལྟ་བར་བྱེད་པས་ལྟ་བ་ ཞེས་བྱ་བ་དེ་མི་འཐད་དོ། །སློབ་དཔོན་འཕགས་པ་ལྷས་ཀྱང་། དངོས་པོ་ཀུན་གྱི་རང་བཞིན་ནི། །ཐོག་མར་བདག་ལ་སྣང་འགྱུར་ན། །མིག་ཉིད་ལ་ཡང་མིག་ཉིད་ནི། །ཅི་ཡི་ཕྱིར་ན་འཛིན་མི་འགྱུར། །ཞེས་གསུངས་སོ་ཞེས་ཟེར་རོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་གནས་བརྟན་བུད་དྷ་པཱ་ལི་ཏ་ནི་ཚིག་ལེའུར་བྱས་པ་དེའི་དོན་འདི་སྐད་ དུ་རྣམ་པར་བཤད་པ་བྱེད་དོ་ཞེས་བྱ་བར་སྦྱར་རོ། །དེ་ལ་འདིར་རང་གི་སྡེ་པ་དག་ན་རེ་ལྟ་བ་གཟུགས་དམིགས་པ་དེ་གལ་ཏེ་ཇི་ལྟར་མིག་ལ་མེད་པ་དེ་བཞིན་དུ་གཟུགས་ལ་ཡང་མེད་དོ་ཞེ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། དེ་ལྟར་ཡང་། དེ་ནི་མིག་དང་གཟུགས་ལ་མེད། །དེ་གཉིས་བར་ནའང་ཡོད་ མ་ཡིན། །གང་དུ་དེ་ནི་གནས་གྱུར་པ། །དེ་ཡོད་མ་ཡིན་དེ་མེད་མིན། །ཞེས་གསུངས་པའི་ཕྱིར་རོ་ཞེའོ་ཞེས་བྱ་བ་ནི་རང་གི་སྡེ་པ་གཞན་དག་གིས་གནས་བརྟན་བུད་དྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་སུན་འབྱིན་པར་བྱེད་པ་ཡིན་ཏེ། འདི་ལ་མིག་གཟུགས་ལ་ལྟ་བར་བྱེད་པས་ལྟ་བའོ་ཞེས་བྱ་བ་ ཇི་ལྟར་ཤེས་ཤེ་ན། ལྟ་བ་གཟུགས་དམིགས་པ་ཞེས་བྱ་བ་གཟུགས་ཀྱི་རྣམ་པའི་མིག་གི་རྣམ་པར་ཤེས་པའི་སྐྱེས་པས་མིག་གཟུགས་ལ་ལྟ་བར་བྱེད་དོ་ཞེས་བྱ་བར་ཤེས་པ་ཡིན་ན་ལྟ་བ་གཟུགས་དམིགས་པ་ཞེས་བྱ་བ་གཟུགས་ཀྱི་རྣམ་པའི་མིག་གི་རྣམ་པར་ཤེས་པ་དེ་ནི་ཇི་ལྟར་མིག་ལ་མེད་པ་ དེ་བཞིན་དུ་གཟུགས་ལ་ཡང་མེད་པས་མིག་གཟུགས་ལ་ལྟ་བར་མི་བྱེད་པར་རང་གི་སྡེ་པ་དག་གི་གཞུང་ལས་ཡང་གྲུབ་པ་ཡིན་ན་དེ་ལ་གལ་ཏེ་གནས་བརྟན་བུད་དྷ་པཱ་ལི་ཏ་ལྟ་བ་གཟུགས་ལ་དམིགས་པ་ཞེས་བྱ་བ་གཟུགས་ཀྱི་རྣམ་པའི་མིག་གི་རྣམ་པར་ཤེས་པ་དེ་ཇི་ལྟར་མིག་ལ་མེད་པ་དེ་བཞིན་དུ་ གཟུགས་ལ་ཡང་མེད་པས། མིག་གཟུགས་ལ་ལྟ་བར་མི་བྱེད་དོ་ཞེས་སྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། དེ་ལྟར་ཡང་རང་གི་སྡེ་པ་སྤྱིའི་གྲུབ་པའི་མཐའ་ལས། དེ་ནི་མིག་དང་གཟུགས་ལ་མེད། །དེ་གཉིས་བར་ནའང་ཡོད་མ་ཡིན། །གང་དུ་དེ་ནི་གནས་གྱུར་པ། །དེ་ཡོད་མ་ཡིན་དེ་མེད་ མིན། །ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་གནས་བརྟན་བུད་དྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་སུན་འབྱིན་པར་བྱེད་པ་ཡིན་ཏེ། ཁ་ཅིག་ཅེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཡིན་ནོ། །ཅི་སྟེ་རང་གི་བདག་ཉིད་ལ་ལྟ་བར་བྱེད་ པའི་ནུས་པ་མེད་དོ་ཞེ་ན་ནི་ཞེས་བྱ་བ་ནི་ཅི་སྟེ་གནས་བརྟན་བུད་དྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་མིག་རང་གི་བདག་ཉིད་ལ་ལྟ་བར་བྱེད་པའི་ནུས་པ་མེད་པས་གཟུགས་ལ་ལྟ་བར་མི་བྱེད་དོ་ཞེས་བྱ་བར་སྒྲུབ་ན་ནིའོ། །དེ་ལྟ་ན་སྣ་མའི་མེ་ཏོག་དེའི་དཔེར་མི་རུང་སྟེ་ཞེས་བྱ་བ་ནི་ལྟ་ བ་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པའི་ཆོས་མི་མཐུན་པའི་དཔེ་སྣ་མའི་མེ་ཏོག་ལ་དྲི་ཞིམ་པ་ཉིད་མཐོང་ན་དེ་དང་ལྡན་པས་གོས་ལ་ཡང་དམིགས་པ་ལྟ་བུ་ཡིན་ན་ཞེས་སྨོས་པ་དེ་མི་རུང་ངོ་། །ཅིའི་ཕྱིར་མི་རུང་ཞེ་ན། སྣ་མའི་མེ་ཏོག་དག་ལ་ཚོགས་པའི་དབང་གིས་དྲི་ཞིམ་པ་ཉིད་དག་འབྱུང་བའི་ ཕྱིར་མེ་ཏོག་དང་ཕྲད་པས་འབྲུ་མར་དྲི་ཞིམ་པ་ཉིད་དུ་འགྱུར་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། སྣ་མའི་མེ་ཏོག་དག་ལ་རང་གི་བདག་ཉིད་ཀྱིས་དྲི་ཞིམ་པ་ཡོད་པ་མ་ཡིན་གྱི་ས་བོན་དང་ས་ལ་སོགས་པ་ཚོགས་པའི་དབང་གིས་དྲི་ཞིམ་པ་ཉིད་དག་གློ་བུར་དུ་འབྱུང་ཞིང་དེ་དང་ཕྲད་པས་གོས་ལ་སོགས་པ་ གཟུགས་གཞན་དག་ལ་ཡང་དྲི་ཞིམ་པ་ཉིད་དམིགས་པར་འགྱུར་ཏེ། དཔེར་ན་འབྲུ་མར་དག་ལ་རང་གི་བདག་ཉིད་ཀྱིས་དྲི་ཞིམ་པ་ཉིད་ཡོད་པ་མ་ཡིན་གྱི་མེ་ཏོག་དྲི་ཞིམ་པོ་དང་ཕྲད་པའི་དབང་གིས་འབྲུ་མར་དྲི་ཞིམ་པ་ཉིད་དུ་འགྱུར་བ་བཞིན་ཏེ། དེ་བས་ན་ལྟ་བ་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པའི་ ཆོས་མི་མཐུན་པའི་དཔེར་སྣ་མའི་མེ་ཏོག་དག་མི་རུང་བས་གནས་བརྟན་བུད་དྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་ནོ། །གཟུགས་ལ་ལྟ་བར་བྱེད་པའི་བྱ་བ་ཡང་སུས་ཀྱང་ཁས་མ་བླངས་པས་དེ་འགོག་པ་ཡང་མི་འཐད་པའི་ཕྱིར་རོ་ཞེས་བྱ་བ་ནི་གནས་བརྟན་བུད་དྷ་པཱ་ལི་ཏས་ལྟ་བ་རང་གི་ བདག་ཉིད་ལ་ལྟ་བར་མི་བྱེད་པས་གཞན་དག་ལ་ཡང་ལྟ་བར་མི་བྱེད་དོ་ཞེས་འགོག་པར་བྱེད་པ་དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་འགའ་ཞིག་གིས་མིག་ལ་རང་གི་བདག་ཉིད་ལ་ལྟ་བར་བྱེད་པའི་ནུས་པ་ཡོད་ཅིང་དེ་དང་ལྡན་པས་གཟུགས་ལ་ལྟ་བར་བྱེད་པའི་བྱ་བ་ཡོད་པར་ཁས་བླངས་ན་ནི་དེ་འགོག་ པ་ཡང་འཐད་གྲང་ན། སུས་ཀྱང་དེ་སྐད་ཁས་མ་བླངས་བཞིན་དུ་དེ་འགོག་པར་བྱེད་པ་ཡང་མི་འཐད་པའི་ཕྱིར་རོ། །ཅི་སྟེ་བདག་ཉིད་ལ་འཛིན་པར་མི་བྱེད་པ་བཞིན་དུ་གཞན་དག་ལ་ཡང་འཛིན་པར་མི་བྱེད་པར་སྒྲུབ་ན་ནི་དེ་ལྟ་ན་ཡང་དཔེས་མི་ནུས་ཏེ། མེ་དང་སྣ་མའི་མེ་ཏོག་དག་རང་དང་གཞན་གྱི་ བདག་ཉིད་ལ་འཛིན་པར་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཅི་སྟེ་གནས་བརྟན་བུད་དྷ་པཱ་ལི་ཏ་མིག་བདག་ཉིད་ལ་འཛིན་པར་མི་བྱེད་པ་བཞིན་དུ་གཟུགས་གཞན་དག་ལ་ཡང་འཛིན་པར་མི་བྱེད་པར་སྒྲུབ་ན་ནི་དེ་ལྟ་ན་ཡང་དེའི་ཆོས་མི་མཐུན་པའི་ཆོས་མེ་ལ་ཚ་བ་མཐོང་ན་དེ་དང་ལྡན་པས་ཆུ་ལ་ཡང་དམིགས་པ་ དང་། སྣ་མའི་མེ་ཏོག་ལ་དྲི་ཞིམ་པ་ཉིད་མཐོང་ན་དེ་དང་ལྡན་པས་གོས་ལ་ཡང་དམིགས་པ་ལྟ་བུ་ཡིན་ན་ཞེས་སྨོས་པ་དེས་མི་ནུས་ཏེ། དོན་དམ་པར་མེ་ནི་རང་ལ་སྲེག་པར་མི་བྱེད་ཅིང་གཞན་ཡང་སྲེག་པར་མི་བྱེད་ལ། སྣ་མའི་མེ་ཏོག་ཀྱང་རང་ལ་ཡང་དྲི་ཞིམ་པ་ཉིད་དུ་མི་བྱེད་ལ་གཞན་ཡང་དྲི་ ཞིམ་པ་ཉིད་དུ་མི་བྱེད་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་ནི་རིགས་པ་མ་ཡིན་ནོ་ཞེའོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ན་རེ་གནས་བརྟན་བུད་དྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་ནོ་ཞེས་ཟེར་བ་ཡིན་ནོ། །དེའི་ཕྱིར་དེ་ལྟར་མིག་ལྟ་བར་མ་གྲུབ་པས་སྐྱེ་བ་ཡང་མ་གྲུབ་འགྲོ་བ་ཡང་མ་གྲུབ་སྟེ། དཔེ་ མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེའི་ཕྱིར་དེ་ལྟར་རིགས་པས་དཔྱད་ན་མིག་ལྟ་བར་མ་གྲུབ་པས་སྔར་ཕྱོགས་སྔ་མ་ཉེ་བར་གཞག་པའི་སྐབས་སུ་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་སྐྱེ་བ་ཁོ་ནར་གཟུང་བར་བྱ་སྟེ། ཡུལ་སོ་སོར་ངེས་པའི་ཕྱིར་རོ། །འདི་ ན་གང་སྐྱེ་བ་མེད་པ་དེ་ལ་ནི་ཡུལ་སོ་སོར་ངེས་པ་མེད་དེ། དཔེར་ན་མོ་གཤམ་གྱི་བུའི་སྐྱེ་མཆེད་རྣམས་ལ་ཡུལ་སོ་སོར་ངེས་པ་མེད་པ་བཞིན་ནོ་ཞེས་སྨོས་པའི་སྐྱེ་བ་དེ་ཡང་མ་གྲུབ་ལ། འགྲོ་བ་ཡོད་པ་ཉིད་དུ་ཤེས་པར་བྱ་སྟེ། བྱ་བའི་འབྲས་བུ་ཡིན་པའི་ཕྱིར་གཟུགས་ལ་ལྟ་བ་ལ་ སོགས་པ་བཞིན་ནོ་ཞེས་སྨོས་པའི་འགྲོ་བ་དེ་ཡང་མ་གྲུབ་སྟེ། ཅིའི་ཕྱིར་ཞེ་ན། སྔར་ཕྱོགས་སྔ་མ་ཉེ་བར་གཞག་པའི་སྐབས་སུ་ནང་གི་སྐྱེ་མཆེད་རྣམས་ལ་ནི་ཡུལ་སོ་སོར་ངེས་པ་འདི་ལྟ་བུ་ཡོད་དེ། འདི་ལྟ་སྟེ་ལྟ་བ་དང་ཉན་པ་དང་སྣོམ་པ་དང་མྱོང་བར་བྱེད་པ་དང་རེག་པར་བྱེད་པ་དང་། ཡིད་ རྣམས་ཀྱི་ཡུལ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་རྣམས་ཡིན་པར་གོ་རིམས་བཞིན་ནོ་ཞེས་སྨོས་པའི་དཔེ་དེ་དག་མེད་པའི་ཕྱིར་རོ། །ཡང་ན་གཏན་ཚིགས་འགལ་བ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བ་ནི། ཅི་སྟེ་ཕ་རོལ་པོ་དག་ཀུན་རྫོབ་ཏུ་ལྟ་བ་གཟུགས་ལ་ལྟ་བར་བྱེད་པར་སྒྲུབ་ན་ནི་དེ་དག་དོན་ དམ་པར་སྒྲུབ་པ་དང་གཏན་ཚིགས་འགལ་བ་ཉིད་ཡིན་པས་དེ་ཡང་མི་རུང་ངོ་། །འདིར་སྨྲས་པ། ཁྱོད་སྒྲུབ་པའི་དོན་སྒྲོ་བཏགས་ནས་མིག་གཟུགས་ལ་ལྟ་བར་མི་བྱེད་དེ། རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པའི་ཕྱིར་རོ་ཞེས་ཟེར་བས་ནི་འདི་སྐད་ཅེས་གལ་ཏེ་དེ་ལ་རང་གི་བདག་ཉིད་ ལ་ནུས་པ་མེད་ན་དེ་ལ་གཞན་གྱི་བདག་ཉིད་ལ་ཡང་དེ་མེད་པར་བསྟན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་སྐྱེ་བར་སྨྲ་བ་དག་དབུ་མ་པས། ལྟ་བ་རང་གི་བདག་ཉིད་ན། །དེ་ནི་དེ་ལ་མི་ལྟ་ཉིད། །གང་ཚེ་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། །ཞེས་བཤད་པའི་གཏན་ཚིགས་ཀྱི་དོན་དེ་མ་ངེས་ པ་ཉིད་དུ་སྒྲུབ་པའི་ཚིག་ཡིན་ནོ། །འདི་སྐད་བསྟན་ཏེ་དབུ་མ་པ་ཁྱོད་རང་གི་སྒྲུབ་པའི་དོན་ཡང་དག་པ་མ་ཡིན་པ་སྒྲོ་བཏགས་ནས་མིག་གཟུགས་ལ་ལྟ་བར་མི་བྱེད་དེ། རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པའི་ཕྱིར་རོ་ཞེས་ཟེར་བས་ནི་དོན་དུ་ན་འདི་སྐད་ཅེས་གལ་ཏེ་མིག་དེ་ལ་རང་གི་བདག་ཉིད་ལ་འཛིན་ པར་བྱེད་པའི་ནུས་པ་མེད་ན་མིག་དེ་ལ་གཞན་གྱི་བདག་ཉིད་ལ་ཡང་འཛིན་པར་བྱེད་པའི་ནུས་པ་མེད་པར་བསྟན་པ་ཡིན་ནོ། །དེ་ལྟ་ན་ཅི་ཉེས་ཤེ་ན། དེའི་ཕྱིར་དེ་ལྟ་ན་ཡང་མ་ངེས་པ་ཉིད་ཡིན་ཏེ་ཞེས་བྱ་བ་སྨྲས་ཏེ། དེ་ལྟ་ན་ཁྱོད་ཀྱིས་གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་ཆགས་པ་ཡིན་ནོ། །ཅིའི་ཕྱིར་ ཞེ་ན། མེ་ལ་རང་གི་བདག་ཉིད་ལ་སྲེག་པར་བྱེད་པའི་ནུས་པ་ཉིད་མེད་དུ་ཟིན་ཀྱང་། གཞན་གྱི་བདག་ཉིད་ལ་སྲེག་པར་བྱེད་པའི་ནུས་པ་ཉིད་ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཅི་རེ་ཞིག་མིག་ལ་རང་གི་བདག་ཉིད་ལ་འཛིན་པར་བྱེད་པའི་ནུས་པ་མེད་པས་གཞན་དག་ལ་འཛིན་པར་མི་བྱེད་པ་ ལྟ་བུར་འགྱུར་རམ་འོན་ཏེ་མེ་ལ་རང་གི་བདག་ཉིད་ལ་སྲེག་པར་བྱེད་པའི་ནུས་པ་ཉིད་མེད་དུ་ཟིན་ཀྱང་གཞན་གྱི་བདག་ཉིད་ལ་སྲེག་པར་བྱེད་པའི་ནུས་པ་ཉིད་ཡོད་པ་ལྟ་བུར་འགྱུར་བ་མ་ངེས་པའི་ཕྱིར་རོ། །དེས་ན་མེ་བཞིན་དུ་ལྟ་བ་ལ་སོགས་པ་འགྲུབ་སྟེ། དཔེར་ན་མེ་ནི་སྲེག་པར་བྱེད་པ་ཡིན་ཡང་ གཞན་དག་སྲེག་པར་བྱེད་པ་ཉིད་ཡིན་གྱི་རང་གི་བདག་ཉིད་སྲེག་པར་བྱེད་པ་ཉིད་མ་ཡིན་ནོ། །དེ་བཞིན་དུ་ལྟ་བ་ཡང་ལྟ་བར་བྱེད་པ་ཡིན་ཡང་གཞན་དག་ལ་ལྟ་བར་བྱེད་པ་ཉིད་ཡིན་གྱི་རང་གི་བདག་ཉིད་ལ་ལྟ་བར་བྱེད་པ་ནི་མ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་ བཤད་པ། ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར། །མེ་ཡི་དཔེས་ནི་ནུས་མ་ཡིན། །མིག་ནི་ལྟ་བའི་ངོ་བོ་ཉིད། །ཡིན་ནོ་ཞེས་བྱ་བའི་དོན་དེ་རབ་ཏུ་བསྒྲུབ་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་བརྗོད་པས་ཏེ་ཞེས་བྱ་བ་ནི་སྐྱེ་བར་སྨྲ་བ་དག་གིས་མིག་ནི་ལྟ་བའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་ དོན་དེ་རབ་ཏུ་བསྒྲུབ་པའི་ཕྱིར་མེ་ལ་རང་གི་བདག་ཉིད་སྲེག་པར་བྱེད་པའི་ནུས་པ་ཉིད་མེད་དུ་ཟིན་ཀྱང་། གཞན་གྱི་བདག་ཉིད་སྲེག་པར་བྱེད་པའི་ནུས་པ་ཉིད་ཡོད་པའི་ཕྱིར་རོ་ཞེས་མེའི་དཔེས་དབུ་མ་པའི་གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་བརྗོད་པ་གང་ཡིན་པ་དེས་ནི་ལྟ་བ་རབ་ཏུ་བསྒྲུབ་པར་ནུས་ པ་མ་ཡིན་ཏེ། དཔེ་དེས་མི་ཆོག་པ་དང་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། དོན་དམ་པར་མེ་ནི་སྲེག་པར་བྱེད་པ་ཉིད་དུ་མ་གྲུབ་པའི་ཕྱིར་དང་། ཐ་སྙད་དུ་ཡང་ལྟ་བའི་ངོ་བོ་ཉིད་དུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། ངེད་དབུ་མ་པའི་ཕྱོགས་ལ་དོན་ དམ་པར་མེ་ནི་སྲེག་པར་བྱེད་པ་ཉིད་དུ་མ་གྲུབ་པའི་ཕྱིར་ཁྱེད་ན་རེ་མེ་ལ་རང་གི་བདག་ཉིད་སྲེག་པར་བྱེད་པའི་ནུས་པ་ཉིད་མེད་དུ་ཟིན་ཀྱང་གཞན་གྱི་བདག་ཉིད་སྲེག་པར་བྱེད་པའི་ནུས་པ་ཉིད་ཡོད་པའི་ཕྱིར་རོ་ཞེས་ཟེར་བའི་དཔེ་དེ་མ་གྲུབ་པའི་ཕྱིར་དང་ཐ་སྙད་དུ་ཡང་མིག་རང་གི་བདག་ཉིད་ལ་ལྟ་བའི་ངོ་བོ་ཉིད་ དུ་མ་གྲུབ་པས་གཞན་གྱི་བདག་ཉིད་ལ་ལྟ་བའི་ངོ་བོ་ཉིད་དུ་ཡང་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་མདོ་མཛད་པས་དགོངས་སོ། །ཡང་ན། ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར། །མེ་ཡི་དཔེས་ནི་ནུས་མ་ཡིན། །གཏན་ཚིགས་ཀྱི་སྐྱོན་བརྗོད་པའི་ཕྱིར་ཏེ་ཞེས་བྱ་བ་ནི་ཡང་ན། ལྟ་བ་རབ་ཏུ་བསྒྲུབ་པའི་ ཕྱིར། །མེ་ཡི་དཔེས་ནི་ནུས་མ་ཡིན། །ཞེས་བྱ་བ་ནི་འདི་ལ་ཁ་ཅིག་ལྟ་བ་གཟུགས་ལ་ལྟ་བར་བྱེད་གཏན་ཚིགས་སུ་མེ་ནི་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་པའི་ཕྱིར་རོ་ཞེས་ཟེར་བ་དེའི་སྐྱོན་དབུ་མ་པས་བརྗོད་པའི་ཕྱིར་ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར་མེའི་དཔེས་ནུས་པ་མ་ཡིན་ནོ། ། ཅིའི་ཕྱིར་ཞེ་ན། མེའི་ངོ་བོ་ཉིད་རང་དང་གཞན་གྱི་བདག་ཉིད་སྣང་བར་བྱེད་པ་དེ་ནི་གཞན་གྱི་ཕྱོགས་ལ་ཡང་མེད་པའི་ཕྱིར་དང་། ཐ་སྙད་དུ་ཡང་སྲེག་པར་བྱེད་པའི་ངོ་བོ་ཉིད་དུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། མེའི་ངོ་བོ་ཉིད་རང་དང་གཞན་གྱི་བདག་ཉིད་སྣང་བར་ བྱེད་པ་དེ་ནི་ཁོ་བོ་ཅག་གི་ཕྱོགས་དང་གཞན་གྱི་ཕྱོགས་ལ་ཡང་མེད་དེ། དེ་ལ་མུན་པ་མེད་པའི་ཕྱིར་དང་། ཐ་སྙད་དུ་ཡང་མེ་རང་གི་བདག་ཉིད་སྲེག་པར་བྱེད་པའི་ངོ་བོ་ཉིད་དུ་མ་གྲུབ་པས་གཞན་གྱི་བདག་ཉིད་སྲེག་པར་བྱེད་པའི་ངོ་བོ་ཉིད་དུ་ཡང་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་ མདོ་མཛད་པས་དགོངས་སོ། །དེས་ན་མེ་དེ་ཅི་སྟེ་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་པ་ཡིན་ན། །དེ་རང་དང་གཞན་གྱི་བདག་ཉིད་དག་སྲེག་པར་འགྱུར་བའི་ཡང་རིགས་ན་དེ་ལྟ་མ་ཡིན་ནོ། །འོན་ཀྱང་གཞན་དག་སྲེག་པར་བྱེད་པ་ཉིད་ཡིན་གྱི་རང་གི་བདག་ཉིད་སྲེག་པར་བྱེད་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་མེས་ཇི་ལྟར་གཞན་དག་སྲེག་པར་བྱེད་ཀྱི་རང་གི་བདག་ཉིད་སྲེག་པར་མི་བྱེད་པ་དེ་བཞིན་དུ་ལྟ་བ་ཡང་གཞན་དག་ལ་ལྟ་བར་བྱེད་ཀྱི་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་དོ་ཞེས་བྱ་བ་དེ་ཇི་ལྟར་རུང་སྟེ། མེ་ཇི་ལྟར་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་པ་དེ་བཞིན་དུ། ལྟ་ བ་ཡང་གལ་ཏེ་ལྟ་བ་ཡིན་ན་རང་དང་གཞན་གྱི་བདག་ཉིད་དག་ལ་ལྟ་བར་བྱེད་དོ་ཞེས་བྱ་བ་དེ་ལྟ་བུར་ཡང་འགྱུར་བ་ཞིག་ན་མི་འགྱུར་བ་དེའི་ཕྱིར་ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར་མེའི་དཔེས་ནུས་པ་མ་ཡིན་ནོ། །ཀུན་རྫོབ་ཏུ་ཡང་མེའི་ངོ་བོ་ཉིད་ནི་ཚ་བ་ཉིད་ཡིན་གྱི་སྲེག་པར་བྱེད་པ་ཉིད་ནི་མ་ཡིན་པས་ དེའི་ཕྱིར་སྲེག་པ་ཞེས་བྱ་བ་ཡང་མེས་བྱས་པའི་བུད་ཤིང་འགྱུར་བ་ཡིན་པས་དེའི་ཕྱིར་མེའི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྲེག་པ་ཞེས་བྱ་བ་ནི་མེའི་མཐུས་བུད་ཤིང་གཞན་དུ་འགྱུར་བ་ཡིན་གྱི་མེའི་ངོ་བོ་ཉིད་ནི་མ་ཡིན་པས་ཁྱོད་སོང་ལ་མེ་ལ་རང་གི་བདག་ཉིད་སྲེག་པར་བྱེད་པའི་ནུས་པ་ཉིད་མེད་ དུ་ཟིན་ཀྱང་གཞན་གྱི་བདག་ཉིད་སྲེག་པར་བྱེད་པའི་ནུས་པ་ཉིད་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་དཔེ་དེས་ལྟ་བ་རབ་ཏུ་བསྒྲུབ་པར་མི་ནུས་སོ། །གཞན་ཡང་། ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར། །མེ་ཡི་དཔེས་ནི་ནུས་མ་ཡིན། །ཞེས་བྱ་བ་ནི་སོང་བ་དང་མ་སོང་བ་དང་བསྒོམ་པ་དང་བརྟག་པ་དག་ གིས་མེའི་དཔེ་དེ་ལྟ་བ་དང་བཅས་པའི་ལན་བཏབ་ཟིན་པའི་ཕྱིར་ནུས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར། སོང་དང་མ་སོང་བསྒོམ་པ་ཡིས། །དེ་ནི་ལྟར་བཅས་ལན་བཏབ་བོ། །ལྟར་བཅས་ཞེས་བྱ་བ་ནི་ལྟ་བ་དང་བཅས་པའོ། །གང་ཞེ་ན་མེའི་དཔེ་དེའོ། །ཅི་ཞིག་བྱས་ཤེ་ན་ལན་བཏབ་ པོ། །གང་གི་ཞེ་ན་སོང་བ་དང་མ་སོང་བ་དང་བསྒོམ་པ་དག་གིས་ཏེ། ཇི་ལྟར་སྔར་དོན་དམ་པར་སོང་བ་དང་མ་སོང་བ་དང་བསྒོམ་པ་དག་ལ་འགྲོ་བ་མེད་དེ། སོང་ཟིན་པའི་ཕྱིར་དང་མ་སོང་བའི་ཕྱིར་དང་སོང་བ་དང་མ་སོང་བ་མ་གཏོགས་པར་བསྒོམ་པ་ཤེས་པར་མི་འགྱུར་བའི་ཕྱིར་རོ་ཞེས་བཤད་པ་དེ་ བཞིན་དུ་དོན་དམ་པར་མེས་ཀྱང་བུད་ཤིང་བསྲེགས་པ་དང་། བསྲེག་བཞིན་པ་དག་སྲེག་པར་མི་བྱེད་དེ། བསྲེགས་པའི་ཕྱིར་དང་། མ་བསྲེགས་པའི་ཕྱིར་དང་། བསྲེགས་པ་དང་མ་བསྲེགས་པ་མ་གཏོགས་པར་བསྲེག་པ་ཤེས་པར་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་དང་། དེ་བཞིན་དུ་དོན་ དམ་པར་མིག་ཀྱང་གཟུགས་བལྟས་པ་དང་མ་བལྟས་པ་དང་ལྟ་བ་དག་ལ་ལྟ་བར་མི་བྱེད་དེ། བལྟས་པའི་ཕྱིར་དང་མ་བལྟས་པའི་ཕྱིར་དང་བལྟས་པ་དང་མ་བལྟས་པ་མ་གཏོགས་པར་ལྟ་བ་ཤེས་པར་མི་འགྱུར་བའི་ཕྱིར་རོ་ཞེས་གོ་རིམས་བཞིན་དུ་སྦྱོར་བའི་ཚིག་དག་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་མེ་ཡང་སྲེག་པར་མི་བྱེད་ལ་ལྟ་བ་ཡང་ལྟ་བར་མི་བྱེད་ན་ཅི་ཞིག་གང་གི་དཔེར་འགྱུར་ཏེ། དེའི་ཕྱིར་ཡང་ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར་མེའི་དཔེས་ནུས་པ་མ་ཡིན་ནོ། །འདི་ལ་གཞན་དག་ནི་ཕ་རོལ་པོས་མེ་བཞིན་དུ་ལྟ་བ་ལ་སོགས་པ་འགྲུབ་སྟེ། དཔེར་ན་མེ་ནི་སྲེག་པར་བྱེད་པ་ཡིན་ཡང་གཞན་དག་ སྲེག་པར་བྱེད་པ་ཉིད་ཡིན་གྱི་རང་གི་བདག་ཉིད་སྲེག་པར་བྱེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ལྟ་བ་ཡང་ལྟ་བར་བྱེད་པ་ཡིན་ཡང་གཞན་དག་ལ་ལྟ་བར་བྱེད་པ་ཉིད་ཡིན་གྱི་རང་གི་བདག་ཉིད་ལ་ལྟ་བར་བྱེད་པ་ནི་མ་ཡིན་ནོ་ཞེས་སྨྲས་པའི་ལན་དུ། ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར། །མེ་ཡི་དཔེས་ནི་ནུས་མ་ ཡིན། །སོང་དང་མ་སོང་བསྒོམ་པ་ཡིས། །དེ་ནི་ལྟར་བཅས་ལན་བཏབ་པོ། །དེ་ཡང་གཞན་སྲེག་པར་མི་བྱེད་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་གསུམ་པ་འདི་ལ་འགྲེལ་པ་བྱེད་པ་གནས་བརྟན་བུད་དྷ་པཱ་ལི་ཏ་ནི་འདི་སྐད་ཅེས་རྣམ་པར་བཤད་པ་བྱེད་དོ་ཞེས་བྱ་བར་སྦྱར་རོ། ། དེ་ཡང་སྔར། ལྟ་བ་རང་གི་བདག་ཉིད་ན། །དེ་ནི་དེ་ལ་མི་ལྟ་ཉིད། །གང་ཚེ་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། །ཞེས་བཤད་པ་དེ་ལ་ཕ་རོལ་པོ་ལྟ་བའི་ངོ་བོ་ཉིད་སྨྲ་བ་དག་གིས་མེ་བཞིན་དུ་ལྟ་བ་ལ་སོགས་པ་འགྲུབ་སྟེ། དཔེར་ན་མེ་ནི་སྲེག་པར་བྱེད་པ་ཡིན་ཡང་གཞན་ དག་སྲེག་པར་བྱེད་པ་ཉིད་ཡིན་གྱི་རང་གི་བདག་ཉིད་སྲེག་པར་བྱེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ལྟ་བ་ཡང་ལྟ་བར་བྱེད་པ་ཡིན་ཡང་གཞན་དག་ལ་ལྟ་བར་བྱེད་པ་ཉིད་ཡིན་གྱི་རང་གི་བདག་ཉིད་ལ་ལྟ་བར་བྱེད་པ་ནི་མ་ཡིན་ནོ་ཞེས་མེའི་དཔེས་གཏན་ཚིགས་མ་ངེས་པ་ ཉིད་ཀྱི་སྐྱོན་སྨྲས་པ་དེ་བསལ་བའི་ལན་དུ་གནས་བརྟན་བུད་དྷ་པཱ་ལི་ཏས་ཚིག་ལེའུར་བྱས་པ་གསུམ་པ་འདི་བཤད་དེ་ལྟ་བ་དེ་ཡང་གཞན་ལ་ལྟ་བར་མི་བྱེད་ལ་མེ་དེ་ཡང་གཞན་སྲེག་པར་མི་བྱེད་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་མེད་དོ་ཞེས་ཟེར་བ་ཡིན་ནོ། །གཞན་དག་ན་རེ་དེ་ནི་ རིགས་པ་མ་ཡིན་ཏེ། དཔེ་ཙམ་གྱིས་ཕྱོགས་སྔ་མ་ཤིན་ཏུ་སྙིང་པོ་མ་ཡིན་པས་དེ་འགོག་པ་རིགས་པ་མ་ཡིན་པའི་ཕྱིར་རོ་ཞེའོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་གནས་བརྟན་བུད་དྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་པར་སུན་འབྱིན་པའི་ཚིག་ཡིན་ནོ། །ཅིའི་ཕྱིར་དེ་རིགས་པ་ མ་ཡིན་ཞེ་ན། ཕ་རོལ་པོ་ལྟ་བའི་ངོ་བོ་ཉིད་དག་གིས་མེ་བཞིན་དུ་ལྟ་བ་ལ་སོགས་པ་འགྲུབ་སྟེ། དཔེར་ན་མེ་ནི་སྲེག་པར་བྱེད་པ་ཡིན་ཡང་གཞན་དག་སྲེག་པར་བྱེད་པ་ཉིད་ཡིན་གྱི་རང་གི་བདག་ཉིད་སྲེག་པར་བྱེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ལྟ་བ་ཡང་ལྟ་བར་བྱེད་པ་ཡིན་ཡང་གཞན་ དག་ལ་ལྟ་བར་བྱེད་པ་ཉིད་ཡིན་གྱི། རང་གི་བདག་ཉིད་ལ་ལྟ་བར་བྱེད་པ་ནི་མ་ཡིན་ནོ་ཞེས་སྨྲས་པའི་ཕྱོགས་སྔ་མ་དེ་ནི་གཏན་ཚིགས་ཀྱི་མཚན་ཉིད་ཀྱི་སྦྱོར་བ་མེད་དེ། དཔེ་ཙམ་ཞིག་བརྗོད་པར་ཟད་པའི་ཕྱིར་ཤིན་ཏུ་སྙིང་པོ་མ་ཡིན་པས་དེ་ལ་ཡན་ལག་མ་ཚང་བ་ཉིད་ཙམ་གྱི་སྐྱོན་བརྗོད་པས་ ཆོག་ན་གནས་བརྟན་བུད་དྷ་པཱ་ལི་ཏས་འདི་སྐད་ཅེས་ཁྱོད་ཀྱིས་ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར་མེའི་དཔེ་བྱས་པ་གང་ཡིན་པ་དེས་ནི་ལྟ་བ་རབ་ཏུ་བསྒྲུབ་པར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། འདི་ལ་བུད་ཤིང་སྲེག་གོ་ཞེས་བྱ་མོད་ཀྱི་བུད་ཤིང་ལས་མེ་གུད་ན་མེད་པའི་ཕྱིར་ཏེ། དེ་བས་ན་མེ་ནི་རང་གི་བདག་ ཉིད་སྲེག་པར་བྱེད་པ་ཉིད་ཡིན་གྱི་གཞན་དག་སྲེག་པར་བྱེད་པ་ནི་མ་ཡིན་ནོ། །ཅི་སྟེ་གཞན་པ་ཉིད་མ་ཡིན་དུ་ཟིན་ཀྱང་བུད་ཤིང་ནི་བསྲེག་པར་བྱ་བའོ། །མེ་ནི་སྲེག་པར་བྱེད་པའོ་ཞེས་རྟོག་ན་ཁོ་བོས་ཀྱང་བུད་ཤིང་ནི་སྲེག་པར་བྱེད་པའོ། །མེ་ནི་བསྲེག་པར་བྱ་བའོ་ཞེས་སྨྲ་ལ་རག་གོ །ཡང་ ན་ཁྱད་པར་གྱི་གཏན་ཚིགས་བསྟན་པ་བརྗོད་དགོས་སོ། །སློབ་དཔོན་འཕགས་པ་ལྷས་ཀྱང་། མེས་ནི་ཚ་བ་ཉིད་སྲེག་སྟེ། །ཚ་བ་མ་ཡིན་ཇི་ལྟར་སྲེག །དེས་ན་བུད་ཤིང་ཞེས་བྱ་མེད། །དེ་མ་གཏོགས་པར་མེ་ཡང་མེད། །ཅེས་གསུངས་སོ། །དེ་ལྟ་བས་ན་མེའི་དཔེས་ནུས་པ་མ་ཡིན་ ནོ་ཞེས་ཕྱོགས་སྔ་མ་དེས་འགོག་པ་རིགས་པ་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་གིས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ཉིད་རང་གི་རིགས་པས་ལྟ་བ་མ་གྲུབ་ནས་འདིར་བརྡ་སྤྲོད་པ་པའི་ཐམ་ལག་གི་རྗེས་སུ་ཞུགས་ཏེ་མིག་ལྟ་བའི་བྱ་བ་ཡོད་པར་སྒྲུབ་པ་ཡིན་ནོ། ། མིག་ལ་ལྟ་བའི་བྱ་བ་ཡོད་པ་ཁོ་ན་ཡིན་ཏེ། སྒྲའི་བསྟན་བཅོས་ལས་དེ་ལྟར་བསྟན་པའི་ཕྱིར་རོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །འདི་ན་སྒྲའི་བསྟན་བཅོས་ལས་བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་ལྟ་བར་བྱེད་པས་ལྟ་ བ་ཞེས་བྱ་སྟེ། དེར་གང་ཇི་སྐད་བསྟན་པ་དེ་ནི་དེ་བཞིན་ཏེ་ཞེས་བྱ་བ་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ཏེ། འདི་ན་བརྡ་སྤྲོད་པའི་བསྟན་བཅོས་ལས་བྱེད་པ་པོ་གང་ཡིན་པ་ལ་བྱ་བ་བྱེད་པའི་ཚིག་གི་རྐྱེན་ལྷས་བྱིན་ལས་བྱེད་པས་བྱེད་པ་པོ་ཡིན་ནོ་ཞེས་བྱ་བ་དང་། མིག་གཟུགས་ལ་ལྟ་བར་བྱེད་པས་ ལྟ་བ་པོ་ཡིན་ནོ་ཞེས་བརྗོད་པ། དེས་ན་མིག་གིས་གཟུགས་ལ་ལྟ་བར་བྱེད་པས་ལྟ་བ་ཞེས་བྱ་སྟེ། སྒྲའི་བསྟན་བཅོས་དེས་གང་ཇི་སྐད་བསྟན་པ་དེ་ནི་དེ་བཞིན་ཏེ། གཞན་དུ་གྱུར་པ་མ་ཡིན་པས་དེའི་ཕྱིར་ལྟ་བ་པོ་མིག་ལ་ལྟ་བའི་བྱ་བ་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དཔེར་ན་བྱེད་པ་པོ་ ལ་བྱ་བའི་རྐྱེན་བརྗོད་ནས་ཐུགས་སུ་ཆུད་པར་མཛད་པ་འམ་ཐུགས་སུ་ཆུད་པར་གྱུར་པས་སངས་རྒྱས་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ནི་ཆོས་མཐུན་པའི་དཔེ་ཡིན་ཏེ། དཔེར་ན་སངས་རྒྱས་པ་དག་གི་གཞུང་ལས་བྱེད་པ་པོ་གང་ཡིན་པ་ལ་བྱ་བ་བྱེད་པའི་ཚིག་གམ་རྐྱེན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པར་མཛད་པའམ། ཐུགས་སུ་ཆུད་པར་གྱུར་པས་སངས་རྒྱས་ཞེས་བརྗོད་པ་དེས་ན་སངས་རྒྱས་ནི་པདྨ་རང་གིས་རང་ཉིད་ཁ་འབྱེད་པར་བྱེད་པས་པདྨ་ལ་ཁ་འབྱེད་པའི་བྱ་བ་ཡོད་པ་བཞིན་དུ་ཉིད་ཀྱིས་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པར་མཛད་པས་སངས་རྒྱས་ བཅོམ་ལྡན་འདས་ཤེས་བྱ་ཐུགས་སུ་ཆུད་པར་མཛད་པའི་བྱ་བ་མངའ་བ་དེ་བཞིན་དུ་མིག་ཀྱང་གཟུགས་ལ་ལྟ་བར་བྱེད་པས་མིག་ལ་ཡང་ལྟ་བའི་བྱ་བ་ཡོད་པ་ཁོ་ན་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ་བསྒྲུབ་པ་དེ་ཐ་སྙད་ཀྱི་བདེན་ པའི་ཁོངས་སུ་ནི་ཡོད་མོད་ཀྱི་དོན་དམ་པར་ནི་མེད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བརྡ་སྤྲོད་པ་པའི་ཐམ་ལག་གི་རྗེས་སུ་ཞུགས་ནས། མིག་ལ་ལྟ་བའི་བྱ་བ་ཡོད་པར་སྒྲུབ་པ་དེ་ཀུན་རྫོབ་ཀྱི་བདེན་པའི་ཁོངས་སུ་གཏོགས་པ་ཡིན་གྱི་དོན་དམ་པ་ནི་མ་ཡིན་པས་དོན་དམ་པར་མེད་དོ། །ཇི་ལྟར་ཞེ་ ན། འདི་ཉིད་དུ་མིག་ལྟ་བ་བཀག་པའི་ཕྱིར་དང་། དེའི་སྐྱེ་བ་བཀག་པའི་ཕྱིར་ལྟ་བ་དང་བྲལ་བ་ཡིན་པས། གང་ཚེ་ཅུང་ཟད་མི་ལྟ་བ། །ལྟ་བར་བྱེད་པ་མ་ཡིན་ནོ། །གང་གི་ཚེ་གཏན་པའམ་ཁྲིའུ་འམ་ཅུང་ཟད་ལ་ཡང་ལྟ་བར་མི་བྱེད་པ་དེའི་ཚེ་ལྟ་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྐྱེ་ མཆེད་བརྟག་པའི་རབ་ཏུ་བྱེད་པ་འདི་ཉིད་དུ་མིག་ལྟ་བ་བཀག་པའི་ཕྱིར་དང་། རྐྱེན་བརྟག་པ་དང་། འགྲོ་བ་བརྟག་པའི་རབ་ཏུ་བྱེད་པའི་སྐབས་སུ་ལྟ་བ་དེའི་སྐྱེ་བ་བཀག་པའི་ཕྱིར་མིག་ནི་ལྟ་བའི་བྱ་བ་དང་བྲལ་བ་ཡིན་པས་དེ་ལྟར་གང་གི་ཚེ་མིག་ལྟ་བའི་བྱ་བ་དང་བྲལ་བ་ཡུལ་གཏན་པ་འམ་ཁྲིའུ་ ལ་སོགས་པ་ཅུང་ཟད་ལ་ཡང་ལྟ་བར་མི་བྱེད་པ་དེའི་ཚེ་ལྟ་བར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར། ལྟ་བས་ལྟ་བར་བྱེད་ཅེས་བྱར། །དེ་ནི་ཇི་ལྟར་རིགས་པར་འགྱུར། །ལྟ་བས་ལྟ་བར་བྱེད་ཅེས་བྱ་བ་དེ་ཇི་ལྟར་རིགས་པར་འགྱུར་ཏེ། དེ་ནི་མི་རིགས་པ་ཁོ་ནའོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་ བས་ནི་ལྟ་བས་ལྟ་བར་བྱེད་དོ་ཞེས་བྱ་བའི་སྒྲུབ་པ་དེ་ཐ་སྙད་ཀྱི་བདེན་པའི་ཁོངས་སུ་ནི་ཡོད་མོད་ཀྱི་དོན་དམ་པར་ནི་མེད་དོ་ཞེས་བསྟན་ཏོ། །དེའི་ཕྱིར། ལྟ་བ་ལྟ་ཉིད་མ་ཡིན་ཏེ། །ཞེས་བྱ་བ་ནི། གང་ཚེ་ཅུང་ཟད་མི་ལྟ་བ། །ལྟ་བར་བྱེད་པ་མ་ཡིན་ནོ། །ལྟ་བས་ལྟ་བར་བྱེད་ཅེས་བྱར། །དེ་ནི་ཇི་ལྟར་ རིགས་པར་འགྱུར། །ཞེས་ཇི་སྐད་བཤད་པའི་རིགས་པ་དེའི་ཕྱིར་ལྟ་བས་ལྟ་བར་བྱེད་པ་ཉིད་མ་ཡིན་ནོ། །ཅི་སྟེ་ལེགས་པར་མ་ཟིན་པའི་གདོན་གྱིས་བརླམས་པས་ལྟ་བ་མ་ཡིན་པས་ལྟ་བར་བྱེད་པ་ཉིད་དོ་ཞེ་ན། དེའི་ཕྱིར། ལྟ་བ་མིན་པ་མི་ལྟ་ཉིད། །ལྟ་བའི་ནུས་པས་སྟོང་པའི་ཕྱིར། །བོང་ བ་ལ་སོགས་པ་བཞིན་ནོ། །ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། ལྟ་བ་མ་ཡིན་པ་ནི་བོང་བ་ལ་སོགས་པ་བཞིན་དུ་ལྟ་བའི་ནུས་པས་སྟོང་པའི་ཕྱིར་དེར་ཡང་ལྟ་བར་མི་བྱེད་པ་ཉིད་དེ། དེ་ནི་དམ་བཅས་པའི་ཚིག་ཡིན་ནོ། །དེས་ན་དོན་དམ་པར་སྒྲའི་བསྟན་བཅོས་ལས་ལྟ་བའི་སྒྲ་དང་ སངས་རྒྱས་ཀྱི་སྒྲ་བསྟན་པ་མི་རུང་བ་ཁོ་ན་སྟེ། དཔེ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་ལྟ་བ་ཡང་ལྟ་བར་བྱེད་པ་ཉིད་མ་ཡིན་ལ། ལྟ་བ་མ་ཡིན་པ་ཡང་ལྟ་བར་བྱེད་པ་ཉིད་མ་ཡིན་པའི་རིགས་པ་དེས་ན་ཕྱོགས་སྔ་མ་སྨྲ་བ་དག་གིས་མིག་ལྟ་བའི་ བྱ་བ་ཡོད་པ་ཁོ་ན་ཡིན་ཏེ། སྒྲའི་བསྟན་བཅོས་ལས་དེ་ལྟར་བསྟན་པའི་ཕྱིར་རོ། །འདི་ན་སྒྲའི་བསྟན་བཅོས་ལས་བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་མཐོང་བར་བྱེད་པས་ལྟ་བ་ཞེས་བྱ་སྟེ། དེར་གང་ཇི་སྐད་བསྟན་པ་དེ་ནི་དེ་བཞིན་ཏེ། དཔེར་ན་བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་ཐུགས་སུ་ ཆུད་པར་མཛད་པ་འམ། ཐུགས་སུ་ཆུད་པར་གྱུར་པས་སངས་རྒྱས་ཞེས་བྱ་བ་བཞིན་ནོ་ཞེས་སྒྲའི་བསྟན་བཅོས་ཀྱི་ཐམ་ལག་བསྟན་པ་དེ་ནི་མི་རུང་བ་ཁོ་ན་སྟེ། དོན་དམ་པར་སངས་རྒྱས་ཞེས་བྱ་བའི་དཔེ་མེད་པའི་ཕྱིར་རོ། །དཔེ་མེད་པའི་ཕྱིར་རོ་ཞེས་བཤད་པ་དེ་མཛད་པའི་མཐའ་དང་མི་འགལ་ ལམ་ཞེ་ན། དེའི་ཕྱིར་མཛད་པའི་མཐའ་དང་ཡང་མི་འགལ་ཏེ་དོན་དམ་པར་བཅོམ་ལྡན་འདས་ཀྱང་ངོ་བོ་ཉིད་མེད་པའི་ཕྱིར་དང་། དེ་བཞིན་གཤེགས་པ་བརྟག་པའི་རབ་ཏུ་བྱེད་པ་ལས་འོག་ནས་ཀྱང་། དེ་བཞིན་གཤེགས་པའི་རང་བཞིན་གང་། །དེ་ནི་འགྲོ་འདིས་རང་བཞིན་ནོ། །དེ་བཞིན་ གཤེགས་པ་རང་བཞིན་མེད། །འགྲོ་བ་འདི་ཡང་རང་བཞིན་མེད། །ཅེས་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །ཡང་ན་གཞན་དུ་བརྟག་སྟེ་ཞེས་བྱ་བ་ལ་སོགས་པས་ནི། གང་ཚེ་ཅུང་ཟད་མི་ལྟ་བ། །ལྟ་བར་བྱེད་པ་མ་ཡིན་ནོ། །ལྟ་བས་མཐོང་བར་བྱེད་ཅེས་བྱར། །དེ་ནི་ཇི་ལྟར་རིགས་ པར་འགྱུར། །ཞེས་བྱ་བའི་ཚིག་ལེའུར་བྱས་པ་དེའི་དོན་གཞན་དུ་བརྟག་པ་སྟོན་ཏོ། །འདི་ལ་དེ་ལྟ་བ་ཡིན་པ་ལ་བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་ལྟ་བར་བྱེད་པས་ལྟ་བ་ཞེས་བྱ་བའམ། ལྟ་བ་མ་ཡིན་པ་ལ་བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་ལྟ་བར་བྱེད་པས་ལྟ་བ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། མིག་དེ་ལྟ་བའི་ངོ་བོ་ཉིད་ཡིན་པ་ལ་སྒྲའི་བསྟན་བཅོས་ལས། བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་བྱེད་པ་པོ་ཉིད་དུ་གྲུབ་པའི་ཕྱིར་ལྟ་བར་བྱེད་པས་ལྟ་བ་ཞེས་བྱ་བའམ། འོན་ཏེ་མིག་དེ་ལྟ་བའི་ངོ་བོ་ཉིད་མ་ཡིན་པ་ལ་སྒྲའི་བསྟན་བཅོས་ལས་བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་ བྱེད་པ་པོ་ཉིད་དུ་གྲུབ་པའི་ཕྱིར་ལྟ་བར་བྱེད་པས་ལྟ་བ་ཞེས་གལ་གཉིས་སུ་བརྟག་པ་ཡིན་ནོ། །དེས་ཅིར་འགྱུར་ཞེས་བྱ་བ་ནི་ཕ་རོལ་པོ་ན་རེ་དེས་སྐྱོན་ཅིར་འགྱུར་ཞེས་འདྲི་བ་ཡིན་ནོ། །གལ་ཏེ་དེ་ལྟ་བ་ཡིན་པ་ལ་བྱ་བ་ནི་ཞེས་བྱ་བ་ནི་གལ་ཏེ་བརྟག་པ་སྔ་མ་ལྟར་འདོད་ནའོ། །དེས་ཅིར་འགྱུར་ཞེ་ན། གང་ཚེ་ཅུང་ཟད་མི་ལྟ་བ། །ལྟ་བར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ལྟ་བ་ཉིད་ལྟ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཚེ་མིག་དེ་ཅུང་ཟད་ལ་ཡང་མི་ལྟ་བ་དེའི་ཚེ་ན་དེ་ལྟ་བར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ལྟ་བུ་ཡིན་ཞེ་ན། གང་གི་ཚེ་ལྟ་བ་ཉིད་ན་ལྟ་བར་བྱེད་པ་ཡིན་ནོ། །དེས་ཅིར་འགྱུར་ཞེ་ ན། དེས་ན་མིག་ལྟ་བའི་བྱ་བ་སྐྱེས་པས་ལྟ་བར་བྱེད་དེ་ཞེས་བྱ་བ་སྨྲས་ཏེ། དེས་ན་མིག་ལ་ལྟ་བའི་བྱ་བ་ཡོད་ཅིང་ལྟ་བའི་ངོ་བོ་ཉིད་ཡིན་པས་ལྟ་བར་འགྱུར་རོ། །དེ་ལྟ་ན་སྐྱོན་ཅི་ཡོད་ཅེ་ན། དེ་ལྟ་ན་གཏན་ཚིགས་དང་དཔེའི་སྐྱོན་དེ་ཉིད་ཡོད་དོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟ་ན་སྔར་མིག་ལ་ལྟ་བའི་བྱ་ བ་ཡོད་པ་ཁོ་ན་ཡིན་ཏེ། སྒྲའི་བསྟན་བཅོས་ལས་དེ་ལྟར་བསྟན་པའི་ཕྱིར་རོ་ཞེས་ཕྱོགས་སྔ་མ་ཉེ་བར་གཞག་པའི་གཏན་ཚིགས་དང་དཔེའི་སྐྱོན་དོན་དམ་པར་སྒྲའི་བསྟན་བཅོས་ལས། ལྟ་བའི་སྒྲ་དང་སངས་རྒྱས་ཀྱི་སྒྲ་བསྟན་པ་མི་རུང་བ་ཁོ་ན་སྟེ། དཔེ་མེད་པའི་ཕྱིར་རོ་ཞེས་ཇི་སྐད་བསྟན་པ་དེ་ ཉིད་ཡོད་པས་མི་རུང་ངོ་། །གལ་ཏེ་དེ་ལྟ་བའི་བྱ་བའི་བྱེད་པ་པོ་ཡིན་པའི་ཕྱིར་ལྟ་བ་ཉིད་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་ན་རེ་མིག་གི་དབང་པོ་མ་གཏོགས་པར་ལྟ་བའི་བྱ་བ་གཞན་མེད་པས་དེས་ན་མིག་དེ་ལྟ་བའི་བྱ་བ་བྱེད་པ་པོ་ཡིན་པའི་ཕྱིར་མིག་ཉིད་ལྟ་བ་ཉིད་ཡིན་ནོ་ཞེས་ཟེར་ནའོ། །དེ་ སྐད་ཅེས་ཟེར་བ་དེའི་ལན་དུ་དེའི་ཚེ་དེ་ལྟ་བ་ཡིན་ན་ལྟ་བའི་བྱ་བ་དོན་མེད་པ་ཉིད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེའི་ཚེ་མིག་དེ་ལྟ་བ་ཡིན་ན་དེ་ལ་ལྟ་བའི་བྱ་བ་གཉིས་པ་སྐྱེ་བ་དོན་མེད་པ་ཉིད་དོ། །དེའི་ཕྱིར། ལྟ་བས་ལྟ་བར་བྱེད་ཅེས་བྱར། །དེ་ནི་ཇི་ལྟར་རིགས་པར་འགྱུར། །མི་རིགས་པ་ ཁོ་ན་ཡིན་ཏེ། ལྟ་བའི་བྱ་བ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་ནི་མིག་དེ་ལྟ་བའི་ངོ་བོ་ཉིད་ཡིན་ན། སྔ་ནས་ལྟ་བའི་བྱ་བ་དང་ལྡན་པའི་ཕྱིར་དེ་ལ་ལྟ་བའི་བྱ་བ་གཞན་དོན་མེད་པ་ཉིད་དེ་ལྟ་བའི་ངོ་བོ་ཉིད་ཡིན་པ་ལ་སྒྲའི་བསྟན་བཅོས་ལས་བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་བྱེད་པ་པོ་ཉིད་དུ་གྲུབ་པའི་ ཕྱིར་ལྟ་བ་ཞེས་བྱ་བ་དེ་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་དེ་ལྟ་བ་མ་ཡིན་པ་ལ་བྱ་ན་ཡང་ཞེས་བྱ་བ་ནི་ཅི་སྟེ་བརྟག་པ་ཕྱི་མ་ལྟར་འདོད་ན་ཡང་ངོ་། །དེས་ཅིར་འགྱུར་ཞེ་ན། གང་ཚེ་ཅུང་ཟད་མི་ལྟ་བ། །ལྟ་བར་བྱེད་པ་མ་ཡིན་ནོ། །དེའི་ཚེ་དེ་ལྟ་བའི་ངོ་བོ་ཉིད་མ་ཡིན་ན་བོང་བ་ལ་སོགས་པ་བཞིན་དུ་ལྟ་བའི་བྱ་བ་དང་ བྲལ་བ་ཡིན་པས་ལྟ་བ་མ་ཡིན་པ་ཡང་ལྟ་བར་བྱེད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ལྟ་བའི་ངོ་བོ་ཉིད་མ་ཡིན་པ་ལ་སྒྲའི་བསྟན་བཅོས་ལས་བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་བྱེད་པ་པོ་ཉིད་དུ་གྲུབ་པའི་ཕྱིར་ལྟ་བར་བྱེད་པས་ལྟ་བ་ཞེས་བྱ་བ་དེ་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་དེ་ལྟར་གཉི་ག་ཡང་ ལྟ་བའི་བྱ་བ་དང་མི་ལྡན་པའི་ཕྱིར། ལྟ་བ་ལྟ་ཉིད་མ་ཡིན་ཏེ། །ལྟ་བ་མིན་པ་མི་ལྟ་ཉིད། །ཅེས་བྱ་བ་ནི་བརྟག་པ་སྔ་མ་གཉི་གའི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། །ཅི་སྟེ་དགག་པ་གཉིས་ཡོད་ན་སྐབས་ཀྱི་དོན་གོ་བས་དེའི་ཕྱིར་མིག་ལྟ་བའི་བྱ་བ་སྐྱེས་པས་མཐོང་ངོ་ཞེ་ན་ཞེས་བྱ་བ་ནི་ཅི་སྟེ་ཕ་ རོལ་པོ་དག་ན་རེ་ཁྱེད་དབུ་མ་པས། ལྟ་བ་མིན་པ་མི་ལྟ་ཉིད། །ཅེས་བཤད་པའི་ཚིག་ལེའུར་བྱས་པ་དེ་ལ་དགག་པ་གཉིས་ཡོད་ན་སྐབས་ཀྱི་དོན་གོ་བས་འདིར་ཁོ་བོ་ཅག་འདོད་པའི་སྐབས་ཀྱི་དོན་ནི་ལྟ་བས་ལྟ་བ་ཉིད་ཡིན་ན་དེའི་ཕྱིར་ཁྱེད་ཀྱིས། ལྟ་བ་མིན་པ་མི་ལྟ་ཉིད། །ཅེས་བཤད་པ་དེས་ན་མིག་ལྟ་བའི་ བྱ་བ་སྐྱེས་པས་ལྟ་བས་ཁྱེད་རང་གིས་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་ཟེར་ནའོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་དེ་ཉིད་བཟང་པོ་མ་ཡིན་ཏེ་ཡོད་པ་དང་མེད་པའི་རྐྱེན་དགག་པ་བཞིན་དུ་ཡོད་པ་དང་མེད་པའི་བྱེད་རྒྱུ་ཉིད་བཀག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཀླན་ཀ་དེ་ནི་བཟང་པོ་མ་ཡིན་ ཏེ། སྔར་རྐྱེན་བརྟག་པའི་རབ་ཏུ་བྱེད་པའི་སྐབས་སུ། མེད་དམ་ཡོད་པའི་དོན་ལ་ཡང་། །རྐྱེན་ནི་རུང་བ་མ་ཡིན་ཏེ། །མེད་ན་གང་གི་རྐྱེན་དུ་འགྱུར། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་བཤད་པས་ཡོད་པ་དང་མེད་པའི་རྐྱེན་དགག་པ་བཞིན་དུ་འདིར་ཡང་ལྟ་བའི་བྱ་བ་ཡོད་པ་དང་མེད་ པ་གཉི་གས་ལྟ་བའི་བྱེད་རྒྱུ་ཉིད་བཀག་པའི་ཕྱིར་ལྟ་བ་མ་ཡིན་པ་ལྟ་བར་མི་བྱེད་པ་ཉིད་དོ་ཞེས་མེད་པར་དགག་པའི་ཚུལ་བསྟན་པས་ལྟ་བ་ལྟ་བར་བྱེད་པ་ཉིད་ཡིན་ནོ་ཞེས་མ་ཡིན་པར་དགག་པའི་ཚུལ་མ་བསྒྲུབས་པའི་ཕྱིར་རང་གིས་ཁས་བླངས་པ་ལ་གནོད་པར་མི་འགྱུར་རོ། །ཕྱིས་འབྱུང་ བའི་ཚུལ་གྱིས་ལྟ་བ་ཉིད་དུ་ཉེ་བར་བརྟགས་ནས་དེ་ལྟ་བ་ཡིན་པར་རྟོག་ན་ནི་ཞེས་བྱ་བ་ནི་ཕ་རོལ་པོ་དག་འདི་སྙམ་དུ་ད་ལྟར་ལྟ་བའི་ངོ་བོ་ཉིད་ལ་ལྟ་བའི་བྱ་བ་མེད་པས་དེ་ལྟ་བ་མ་ཡིན་དུ་ཟིན་ཀྱང་མིག་ནི་ཕྱིས་གཟུགས་ལ་ལྟ་བར་གདོན་མི་ཟ་བར་འགྱུར་བས་དེས་ན་ཕྱིས་འབྱུང་བའི་ཚུལ་གྱིས་ལྟ་བ་ཉིད་དུ་ཉེ་བར་ བརྟགས་ནས་མིག་དེ་ལྟ་བ་ཡིན་པའི་ཐ་སྙད་དུ་འགྱུར་བས་རྟོག་ཅིང་དེ་སྐད་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་ན་དེའི་ལན་དུ་ཐ་སྙད་ཀྱི་བདེན་པ་རབ་ཏུ་བསྒྲུབ་པའི་ཕྱིར་འདོད་པ་ཉམས་སོ་ཞེས་བྱ་བ་སྨྲས་ཏེ། ཁྱེད་ནི་ད་ལྟར་ལྟ་བའི་ངོ་བོ་ཉིད་ཀྱིས་ལྟ་བའི་ཚུལ་གྱིས་དོན་དམ་པར་སྒྲུབ་པ་ཡིན་ན་ཕྱིས་འབྱུང་བའི་ ཚུལ་གྱིས་ལྟ་བ་ཉིད་དུ་ཉེ་བར་བརྟགས་ནས་དེ་ལྟ་བ་ཡིན་པར་རྟོག་པས་ནི་ཐ་སྙད་ཀྱི་བདེན་པ་རབ་ཏུ་བསྒྲུབ་པའི་ཕྱིར་ཁྱེད་རང་གི་འདོད་པ་ཉམས་ཤིང་གཞི་མ་གྲུབ་པ་ཡིན་པས་དེ་ཡང་མི་རུང་ངོ་། །ཡང་ན་ཕ་རོལ་པོ་ན་རེ་མིག་ལྟ་བའི་བྱ་བ་སྐྱེས་པས་ལྟ་བར་བྱེད་པར་སྨྲ་སྟེ། བྱ་བའི་ཐ་སྙད་ཡོད་པའི་ཕྱིར་རོ། ། གང་ལ་ལྟ་བའི་བྱ་བ་མ་སྐྱེས་པ་དེས་ནི་ལྟ་བའི་བྱ་བ་བྱེད་དོ་ཞེས་མི་བརྗོད་དེ་དཔེར་ན་རྣ་བ་བཞིན་ནོ། །མིག་ལ་ནི་ལྟ་བའི་བྱ་བ་ཡོད་པས་མིག་གིས་ལྟ་བར་བྱེད་དོ་ཞེས་ཐ་སྙད་འདོགས་སོ་ཞེས་ཟེར་བ་ལ་སློབ་དཔོན་གྱིས་བཤད་པ་ཞེས་བྱ་བས་ནི། ལྟ་བ་ལྟ་ཉིད་མ་ཡིན་ཏེ། །ལྟ་བ་མིན་པ་མི་ལྟ་ཉིད། །ཅེས་བྱ་ བའི་ཚིག་ལེའུར་བྱས་པ་དེའི་ཕྱེད་གོང་མ་འདི་ནི་ཡང་ན་ཕ་རོལ་པོ་དག་ན་རེ་འཇིག་རྟེན་ན་མིག་ལྟ་བར་བྱེད་དོ་ཞེས་བྱ་བའི་ཐ་སྙད་ཡོད་པའི་སྒོ་ནས་དཔགས་ན་མིག་ལ་ལྟ་བའི་བྱ་བ་ཡོད་པས་ལྟ་བ་གཟུགས་ལ་ལྟ་བར་བྱེད་དོ་ཞེས་ཟེར་བ་ལ། སློབ་དཔོན་གྱིས་དེ་དགག་པའི་ཕྱིར་བཤད་པ་ཡིན་ནོ་ཞེས་སྟོན་ ཏོ། །ཕ་རོལ་པོའི་ཚིག་དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་དཔེ་དང་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །དེ་ལྟ་ན། ལྟ་བ་ལྟ་ཉིད་མ་ཡིན་ཏེ། །ཕ་རོལ་པོས་དོན་དམ་པར་ལྟ་བ་པོ་འགའ་ཞིག་ལ་ལྟ་བའི་བྱ་བ་ སྐྱེས་པར་མ་བསྟན་པའི་ཕྱིར་དང་ལྟ་བ་ལ་ལྟ་བའི་བྱ་བ་སྐྱེས་པའི་སྔོན་རོལ་ན་ལྟ་བ་ཉིད་དུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་དེ་སྐད་ཅེས་ཟེར་བ་ལྟ་ན་དེ་ཡང་མི་རུང་སྟེ། ལྟ་བས་ལྟ་བར་བྱེད་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཕ་རོལ་པོས་དོན་དམ་པར་ལྟ་བ་པོས་ ལྷས་བྱིན་ལྟ་བུ་འགའ་ཞིག་ལ་ལྟ་བའི་བྱ་བ་སྐྱེས་པར་རྗེས་སུ་དཔག་པ་གང་གི་སྒོ་ནས་ཀྱང་མ་བསྟན་པའི་ཕྱིར་དང་། ལྟ་བ་ལ་ལྟ་བའི་བྱ་བ་སྐྱེས་པའི་སྔོན་རོལ་ན་མ་སྐྱེས་པའི་དུས་ན་ལྟ་བ་ཉིད་དུ་མ་གྲུབ་པའི་ཕྱིར་འཇིག་རྟེན་ན་མིག་ལྟ་བར་བྱེད་དོ་ཞེས་བྱ་བར་ཐ་སྙད་ཡོད་པའི་སྒོ་ནས་དཔགས་ན། མིག་ལ་ ལྟ་བའི་བྱ་བ་ཡོད་པས། ལྟ་བ་གཟུགས་ལ་ལྟ་བར་བྱེད་དོ་ཞེས་བྱར་མི་རུང་བར་སློབ་དཔོན་གྱིས་དགོངས་སོ། །སྔོན་ལྟ་བ་མ་ཡིན་པ་ལས་ཕྱིས་ལྟ་བའི་བྱ་བ་དང་ལྡན་པར་འགྱུར་བ་ནི་བསྟན་དཀའ་བའི་ཕྱིར། ལྟ་བ་མིན་པ་མི་ལྟ་ཉིད། །ཅེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་ན་རེ་ལྟ་བ་ལྟ་བའི་བྱ་བ་མ་ སྐྱེས་པའི་སྔོན་རོལ་ན་ལྟ་བ་མ་ཡིན་ཡང་ཕྱིས་ལྟ་བའི་བྱ་བ་སྐྱེས་པའི་དུས་ན་ལྟ་བ་ཡིན་པར་འགྱུར་ཞེ་ན། དེ་ནི་རྗེས་སུ་དཔག་པ་གང་གི་སྒོ་ནས་ཀྱང་བསྟན་དཀའ་བའི་ཕྱིར་ལྟ་བ་མ་ཡིན་པས་ཀྱང་ལྟ་བར་མི་བྱེད་པ་ཉིད་དོ། །དེ་ལྟར་ན་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དམ། དོན་འགལ་བ་ཉིད་ཡིན་ པས་དམ་བཅས་པ་ཉམས་སོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་དཔྱད་ན་དོན་དམ་པར་སྒྲུབ་ན་ནི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་ལ་ཀུན་རྫོབ་ཏུ་སྒྲུབ་ན་ནི་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ཡིན་པས་ཕ་རོལ་པོ་ན་རེ་མིག་ལྟ་བའི་བྱ་བ་སྐྱེས་པས་ལྟ་བར་བྱེད་པ་ སྨྲས་ཏེ། བྱ་བའི་ཐ་སྙད་ཡོད་པའི་ཕྱིར་རོ། །གང་ལ་ལྟ་བའི་བྱ་བ་མ་སྐྱེས་པ་དེས་ནི་ལྟ་བར་བྱེད་དོ་ཞེས་མི་བརྗོད་དེ། དཔེར་ན་རྣ་བ་བཞིན་ནོ། །མིག་ལ་ནི་ལྟ་བའི་བྱ་བ་ཡོད་པས་མིག་གིས་ལྟ་བར་བྱེད་དོ་ཞེས་ཐ་སྙད་འདོགས་སོ་ཞེས་ཟེར་བའི་དམ་བཅས་པ་ཉམས་སོ། །དེ་ཡན་ཆད་ཀྱིས་ནི་མིག་ཉིད་ལྟ་བ་པོ་ ཡིན་པར་འདོད་པ་དག་གི་ཕྱོགས་བཀག་གོ། །འདིར་གྲངས་ཅན་དང་བྱེ་བྲག་པ་དག་གིས་སྨྲས་པ་ཞེས་བྱ་བ་ལ་སོགས་པས་ནི་བདག་ལྟ་བ་པོ་ཡིན་ལ་མིག་ལྟ་བའི་བྱ་བའི་བྱེད་པ་ཡིན་ཏེ། བདག་དེ་མིག་དེས་གཟུགས་ལ་ལྟ་བར་བྱེད་དོ་ཞེས་ཟེར་བ་དག་གི་ཕྱོགས་དགག་པ་སྟོན་ཏོ། །དེའི་ཕྱིར་དེ་ དག་གི་གཞུང་བསྟན་པའི་ཕྱིར་འདིས་ལྟ་བར་བྱེད་པས་ལྟ་བ་སྟེ། བྱེད་པ་ལ་བྱ་བའི་རྐྱེན་བརྗོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ལྟ་བ་པོ་བདག་དེ་ལྟ་བའི་བྱེད་པ་མིག་འདིས་གཟུགས་ལ་ལྟ་བར་བྱེད་པས་མིག་ནི་ལྟ་བ་ཞེས་བྱ་སྟེ། བྱེད་པ་མིག་ལ་འདིས་ལྟ་བར་ བྱེད་པས་ལྟ་བའོ་ཞེས་ལྟ་བར་བྱེད་པ་ལ་བྱ་བའི་རྐྱེན་བརྗོད་པའི་ཕྱིར་རོ། །བྱེད་པ་དེ་གང་ཡིན་པ་དེ་ནི་ལྟ་བ་པོ་སྟེ་དེ་ཡང་དེས་ལྟ་བར་བྱེད་དོ་ཞེས་བྱ་བ་ནི་ལྟ་བའི་བྱེད་པ་མིག་དེ་བྱེད་པ་པོ་བདག་གང་གི་ཡིན་པའི་བདག་དེ་ནི་ལྟ་བ་ཞེས་བྱ་སྟེ། ལྟ་བ་པོ་དེ་ཡང་མིག་དེས་གཟུགས་ལ་ལྟ་བར་བྱེད་དོ། །དཔེར་ན་གཅོད་ པ་པོས་སྟ་རེས་གཅད་པར་བྱ་བ་ཤིང་གཅོད་པར་བྱེད་ཀྱི་སྟ་རེ་ཉིད་ཀྱིས་གཅོད་པར་མི་བྱེད་པ་བཞིན་ཏེ་ཞེས་བྱ་བ་ནི་དཔེར་ན་གཅོད་པ་པོ་ལྷས་བྱིན་གྱིས་གཅོད་པར་བྱེད་པའི་སྟ་རེས་གཅོད་པར་བྱ་བ་ཤིང་གཅོད་པར་བྱེད་ཀྱི་གཅོད་པའི་བྱེད་པ་སྟ་རེ་ཉིད་ཀྱིས་གཅད་པར་བྱ་བ་ཤིང་གཅོད་པར་མི་བྱེད་པ་དེ་ བཞིན་དུ་ལྟ་བ་པོ་བདག་གིས་ཀྱང་ལྟ་བའི་བྱེད་པ་མིག་གིས་བལྟ་བར་བྱ་བ་གཟུགས་ལ་ལྟ་བར་བྱེད་ཀྱི་ལྟ་བའི་བྱེད་པ་མིག་ཉིད་ཀྱིས་བལྟ་བར་བྱ་བ་གཟུགས་ལ་ལྟ་བར་མི་བྱེད་དོ། །དེས་ན་མིག་གིས་ལྟ་བར་མི་བྱེད་དོ་ཞེས་བྱ་བ་དེ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་ལྟ་བ་པོ་བདག་དེ་ལྟ་བའི་ བྱེད་པ་མིག་དེས་བལྟ་བར་བྱ་བ་གཟུགས་ལ་ལྟ་བར་བྱེད་ཀྱི། ལྟ་བའི་བྱེད་པ་མིག་ཉིད་ཀྱིས་བལྟ་བར་བྱ་བ་གཟུགས་ལ་ལྟ་བར་མི་བྱེད་པའི་རིགས་པ་དེས་ན་ཁྱེད་དབུ་མ་པས། ལྟ་བ་རང་གི་བདག་ཉིད་ན། །དེ་ནི་དེ་ལ་མི་ལྟ་ཉིད། །གང་ཚེ་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། །ཞེས་བཤད་ པས་མིག་གཟུགས་ལ་ལྟ་བར་མི་བྱེད་དོ་ཞེས་བསྒྲུབས་པ་དེ་ནི་ཁོ་བོ་ཅག་གི་གཞུང་ལ་ཡང་གྲུབ་པས་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཆགས་པ་ཡིན་ནོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར། བྱེད་པ་དག་ལ་བྱེད་པ་པོ་ཡོད་དེ་བྱེད་པ་ཡིན་པའི་ཕྱིར་དཔེར་ན་སྟ་རེ་ལ་སོགས་པ་དག་ལ་གཅོད་པ་པོ་ཡོད་པ་བཞིན་ནོ་ཞེས་ བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གཅོད་པའི་བྱེད་པ་སྟ་རེ་ལ་སོགས་པ་དག་ནི་གཅོད་པའི་བྱེད་པ་ཡིན་པའི་ཕྱིར་དེ་དག་ལ་གཅོད་པའི་བྱེད་པ་པོ་མི་ཡོད་པས་གཅོད་པའི་བྱེད་པ་པོ་མི་དེ་གཅོད་ པའི་བྱེད་པ་སྟ་རེ་ལ་སོགས་པས་གཅད་པར་བྱ་བ་ཤིང་གཅོད་པར་བྱེད་པ་དེ་བཞིན་དུ་ལྟ་བའི་བྱེད་པ་མིག་ཀྱང་ལྟ་བའི་བྱེད་པ་ཡིན་པའི་ཕྱིར་དེ་ལ་ལྟ་བའི་བྱེད་པ་པོ་བདག་ཡོད་པས་ལྟ་བའི་བྱེད་པ་པོ་བདག་དེ་ལྟ་བའི་བྱེད་པ་མིག་གིས་བལྟ་བར་བྱ་བ་གཟུགས་ལ་ལྟ་བར་བྱེད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། ལྟ་བ་ཉིད་ཀྱིས་ལྟ་བ་པོའི་རྣམ་པར་བཤད་པར་ཤེས་པར་བྱ་བ་ནི་ལན་བཏབ་པར་ཤེས་པར་བྱའོ། །གང་གིས་ཤེ་ན་ལྟ་བ་ཉིད་ཀྱིས་སོ། །གང་ཞེ་ན་ལྟ་བ་པོའི་སྟེ་ལྟ་བ་པོ་ཉིད་དུ་རྣམ་པར་རྟོག་པ་དགག་པ་ཡང་འདྲ་བའི་ཕྱིར་རོ་ཞེས་བྱ་བར་ དགོངས་སོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྔར་ལྟ་བ་དགག་པའི་སྐབས་སུ་གཏན་ཚིགས་དང་དཔེ་གང་དག་བསྟན་པ་དེ་དག་ཉིད་འདིར་ལྟ་བ་པོ་དགག་པའི་སྐབས་སུ་ཡང་སྦྱར་བར་བྱའོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་ཇི་ལྟར་དེར་མིག་གི་ཆོས་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པ་ཡིན་ པ་དེ་བཞིན་དུ། འདིར་བདག་གི་ཆོས་ཀྱང་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པ་ཡིན་ཏེ་ཞེས་བྱ་བ་སྨྲས་ཏེ། སྔར་ལྟ་བ་དགག་པའི་སྐབས་སུ། ལྟ་བ་རང་གི་བདག་ཉིད་ན། །དེ་ནི་དེ་ལ་མི་ལྟ་ཉིད། །གང་ཚེ་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། །ཞེས་བཤད་པས་ལྟ་བ་ གཟུགས་ལ་ལྟ་བར་མི་བྱེད་པའི་སྒྲུབ་པའི་ཆོས་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པ་ཡིན་པར་བསྟན་པ་དེ་བཞིན་དུ་འདིར་ལྟ་བ་པོ་དགག་པའི་སྐབས་སུ་ཡང་། ལྟ་བ་རང་གི་བདག་ཉིད་ན། །དེ་ནི་དེ་ལ་མི་ལྟ་ཉིད། །གང་ཚེ་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། །ཞེས་བྱ་བར་ སྦྱར་ཏེ་ལྟ་བ་པོ་བདག་གཟུགས་ལ་ལྟ་བར་མི་བྱེད་པའི་སྒྲུབ་པའི་ཆོས་ཀྱང་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བདག་རང་གི་བདག་ཉིད་མཐོང་བར་མི་འཐད་དེ། རང་གི་བདག་ཉིད་ལ་འཇུག་པར་འགལ་བའི་ཕྱིར་རོ་ཞེས་སྨྲས་སོ། །ཕྱོགས་ཀྱི་ཆོས་རང་གི་ བདག་ཉིད་ལ་ལྟ་བར་མི་བྱེད་པ་དེ་སྒྲུབ་པའི་དོན་དུ་འཇིག་པའི་དཔེ་བསྟན་པའི་ཕྱིར་འདི་ལྟར་རལ་གྲིའི་སོ་དེ་ཉིད་ཀྱིས་རལ་གྲིའི་སོ་དེ་ཉིད་གཅོད་པར་མི་བྱེད་པ་བཞིན་ནོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར་དེ་ལྟར་རྗེས་སུ་དཔག་པ་ནི་དོན་དམ་པར་བདག་ཀྱང་ལྟ་བ་པོ་མ་ཡིན་ཏེ། རང་གི་བདག་ ཉིད་ལ་ལྟ་བར་མི་བྱེད་པའི་ཕྱིར་དཔེར་ན་རྣ་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྣ་བ་ནི་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པའི་ཕྱིར་ལྟ་བ་པོ་མ་ ཡིན་པ་དེ་བཞིན་དུ། བདག་ཀྱང་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པའི་ཕྱིར་ལྟ་བ་པོ་མ་ཡིན་ནོ། །གལ་ཏེ་ཕ་རོལ་པོ་ན་རེ་བདག་གིས་བདག་ལ་ལྟ་བར་བྱེད་པ་སྲིད་པ་དེས་ན་ཁྱེད་ཀྱི་གཏན་ཚིགས་ཀྱི་དོན་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པའི་ཕྱིར་ཞེས་བྱ་བ་དེ་མ་གྲུབ་པ་ཉིད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་ཕ་རོལ་པོས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་དོགས་པའི་དུག་གིས་བསླད་དུ་ཡང་མི་རུང་ངོ་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོ་བདག་ལྟ་བ་པོར་སྨྲ་བས་དབུ་མ་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་དོགས་པ་དུག་དང་འདྲ་བ་དེས་ བསླད་ཅིང་སྦག་ཏུ་ཡང་མི་རུང་ངོ་། །གལ་ཏེ་ཕ་རོལ་པོ་ན་རེ་རང་དང་གཞན་གྱི་གྲུབ་པའི་མཐའ་དག་ཏུ་བདག་གིས་བདག་ལ་ལྟ་བར་བྱེད་དོ་ཞེས་ཀྱང་བཤད་པས་གཏན་ཚིགས་མ་གྲུབ་པ་ཉིད་དུ་དོགས་པའི་དུག་གིས་བསླད་པར་བྱའོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་ པ་བྱེད་པ་ཉིད་ཀྱིས། གང་ལ་ལར་བདག་གིས་བདག་ལ་ལྟ་བར་བྱེད་དོ་ཞེས་བཤད་པ་དེས་ནི་ཡིད་ཕན་འདོགས་པ་ཡིན་པའི་ཕྱིར་བདག་གིས་ཞེས་བྱ་བའི་སྒྲར་སྒྲོ་བཏགས་ནས་ཐ་སྙད་དུ་དེ་སྐད་བཤད་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རང་དང་གཞན་གྱི་གྲུབ་པའི་མཐའ་གང་ལ་ལར་བདག་གིས་བདག་ལ་ལྟ་ བར་བྱེད་དོ་ཞེས་བཤད་པ་དེས་ནི་ཡིད་ནི་བདག་ཅེས་བྱ་བའི་ཐ་སྙད་ལ་ཕན་འདོགས་ཤིང་དེ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་ཡིད་ཀྱིས་ཞེས་བྱ་བའི་དོན་ལ་བདག་གིས་ཞེས་བྱ་བའི་སྒྲར་སྒྲོ་བཏགས་ནས་ཀུན་རྫོབ་ཀྱི་ཐ་སྙད་དུ་བདག་གིས་བདག་ལ་ལྟ་བར་བྱེད་དོ་ཞེས་དེ་སྐད་བཤད་པ་ཡིན་ཏེ། དོན་དུ་ ན་ཡིད་ཀྱིས་བདག་མེད་པར་ལྟ་བར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །འདིར་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པ་ནི་མཚན་ཉིད་ཀྱི་སྒྲའི་ཚུལ་ཉེ་བར་གཟུང་བའི་ཕྱིར་ཏེ། གཏན་ཚིགས་དངོས་པོ་ཉིད་དང་ཤེས་བྱ་ཉིད་དང་བརྗོད་པར་བྱ་བ་ཉིད་ལ་སོགས་པ་དག་གི་ཕྱིར་རྣ་བ་ལ་སོགས་པ་བཞིན་ནོ་ཞེའམ་ སྒྲ་ལ་སོགས་པ་བཞིན་ནོ་ཞེའམ། བདག་གི་བདག་ཉིད་བཞིན་ནོ་ཞེས་གཏན་ཚིགས་དང་དཔེའི་རྗེས་སུ་དཔག་པ་དག་ཀྱང་རྒྱས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི། ལྟ་བ་རང་གི་བདག་ཉིད་ན། །དེ་ནི་དེ་ལ་མི་ལྟ་ཉིད། །གང་ཚེ་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། །ཞེས་བྱ་ བས་ལྟ་བ་པོ་བདག་གཟུགས་ལྟ་བར་མི་བྱེད་པའི་གཏན་ཚིགས་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པ་ཞེས་བྱ་བ་ནི་མཚན་ཉིད་ཀྱི་སྒྲའི་ཚུལ་ཉེ་བར་གཟུང་བའི་ཕྱིར་མཚོན་པ་ཙམ་དུ་ཟད་དེ། ཕྱོགས་དེའི་གཏན་ཚིགས་ནི་དངོས་པོ་ཉིད་དང་ཤེས་བྱ་ཉིད་དང་བརྗོད་པར་བྱ་བ་ཉིད་ལ་སོགས་པ་དག་ ཀྱང་ཡིན་ལ། དཔེ་ཡང་རྣ་བ་དང་སྒྲ་དང་བདག་གི་བདག་ཉིད་ལ་སོགས་པ་དག་ཀྱང་ཡིན་པས་གཏན་ཚིགས་དང་དཔེ་དེ་དག་གིས་ཀྱང་རྗེས་སུ་དཔག་པ་རྒྱས་པར་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རྗེས་སུ་དཔག་པ་རྒྱས་པ་དེ་དག་ཉིད་བསྟན་པའི་ཕྱིར་དེ་ལྟར་ན་དོན་དམ་པར་བདག་ནི་གཟུགས་ ལ་ལྟ་བར་མི་བྱེད་དེ་དངོས་པོ་ཡིན་པའི་ཕྱིར་དཔེར་ན་རྣ་བ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་དོན་དམ་པར་བདག་ནི་གཟུགས་ལ་ལྟ་བར་མི་བྱེད་དེ་ཤེས་བྱ་ཡིན་པའི་ཕྱིར་དཔེར་ན་སྒྲ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་དོན་དམ་པར་བདག་ནི་གཟུགས་ལ་ལྟ་བར་མི་བྱེད་དེ་བརྗོད་པར་བྱ་བ་ཡིན་པའི་ ཕྱིར་དཔེར་ན་བདག་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དག་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། རྗེས་སུ་དཔག་པ་དེ་དག་གིས་ནི་ལྟ་བ་པོ་བདག་གཟུགས་ལ་ལྟ་བར་མི་བྱེད་པ་ཉིད་བསྟན་ཏོ། །གཟུགས་ ལ་ཡང་དེ་བཞིན་དུ་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱ་བས་ནི་གཟུགས་ལྟ་བ་པོ་བདག་གི་ཡུལ་མ་ཡིན་པར་སྟོན་ཏེ། དོན་དམ་པར་གཟུགས་བདག་གི་ཡུལ་མ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་དཔེར་ན་རྣ་བ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་དོན་དམ་པར་གཟུགས་བདག་གི་ཡུལ་མ་ ཡིན་ཏེ། ཤེས་བྱ་ཡིན་པའི་ཕྱིར་དཔེར་ན་སྒྲ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་དོན་དམ་པར་གཟུགས་བདག་གི་ཡུལ་མ་ཡིན་ཏེ། བརྗོད་པར་བྱ་བ་ཡིན་པའི་ཕྱིར་དཔེར་ན་བདག་གི་བདག་ཉིད་བཞིན་ནོ་ཞེས་བྱ་བར་སྦྱར་ཏེ་རྗེས་སུ་དཔག་པ་དེ་དག་གིས་ནི་གཟུགས་ལྟ་བ་པོའི་བདག་གི་ཡུལ་ མ་ཡིན་པར་བསྟན་ཏོ། །གལ་ཏེ་ཕ་རོལ་པོ་ན་རེ་དབུ་མ་པ་ལ་དོན་དམ་པར་ཐ་སྙད་མེད་པའི་ཕྱིར་དང་རང་ལ་མ་གྲུབ་པའི་བདག་ཕྱོགས་སུ་བྱས་པས་ཕྱོགས་མ་གྲུབ་པའི་ཕྱིར་དང་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་གཞི་མ་གྲུབ་པའི་ཕྱིར་དང་། བདག་གི་བདག་ཉིད་བཞིན་ནོ་ཞེས་བརྗོད་པའི་དཔེའི་ཆོས་ཅན་ཡང་མ་གྲུབ་པའི་ཕྱིར་དབུ་མ་པའི་དམ་བཅས་པ་དང་། ཕྱོགས་དང་ཕྱོགས་ཀྱི་ཆོས་དང་དཔེ་མ་གྲུབ་པའི་སྐྱོན་ཡོད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དམ་བཅས་པ་ལ་སོགས་པའི་སྐྱོན་ཡང་ མེད་དེ་ཐ་སྙད་ཀྱི་བདེན་པའི་དབང་དུ་བྱས་པའི་ཕྱིར་དང་། སྤྱིས་ཁས་བླངས་པའི་བདག་ཕྱོགས་སུ་བྱས་པའི་ཕྱིར་དང་། དེའི་ཆོས་བསྟན་པའི་ཕྱིར་དང་། དཔེ་ཉིད་དུ་ཡང་དེ་ཉེ་བར་གཞག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་ན་དོན་དམ་པར་སྟ་རེ་ལ་སོགས་པ་མ་གྲུབ་པས་དཔེ་ཡང་མེད་པའི་ ཕྱིར་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ་སྔར་ཕ་རོལ་པོས་ཕྱོགས་སྔ་མ་ཉེ་བར་གཞག་པའི་སྐབས་སུ་དཔེར་ན་གཅོད་པ་པོས་སྟ་རེས་གཅད་པར་བྱ་བ་ཤིང་གཅོད་པར་བྱེད་ཀྱི་སྟ་རེ་ཉིད་ཀྱིས་གཅོད་པར་མི་བྱེད་པ་བཞིན་ཏེ། དེས་ན་མིག་གིས་ལྟ་བར་ མི་བྱེད་དོ་ཞེས་བྱ་བ་དེ་ནི་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ་ཞེས་སྨྲས་པ་སྟེ། དེ་ལྟར་རིགས་པས་དཔྱད་ན་དོན་དམ་པར་གཅོད་པ་པོ་བདག་དང་གཅོད་པའི་བྱེད་པ་སྟ་རེ་དང་གཅད་པར་བྱ་བ་ཤིང་མ་གྲུབ་པས་ཁྱེད་ཀྱི་དཔེ་མེད་པའི་ཕྱིར་ཁོ་བོ་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ།། །།བམ་པོ་སུམ་ཅུ་པ། འདིར་ཁ་ཅིག་ན་རེ་ལྟ་བ་པོ་ལྟ་བར་མི་བྱེད་དོ་ཞེས་བྱ་བ་ནི་དེ་ཉིད་ཀྱིས་དོན་དེ་ལ་སྐུར་པ་བཏབ་པའི་ཕྱིར་དམ་བཅས་པའི་སྐྱོན་དུ་འགྱུར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི་བདག་ཏུ་སྨྲ་བ་དག་རིགས་པ་ཅན་གྱི་སྒྱུ་ཐབས་ཀྱིས་དབུ་མ་པའི་སྒྲུབ་པ་སྔ་མ་དེ་རང་གི་ཚིག་དང་འགལ་བར་སྒྲུབ་པ་ཡིན་ཏེ། དཔེར་ན་འགའ་ ཞིག་ན་རེ་ཁོ་བོའི་མ་མོ་གཤམ་ཡིན་ནོ་ཞེས་ཟེར་བའི་ཚིག་དེ་ཉིད་ཀྱིས་དོན་དེ་ལ་སྐུར་པ་བཏབ་པའི་ཕྱིར་རང་གི་དམ་བཅས་པ་དང་འགལ་བའི་སྐྱོན་དུ་འགྱུར་བ་དེ་བཞིན་དུ། ཁྱེད་དབུ་མ་པས་ལྟ་བ་པོ་ལྟ་བར་མི་བྱེད་དོ་ཞེས་སྨྲས་པའི་ཚིག་དེ་ཉིད་ཀྱིས་ཀྱང་དོན་དེ་ལ་སྐུར་པ་བཏབ་པའི་ཕྱིར་རང་གི་དམ་ བཅས་པ་དང་འགལ་བའི་སྐྱོན་དུ་འགྱུར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་དོ་ཞེས་བྱ་བས་ལན་བཏབ་ཟིན་པའི་ཕྱིར་ཡང་ཕྱིར་བཀླགས་མི་དགོས་སོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་ ལ་དོན་དམ་པར་སྐྱེ་བ་མེད་དོ་ཞེས་བཤད་པ་ཉིད་ཀྱིས་ཀུན་རྫོབ་ཏུ་ལྟ་བ་པོ་ཞེས་བྱ་བ་དོན་དམ་པར་ལྟ་བར་མི་བྱེད་པར་ལན་བཏབ་ཟིན་པས་ཉེས་པ་མེད་པའི་ཕྱིར་ཡང་ཕྱིར་བཀླགས་ཤིང་ལན་གདབ་མི་དགོས་སོ། །གཞན་ཡང་འདི་ལ་ལྟ་བ་པོ་དེ་ལྟ་བ་པོའི་ངོ་བོ་ཉིད་ཡིན་ནམ་འོན་ཏེ་ལྟ་བ་པོའི་ངོ་བོ་ཉིད་མ་ ཡིན་ཞེས་བྱ་བའི་བརྟག་པ་རྣམ་པ་གཉིས་ཀྱིས་ནི་གྲངས་ཅན་དག་ལྟ་བ་པོ་དེ་ལྟ་བ་པོའི་ངོ་བོ་ཉིད་ཡིན་པར་འདོད་པ་དང་། བྱེ་བྲག་པ་དག་ལྟ་བ་པོ་དེ་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པར་འདོད་པའི་ཕྱོགས་གཉི་ག་དགག་པ་སྟོན་ཏོ། །དེ་ལ་གལ་ཏེ་ལྟ་བ་པོའི་ངོ་བོ་ཉིད་ཡིན་ཏེ། ཇི་ལྟར་གྲངས་ཅན་དག་ན་རེ་སྐྱེས་བུའི་ངོ་ བོ་ཉིད་ནི་ཤེས་པ་ཡོད་པ་ཉིད་དོ་ཞེས་ཟེར་བ་ལྟ་བུའོ་ཞེ་ན་ཞེས་བྱ་བས་ནི་གལ་ཏེ་བརྟག་པ་སྔ་མ་ལྟར་འདོད་ན་དེ་ཡང་མི་རུང་བར་སྟོན་ཏོ། །དེ་ལ་ལྟ་བ་པོའི་ངོ་བོ་ཉིད་ཡིན་པ་ཞེས་བྱ་བ་ནི་མིག་དང་གཟུགས་ལ་སོགས་པ་རྐྱེན་རྣམས་ལ་མ་ལྟོས་པར་ལྟ་བ་པོ་ཉིད་དུ་འདོད་པ་སྟེ། དེ་ཡང་གྲངས་ཅན་དག་ གི་གཞུང་ལས་སྐྱེས་བུའི་ངོ་བོ་ཉིད་ནི་ཤེས་པ་ཉིད་ཡོད་པ་ཡིན་པས་དེ་ནི་རྐྱེན་གཞན་ལ་མི་ལྟོས་པའི་ཕྱིར་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་པས་ལྟ་བ་པོའི་ངོ་བོ་ཉིད་ཅེས་བྱ་སྟེ། དེས་ལྟ་བར་བྱེད་དོ་ཞེས་ཟེར་བ་ཡིན་ནོ། །དེ་ནི་མི་རུང་སྟེ་ཅིའི་ཕྱིར་ཞེ་ན། དེ་ལ་གལ་ཏེ་དེའི་ལྟ་བ་པོ་དེ་ལྟ་བ་པོའི་ངོ་བོ་ཉིད་ཡིན་ ན་ངོ་བོ་ཉིད་ནི་མ་བྱས་པའི་ཕྱིར་ལྟ་བ་མེད་པར་ཡང་ལྟ་བ་པོར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་གྲངས་ཅན་དག་གི་ལྟ་བ་པོའི་ངོ་བོ་ཉིད་ཡིན་ན་ངོ་བོ་ཉིད་ནི་མ་བྱས་པའི་ཕྱིར་དཔེར་ན་མེའི་ཚ་བ་ཉིད་ནི་རང་གི་བདག་ཉིད་ཀྱིས་ཚ་བ་ཉིད་ཡིན་གྱི་གཞན་ཅི་ལ་ཡང་མི་ལྟོས་པ་དེ་བཞིན་དུ་ལྟ་བ་པོ་ཡང་རང་གི་བདག་ ཉིད་ཀྱིས་ལྟ་བ་པོ་ཉིད་ཡིན་གྱི་གཞན་ཅི་ལ་ཡང་མི་ལྟོས་པར་འགྱུར་ཏེ། དེ་ལྟ་ན་ལྟ་བ་མེད་པར་ཡང་ལྟ་བ་པོར་འགྱུར་བས་མི་རུང་ངོ་། །ཅི་སྟེ་གཅོད་པ་པོ་དེ་ལ་སྟ་རེ་མེད་ན་གཅོད་པ་པོ་ཉིད་དུ་མི་འཐད་པ་དེ་བཞིན་དུ་དེ་ཡང་ལྟ་བ་མ་སྤངས་ན་ལྟ་བ་པོ་ཉིད་དུ་བལྟ་བར་བྱའོ་ཞེ་ན་ཞེས་བྱ་བ་ནི་ཅི་སྟེ་ཕ་རོལ་པོ་ན་རེ་འདི་ སྐད་ཅེས་དཔེར་ན་གཅོད་པ་པོ་ལྷས་བྱིན་ནི་གཅོད་པ་པོའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་དེ་ལ་གཅོད་པའི་བྱེད་པ་སྟ་རེ་མེད་ན་གཅོད་པ་པོ་ཉིད་དུ་མི་འཐད་ཀྱི་སྟ་རེ་ཡོད་ན་གཅོད་པ་པོ་ཉིད་དུ་འཐད་པ་དེ་བཞིན་དུ་ལྟ་བ་པོ་བདག་དེ་ཡང་ལྟ་བ་པོའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་ལྟ་བའི་བྱེད་པ་མིག་སྤངས་ ཤིང་མེད་ན་ལྟ་བ་པོ་ཉིད་དུ་མི་འཐད་ཀྱི་མིག་མ་སྤངས་ཤིང་ཡོད་ན་ལྟ་བ་པོ་ཉིད་དུ་བལྟ་བར་བྱའོ་ཞེས་ཟེར་ནའོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ལྟ་ན་བདག་ལྟ་བ་པོ་ཉིད་ནི་ཐ་སྙད་པ་ཡིན་ཏེ། གཅོད་པ་པོ་ཐ་སྙད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ གཅོད་པ་པོ་དེ་དོན་དམ་པ་ཡིན་ན་སྟ་རེ་ལ་མི་ལྟོས་པར་འགྱུར་བའི་རིགས་ན་ལྟོས་པས་དེ་ཐ་སྙད་པ་ཡིན་པ་བཞིན་དུ་བདག་ལྟ་བ་པོ་དེ་ཡང་དོན་དམ་པ་ཡིན་ན་ལྟ་བ་ལ་མི་ལྟོས་པར་འགྱུར་བའི་རིགས་ན་ལྟོས་པས་དེ་ཡང་ཐ་སྙད་པ་ཡིན་ནོ། །དེ་ལྟར་རྟོག་ན། མ་སྤངས་ལྟ་པོ་ཡོད་མིན་ཏེ། །ལྟ་བ་མ་སྤངས་ན་དེ་ལྟ་ བ་པོ་ཉིད་དུ་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བའི་ཚིག་གི་ལྷག་མའོ་ཞེས་བྱ་བ་ནི་ལྟ་བ་ལ་ལྟོས་པ་དེ་ལྟར་རྟོག་ན་ལྟ་བ་པོ་དོན་དམ་པ་པ་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་དེ་དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་ལྟ་བ་མ་སྤངས་ཤིང་ཡོད་ན་དེ་ལྟ་བ་པོ་ཉིད་དུ་ཁས་བླངས་པའི་ཕྱིར་ཏེ། འདི་ལྟར་ཁྱོད་ཀྱིས་ལྟ་བ་པོ་ཉིད་ལྟ་བ་ ལ་ལྟོས་ཤིང་བརྟེན་པ་ཡིན་གྱི་ངོ་བོ་ཉིད་ཀྱིས་ལྟ་བ་པོ་ཡིན་པར་མ་སྨྲས་པའི་ཕྱིར་ལྟ་བ་པོ་མེད་དོ་ཞེས་བྱ་བའི་ཚིག་གི་དོན་ཡིན་ནོ། །འདི་ན་ལྟ་བ་དང་ལྡན་པའི་སྔོན་རོལ་དང་ལྟ་བ་དང་བྲལ་བའི་འོག་ན་ལྟ་བ་མེད་པས་ལྟ་བ་མེད་ན་བལྟ་བར་བྱ་བ་ལ་ལྟ་བ་ཡང་མེད་པའི་ཕྱིར་ལྟ་བ་པོ་ཉིད་དུ་མི་འཐད་པས་ལྟ་བ་པོ་ མེད་དེ། ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ནི་ལྟ་བ་པོའི་བདག་ལྟ་བ་ལ་ལྟོས་པ་དེ་ལ་ཇི་སྲིད་དུ་ལྟ་བ་དང་ལྡན་པའི་སྔོན་རོལ་མི་ལྡན་པའི་དུས་དང་། གང་གི་ཚེ་ལྟ་བ་དང་བྲལ་བའི་འོག་རོལ་གྱི་དུས་དེའི་ཚེ་ན་ལྟ་བ་མེད་དོ། །ལྟ་བ་མེད་ན་བལྟ་བར་བྱ་བའི་དམིགས་པས་གཟུགས་ལ་ལྟ་བ་ཡང་མེད་ པའི་ཕྱིར་ལྟ་བ་པོའི་བདག་ཡོད་པ་ཉིད་དུ་མི་འཐད་པས་ལྟ་བ་པོ་མེད་དེ། བདག་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། འོན་ཀྱང་ཡང་ཕ་རོལ་པོ་དག་ན་རེ་དཔེར་ན་མེ་ནི་སྲེག་པའི་ངོ་བོ་ཉིད་ཡིན་ཡང་བུད་ཤིང་ལ་མ་ལྟོས་པར་སྲེག་པར་མི་བྱེད་ཀྱི་དེ་ལ་ལྟོས་ནས་སྲེག་པར་བྱེད་པ་དེ་བཞིན་དུ་ལྟ་བ་པོ་ཡང་ ལྟ་བ་པོའི་ངོ་བོ་ཉིད་ཡིན་ཡང་ལྟ་བ་ལ་མ་ལྟོས་པར་ལྟ་བར་མི་བྱེད་ཀྱི་དེ་ལ་ལྟོས་ནས་ལྟ་བར་བྱེད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་མེ་བཞིན་དུ་ཡང་དེ་མི་འགྲུབ་སྟེ། བུད་ཤིང་མེད་པར་མེ་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་མེ་ཡང་ བུད་ཤིང་ལ་མ་ལྟོས་པར་ངོ་བོ་ཉིད་ཀྱིས་སྲེག་པའི་ངོ་བོ་ཉིད་དུ་གྲུབ་པ་མེད་པ་དེ་བཞིན་དུ་ལྟ་བ་པོ་ཡང་ལྟ་བ་ལ་མ་ལྟོས་པར་ངོ་བོ་ཉིད་ཀྱིས་ལྟ་བ་པོའི་ངོ་བོ་ཉིད་དུ་གྲུབ་པ་མེད་པའི་ཕྱིར་རོ། །ཡང་ན་གལ་ཏེ་ལྟ་བ་ཡོད་ན་ལྟ་བ་པོ་ཡིན་ནོ་ཞེ་ན་ཡང་གྲངས་ཅན་དག་གིས་ཡོངས་སུ་བརྟགས་པའི་ལྟ་བ་པོ་མེད་དོ་ཞེས་བྱ་ བའི་ཚིག་གི་ལྷག་མ་སྟེ་ཞེས་བྱ་བ་ནི་ཚིག་སྔ་མ་དེ་ཉིད་ཀྱིས་རྣམ་གྲངས་བཤད་པ་དུ་མ་རྣམ་པར་བརྟག་པ་སྟེ། ཡང་ན་གལ་ཏེ་ལྟ་བའི་བྱེད་པ་ཡོད་ན་ལྟ་བ་པོ་ཡིན་ནོ་ཞེས་བྱ་བར་བརྟགས་ན་ཡང་གྲངས་ཅན་དག་གིས་སྐྱེས་བུའི་ངོ་བོ་ཉིད་ནི་ཤེས་པ་ཡོད་པ་ཉིད་དོ་ཞེས་བྱ་བ་ལྟ་བུར་ཡོངས་སུ་བརྟགས་པའི་ལྟ་བ་ པོ་མེད་དོ་ཞེས་བྱ་བའི་ཚིག་གི་དོན་ཡིན་ཏེ། གྲངས་ཅན་དག་ནི་ལྟ་བ་པོ་ངོ་བོ་ཉིད་ཀྱིས་གྲུབ་པར་འདོད་དེ་གལ་ཏེ་ལྟ་བ་པོ་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་ན་ལྟ་བ་མེད་པར་ཡང་ངོ་བོ་ཉིད་ཀྱིས་འགྲུབ་པའི་རིགས་ན་ནི་མི་འགྲུབ་པས་གྲངས་ཅན་དག་གིས་ཡོངས་སུ་བརྟགས་པའི་ལྟ་བ་པོ་མེད་དོ་ཞེས་བྱ་བའི་ཚིག་ གི་དོན་ཡིན་ནོ། །སྔར་ལྟ་བ་ལ་ལྟོས་པའི་སྐབས་སུ་ནི་ལྟ་བ་ཡོད་ན་ལྟ་བ་པོ་ཉིད་དུ་ཁས་ལེན་པ་ལ་ངོ་བོ་ཉིད་ཀྱིས་གྲུབ་པའི་ལྟ་བ་པོ་མེད་དོ་ཞེས་བསྟན་ཏོ། །ད་སྐབས་འདིར་ནི་གྲངས་ཅན་དག་གི་ལོ་རྒྱུས་ལས་ལྟ་བ་ཡོད་ན་ལྟ་བ་པོ་ཡིན་ནོ་ཞེས་ཟེར་བ་དེ་དག་གི་གཞུང་ལྟར་ན་ཡང་ལྟ་བ་པོ་མེད་པར་སྟོན་ཏེ། སྔ་མ་དང་འདི་ལ་ཁྱད་པར་ནི་དེ་ཡོད་དོ། །གལ་ཏེ་གྲངས་ཅན་དག་ལྟ་བ་ཡོད་ན་ལྟ་བ་པོ་ཉིད་དུ་འདོད་ན་དེས་ན་ཁྱེད་ཉིད་ཀྱིས་ལྟ་བ་པོ་དེ་མེད་པ་ཉིད་དུ་བསྒྲུབས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་འདི་ལ་གཟུགས་དམིགས་ཤིང་ལྟ་བར་བྱེད་པས་ལྟ་བ་པོའི་ཞེས་རྗེས་སུ་དཔག་པ་ཡིན་ན། གཟུགས་དམིགས་པ་ དེ་ཡང་མིག་དང་གཟུགས་དང་སྣང་བ་དང་ནམ་མཁའ་དང་ཡིད་ལ་བྱེད་པ་དག་ཡོད་ན་ཡོད་པ་ཡིན་པས་དེའི་ཕྱིར་ལྷས་བྱིན་ཞེས་བྱ་བའི་ཚོགས་དེ་དག་དང་ལྡན་པ་ལ་ལྟ་བ་པོ་ཞེས་གདགས་ཀྱི་དེ་ལས་གཞན་ནི་མེད་དོ་ཞེས་བྱ་བ་སྨྲས་ཏེ་ལྟ་བ་ཡོད་ན་ལྟ་བ་པོ་ཡིན་ནོ་ཞེས་བྱ་བར་བརྟག་པ་འདི་ལ། ལྟ་བ་པོ་ཡིན་ ནོ་ཞེས་བྱ་བ་ནི་གཟུགས་དམིགས་ཤིང་ལྟ་བར་བྱེད་པས་ལྟ་བ་པོ་ཞེས་རྗེས་སུ་དཔག་པ་ཡིན་ན་གཟུགས་དམིགས་པ་དེ་ཡང་མིག་དང་གཟུགས་ལ་སོགས་པ་རྐྱེན་དག་ཡོད་ན་འབྱུང་གི་མེད་ན་མི་འབྱུང་བ་ཡིན་པས་དེའི་ཕྱིར་ལྷས་བྱིན་ཞེས་བྱ་བའི་མིང་ཅན་འབྱུང་བ་དང་འབྱུང་བ་ ལས་གྱུར་པའི་ཚོགས་མིག་དང་གཟུགས་ལ་སོགས་པ་རྐྱེན་དེ་དག་དང་ལྡན་པ་ལ་ལྟ་བ་པོ་ཞེས་ཐ་སྙད་གདགས་པར་ཟད་ཀྱི། དེ་ལས་གྲངས་ཅན་གཞན་དག་གིས་ཡོངས་སུ་བརྟགས་པའི་ལྟ་བ་པོ་ནི་མེད་དོ། །དེ་ལས་གཞན་པ་ཡོངས་སུ་བརྟགས་པའི་ཡོད་པ་ཉིད་གཅིག་ཡོད་དུ་ཟིན་ན་ཡང་ ལོང་བའི་རྒྱུད་ལ་གཟུགས་དམིགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གལ་ཏེ་དེ་ལྟར་དེ་ལས་གཞན་མེད་མོད་ཀྱི། འོན་ཀྱང་ཕྱོགས་སུ་ལྷུང་བའི་དབང་དུ་བྱས་ཏེ་ལྷས་བྱིན་ཞེས་བྱ་བའི་ཚོགས་མིག་དང་གཟུགས་ལ་སོགས་པ་རྐྱེན་དེ་དག་དང་ལྡན་པ་ལ་ལྟ་བ་པོ་ཞེས་གདགས་པ་དེ་ལས་གཞན་པ་ གྲངས་ཅན་དག་གིས་ཡོངས་སུ་བརྟགས་པའི་ལྟ་བ་པོ་ངོ་བོ་ཉིད་ཀྱིས་ཡོད་པ་ཉིད་གཅིག་ཡོད་དུ་ཟིན་ན་ཡང་ལོང་བའི་རྒྱུད་ལ་བདག་གི་དངོས་པོས་གཟུགས་དམིགས་པ་མེད་པའི་ཕྱིར་ལྟ་བ་པོའི་ངོ་བོ་ཉིད་མེད་དོ། །གལ་ཏེ་འདིར་ཕ་རོལ་པོ་དག་ན་རེ་འདི་ལ་ལྟ་བ་པོ་མེད་ན་ཁྱེད་ལ་ལྟ་བ་པོ་ཞེས་བྱ་བ་ བྱེད་པ་པོའི་ཐ་སྙད་ཇི་ལྟར་ཡོད་པར་འགྱུར་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་རྒྱུ་དག་ལ་བྱེད་པ་པོར་ཐ་སྙད་གདགས་ཏེ་མར་མེ་བཞིན་དུ་རིགས་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འཇིག་རྟེན་ན་བྱེད་པ་པོ་ཞེས་བརྗོད་པ་ནི་རྒྱུ་རྐྱེན་ཚོགས་པ་དག་ལ་བྱེད་པ་ པོ་ཞེས་བྱ་བར་ཐ་སྙད་གདགས་ཏེ། དཔེར་ན་མར་མེ་སྣང་བའི་བྱེད་པའི་རྒྱུ་ཡིན་པས་དེ་ལ་སྣང་བར་བྱེད་པ་ཞེས་ཐ་སྙད་གདགས་པ་བཞིན་དུ་བྱེད་པ་པོ་ཉིད་མེད་ཀྱང་བྱེད་པའི་རྒྱུ་དག་ལ་བྱེད་པ་པོར་ཐ་སྙད་གདགས་པ་རིགས་པ་ཉིད་ཡིན་ནོ། །གལ་ཏེ་བྱེད་པ་པོ་ནི་ཤེས་པ་ཡོད་པ་ཉིད་ཡིན་པས་མར་མེ་ ཤེས་པ་མེད་པ་ཉིད་ནི་དེའི་དཔེར་མི་རུང་ངོ་ཞེ་ན། དེའི་ལན་དུ་དཔེར་ན་མར་མེ་ལ་སེམས་པ་མེད་ཀྱང་སྣང་བའི་བྱེད་པའི་རྒྱུ་ཡིན་པའི་ཕྱིར་སྣང་བར་བྱེད་པ་ཡིན་ནོ་ཞེས་ཟེར་བ་བཞིན་ཏེ་ཞེས་ཟེར་བ་སྨྲས་ཏེ། དཔེར་ན་མར་མེ་ཤེས་པ་ཉིད་ཡིན་ཡང་སྣང་བའི་བྱེད་པའི་རྒྱུ་ཡིན་པའི་ཕྱིར་འཇིག་རྟེན་པ་དག་ན་རེ་ སྣང་བར་བྱེད་པ་ཡིན་ནོ་ཞེས་ཟེར་བ་དེ་བཞིན་དུ་མིག་དང་གཟུགས་ལ་སོགས་པ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་དག་ཀྱང་ཤེས་པ་ཡོད་པ་ཉིད་ཡོད་པ་མ་ཡིན་མོད་ཀྱི་གཟུགས་དམིགས་པའི་བྱེད་པའི་རྒྱུ་ཡིན་པའི་ཕྱིར་འཇིག་རྟེན་པ་དག་ན་རེ་ལྟ་བར་བྱེད་པ་ཡིན་ནོ་ཞེས་ཟེར་བས་ཅིའི་ཕྱིར་ཤེས་པ་ ཡོད་པ་ཉིད་མ་ཡིན་པ་བྱེད་པ་པོ་ཉིད་དུ་མི་བརྗོད། དེའི་ཕྱིར་ཐ་སྙད་དུ་ཡང་དེ་མེད་དོ་ཞེས་བྱ་བ་ནི་རྒྱུ་གང་ལ་ཡང་བྱེད་པ་པོ་ཉིད་དུ་བརྗོད་པ་དེའི་ཕྱིར་ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་ལྟ་བ་པོའི་ངོ་བོ་ཉིད་དུ་གྲུབ་པ་དེ་མེད་དེ། དེ་ལྟར་རེ་ཞིག་ལྟ་བ་པོའི་ངོ་བོ་ཉིད་གཟུགས་ལ་ལྟ་བར་མི་འཐད་དོ། །ཅི་སྟེ་ལྟ་བ་པོའི་ངོ་བོ་ ཉིད་མ་ཡིན་ཏེ། ཇི་ལྟར་བྱེ་བྲག་པ་དག་ན་རེ་བཞིའི་སྦྱོར་བ་ལས་གཟུགས་ཤེས་པ་སྐྱེས་པ་ན་ལྟ་བར་བྱེད་དོ་ཞེས་ཟེར་བ་ལྟ་བུའོ་ཞེ་ན་ཞེས་བྱ་བས་ནི་གལ་ཏེ་བརྟག་པ་ཕྱི་མ་ལྟར་འདོད་ན་དེ་ཡང་མི་རུང་བར་སྟོན་ཏོ། །དེ་ལ་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པ་ཞེས་བྱ་བ་ནི་མིག་དང་གཟུགས་ལ་སོགས་པ་རྐྱེན་རྣམས་ ལ་ལྟོས་ནས་ལྟ་བ་པོ་ཉིད་དུ་འདོད་པ་སྟེ་དེ་ཡང་བྱེ་བྲག་པ་དག་གི་གཞུང་ལས་གང་གི་ཚེ་བདག་ཡུལ་ལ་ལོངས་སྤྱོད་པར་འདོད་པ་དེའི་ཚེ་ན་ཕྲད་པ་ཞེས་བྱ་བའི་ཚིག་གི་དོན་གྱི་དབང་གིས་བདག་དེ་ཡིད་དང་སྦྱོར་བར་བྱེད་དོ། །དེ་ནས་ཡིད་ཀྱི་དབང་པོ་རྣམས་གཏོང་བར་བྱེད་དོ། །དེ་ནས་དབང་པོ་རྣམས་ཀྱིས་ ཡུལ་རྣམས་ལ་ལོངས་སྤྱོད་པར་བྱེད་པས་དེ་ལྟར་བདག་དང་ཡིད་དང་དབང་པོ་དང་ཡུལ་བཞིའི་སྦྱོར་བ་ལས་དམིགས་པའི་ཤེས་པ་སྐྱེས་པ་ན་ལྟ་བ་པོ་དེ་གཟུགས་ལ་ལྟ་བར་བྱེད་པས་རྐྱེན་གཞན་ལ་ལྟོས་པའི་ཕྱིར་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པ་ལྟ་བར་བྱེད་དོ་ཞེས་ཟེར་བ་ཡིན་ནོ། །དེ་ཡང་མི་རུང་སྟེ་ཅིའི་ཕྱིར་ཞེ་ ན། དེ་ལྟ་ན་ཡང་སྐྱོན་དེ་ཉིད་ཡོད་དེ་མ་གྲགས་པའི་ཡོད་པ་ཉིད་ལ་དེར་བརྟག་པ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ་དེ་ལྟ་ན་ཡང་སྔར་འདི་ལ་གཟུགས་དམིགས་ཤིང་ལྟ་བར་བྱེད་པས་ལྟ་བ་པོའོ་ཞེས་རྗེས་སུ་དཔག་པ་ཡིན་ན་གཟུགས་དམིགས་པ་དེ་ཡང་མིག་དང་གཟུགས་དང་སྣང་བ་དང་ནམ་ མཁའ་དང་ཡིད་ལ་བྱེད་པ་དག་ཡོད་ན་ཡོད་པ་ཡིན་པས་དེའི་ཕྱིར་ལྷས་བྱིན་ཞེས་བྱ་བའི་ཚོགས་དེ་དག་དང་ལྡན་པ་ལ་ལྟ་བ་པོ་ཞེས་གདགས་ཀྱི་དེ་ལས་གཞན་ནི་མེད་དོ་ཞེས་ཇི་སྐད་བསྟན་པའི་སྐྱོན་དེ་ཉིད་ཡོད་དེ། ཅིའི་ཕྱིར་ཞེ་ན། ལྷས་བྱིན་ཞེས་བྱ་བའི་ཚོགས་མིག་དང་གཟུགས་ལ་སོགས་པའི་རྐྱེན་ དེ་དག་དང་ལྡན་པ་ལ་ལྟ་བ་པོ་ཞེས་གདགས་པ་དེ་ལས་གཞན་པ་བྱེ་བྲག་པ་དག་གིས་ཡོངས་སུ་བརྟགས་པ་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པའི་བདག་ལྟ་བ་པོ་ཞིག་ཡོད་དོ་ཞེས་བྱ་བ་གྲུབ་པའི་མཐའ་གཞན་ལ་མ་གྲགས་པའི་ཡོད་པ་ཉིད་དེ་ལ་ལྟ་བ་པོ་ཞེས་བྱ་བ་དེར་བརྟག་ པ་མི་འཐད་པའི་ཕྱིར་རོ། །དེས་ན་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པ་དེ་དོན་དམ་པར་གཟུགས་ལ་ལྟ་བར་བྱེད་དོ་ཞེས་བྱ་བ་དེ་མི་རུང་ངོ་། །ཐུན་མོང་དུ་ཁས་བླངས་ནས་དེ་ཡོད་དོ་ཞེ་ན། ཡང་ཞེས་བྱ་བ་ནི་གལ་ཏེ་བྱེ་བྲག་པ་དག་འདི་སྐད་ཅེས་འཇིག་རྟེན་གྱི་ཐ་སྙད་དུ་ལྟ་བ་པོ་ཡོད་པར་གྲགས་པ་དེར་སྤྱིར་ ཐུན་མོང་དུ་ཁས་བླངས་ནས་ལྟ་བ་དང་གཟུགས་ལ་སོགས་པ་ལ་མ་ལྟོས་པར་ཡང་ལྟ་བ་པོ་བདག་དེ་ཡོད་དོ་ཞེས་ཟེར་ན་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་བཤད་པ། ལྟ་བ་སྤངས་པར་གྱུར་ཀྱང་ངོ་། །ཞེས་བྱ་བ་སྨྲས་ཏེ་ལྟ་བ་དང་གཟུགས་ལ་སོགས་པ་སྤངས་ཤིང་དེ་དག་ལ་མ་ལྟོས་ན་ཡང་ ལྟ་བ་པོ་བདག་དེ་མེད་དོ་ཞེས་བྱ་བར་སྟོན་ཏོ། །ཅི་ཞིག་ཅེ་ན་ཞེས་བྱ་བ་ནི། ལྟ་བ་སྤངས་པར་གྱུར་ཀྱང་ངོ་། །ཞེས་སྨྲས་པ་དེའི་ཚིག་གི་དོན་ཅི་ཞིག་ཅེ་ན་ཞེས་འདྲི་བ་ཡིན་ནོ། །དེའི་ལན་དུ། ལྟ་པོ་ཡོད་མིན་ཏེ་ཞེས་བྱ་བའི་སྐབས་ཡིན་ཏེ་ཞེས་བྱ་བ་སྨྲས་ཏེ་ཚིག་ལེའུར་བྱས་པའི་རྩ་བ་དང་པོ་ལས། མ་སྤངས་ལྟ་པོ་ཡོད་མིན་ཏེ། །ཞེས་སྨོས་པའི་སྐབས་ནས་ལྟ་པོ་ཡོད་མིན་ཏེ་ཞེས་བཤད་པ་དེ་ཉིད་ཀྱི་སྐབས་ཡིན་ཏེ། ཇི་ལྟར་ལྟ་བ་མ་སྤངས་ཀྱང་ལྟ་བ་པོ་ཡོད་པ་མ་ཡིན་པ་དེ་བཞིན་དུ་ལྟ་བ་སྤངས་པར་གྱུར་ཀྱང་ལྟ་བ་པོ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ལྟ་བ་སྤངས་པར་གྱུར་ ཀྱང་ལྟ་བ་པོ་ཡོད་པ་མ་ཡིན་ཞེ་ན་དེའི་ཕྱིར་ལྟ་བའི་ནུས་པ་སྤངས་པར་གྱུར་པ་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ལྟ་བའི་ནུས་པ་སྤངས་ཤིང་མེད་པར་གྱུར་ན་དེ་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དོན་དམ་པར་དེ་གཟུགས་ལ་ལྟ་བར་བྱེད་པ་མི་འཐད་དེ་མིག་ལས་ གཞན་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བས་དེའི་རྗེས་སུ་དཔག་པ་བསྟན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུམ་པ་ནི་མིག་ལས་གཞན་ཡིན་པའི་ཕྱིར་གཟུགས་ལ་ལྟ་ བར་བྱེད་པར་མི་འཐད་པ་དེ་བཞིན་དུ་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པའི་བདག་དེ་ཡང་མིག་ལས་གཞན་ཡིན་པའི་ཕྱིར་གཟུགས་ལ་ལྟ་བར་བྱེད་པར་མི་འཐད་དོ། །དེ་ལྟར་ཕྱོགས་གཉི་གར་ཡང་ལྟ་བ་པོ་ཉིད་མ་གྲུབ་པོ་ཞེས་བྱ་བ་ནི་ཕྱོགས་གཉི་གའི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། གྲངས་ ཅན་དག་གི་ཕྱོགས་ལ་ཡང་ལྟ་བ་པོའི་ངོ་བོ་ཉིད་ལྟ་བར་བྱེད་པ་མ་གྲུབ་ལ། བྱེ་བྲག་པ་བྱེད་པ་དག་གི་ཕྱོགས་ལ་ཡང་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པ་ལྟ་བར་བྱེད་པ་མ་གྲུབ་པོ། །ཡང་ན་ལྟ་བ་པོའི་ངོ་བོ་ཉིད་དུ་ཡོངས་སུ་བརྟགས་ན་ཡང་། མ་སྤངས་ལྟ་པོ་ཡོད་མིན་ཏེ། །ལྟ་བ་སྤངས་པར་གྱུར་ཀྱང་ངོ་། ། ལྟ་བ་དང་བཅས་སམ་ལྟ་བ་མེད་ཀྱང་རུང་སྟེ་ལྟ་བ་པོའི་ངོ་བོ་ཉིད་མེད་དོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བས་ནི་ཡང་ན་བདག་ལྟ་བ་པོའི་ངོ་བོ་ཉིད་དུ་ཡོངས་སུ་བརྟགས་ན་ཡང་དེ་ལྟ་བ་དང་ལྡན་ན་ཡང་གཟུགས་ལ་ལྟ་བར་མི་བྱེད་ལ། ལྟ་བ་དང་མི་ལྡན་ན་ཡང་གཟུགས་ལ་ལྟ་བར་མི་བྱེད་དོ་ཞེས་བྱ་བར་ མདོ་མཛད་པས་དགོངས་སོ་ཞེས་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར་གལ་ཏེ་རེ་ཞིག་ལྟ་བ་པོ་དེ་མིག་ཡོད་ན་ལྟ་བར་བྱེད་དོ་ཞེས་བྱ་བ་དེ་ལྟར་འདོད་ན་དེ་ལྟར་ན་གཟུགས་དམིགས་པ་འགྲུབ་པ་ནི་མིག་ཡོད་ན་ཡོད་པའི་ཕྱིར་མེ་ཡོད་ན་སྲེག་པ་ཉིད་བཞིན་པས་ལྟ་བ་པོ་ཉིད་ཐ་སྙད་པ་སྟེ། མིག་ཉིད་ཡིན་པར་འདོད་པར་བྱའོ། །ཅི་སྟེ་ལྟ་བ་མེད་ཀྱང་ལྟ་བ་པོ་ཡིན་ནོ་ཞེས་བྱར་ནི་ལོང་བའི་རྒྱུད་ལ་གཟུགས་དམིགས་པ་མེད་པའི་ཕྱིར་དེ་ལྟ་བ་པོ་ཉིད་ཡིན་པར་མི་རིགས་སོ་ཞེས་བྱ་བ་སྨྲས་ཏེ། བདག་དེ་ལྟ་བ་དང་ལྡན་ན་ཡང་གཟུགས་ལ་ལྟ་བར་མི་བྱེད་ལ་ལྟ་བ་དང་མི་ལྡན་ན་ཡང་ གཟུགས་ལ་ལྟ་བར་མི་བྱེད་དོ་ཞེས་བྱ་བར་གོ་རིམས་བཞིན་དུ་སྦྱར་ཏེ། འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པས་ནི་ལྟ་བ་སྨྲ་བ་དག་ལྟ་བའི་བྱ་བ་ཡོད་པ་ཉིད་ཀྱི་སྒོ་ནས་ལྟ་བ་པོ་ཡོད་པར་སྒྲུབ་པ་སྟོན་ཏོ། །ལྟ་བའི་བྱ་བ་ཡོད་པ་ཉིད་ནི་ལྟ་བ་པོ་ཡིན་པར་ཤེས་པར་བྱ་སྟེ། དེ་ལ་བྱེད་པ་དང་ལས་ ཡོད་པའི་ཕྱིར་རོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །འདི་ན་གང་ལ་ཆགས་པར་བྱ་བ་མེད་པ་དེ་ནི་བྱེད་པ་དང་ལས་མེད་དེ་དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་ཕྱོགས་ ཀྱི་དཔེ་ཡིན་ནོ། །ལྟ་བ་པོ་དེ་ལ་ནི་བྱེད་པ་ལྟ་བ་དང་ལས་བལྟ་བར་བྱ་བ་ཡོད་པས་ཞེས་བྱ་བ་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ནོ། །དེའི་ཕྱིར་ལྟ་བའི་བྱ་བ་ཡོད་པ་ཉིད་ནི་ལྟ་བ་པོ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བར་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། ། དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ་དོན་དམ་པར་ལྟ་བ་རྣམ་པ་ཐམས་ཅད་བཀག་པ