Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 100

Văn bản gốc(Tây Tạng)

Trang 9 / 23 (50.000 ký tự/trang)
་ཅིང་གཞན་སྐྱེད་པར་མི་བྱེད་དོ། །རྩ་བའི་
སྐྱེ་བས་ནི་སྐྱེ་བ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྐད་ཅིག་མ་གཅིག་ལ་སྐྱེ་བའི་སྐྱེ་བས་ནི་རྩ་བའི་སྐྱེ་བ་འབའ་ཞིག་སྐྱེད་པར་བྱེད་པས་དེ་ནི་ཉེ་བའི་མཚན་ཉིད་ཡིན་ལ། རྩ་བའི་སྐྱེ་བས་ནི་སྐྱེ་བའི་སྐྱེ་བ་ལ་སོགས་པ་ཆོས་བཅུ་བཞི་པོ་དག་སྐྱེད་པའི་བྱེད་པས་དེ་ནི་མཚན་ཉིད་ཡིན་ཏེ། དེ་
ལྟར་མཚན་ཉིད་དང་ཉེ་བའི་མཚན་ཉིད་དག་གཅིག་གིས་གཅིག་སྐྱེད་པར་བྱེད་པས་དེ་དག་མཚན་ཉིད་ཀྱང་ཡིན་ལ་ཐུག་པ་མེད་པར་ཡང་ཐལ་བར་མི་འགྱུར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། དེ་ནི་མང་པོ་ཡང་ཡིན། དེ་ནི་སྣ་ཚོགས་ཀྱང་

ཡིན་མོད་ཀྱི་དེ་དེ་ལྟ་ནི་མ་ཡིན་ཏེ། གལ་ཏེ་ཁྱོད་ཀྱི་སྐྱེ་བའི་སྐྱེས། །རྩ་བའི་སྐྱེ་བ་སྐྱེད་བྱེད་ན། །ཁྱོད་ཀྱི་རྩ་བས་མ་བསྐྱེད་དེས། །དེ་ནི་ཅི་ལྟར་སྐྱེད་པར་བྱེད། །ཅེས་བྱ་བ་སྨྲས་སོ། །གལ་ཏེ་ཁྱོད་ཀྱི་སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་སྐྱེད་པར་བྱེད་ན་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་
ཕྱེད་གོང་མའི་བཤད་པ་སྟེ། ཕྱོགས་སྔ་མ་སྨྲ་བའི་གཞུང་བརྣན་པ་ཡིན་ནོ། །ཁྱོད་ཀྱི་རྩ་བའི་སྐྱེ་བས་མ་བསྐྱེད་པའི་སྐྱེ་བ་དེས་རྩ་བའི་སྐྱེ་བ་དེ་ཅི་ལྟར་སྐྱེད་པར་བྱེད་སྐྱེད་པར་མི་བྱེད་པ་ཉིད་དེ་མ་སྐྱེས་པའི་ཕྱིར་སྔོན་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་ཕྱེད་འོག་མའི་
བཤད་པ་སྟེ། ཕྱོགས་སྔ་མ་སྨྲས་པའི་གཞུང་སུན་འབྱིན་པ་ཡིན་ནོ། །དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྔོན་མ་སྐྱེས་པའི་དངོས་པོ་ནི་མ་སྐྱེས་པའི་ཕྱིར་རྩ་བའི་སྐྱེ་བ་དེ་སྐྱེད་པར་མི་བྱེད་པ་ཉིད་ཡིན་པ་དེ་
བཞིན་དུ་རྩ་བའི་སྐྱེ་བས་མ་བསྐྱེད་པའི་སྐྱེ་བའི་སྐྱེ་བ་དེ་ཡང་མ་སྐྱེས་པའི་ཕྱིར་རྩ་བའི་སྐྱེ་བ་སྐྱེད་པར་མི་བྱེད་པ་ཉིད་དོ། །གལ་ཏེ་རྩ་བའི་སྐྱེ་བས་བསྐྱེད་པ་ཁོ་ནའི་སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་སྐྱེད་པར་བྱེད་དོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་དེ་སྐད་ཅེས་ཟེར་ནའོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་
ཀྱིས་བཤད་པ། གལ་ཏེ་ཁྱོད་ཀྱི་རྩ་བ་ཡི། །བསྐྱེད་པ་དེ་ཡིས་རྩ་བསྐྱེད་ན། །དེས་མ་བསྐྱེད་པའི་རྩ་བ་དེས། །དེ་ནི་ཅི་ལྟར་སྐྱེད་པར་བྱེད། །ཅེས་བྱ་བ་སྨྲས་སོ། །གལ་ཏེ་ཁྱོད་ཀྱི་རྩ་བའི་སྐྱེ་བས་བསྐྱེད་པའི་སྐྱེ་བའི་སྐྱེ་བ་དེས་རྩ་བའི་སྐྱེ་བ་དེ་སྐྱེད་པར་བྱེད་ན་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་ཕྱེད་གོང་
མའི་བཤད་པ་སྟེ། ཕྱོགས་སྔ་མ་སྨྲ་བའི་གཞུང་བརྣན་པ་ཡིན་ནོ། །སྐྱེ་བའི་སྐྱེ་བ་དེས་མ་བསྐྱེད་པའི་རྩ་བའི་སྐྱེ་བ་དེས་སྐྱེ་བའི་སྐྱེ་བ་དེ་ཇི་ལྟར་སྐྱེད་པར་བྱེད་སྐྱེད་པར་མི་བྱེད་པ་ཉིད་དེ། མ་སྐྱེས་པའི་ཕྱིར་སྔོན་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་ཕྱེད་འོག་མའི་བཤད་པ་སྟེ།
ཕྱོགས་སྔ་མ་སྨྲ་བའི་གཞུང་སུན་འབྱིན་པ་ཡིན་ནོ། །དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྔོན་མ་སྐྱེས་པའི་དངོས་པོ་ནི་མ་སྐྱེས་པའི་ཕྱིར་སྐྱེ་བའི་སྐྱེ་བ་དེ་སྐྱེད་པར་མི་བྱེད་པ་ཉིད་ཡིན་པ་དེ་བཞིན་དུ་སྐྱེ་བའི་སྐྱེ་

བས་མ་བསྐྱེད་པའི་རྩ་བའི་སྐྱེ་བ་དེ་ཡང་མ་སྐྱེས་པའི་ཕྱིར་སྐྱེ་བའི་སྐྱེ་བ་དེ་སྐྱེད་པར་མི་བྱེད་པ་ཉིད་དོ། །གལ་ཏེ་རྩ་བའི་སྐྱེ་བ་དང་སྐྱེ་བའི་སྐྱེ་བ་དག་སྐྱེ་བཞིན་པ་ན་རང་གི་བྱ་བ་བྱེད་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་དེ་སྐད་ཅེས་ཟེར་ནའོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་བཤད་
པ། ཁྱོད་ཀྱི་དེ་ནི་སྐྱེ་བཞིན་པ། །མ་སྐྱེས་དེ་ཡིས་གལ་ཏེ་ནི། །དེ་ནི་སྐྱེད་པར་བྱེད་ནུས་ན། །དེ་སྐྱེད་པ་ནི་འདོད་ལ་རག །ཅེས་བྱ་བ་སྨྲས་སོ། །ཁྱོད་ཀྱི་རྩ་བའི་སྐྱེ་བའམ་སྐྱེ་བའི་སྐྱེ་བ་དེ་སྐྱེ་བཞིན་པ་རང་ཉིད་མ་སྐྱེས་པ་དེས་གལ་ཏེ་སྐྱེ་བའི་སྐྱེ་བའམ་རྩ་བའི་སྐྱེ་བ་དེ་སྐྱེད་པར་བྱེད་ནུས་ན་ནི་སྐྱེ་བའི་སྐྱེ་བའམ་
རྩ་བའི་སྐྱེ་བ་དེ་སྐྱེད་པར་འདོད་ལ་རག་ན་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་དེའི་བཤད་པ་སྟེ། ཕྱོགས་སྔ་མ་སྨྲ་བའི་གཞུང་བརྣན་པ་ཡིན་ནོ། །རྩ་བའི་སྐྱེ་བའམ་སྐྱེ་བའི་སྐྱེ་བ་སྐྱེ་བཞིན་པ་རང་ཉིད་མ་སྐྱེས་པ་དེས་སྐྱེ་བའི་སྐྱེ་བའམ་རྩ་བའི་སྐྱེ་བ་དེ་སྐྱེད་པར་མི་ནུས་ཏེ། མ་སྐྱེས་པའི་ཕྱིར་རམ་སྐྱེ་བཞིན་པའི་
ཕྱིར་སྔོན་བཞིན་ནམ་སྐྱེ་བར་འདོད་པའི་དངོས་པོ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་དམ་བཅའ་བ་སྟེ། ཕྱོགས་སྔ་མ་སྨྲ་བའི་གཞུང་སུན་འབྱིན་པ་ཡིན་ནོ། །དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་
ན་སྔོན་མ་སྐྱེས་པའི་དངོས་པོ་ནི་མ་སྐྱེས་པའི་ཕྱིར་སྐྱེ་བའི་སྐྱེ་བའམ་རྩ་བའི་སྐྱེ་བ་དེ་སྐྱེད་པར་མི་ནུས་པ་དང་། སྐྱེ་བར་འདོད་པའི་དངོས་པོ་ནི་སྐྱེ་བཞིན་པའི་ཕྱིར་སྐྱེ་བའི་སྐྱེ་བའམ་རྩ་བའི་སྐྱེ་བ་དེ་སྐྱེད་པར་མི་ནུས་པ་དེ་བཞིན་དུ་རྩ་བའི་སྐྱེ་བའམ་སྐྱེ་བའི་སྐྱེ་བ་སྐྱེ་བཞིན་པ་རང་ཉིད་མ་སྐྱེས་པ་དེ་ཡང་
མ་སྐྱེས་པའི་ཕྱིར་རམ་སྐྱེ་བཞིན་པའི་ཕྱིར་སྐྱེ་བའི་སྐྱེ་བའམ་རྩ་བའི་སྐྱེ་བ་དེ་སྐྱེད་པར་མི་ནུས་སོ། །གལ་ཏེ་ལྷན་ཅིག་འབྱུང་བའི་རྒྱུས་སྐྱེ་བཞིན་པ་ལ་ཡང་སྐྱེད་པའི་མཐུ་ཡོད་པའི་ཕྱིར་ལྷན་ཅིག་འབྱུང་བ་མ་སྐྱེས་པ་དག་གམ། སྐྱེ་བཞིན་པ་དག་གིས་མ་སྐྱེས་པའི་ཕྱིར་རམ། སྐྱེ་བཞིན་པའི་
ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་གཏན་ཚིགས་མ་བསྐྱེད་པའི་ཕྱིར་རམ་སྐྱེ་བཞིན་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་ཡིན་ནོ་ཞེས་སྐྱོན་འདོགས་པ་ཡིན་ཏེ། དེ་དག་ན་རེ་ལྷན་ཅིག་འབྱུང་བའི་རྒྱུ་ནི་ཆོས་མངོན་པ་མཛོད་ལས། ལྷན་

ཅིག་འབྱུང་གང་ཕན་ཚུན་འབྲས། །འབྱུང་བཞིན་སེམས་ཀྱི་རྗེས་འཇུག་དང་། །སེམས་དང་མཚན་ཉིད་མཚན་གཞི་བཞིན། །ཞེས་བཤད་དེ་ལྷན་ཅིག་འབྱུང་བའི་རྒྱུ་ནི་ཕན་ཚུན་འབྲས་བུ་ཡིན་ཏེ། དཔེར་ན་འབྱུང་བ་ཆེན་པོ་བཞི་པོ་དག་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་ལྟ་བུ་དང་།
སེམས་ཀྱང་སེམས་ཀྱི་རྗེས་སུ་འཇུག་པའི་ཆོས་རྣམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ། དེ་དག་ཀྱང་སེམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་ལྟ་བུ་དང་། འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་གནས་པ་དང་འགག་པ་ཞེས་བྱ་བ་གསུམ་པོ་དག་ཀྱང་མཚན་ཉིད་ཀྱི་གཞིའི་ལྷན་ཅིག་འབྱུང་
བའི་རྒྱུ་ཡིན་ལ། མཚན་ཉིད་ཀྱི་གཞི་ཡང་མཚན་ཉིད་དག་གི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་ལྟ་བུའོ་ཞེས་བཤད་པས་ལྷན་ཅིག་འབྱུང་བའི་རྒྱུས་དངོས་པོ་སྐྱེ་བཞིན་པ་ལ་ཡང་སྐྱེད་པའི་མཐུ་ཡོད་པའི་ཕྱིར་དེས་ན། ཅི་རྩ་བའི་སྐྱེ་བའམ་སྐྱེ་བའི་སྐྱེ་བ་སྐྱེ་བཞིན་པ་དེ་མ་སྐྱེས་པའི་ཕྱིར་སྔོན་མ་སྐྱེས་
པའི་དངོས་པོ་བཞིན་དུ་སྐྱེ་བའི་སྐྱེ་བའམ། རྩ་བའི་སྐྱེ་བ་དེ་སྐྱེད་པར་མི་ནུས་པ་ཡིན་ནམ། འོན་ཏེ་རྩ་བའི་སྐྱེ་བའམ་སྐྱེ་བའི་སྐྱེ་བ་སྐྱེ་བཞིན་པ་དེ་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་སྐྱེ་བའི་སྐྱེ་བའམ་རྩ་བའི་སྐྱེ་བ་དེ་སྐྱེད་པར་ནུས་པ་མ་ངེས་པ་དང་། ཡང་ན་ཅི་རྩ་བའི་སྐྱེ་བའམ་སྐྱེ་བའི་སྐྱེ་བ་སྐྱེ་བཞིན་པ་དེ་སྐྱེ་
བཞིན་པའི་ཕྱིར་སྐྱེ་བར་འདོད་པའི་དངོས་པོ་བཞིན་དུ་སྐྱེ་བའི་སྐྱེ་བའམ་རྩ་བའི་སྐྱེ་བ་དེ་སྐྱེད་པར་མི་ནུས་པ་ཡིན་ནམ། འོན་ཏེ་རྩ་བའི་སྐྱེ་བའམ་སྐྱེ་བའི་སྐྱེ་བ་སྐྱེ་བཞིན་པ་དེ་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ཏེ་སྐྱེ་བའི་སྐྱེ་བའམ་རྩ་བའི་སྐྱེ་བ་དེ་སྐྱེད་པར་ནུས་པ་མ་ངེས་པས་དེའི་ཕྱིར་ཁྱེད་དབུ་མ་པའི་གཏན་
ཚིགས་མ་སྐྱེས་པའི་ཕྱིར་རམ། སྐྱེ་བཞིན་པའི་ཕྱིར་ཞེས་བྱ་བ་དེའི་དོན་མ་ངེས་པ་ཉིད་ཡིན་པས་མི་རུང་ངོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ལྷན་ཅིག་འབྱུང་བ་དག་ཀྱང་འདོད་ཆགས་དང་ཆགས་པ་དག་ལྷན་ཅིག་ཉིད་དུ་སྐྱེ་བ་དགག་པའི་སྐབས་སུ་བཀག་
པའི་ཕྱིར་དང་། བྱེད་པའི་རྒྱུ་ཡང་བཀག་པའི་ཕྱིར་སྒྲུབ་པ་དེས་མ་ངེས་པ་ཉིད་དུ་བསྟན་པར་མི་ནུས་པས་ཐུག་པ་མེད་པར་ཐལ་བར་འགྱུར་བ་བཟློག་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། ལྷན་ཅིག་འབྱུང་བའི་རྒྱུ་དག་ཀྱང་སྔར་འདོད་ཆགས་དང་ཆགས་པ་བརྟག་པའི་སྐབས་སུ། འདོད་ཆགས་དང་ནི་ཆགས་

པ་དག །ལྷན་ཅིག་ཉིད་དུ་སྐྱེ་མི་རིགས། །འདི་ལྟར་འདོད་ཆགས་ཆགས་པ་དག །ཕན་ཚུན་ལྟོས་པ་མེད་པར་འགྱུར། །ཞེས་བྱ་བས་བཀག་ཟིན་པའི་ཕྱིར་དང་། བྱེད་པའི་རྒྱུས་སྐྱེ་བཞིན་པ་རང་ཉིད་མ་སྐྱེས་པ་གཞན་གྱི་རྒྱུ་ཡིན་ནོ་ཞེ་ན། །ཡང་གལ་ཏེ་འདིར་རྩ་བའི་སྐྱེ་བའམ་སྐྱེ་བའི་སྐྱེ་བ་སྐྱེ་བཞིན་
པ་དེ་བྱེད་པའི་རྒྱུ་ཡིན་ན་ནི་དེས་ན་མ་ངེས་པ་ཉིད་དུ་ཡང་འགྱུར་གྲང་ན། བྱེད་པའི་རྒྱུ་ཉིད་ཀྱང་སྔར་བཀག་ཟིན་པས་དེའི་ཕྱིར་ཁྱེད་ཀྱི་སྒྲུབ་པ་དེ་ཁོ་བོའི་གཏན་ཚིགས་མ་ངེས་པ་ཉིད་དུ་བསྟན་པར་མི་ནུས་པས་མཚན་ཉིད་གཅིག་གིས་གཅིག་སྐྱེད་པར་མ་གྲུབ་པའི་ཕྱིར་དེ་དག་ལ་མཚན་ཉིད་གཞན་
ཞིག་ཡོད་ན་ཐུག་པ་མེད་པར་ཐལ་བར་འགྱུར་བའི་སྐྱོན་སྔར་བསྟན་པ་དེ་ཁྱེད་ཀྱིས་བཟློག་པ་མེད་དེ་སོ་ན་གནས་སོ། །དེའི་ཕྱིར་གཞན་དག་གིས་ཐུག་པ་མེད་པར་ཐལ་བར་འགྱུར་བ་བཟློག་པའི་ཕྱིར་སྨྲས་པ། ཅི་ལྟར་མར་མེས་རང་དང་གཞན། །སྣང་བར་བྱེད་པ་དེ་བཞིན་དུ། །སྐྱེ་བའང་རང་དང་
གཞན་གྱི་དངོས། །གཉི་ག་སྐྱེད་པར་བྱེད་པ་ཡིན། །དེའི་ཕྱིར་ཐུག་པ་མེད་པར་ཐལ་བར་མི་འགྱུར་རོ་ཞེས་བྱ་བ་ནི། སྡེ་པ་གཞན་དག་སྒྲུབ་པ་གཞན་གྱི་ཐུག་པ་མེད་པར་ཐལ་བར་མི་འགྱུར་བར་སྒྲུབ་པ་ཡིན་ཏེ། དེ་དག་ན་རེ་ཅི་ལྟར་མར་མེས་རང་གི་བདག་ཉིད་ཀྱང་སྣང་བར་བྱེད་ལ་བུམ་པ་
དང་སྣམ་བུ་ལ་སོགས་པ་དང་དངོས་པོ་གཞན་དག་ཀྱང་སྣང་བར་བྱེད་པ་དེ་བཞིན་དུ་སྐྱེ་བས་ཀྱང་རང་གི་བདག་ཉིད་ཀྱང་སྐྱེད་པར་བྱེད་ལ་བུམ་པ་དང་སྣམ་བུ་ལ་སོགས་པ་དངོས་པོ་གཞན་དག་ཀྱང་སྐྱེད་པར་བྱེད་པས་དེའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་ཀྱང་ཡིན་ལ་ཐུག་པ་མེད་པར་ཐལ་བར་ཡང་
མི་འགྱུར་རོ་ཞེས་ཟེར་རོ། །འདིར་དོན་གོ་སླ་བ་དང་རྣམ་པར་བཤད་ཟིན་པ་གང་ཡིན་པ་དེ་ནི་རྣམ་པར་བཤད་པར་མི་བྱ་སྟེ་ཚིག་མངས་སུ་དོགས་པའི་ཕྱིར་དང་། དོན་གྲགས་པ་དང་དོན་རྣམ་པར་བཤད་ཟིན་པས་འབད་པ་དོན་མེད་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། འགྲེལ་པ་བྱེད་པ་ཉིད་
ཀྱིས་ཕྱོགས་སྔ་མ་སྨྲ་བའི་ཚིག་ལེའུར་བྱས་པ་གོང་མ་དེའི་འགྲེལ་པ་མ་བྱས་པའི་འཐད་པ་སྨྲས་པ་ཡིན་ནོ། །ཕྱོགས་སྔ་མ་སྨྲ་བ་དག་དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་ཚིག་མངས་ཀྱང་བློས་འདིར་རྗེས་སུ་དཔག་པ་ནི་བཤད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་

སྨྲས་སོ། །སྐྱེ་བ་ནི་རང་དང་གཞན་གྱི་བདག་ཉིད་ཀྱི་ཡུལ་དག་ལ་བྱ་བ་བྱེད་དེ་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དཔེར་ན་མར་མེ་སྣང་བའི་ངོ་བོ་ཉིད་ཡིན་པས་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་པ་བཞིན་ནོ་ཞེ་ན་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་ཕ་རོལ་
པོ་དག་གིས་སྨྲས་པའི་ཚིག་ལས་དྲས་ཏེ་ཕྱོགས་སྔ་མ་ཉེ་བར་བཞག་པ་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མར་མེ་ནི་སྣང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རང་དང་གཞན་གྱི་བདག་ཉིད་
སྣང་བར་བྱེད་པ་དེ་བཞིན་དུ་སྐྱེ་བ་ཡང་སྐྱེ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རང་དང་གཞན་གྱི་བདག་ཉིད་དག་སྐྱེད་པར་བྱེད་དོ་ཞེ་ནའོ། །དེ་ལ་བཤད་པ། དོན་དམ་པར་སྐྱེ་བ་ནི་སྐྱེད་པར་བྱེད་པའི་ངོ་བོ་ཉིད་ཁོ་ནའོ་ཞེས་བསྒྲུབ་པར་བྱ་བའི་གཏན་ཚིགས་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ཉིད་ཀྱིས་
བསྒྲུབ་པར་བྱ་བ་བཞིན་དུ་མ་གྲུབ་པར་བརྗོད་པའི་ཕྱིར་དང་། དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར་དཔེར་ན་སྒྲ་མི་རྟག་སྟེ་སྒྲ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་བཞིན་པས་དེ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་ཕྱོགས་སྔ་མའི་གཏན་ཚིགས་དེ་བསྒྲུབ་པར་བྱ་བ་
བཞིན་དུ་མ་གྲུབ་པའི་ཕྱིར་དང་། དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར་མ་གྲུབ་པོ་ཞེས་སུན་དབྱུང་བའི་ཚིག་ཡིན་ནོ། །ཡང་བཤད་པ་འདི་ལ་དོན་དམ་པར་མར་མེ་ནི་རང་དང་གཞན་གྱི་བདག་ཉིད་དག་གཟུང་བ་ལ་བར་དུ་གཅོད་པའི་མུན་པ་སེལ་བའི་ཕྱིར་སྣང་བར་བྱེད་པ་ཡིན་
ནོ་ཞེས་བརྗོད་པར་བྱ་གྲང་ན། འདི་ལ་ཇི་སྐད་སྨོས་པའི་སྒྲུབ་པ་དེ་མི་སྲིད་དོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་འདོད་པ་ལྟར་བརྟག་ན་དེ་ལྟ་བུ་ཡིན་གྲང་ན། བརྟག་པ་འདི་ལ་ཅི་སྐད་སྨོས་པའི་སྒྲུབ་པ་དེ་མི་སྲིད་པར་སྟོན་ཏོ། །ཅི་ལྟར་ཞེ་ན། དེའི་ཕྱིར་བཤད་པ། མར་མེ་དང་ནི་གང་དག་ན། །དེ་འདུག་
པ་ན་མུན་པ་མེད། །མར་མེས་ཅི་ཞིག་སྣང་བར་བྱེད། །ཅི་ཡང་སྣང་བར་མི་བྱེད་དོ། །ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་ནི་མར་མེས་སྣང་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་དང་གཞན་གྱི་བདག་ཉིད་དག་གཟུང་བར་བྱ་བ་ལ་བར་དུ་གཅོད་པའི་མུན་པ་སེལ་བའི་ཕྱིར་སྣང་བར་བྱེད་པ་ཡིན་ནོ་ཞེས་བརྗོད་

པར་བྱ་གྲང་ན། མར་མེ་ལ་ཡང་མུན་པ་མེད་ལ་ཕྱོགས་གང་ན་མར་མེ་དེ་འདུག་པ་དེ་ན་ཡང་མུན་པ་མེད་པས་མར་མེས་ཅི་ཞིག་སྣང་བར་བྱེད་དེ་ཅི་ཡང་སྣང་བར་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་འདིར་བསྒྲུབ་པར་བྱ་བ་ཆོས་མར་མེ་སྣང་བར་བྱེད་པ་ཉིད་མ་ཡིན་པ་དང་། སྒྲུབ་པའི་ཆོས་མར་མེ་
རང་དང་གཞན་གྱི་བདག་ཉིད་དག་ལ་མུན་པ་མེད་པ་ཉིད་བསྟན་ཏོ་ཞེས་བྱ་བས་ནི་བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དེ་བསྟན་ཏོ། །དེའི་ཕྱིར་འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་མར་མེ་ནི་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་པ་མ་ཡིན་ཏེ། མུན་པ་མེད་པའི་ཕྱིར་དཔེར་ན་ཉི་མ་འོད་
ཟེར་གསལ་ཞིང་འཇེབས་པ་དང་ལྡན་པའི་སྣང་བ་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཉི་མ་འོད་ཟེར་གསལ་ཞིང་འཇེབས་པ་དང་ལྡན་པའི་སྣང་བ་ནི་མུན་པ་མེད་པའི་ཕྱིར་མར་མེས་སྣང་བར་
བྱ་བ་མ་ཡིན་པ་དེ་བཞིན་དུ་མར་མེ་རང་གི་བདག་ཉིད་དང་། ཕྱོགས་གང་ན་མར་མེ་དེ་འདུག་པའི་གཞན་གྱི་བདག་ཉིད་དག་ཀྱང་མུན་པ་མེད་པའི་ཕྱིར་མར་མེས་སྣང་བར་བྱ་བ་མ་ཡིན་ནོ། །འདིར་ཉི་མ་འོད་ཟེར་གསལ་ཞིང་འཇེབས་པ་དང་ལྡན་པ་ཞེས་འོད་ཟེར་གྱི་ཁྱད་པར་གཉིས་སྨོས་པ་ནི་ནང་པར་
ནམ་མཁའ་སྤྲིན་མེད་པ་ལ་ཉི་མ་ཤར་བའི་ཚེ་ན་འོད་ཟེར་གསལ་བ་ཡིན་ཡང་འཇེབས་པ་མ་ཡིན་ལ། གུང་ལ་འོད་ཟེར་སྤྲིན་གྱིས་ཁེབས་པའི་ཚེ་ན་འཇེབས་པ་ཡིན་ཡང་གསལ་བ་མ་ཡིན་པས་དེ་གཉི་གའི་ཚེ། ས་ཕྱོགས་དམའ་བ་དག་སྣང་བ་གང་ཡོད་པ་དེས་མར་མེས་སྣང་བར་བྱ་དགོས་པས་དེའི་
ཕྱིར་འོད་ཟེར་གསལ་བ་དང་འཇེབས་པ་གཉིས་སྨོས་སོ། །ཡང་ན། མར་མེ་དང་ནི་གང་དག་ན། །དེ་འདུག་པ་ན་མུན་པ་མེད། །མེད་ཅེས་བྱ་བ་ནི་སྣང་བར་བྱེད་པའི་ཕྱིར་ཏེ། འདིས་ནི་མར་མེའི་ཆོས་ནི་སྣང་བར་བྱེད་པ་ཉིད་ཡིན་པར་སྟོན་ཏོ་ཞེས་བྱ་བ་ནི་སྔར་ནི་མུན་པ་མེད་པ་ཉིད་སྒྲུབ་པའི་ཆོས་ཡིན་པར་
བསྟན་ཏོ། །འདིས་ནི་སྣང་བར་བྱེད་པ་ཉིད་སྒྲུབ་པའི་ཆོས་ཡིན་པར་སྟོན་ཏེ་ཁྱད་པར་ནི་དེ་ཡོད་དོ། །དེའི་ཕྱིར་འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་མར་མེ་ནི་མར་མེ་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་པ་མ་ཡིན་པར་ཤེས་པར་བྱ་སྟེ། སྣང་བར་བྱེད་པ་ཡིན་པའི་ཕྱིར་དཔེར་ན་ཉི་མ་བཞིན་ནོ་ཞེས་བྱ་བ་

དག་ཀྱང་། ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཉི་མ་ནི་སྣང་བར་བྱེད་པ་ཡིན་པའི་ཕྱིར་མར་མེས་སྣང་བར་བྱ་བ་མ་ཡིན་པ་དེ་བཞིན་དུ་མར་མེ་རང་གི་བདག་ཉིད་དང་ཕྱོགས་གང་ན་མར་
མེ་དེ་འདུག་པའི་གཞན་གྱི་བདག་ཉིད་དག་ཀྱང་སྣང་བར་བྱེད་པ་ཡིན་པའི་ཕྱིར་མར་མེས་སྣང་བར་བྱ་བ་མ་ཡིན་ནོ། །དེ་བཞིན་དུ་མར་མེ་ནི་སྣང་བར་བྱེད་པ་མ་ཡིན་ཏེ་གཏན་ཚིགས་འབྱུང་བ་ཉིད་དང་། ཕན་གདགས་པར་བྱ་བ་ཉིད་དང་བྱས་པ་ཉིད་དང་། རྐྱེན་གྱི་དབྱེ་བས་ཐ་དད་པ་ཉིད་ལ་
སོགས་པ་དག་གི་ཕྱིར་ས་ལ་སོགས་པ་དག་བཞིན་ནོ་ཞེས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་ནི་མར་མེ་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་པ་མ་ཡིན་པའི་གཏན་ཚིགས་མུན་པ་མེད་པའི་ཕྱིར་དང་། སྣང་བར་བྱེད་པ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་གཉིས་ནི་མཚན་ཉིད་ཀྱི་སྒྲའི་ཚུལ་ཉེ་བར་གཟུང་
བའི་ཕྱིར་མཚོན་པ་ཙམ་དུ་ཟད་ཀྱི། དེ་བཞིན་དུ་མར་མེ་ནི་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་པ་མ་ཡིན་ཏེ། འབྱུང་བ་ཉིད་ལ་སོགས་པ་དག་ཡིན་པའི་ཕྱིར་དཔེར་ན་ས་ལ་སོགས་པ་དག་བཞིན་ནོ་ཞེས་ཀྱང་བརྗོད་པར་བྱའོ། །འདི་སྐད་བསྟན་ཏེ་མར་མེ་ནི་རང་དང་གཞན་གྱི་བདག་
ཉིད་དག་སྣང་བར་བྱེད་པ་མ་ཡིན་ཏེ། འབྱུང་བ་ཉིད་ཡིན་པའི་ཕྱིར་དཔེར་ན་ས་བཞིན་ནོ། །མར་མེ་ནི་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་པ་མ་ཡིན་ཏེ། ཕན་གདགས་པར་བྱ་བ་ཉིད་ཡིན་པའི་ཕྱིར་དཔེར་ན་ཆུ་བཞིན་ནོ། །མར་མེ་ནི་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་པ་མ་ཡིན་
ཏེ། བྱས་པ་ཉིད་ཡིན་པའི་ཕྱིར་དཔེར་ན་མེ་བཞིན་ནོ། །མར་མེ་ནི་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་པ་མ་ཡིན་ཏེ། རྐྱེན་གྱི་དབྱེ་བས་ཐ་དད་པ་ཉིད་ཡིན་པའི་ཕྱིར་དཔེར་ན་རླུང་བཞིན་ནོ། །དེའི་ཕྱིར་དཔེ་མེད་པས་སྒྲུབ་པ་མ་ཚང་བའི་སྐྱོན་ཡོད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་
འབྲས་བུ་ཡིན་ཏེ། ཕ་རོལ་པོ་དག་གིས་སྔར་སྐྱེ་བ་ནི་རང་དང་གཞན་གྱི་བདག་ཉིད་ཀྱི་ཡུལ་དག་ལ་བྱ་བ་བྱེད་དོ། །དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་དཔེར་ན་མར་མེ་སྣང་བའི་ངོ་བོ་ཉིད་ཡིན་པས་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་པ་བཞིན་ནོ་ཞེས་སྨྲས་པའི་དཔེ་མ་གྲུབ་པས་ཕྱོགས་སྔ་

མ་ལ་སྒྲུབ་པ་མ་ཚང་བའི་སྐྱོན་ཡོད་པས་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་སྨྲས་པ། མུན་པ་སེལ་བས་སྣང་བྱེད་ཡིན། །མར་མེ་སྐྱེ་བཞིན་པས་མུན་པ་སེལ་བར་བྱེད་དེ་གང་གི་ཕྱིར་དེས་སྣང་བར་བྱ་བའི་དངོས་པོ་ལ་མུན་པ་མེད་པ་དང་སྣང་བར་བྱེད་པས་སྣང་བ་ཡིན་པ་དེའི་ཕྱིར་མུན་
པ་སེལ་བས་སྣང་བར་བྱེད་པ་ཡིན་ནོ་ཞེས་སྨྲས་པར་འགྱུར་རོ། །དེའི་ཕྱིར་མུན་པ་མེད་པའི་ཕྱིར་ཞེས་གང་སྨྲས་པ་དེ་མ་གྲུབ་པས་དེས་ན་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །དཔེ་མེད་པ་ཡང་མ་ཡིན་ཏེ་མར་མེས་སྣང་བར་བྱ་བའི་དོན་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་དཔེ་མེད་པར་བསྟན་པ་
དང་། འདིར་ཡང་རང་གི་སྡེ་པ་དག་དཔེ་ཡོད་པར་སྒྲུབ་པ་ཡིན་ཏེ། དེ་དག་ན་རེ་གང་གི་ཕྱིར་ཁྱེད་ཀྱིས། མར་མེ་དང་ནི་གང་དག་ན། །དེ་འདུག་པ་ན་མུན་པ་མེད། །ཅེས་བྱ་བས་རྗེས་སུ་དཔག་པ་རྣམ་གཉིས་བཤད་པའི་གཏན་ཚིགས་དེས་སྣང་བར་བྱ་བའི་དངོས་པོ་ལ་མུན་པ་མེད་པའི་ཕྱིར་དང་།
སྣང་བར་བྱེད་པ་ཡིན་པའི་ཕྱིར། །ཞེས་བྱ་བ་དེ་ཉིད་ཀྱིས་མར་མེ་སྣང་བ་ཡིན་པ་དེའི་ཕྱིར། མུན་པ་སེལ་བས་སྣང་བྱེད་ཡིན། །ཞེས་སྨྲས་པར་འགྱུར་བས་མར་མེ་སྐྱེ་བཞིན་པ་རང་དང་གཞན་གྱི་བདག་ཉིད་དག་ལ་མུན་པ་མེད་པ་ཉིད་མུན་པ་སེལ་བར་བྱེད་པ་ཡིན་ནོ། །དེའི་ཕྱིར་ཁྱེད་ཀྱིས་དོན་དམ་
པར་མར་མེ་ནི་མར་མེ་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་པ་མ་ཡིན་ཏེ་མུན་པ་མེད་པའི་ཕྱིར་དཔེར་ན་ཉི་མ་འོད་ཟེར་གསལ་ཞིང་འཇེབས་པ་དང་ལྡན་པའི་སྣང་བ་བཞིན་ནོ་ཞེས་གང་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །ཁྱེད་ཀྱི་གཏན་ཚིགས་ཀྱི་དོན་མ་གྲུབ་པས་ཁོ་བོ་ཅག་གི་དཔེ་
མེད་པ་ཡང་མ་ཡིན་ཏེ་མར་མེས་སྣང་བར་བྱ་བའི་དོན་རང་དང་གཞན་གྱི་བདག་ཉིད་དག་ལ་མུན་པ་མེད་པ་དང་སྣང་བར་བྱེད་པ་དམིགས་པའི་ཕྱིར་ཁོ་བོ་ཅག་གི་དཔེ་གྲུབ་པོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། ཅི་ལྟར་མར་མེ་སྐྱེ་བཞིན་པས། །
མུན་པ་སེལ་བར་བྱེད་པ་ཡིན། །ཞེས་བྱ་བ་སྨྲས་སོ། །ཇི་ལྟར་ཞེས་བྱ་བ་ནི་མི་སྲིད་པ་ལ་སྙེགས་ཏེ། ཇི་ལྟར་སེལ་བར་བྱེད་དེ་སེལ་བར་མི་བྱེད་པ་ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བས་ནི་བསྒྲུབ་པར་བྱ་བ་ཆོས་བསྟན་ཏོ། །མར་མེ་སྐྱེ་བཞིན་པས་ཞེས་བྱ་བ་འདིས་ནི་སྐྱེ་བཞིན་པའི་ཆོས་སྐྱེ་བཞིན་

པ་ཉིད་བསྟན་ཞེས་བྱ་བས་ནི་སྒྲུབ་པའི་ཆོས་བསྟན་ཏོ། །དེའི་ཕྱིར་དེ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་ཉེ་བར་གཞག་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྔ་མ་གཉིས་དང་གོ་རིམས་བཞིན་ནོ། །གང་ཚེ་མར་མེ་སྐྱེ་བཞིན་པ། །མུན་པ་དང་ནི་ཕྲད་པ་མེད། །ཅེས་བྱ་བ་ནི་ཆོས་མཐུན་
པའི་དཔེ་ཉེ་བར་གཞག་པ་ཡིན་ཏེ་ཞེས་བྱ་བས་ནི་ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་བསྟན་ཏོ། །དེ་ཡང་ཇི་ལྟ་བུ་ཞེ་ན། དཔེར་ན་སྒྲ་བྱས་པ་ཇི་ལྟར་བརྟག་སྟེ་བུམ་པ་མི་རྟག་པ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ་དཔེར་ན་འགའ་ཞིག་གིས་སྒྲ་རྟག་གོ་ཞེས་སྨྲས་པ་ན་གཞན་དག་གིས་སྒྲ་བྱས་པ་ཇི་
ལྟར་རྟག་སྟེ་བུམ་པ་བྱས་པ་མི་རྟག་པ་བཞིན་དུ་སྒྲ་བྱས་པ་ཡང་མི་རྟག་པ་ཡིན་ནོ་ཞེས་བསྒྲུབ་པ་དེ་བཞིན་དུ་འདིར་ཡང་གང་གི་ཚེ་མར་མེ་སྐྱེ་བཞིན་པ་དང་མུན་པ་ཕྲད་པ་མེད་པ་དེའི་ཚེ་ན་མུན་པས་མར་མེ་སྒྲིབ་པར་མི་བྱེད་པ་ཉིད་གང་གི་ཚེ་མར་མེ་སྐྱེ་བཞིན་པ་མུན་པ་དང་ཕྲད་པ་མེད་པ་དེའི་ཚེ་མར་མེས་མུན་པ་
སེལ་བར་བྱེད་པ་མ་ཡིན་པའི་ཕྱིར་དཔེ་ཡིན་པར་སྒྲུབ་པོ། །དེ་ལ་འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་མར་མེ་ནི་མི་མཐུན་པའི་ཕྱོགས་སེལ་བར་བྱེད་པ་མ་ཡིན་ཏེ། སྐྱེ་བཞིན་པ་ཡིན་པའི་ཕྱིར་དཔེར་ན་མུན་པས་མར་མེ་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་
ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། །དཔེར་ན་མུན་པ་མར་མེ་དང་ཕྲད་པ་མེད་པ་ནི་སྐྱེ་བཞིན་པ་ཡིན་པའི་ཕྱིར་མར་མེ་སྒྲིབ་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་མར་མེ་མུན་པ་དང་ཕྲད་པ་མེད་པ་ཡང་སྐྱེ་བཞིན་པ་ཡིན་པའི་ཕྱིར་མུན་པ་སེལ་བར་བྱེད་པ་མ་ཡིན་ནོ། །གལ་ཏེ་ཤེས་པ་དང་ཤེས་
པ་མ་ཡིན་པ་དག་གིས་མ་ངེས་པ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་གཏན་ཚིགས་སྐྱེ་བཞིན་པ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་ཡིན་པར་སྐྱོན་འདོགས་པ་ཡིན་ཏེ། དེ་དག་ན་རེ་ཡེ་ཤེས་དང་མ་རིག་པ་དག་སྐྱེ་བཞིན་པ་ཡིན་ཡང་ཡེ་ཤེས་ཀྱིས་མ་རིག་པ་སེལ་བར་བྱེད་པས་
དེས་ན་ཅི་རེ་ཞིག་སྐྱེ་བཞིན་པ་ཡིན་པའི་ཕྱིར་མུན་པས་མར་མེ་སྒྲིབ་པར་མི་བྱེད་པ་བཞིན་དུ། མར་མེས་མུན་པ་སེལ་བར་མི་བྱེད་པ་ཡིན་ནམ་འོན་ཏེ་སྐྱེ་བཞིན་པ་ཡིན་ཡང་ཡེ་ཤེས་ཀྱིས་མ་རིག་པ་སེལ་བར་བྱེད་པ་བཞིན་དུ་མར་མེས་མུན་པ་སེལ་བར་བྱེད་པ་མ་ངེས་པས་དབུ་མ་པའི་གཏན་ཚིགས་

དེ་མི་རུང་ངོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། བསྒྲུབ་པར་བྱ་བའི་ཁོངས་སུ་གཏོགས་པའི་ཕྱིར་དེ་བཞིན་དུ་བཀག་པས་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་དོན་དམ་པར་མར་མེས་མུན་པ་སེལ་བར་བྱེད་པ་བཀག་པ་དེ་བཞིན་དུ། ཡེ་ཤེས་
ཀྱིས་མ་རིག་པ་སེལ་བ་ཡང་བཀག་པས་མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ། །ཡང་ན་སྐྱེ་བཞིན་པ་ནི་མངོན་པར་མ་གྲུབ་པ་སྟེ། མར་མེ་ནི་སྣང་བར་བྱེད་པ་མ་ཡིན་ཏེ། མངོན་པར་མ་གྲུབ་པའི་ཕྱིར་བུ་མ་སྐྱེས་པས་བྱ་བ་མི་ནུས་པ་བཞིན་ནོ་ཞེས་བྱ་བས་ནི་མངོན་པར་མ་གྲུབ་པ་
གཏན་ཚིགས་ཡིན་པར་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུ་མ་སྐྱེས་པ་ནི་མངོན་པར་མ་གྲུབ་པའི་ཕྱིར་བྱ་བ་མི་ནུས་པ་དེ་བཞིན་དུ། མར་མེ་སྐྱེ་བཞིན་པ་ཡང་མངོན་པར་མ་གྲུབ་པའི་
ཕྱིར་མུན་པ་སེལ་བར་བྱེད་པ་མ་ཡིན་ནོ། །ཡང་ན། ཇི་ལྟར་མར་མེ་སྐྱེ་བཞིན་པས། །མུན་པ་སེལ་བར་བྱེད་པ་ཡིན། །ཞེས་བྱ་བས་ནི་དཔེ་ལ་ཕྲད་པ་མེད་པ་བརྗོད་པའི་ཕྱིར་མར་མེའི་ཆོས་ཕྲད་པ་མེད་པ་ཡིན་པར་བསྟན་ཏོ་ཞེས་བྱ་བས་ནི་དཔེ་མར་མེ་ལ་མུན་པ་དང་ཕྲད་པ་མེད་པའི་ཆོས་ཡོད་པར་བརྗོད་
པའི་ཕྱིར་མར་མེས་མུན་པ་སེལ་བར་མི་བྱེད་པའི་སྒྲུབ་པའི་ཆོས་ཕྲད་པ་མེད་པ་ཡིན་པར་སྟོན་ཏོ། །སྔ་མས་ནི་མུན་པ་ལ་མར་མེ་དང་ཕྲད་པ་མེད་པའི་ཆོས་ཡོད་པའི་བརྗོད་པའི་ཕྱིར་མུན་པས་མར་མེ་མི་སྒྲིབ་པའི་སྒྲུབ་པའི་ཆོས་ཕྲད་པ་མེད་པ་ཡིན་པར་བསྟན་ཏེ་ཁྱད་པར་ནི་དེ་ཡོད་དོ། །གང་ཚེ་མར་
མེ་སྐྱེ་བཞིན་པ། མུན་པ་དང་ནི་ཕྲད་པ་མེད། །ཅེས་བྱ་བ་ནི་ཆོས་མཐུན་པའི་དཔེའི་ཚིག་ཡིན་ནོ་ཞེས་བྱ་བས་ནི་ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་བསྟན་ཏོ། །འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་མར་མེ་སྐྱེ་བཞིན་པ་ནི་མུན་པ་སེལ་བར་བྱེད་པ་མ་ཡིན་ཏེ། ཕྲད་པ་མེད་པའི་ཕྱིར་དཔེར་ན་
འཇིག་རྟེན་གྱི་བར་གྱི་མུན་གནག་སྣང་བ་མེད་པ་བཞིན་ནོ་ཞེས་བྱ་བ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འཇིག་རྟེན་གྱི་བར་གྱི་མུན་གནག་སྣང་བ་མེད་པ་ནི་མར་མེ་དང་ཕྲད་པ་མེད་པའི་ཕྱིར་

མར་མེ་སྒྲིབ་པར་མི་བྱེད་པ་དེ་བཞིན་དུ་མར་མེ་སྐྱེ་བཞིན་པ་ཡང་མུན་པ་དང་ཕྲད་པ་མེད་པའི་ཕྱིར་མུན་པ་སེལ་བར་བྱེད་པ་མ་ཡིན་ནོ། །ཡང་ན་དོན་དམ་པར་མར་མེ་ནི་མུན་པ་སེལ་བར་བྱེད་པ་མ་ཡིན་ཏེ། མི་མཐུན་པའི་ཕྱོགས་དང་ཕྲད་པ་མེད་པའི་ཕྱིར། དཔེར་ན་མུན་པ་
བཞིན་ནོ་ཞེས་བྱ་བ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མུན་པ་ནི་གཉེན་པོའི་ཕྱོགས་དང་ཕྲད་པ་མེད་པའི་ཕྱིར། མུན་པ་སེལ་བར་བྱེད་པ་མ་ཡིན་པ་དེ་བཞིན་དུ་མར་མེ་ཡང་མི་མཐུན་པའི་ཕྱོགས་
དང་ཕྲད་པ་མེད་པའི་ཕྱིར་མུན་པ་སེལ་བར་བྱེད་པ་མ་ཡིན་ནོ། །གལ་ཏེ་མངོན་སྤྱོད་ཀྱི་ལས་བཞིན་དུ་ཕྲད་པ་མེད་པར་ཡང་སྣང་བས་མུན་པ་སེལ་བའི་ཕྱིར་མ་ངེས་པ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་གཏན་ཚིགས་ཕྲད་པ་མེད་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་ཡིན་པར་སྐྱོན་
འདོགས་པ་ཡིན་ཏེ། དེ་དག་ན་རེ་མངོན་སྤྱོད་ཀྱི་ལས་དང་དགྲ་བོ་དག་ཕྲད་པ་མེད་པར་ཡང་མངོན་སྤྱོད་ཀྱི་ལས་ཀྱིས་དགྲ་བོ་གསོད་པར་བྱེད་པས། དེས་ན་ཅི་རེ་ཞིག་ཕྲད་པ་མེད་པའི་ཕྱིར་མུན་པས་མར་མེ་སྒྲིབ་པར་མི་བྱེད་པ་བཞིན་དུ་མར་མེས་མུན་པ་སེལ་བར་མི་བྱེད་པ་ཡིན་ནམ་འོན་ཏེ་ཕྲད་
པ་མེད་ཀྱང་མངོན་སྤྱོད་ཀྱི་ལས་ཀྱིས་དགྲ་བོ་གསོད་པར་བྱེད་པ་བཞིན་དུ། མར་མེས་མུན་པ་སེལ་བར་བྱེད་པ་མ་ངེས་པས་དབུ་མ་པའི་གཏན་ཚིགས་དེ་ནི་མི་རུང་ངོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་ཡང་ལས་ལ་སྣང་བ་མེད་པའི་ཕྱིར་དང་
དགྲ་བོའི་ཕྱིར་ལས་བྱས་པས་རིག་སྔགས་ཀྱི་ལྷ་དག་གིས་ཕྲད་པ་ཁོ་ནས་མི་འདོད་པ་བྱེད་པའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། མར་མེས་མ་ཕྲད་པར་སྣང་བར་མི་བྱེད་པའི་མི་མཐུན་པའི་ཕྱོགས་མངོན་སྤྱོད་ཀྱི་ལས་ཀྱིས་མ་ཕྲད་པར་ཡང་དགྲ་བོ་སྣང་བར་བྱེད་པ་ཡོད་ན་ནི་
དེས་ན་མ་ངེས་པ་ཉིད་དུ་ཡང་འགྱུར་བ་ཞིག་ན་མངོན་སྤྱོད་ཀྱི་ལས་ལ་སྣང་བ་མེད་པས་བསྒྲུབ་པར་བྱ་བ་དང་འདྲ་བའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ། །གཞན་ཡང་མངོན་སྤྱོད་ཀྱི་ལས་ཀྱིས་རིག་སྔགས་ཀྱི་ལྷ་དག་དང་དགྲ་བོ་ཕྲད་ནས་དགྲ་བོ་གསོད་པས་མ་ཕྲད་པར་གསོད་པ་མ་ཡིན་པའི་

ཕྱིར་ཡང་མ་ངེས་པ་ཉིད་མ་ཡིན་ནོ། །ཅི་སྟེ་ཡང་རང་གི་ཕྱོགས་ལ་ཆགས་པས་མིག་ཁེབས་པར་གྱུར་པ་ཉིད་ཀྱིས་འདི་སྐད་ཅེས་མར་མེས་ཕྲད་པ་མེད་པར་སྣང་བར་བྱེད་པ་ནི་མཐོང་གི་མུན་པས་ཕྲད་པ་མེད་པར་སྣང་བར་བྱེད་པ་ནི་མ་མཐོང་ངོ་ཞེས་ཟེར་ན་ཞེས་བྱ་བ་ནི། ཅི་སྟེ་ཕ་རོལ་པོ་དག་ཡང་དཔེ་
བསྒྲུབ་པའི་ཕྱིར་དེ་སྐད་ཅེས་ཟེར་ནའོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། དཔེ་བསྒྲུབ་པའི་ཕྱིར་དེ་ནི་མི་གནོད་དོ། །དེ་ཉིད་བརྟག་པར་བྱ་སྟེ། ཅི་མཐོང་བ་དེ་ཅི་ལྟར་མཐོང་བ་བཞིན་ཡིན་ནམ་འོན་ཏེ་གཞན་ཞིག་ཡིན་མར་མེས་ཕྲད་པ་མེད་པར་སྣང་བར་བྱེད་པ་མཐོང་བ་ནི་དེ་ལྟ་མ་ཡིན་ཏེ།
ཅི་སྟེ་མར་མེས་ཕྲད་པ་མེད་པར་ཡང་མུན་པ་སེལ་བར་འདོད་ན་ནི་འདི་ཡང་འདོད་པར་གྱིས་ཤིག །མར་མེས་ཕྲད་པ་མེད་པར་ཡང་། །གལ་ཏེ་མུན་པ་སེལ་བྱེད་ན། །འཇིག་རྟེན་ཀུན་ན་གནས་པའི་མུན། །འདི་ན་འདུག་པ་དེ་གསལ་འགྱུར། །དེ་ནི་མི་འདོད་པས་དེའི་ཕྱིར་མར་མེས་ཕྲད་པ་མེད་
པར་མུན་པ་སེལ་བར་བྱེད་དོ་ཞེས་བྱ་བ་དེ་ཡང་འདོད་པར་མ་བྱེད་ཅིག་ཅེས་བྱ་བ་སྨྲས་ཏེ། དཔེ་བསྒྲུབས་པའི་ཕྱིར་དེ་ནི་མི་གནོད་དོ་ཞེས་བྱ་བ་ནི་ཁོ་བོས་མར་མེ་ལ་སྣང་བར་བྱེད་པ་ཉིད་མེད་དེ་དཔེར་ན་མུན་པ་བཞིན་ནོ་ཞེས་སྨྲས་པའི་དཔེ་དེ་ཁྱོད་ཀྱིས་མུན་པས་ཕྲད་པ་མེད་པར་སྣང་བར་བྱེད་པ་ནི་
མ་མཐོང་ངོ་ཞེས་སྨྲས་པས་བསྒྲུབས་པའི་ཕྱིར་ཁོ་བོ་ལ་མི་གནོད་དོ། །ཡང་གཞན་ཡང་ཁྱོད་འདོད་པ་ལྟར་མུན་པ་སེལ་བར་བྱེད་པའི་ཕྱིར། མར་མེ་རང་དང་གཞན་གྱི་དངོས། །གལ་ཏེ་སྣང་བར་བྱེད་གྱུར་ན། །མུན་པའང་རང་དང་གཞན་གྱི་དངོས། །སྒྲིབ་པར་འགྱུར་བ་ཐེ་ཚོམ་མེད། །དེ་ནི་
མི་འདོད་དེ་རང་དང་གཞན་གྱི་དངོས་པོ་དག་སྒྲིབ་པར་མི་བྱེད་པར་འདོད་དོ་ཞེས་བྱ་བ་ནི་འདི་ན་མར་མེ་ནི་མུན་པའི་གཉེན་པོར་གནས་པ་ཡིན་པས་དེས་ན་གལ་ཏེ་མར་མེས་རང་དང་གཞན་གྱི་དངོས་པོ་དག་སྣང་བར་བྱེད་པར་གྱུར་ན་མུན་པས་ཀྱང་རང་དང་གཞན་གྱི་དངོས་པོ་དག་སྒྲིབ་པར་ཐལ་བར་
འགྱུར་བ་འདི་ལ་ཐེ་ཚོམ་མེད་པ་ཞིག་ན་མུན་པས་ནི་རང་དང་གཞན་གྱི་དངོས་པོ་དག་སྒྲིབ་པར་བྱེད་པར་མི་འདོད་དོ། །གལ་ཏེ་སྒྲིབ་པར་བྱེད་ན་ནི་གཞན་བཞིན་དུ་མུན་པ་ཉིད་ཀྱང་མི་དམིགས་པར་འགྱུར་ཞིང་དངོས་པོ་རྣམས་རྟག་ཏུ་སྣང་བར་འགྱུར་བ་ཞིག་ན་དེ་ལྟ་མ་ཡིན་པས་དེ་ནི་མི་འདོད་དོ། །

དེའི་ཕྱིར་དེ་ནི་ཆོས་མཐུན་པའི་དཔེའི་ཚིག་ཡིན་ནོ་ཞེས་བྱ་བ་ནི་མུན་པ་རང་དང་གཞན་གྱི་དངོས་པོ་དག་སྒྲིབ་པར་མི་བྱེད་པར་འདོད་པ་དེ་ནི་འདིར་མར་མེ་རང་དང་གཞན་གྱི་བདག་ཉིད་ལ་ཡོད་པའི་མུན་པ་སེལ་བར་བྱེད་པ་མ་ཡིན་པའི་ཆོས་མཐུན་པའི་དཔེའི་ཚིག་ཡིན་
ནོ། འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་མར་མེ་ནི་རང་དང་གཞན་གྱི་བདག་ཉིད་ལ་ཡོད་པའི་མི་མཐུན་པའི་ཕྱོགས་སེལ་བར་བྱེད་པ་མ་ཡིན་ཏེ། མི་མཐུན་པའི་ཕྱོགས་དང་བཅས་པ་ཡིན་པའི་ཕྱིར་དཔེར་ན་མུན་པ་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་
པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མུན་པ་ནི་གཉེན་པོ་དང་བཅས་པ་ཡིན་པའི་ཕྱིར་རང་དང་གཞན་གྱི་བདག་ཉིད་དག་སྒྲིབ་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་མར་མེ་ཡང་མི་མཐུན་པའི་ཕྱོགས་དང་བཅས་པ་ཡིན་པའི་ཕྱིར་རང་དང་གཞན་གྱི་བདག་ཉིད་ལ་ཡོད་
པའི་མུན་པ་སེལ་བར་བྱེད་པ་མ་ཡིན་ནོ། །ཡང་ན་དོན་དམ་པར་མར་མེ་ནི་མུན་པ་སེལ་བར་བྱེད་པ་མ་ཡིན་ཏེ། མི་མཐུན་པའི་ཕྱོགས་དང་བཅས་པ་ཡིན་པའི་ཕྱིར། དཔེར་ན་གྲིབ་མ་བཞིན་ནོ་ཞེས་བྱ་བ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་
པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གྲིབ་མ་ནི་གཉེན་པོ་དང་བཅས་པ་ཡིན་པའི་ཕྱིར་མུན་པ་སེལ་བར་བྱེད་པ་མ་ཡིན་པ་དེ་བཞིན་དུ་མར་མེ་ཡང་མི་མཐུན་པའི་ཕྱོགས་དང་བཅས་པ་ཡིན་པའི་ཕྱིར་མུན་པ་སེལ་བར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་མར་མེ་རང་དང་གཞན་གྱི་བདག་
ཉིད་དག་སྣང་བར་བྱེད་པ་གསལ་བས་དཔེ་མེད་དོ། །དེས་ན་ཕ་རོལ་པོས་མར་མེ་བཞིན་དུ་སྐྱེ་བ་ཡང་རང་དང་གཞན་གྱི་དངོས་པོ་དག་སྐྱེད་པར་བྱེད་པས་ཐུག་པ་མེད་པར་ཐལ་བར་མི་འགྱུར་རོ་ཞེས་གང་སྨྲས་པ་དེ་དེ་བཞིན་དུ་གནས་པ་ཉིད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། །
ཡང་གཞན་ཡང་སྐྱེ་བས་ཇི་ལྟར་རང་གི་བདག་ཉིད་སྐྱེད་པར་འདོད་དོ། །ཅི་སྐྱེས་སམ་འོན་ཏེ་མ་སྐྱེས་པས་སྐྱེད་པར་བྱེད་ཅེས་བྱ་བས་ནི་གལ་ཏེ་སྐྱེ་བྱས་རང་གི་བདག་ཉིད་སྐྱེད་པར་བྱེད་ན་སྐྱེ་བ་དེ་རང་ཉིད་སྐྱེས་པས་སྐྱེད་དམ་འོན་ཏེ་མ་སྐྱེས་པས་སྐྱེད་ཅེས་གལ་ཏེ་གཉིས་སུ་བརྟག་པ་སྟོན་ཏོ། །དེས་ཅི་

འགྱུར་ཞེས་བྱ་བ་ནི་འདྲི་བའི་ཚིག་ཡིན་ནོ། །དེ་ལ་རེ་ཞིག་བརྟག་པ་ཕྱི་མ་བསྟན་པའི་ཕྱིར་གལ་ཏེ་མ་སྐྱེས་པས་སོ་ཞེ་ན། སྐྱེ་བ་འདི་ནི་མ་སྐྱེས་པས། །རང་གི་བདག་ཉིད་ཅི་ལྟར་སྐྱེད། །ཅེས་བྱ་བ་སྨྲས་སོ། །དེའི་ཚད་མ་བསྟན་པའི་ཕྱིར་སྐྱེ་བ་མ་སྐྱེས་པས་རང་གི་བདག་ཉིད་སྐྱེད་པར་མི་བྱེད་པ་
ཉིད་དེ། མེད་པའི་ཕྱིར་སྔོན་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྔོན་མ་སྐྱེས་པའི་དངོས་པོ་ནི་མེད་པའི་ཕྱིར་རང་གི་བདག་ཉིད་སྐྱེད་པར་མི་བྱེད་པ་དེ་
བཞིན་དུ། སྐྱེ་བ་མ་སྐྱེས་པ་ཡང་མེད་པའི་ཕྱིར་རང་གི་བདག་ཉིད་སྐྱེད་པར་མི་བྱེད་དོ། །བརྟག་པ་སྔ་མ་ཤོས་བསྟན་པའི་ཕྱིར། ཅི་སྐྱེས་པས་སོ་ཤེ་ན། ཅི་སྟེ་སྐྱེས་པས་སྐྱེད་བྱེད་ན། །སྐྱེས་ན་ཅི་ཞིག་བསྐྱེད་དུ་ཡོད། སྐྱེས་པ་ལས་སྐྱེ་བའི་བྱ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་
དགོངས་སོ་ཞེས་བྱ་བ་སྨྲས་སོ། །དེའི་ཕྱིར་དེ་ལྟར་བརྟགས་ན་སྐྱེ་བས་རང་གི་བདག་ཉིད་སྐྱེད་པར་བྱེད་པ་ཉིད་མི་སྲིད་པས་ཐུག་པ་མེད་པར་ཐལ་བར་འགྱུར་བ་ལྡོག་པ་མེད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། སྐྱེ་བས་རང་གི་བདག་ཉིད་མ་སྐྱེས་པས་གལ་ཏེ་སྐྱེ་བ་
གཞན་ལ་ལྟོས་ན་ཐུག་པ་མེད་པར་ཐལ་བར་འགྱུར་བའི་སྐྱོན་ལྡོག་པ་མེད་དོ། །དེས་ནི་རེ་ཞིག་སྐྱེ་བས་བདག་ཉིད་སྐྱེད་པར་མི་བྱེད་པ་བསྟན་ཏོ། །འདིར་གལ་ཏེ་ཕ་རོལ་པོ་དག་ན་རེ་དེ་ལྟར་སྐྱེ་བས་རང་གི་བདག་ཉིད་ཀྱང་མི་སྐྱེད་པ་སྐྱེ་བ་གཞན་ལ་ལྟོས་པས་ཡང་ཐུག་པ་མེད་པར་ཐལ་བར་འགྱུར་བ་
ལྡོག་པ་མེད་པས། འོ་ན་སྐྱེ་བ་ནི་རང་གིས་ཀྱང་མི་སྐྱེད་ལ་གཞན་གྱིས་ཀྱང་མི་སྐྱེད་པ་འདུས་མ་བྱས་སུ་གྱུར་པས་འདུས་མ་བྱས་ཀྱི་མཚན་ཉིད་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། སྐྱེ་བ་ལ་སོགས་པ་དག་འདུས་མ་བྱས་པ་ཉིད་ཡིན་ན་
ཡང་འདུས་མ་བྱས་ཡིན་པའི་ཕྱིར། དེ་དག་འདུས་བྱས་མིན་ཞེས་བྱ་བ་དེ་དེ་བཞིན་དུ་གནས་པ་ཉིད་ཡིན་པས་སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་དག་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་ཡོད་དོ་ཞེས་བྱ་བ་སྨྲས་སོ། །ཡང་གཞན་ཡང་སྐྱེ་བར་སྨྲ་བ་

དག་ལ་ཅི་སྐྱེ་བས་སྐྱེས་པའམ་མ་སྐྱེས་པའམ་སྐྱེ་བཞིན་པ་ཅི་ཞིག་སྐྱེད་པར་བྱེད་ཅེས་དྲི་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་སྐྱེ་བས་གཞན་སྐྱེད་པར་བྱེད་དོ་ཞེས་གང་སྨྲས་པ་དེ་ལ། སྐྱེ་བས་བསྐྱེད་པར་བྱ་བ་གཞན་དེ་སྐྱེས་པའམ་མ་སྐྱེས་པའམ། སྐྱེ་བཞིན་པ་ཞིག་སྐྱེད་པར་བྱེད་
གྲང་ན། རྣམ་པ་ཐམས་ཅད་ཀྱང་མི་འཐད་པར་སྟོན་ཏོ། །དེའི་ཕྱིར་རྣམ་པ་ཐམས་ཅད་ཀྱང་རིགས་པ་མ་ཡིན་པ་ཉིད་དུ་དགོངས་ནས་བཤད་པ། སྐྱེས་དང་མ་སྐྱེས་སྐྱེ་བཞིན་པ། །ཅི་ལྟ་བུར་ཡང་སྐྱེད་མི་བྱེད། །ཇི་ལྟར་ཞེ་ན། སོང་དང་མ་སོང་བགོམ་པ་ཡིས། །དེ་དག་རྣམ་པར་བཤད་པ་ཡིན། །ཇི་ལྟར་
དེར་རྗེས་སུ་དཔག་པ་རྒྱས་པར་བསྟན་པ་བཞིན་དུ་འདིར་ཡང་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་འགྲོ་བ་བརྟག་པའི་སྐབས་དེར། །རེ་ཞིག་སོང་ལ་འགྲོ་མེད་དེ། །མ་སོང་བ་ལའང་འགྲོ་བ་མེད། །སོང་དང་མ་སོང་མ་གཏོགས་པར། །བགོམ་པ་ཤེས་པར་མི་འགྱུར་རོ། །ཞེས་བསྟན་པ་བཞིན་
དུ་འདིར་ཡང་། རེ་ཞིག་སྐྱེས་པ་མི་སྐྱེད་དེ། །མ་སྐྱེས་པ་ཡང་སྐྱེད་མི་བྱེད། །སྐྱེས་དང་མ་སྐྱེས་མ་གཏོགས་པར། །སྐྱེ་བཞིན་ཤེས་པར་མི་འགྱུར་རོ། །ཞེས་བརྗོད་པར་བྱ་བ་ཡིན་ནོ། །སྐྱེ་བཞིན་པ་སྐྱེད་པར་མི་བྱེད་པའི་ཚད་མ་བསྟན་པའི་ཕྱིར་དོན་དམ་པར་སྐྱེ་བཞིན་པ་སྐྱེད་པར་མི་བྱེད་དེ།
ངོ་བོ་ཉིད་ངེས་པར་མ་ཟིན་པའི་ཕྱིར་དཔེར་ན་འགག་བཞིན་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འགག་བཞིན་པ་ནི་ངོ་བོ་ཉིད་ངེས་པར་མ་ཟིན་ཅིང་མེད་པའི་ཕྱིར་སྐྱེ་བས་སྐྱེད་
པར་མི་བྱེད་པ་དེ་བཞིན་དུ་སྐྱེ་བཞིན་པ་ཡང་ངོ་བོ་ཉིད་ངེས་པར་མ་ཟིན་ཅིང་མེད་པའི་ཕྱིར་སྐྱེ་བས་སྐྱེད་པར་མི་བྱེད་དོ། །ཡང་ན་དོན་དམ་པར་སྐྱེ་བཞིན་པ་སྐྱེད་པར་མི་བྱེད་དོ། །དུས་གཞན་དུ་འཕོ་བ་ལ་མངོན་པར་ཕྱོགས་པའི་ཕྱིར་དཔེར་ན་འགག་བཞིན་པ་བཞིན་ནོ་ཞེས་བྱ་བ་དག་ཀྱང་ཆོས་ཅན་
དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འགག་བཞིན་པ་ནི་སྐད་ཅིག་མའི་རྒྱུན་གྱིས་དུས་གཞན་དུ་འཕོ་བ་ལ་མངོན་པར་ཕྱོགས་པའི་ཕྱིར་སྐྱེ་བས་སྐྱེད་པར་མི་བྱེད་པ་དེ་བཞིན་དུ་སྐྱེ་བཞིན་པ་ཡང་སྐད་ཅིག་མའི་རྒྱུན་

གྱིས་དུས་གཞན་དུ་འཕོ་བ་ལ་མངོན་པར་ཕྱོགས་པའི་ཕྱིར་སྐྱེ་བས་སྐྱེད་པར་མི་བྱེད་དོ། །ཚད་མ་སྔ་མས་ནི་དོན་དམ་པར་སྐྱེ་བཞིན་པ་མེད་པས་སྐྱེ་བས་སྐྱེད་པར་མི་བྱེད་པ་བསྟན་ལ། འདིས་ནི་ཀུན་རྫོབ་ཏུ་སྐྱེ་བཞིན་པ་སྐད་ཅིག་མ་ཡིན་པས་སྐྱེ་བས་སྐྱེད་པར་མི་བྱེད་པ་བསྟན་ཏེ། ཁྱད་པར་
ནི་དེ་ཡོད་དོ། །འདིར་གལ་ཏེ་ཕ་རོལ་པོ་དག་ན་རེ་ཀུན་རྫོབ་ཏུ་སྐྱེ་བཞིན་པ་ཞེས་བྱ་བ་ནི་གང་ཅུང་ཟད་ནི་མ་སྐྱེས་པ་ཡིན་པས་ངོ་བོ་ཉིད་ངེས་པར་མ་ཟིན་པ་ཡང་མ་ཡིན་ལ་དུས་གཞན་དུ་འཕོ་བ་ལ་མངོན་པར་ཕྱོགས་པ་ཡང་མ་ཡིན་པའི་ཕྱིར། ཁྱོད་ཀྱི་སྒྲུབ་པ་སྔ་མ་དག་ཁོ་བོ་ཅག་ལ་མི་
གནོད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ཅི་སྟེ་སྐྱེ་བཞིན་པ་ཞེས་བྱ་བ་དེ་ཅུང་ཟད་ནི་སྐྱེས་ཅུང་ཟད་ནི་མ་སྐྱེས་པའོ་ཞེས་བྱ་བར་རྟོག་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། དེ་ལ་རེ་ཞིག་བརྟག་པ་སྔ་མ་བསྟན་པའི་ཕྱིར་དེ་ལྟ་ན་ཡང་དེའི་གང་ཅུང་ཟད་སྐྱེས་པ་
དེ་ནི་སྐྱེད་པར་མི་བྱེད་དེ། དེའི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གང་ཅུང་ཟད་སྐྱེས་པ་དེ་ནི་སྐྱེས་ཟིན་པ་ཡིན་པའི་ཕྱིར་སྐྱེ་བས་སྐྱེད་པར་མི་བྱེད་དེ། དེའི་སྐྱེ་བ་དོན་མེད་པ་ཉིད་ཡིན་པའི་ཕྱིར་རོ་གཞན་ཡང་དེའི་གང་ཅུང་ཟད་སྐྱེས་པ་དེ་ནི་སྐྱེ་བ་དེས་བསྐྱེད་པ་མ་ཡིན་ལ་
སྐྱེས་པ་དེ་སྐྱེ་བཞིན་པ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་དེ་སྐྱེས་ན་སྐྱེ་བཞིན་པ་མ་ཡིན་ཞིང་སྐྱེ་བཞིན་པ་སྐྱེད་པར་མི་བྱེད་དོ་ཞེས་ཀྱང་བརྗོད་པའི་ཕྱིར་རོ། །གལ་ཏེ་ཅུང་ཟད་སྐྱེས་པ་དེ་སྐྱེ་བ་མེད་པ་ཁོ་ནར་སྐྱེས་ན་ནི་དེའི་ལྷག་མ་ཡང་དེ་བཞིན་དུ་སྐྱེ་བ་མེད་པ་ཁོ་ནར་སྐྱེ་བར་འགྱུར་བར་ངེས་སོ། །
ཡང་ན་དེའི་གང་ཅུང་ཟད་ནི་སྐྱེ་བ་མེད་པ་ཁོ་ནར་སྐྱེས་ལ་ཅུང་ཟད་ནི་སྐྱེ་བས་སྐྱེད་པར་བྱེད་པ་ལ་ཁྱད་པར་ཅི་ཡོད་པ་བརྗོད་དགོས་སོ། །ཅི་སྟེ་དེའི་གང་ཅུང་ཟད་སྐྱེས་པ་དེ་ཡང་སྐྱེ་བ་ཁོ་ནས་སྐྱེད་ན་ནི་དེ་ལྟ་ན་མ་སྐྱེས་པ་སྐྱེ་བས་སྐྱེད་པར་བྱེད་ཀྱི། སྐྱེ་བཞིན་པ་སྐྱེད་པར་བྱེད་པ་མ་ཡིན་ནོ། །ཅི་སྟེ་
དེའི་གང་ཅུང་ཟད་སྐྱེས་པ་དེ་ཡང་སྐྱེ་བས་སྐྱེད་པར་བྱེད་ན་ནི་དེ་ལ་སྐྱེ་བ་གཉིས་ཀྱིས་བྱས་པའི་ཁྱད་པར་ཅན་དུ་འགྱུར་བ་ཞིག་ན་མི་འགྱུར་ཏེ། སྐྱེས་ཟིན་པ་དེ་ལ་ནི་ཡང་བསྐྱེད་པའི་ཕྱིར་བྱ་བ་འགའ་ཡང་རྩོམ་པར་མི་བྱེད་པས་དེའི་ཕྱིར་དེའི་གང་ཡང་ཅུང་ཟད་སྐྱེས་པ་དེ་ནི་སྐྱེ་བས་

སྐྱེད་པར་མི་བྱེད་དོ། །བརྟག་པ་ཕྱི་མ་ཤོས་བསྟན་པའི་ཕྱིར་དེའི་གང་ཅུང་ཟད་མ་སྐྱེས་པ་དེ་ཡང་སྐྱེད་པར་མི་བྱེད་དེ་སྐྱེ་བས་སྟོང་པའི་ཕྱིར་དཔེར་ན་མ་འོངས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་དེའི་གང་ཅུང་ཟད་སྐྱེས་པ་དེ་སྐྱེ་བས་སྐྱེད་པར་མི་བྱེད་པས། དེས་
དེའི་ལྷག་མ་གང་ཅུང་ཟད་མ་སྐྱེས་པ་དེ་སྐྱེ་བས་སྐྱེད་པར་བྱེད་དོ་ཞེས་བྱ་བར་འགྱུར་ཏེ། དེ་ལྟ་ན་སྐྱེ་བཞིན་པ་སྐྱེད་པར་བྱེད་དོ་ཞེས་གང་སྨྲས་པ་དེ་ཉམས་པར་གྱུར་པས་དེའི་གང་ཅུང་ཟད་མ་སྐྱེས་པ་དེ་ཡང་སྐྱེད་པར་མི་བྱེད་པའི་ཚད་མ་ཉིད་འདིས་བསྟན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་
པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མ་འོངས་པ་ནི་སྐྱེ་བས་སྟོང་པའི་ཕྱིར་སྐྱེ་བས་སྐྱེད་པར་མི་བྱེད་པ་དེ་བཞིན་དུ། དེའི་གང་ཅུང་ཟད་མ་སྐྱེས་པ་དེ་ཡང་སྐྱེ་བས་སྟོང་པའི་ཕྱིར། སྐྱེ་བས་སྐྱེད་པར་མི་བྱེད་དོ། །འདིར་གལ་ཏེ་ཕ་
རོལ་པོ་དག་ན་རེ་སྐྱེ་བཞིན་པ་ཞེས་བྱ་བ་ནི་གང་ཅུང་ཟད་སྐྱེས་པ་དང་ཅུང་ཟད་མ་སྐྱེས་པ་མ་ཡིན་གྱི་སྐྱེ་བ་ལ་མངོན་པར་ཕྱོགས་པ་ཡིན་པས། ཁྱེད་ཀྱི་སྒྲུབ་པ་སྔ་མ་དེས་ཁོ་བོ་ཅག་གི་ཕྱོགས་ལ་མི་གནོད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་
ཉིད་ཀྱིས། གལ་ཏེ་སྐྱེ་བཞིན་པ་ཞེས་བྱ་བ་ནི་སྐྱེ་བ་ལ་མངོན་པར་ཕྱོགས་པའོ་ཞེ་ན། བརྒལ་ཞིང་བརྟག་པ་ནི་དེ་གང་ཞིག་ཡིན། སྐྱེས་པ་ཞིག་གམ་འོན་ཏེ་མ་སྐྱེས་པ་ཞིག་ཡིན་ཞེས་བྱ་བ་དེ་ཉིད་ཡིན་ནོ། །ལན་ཀྱང་སྐྱེས་པ་ནི་སྐྱེད་པར་མི་བྱེད་དེ་དེའི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །
མ་སྐྱེས་པ་ཡང་སྐྱེད་པར་མི་བྱེད་དོ་སྐྱེ་བས་སྟོང་པའི་ཕྱིར་དཔེར་ན་མ་འོངས་པ་བཞིན་ནོ་ཞེས་བྱ་བ་དེ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །འདིར་སྨྲས་པ། ངོ་བོ་ཉིད་ངེས་པར་མ་ཟིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེའི་དོན་གང་ཡིན། ཅི་མངོན་སུམ་གྱི་ངོ་བོ་ཉིད་ངེས་པར་མ་ཟིན་པའི་ཕྱིར་
རམ་འོན་ཏེ་རྗེས་སུ་དཔག་པས་ངོ་བོ་ཉིད་ངེས་པར་མ་ཟིན་པའི་ཕྱིར་ཡིན་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་པོ་དག་དབུ་མའི་གཏན་ཚིགས་ཀྱི་དོན་ངོ་བོ་ཉིད་ངེས་པས་མ་ཟིན་པའི་ཕྱིར་ཞེས་བྱ་བ་དེ་མངོན་སུམ་གྱི་ངོ་བོ་ཉིད་ངེས་པར་མ་ཟིན་པའི་ཕྱིར་ཞེས་བྱ་བར་སྒྲུབ་ན་ནི་མ་ངེས་པ་ཉིད་ཡིན་

ལ། རྗེས་སུ་དཔག་པས་ངོ་བོ་ཉིད་ངེས་པར་མ་ཟིན་པའི་ཕྱིར་ཞེས་བྱ་བར་སྒྲུབ་ན་ནི་དོན་མ་གྲུབ་པ་ཉིད་ཡིན་ནོ་ཞེས་གལ་ཏེ་གཉིས་སུ་རྟོག་པ་ཡིན་ནོ། །དེ་ལ་བརྟག་པ་སྔ་མ་བསྟན་པའི་ཕྱིར་དེ་ལ་བརྟག་པ་སྔ་མ་ལྟར་ན་ནི་མ་ངེས་པ་ཉིད་དེ་མངོན་སུམ་གྱི་ངོ་བོ་ཉིད་ངེས་པར་མ་ཟིན་པའི་དངོས་པོ་ལ་ཡང་
སྐྱེ་བཞིན་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དབང་པོ་དང་ཡིད་དང་རང་རིག་པ་དང་རྣལ་འབྱོར་པའི་མངོན་སུམ་གྱི་ངོ་བོ་ཉིད་ངེས་པར་མ་ཟིན་པའི་དངོས་པོ་ལ་ཡང་སྐྱེ་བཞིན་པ་ཡོད་པའི་ཕྱིར་རོ། །བརྟག་པ་ཕྱི་མ་ཤོས་བསྟན་པའི་ཕྱིར་བརྟག་པ་ཕྱི་མ་ལྟར་ན་ནི་དོན་མ་གྲུབ་པ་ཉིད་ཏེ། སྐྱེ་བ་ལ་
བརྟེན་ནས་སྐྱེ་ཞིང་སྐྱེ་བས་སྐྱེ་བཞིན་པ་རྗེས་སུ་དཔག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། མིག་གི་རྣམ་པར་ཤེས་པ་སྐྱེ་བའི་རྐྱེན་མིག་དང་གཟུགས་དང་སྣང་བ་དང་ནམ་མཁའ་དང་ཡིད་ལ་བྱེད་པ་ཞེས་བྱ་བ་དག་ནི་སྐྱེ་བ་ཞེས་བྱ་སྟེ། དེ་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་ཞིང་སྐྱེ་བ་
དེའི་སྒོ་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བཞིན་པ་ཡོད་པར་རྗེས་སུ་དཔག་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ངོ་བོ་ཉིད་མེད་པ་ཉིད་དུ་སྨྲ་བ་རྣམས་ལ་མངོན་སུམ་དང་རྗེས་སུ་
དཔག་པས་དམིགས་པའི་དངོས་པོ་ཡོད་པ་ཉིད་མེད་པས་མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ་དབུ་མ་པ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དུ་སྨྲ་བ་རྣམས་ལ་མངོན་སུམ་དང་རྗེས་སུ་དཔག་པས་
དམིགས་པའི་དངོས་པོའི་ཡོད་པ་ཉིད་མེད་པས་མི་མཐུན་པའི་ཕྱོགས་དངོས་པོའི་ཡོད་པ་ཉིད་གཞན་ཞིག་ཡོད་ན་ནི་དེས་ན་མ་ངེས་པ་ཉིད་དུ་ཡང་འགྱུར་གྲང་ན་དེ་མེད་པས་མ་ངེས་པ་ཉིད་མ་ཡིན་ནོ། །དོན་མ་གྲུབ་པ་ཉིད་ཀྱང་མ་ཡིན་ཏེ་གལ་ཏེ་ཅི་ལྟར་ཞེ་ན། གང་ཚེ་སྐྱེ་བ་ཡོད་པས་ནི། །སྐྱེ་བཞིན་
འདི་འབྱུང་མེད་པའི་ཚེ། ཁྱེད་ན་རེ་སྐྱེ་བ་ལ་བརྟེན་ནས་སྐྱེ་ཞིང་སྐྱེ་བས་སྐྱེ་བཞིན་པ་རྗེས་སུ་དཔག་པར་བྱའོ་ཞེས་ཟེར་བས་དེ་ཉིད་འདིར་བརྟག་པར་བྱ་སྟེ་ཅི་སྟེ་ཡོད་པའམ་མེད་པའམ་ཡོད་མེད་ཅིག་ཡིན་གྲང་ན། དེ་དག་དགག་པ་ཡང་རྒྱས་པར་བསྟན་ཟིན་པས། ཇི་ལྟར་སྐྱེ་ལ་བརྟེན་

ནས་ནི། །སྐྱེ་བཞིན་ཞེས་ནི་བརྗོད་པར་བྱ། །དེའི་ཚེ་ཇི་ལྟར་སྐྱེ་བ་ལ་བརྟེན་ནས་སྐྱེ་བཞིན་བསྐྱེད་དོ་ཞེས་བརྗོད་པར་བྱ་བས་ནི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་པར་སྟོན་ཏེ། སྔར། གང་ཚེ་ཆོས་ནི་ཡོད་པ་དང་། །མེད་དང་ཡོད་མེད་མི་སྒྲུབ་པ། །ཅི་ལྟར་སྒྲུབ་བྱེད་
རྒྱུ་ཞེས་བྱ། དེ་ལྟ་ཡིན་ན་མི་རིགས་སོ། །ཞེས་བྱ་བས་རྐྱེན་རྣམས་ཀྱི་དངོས་པོ་སྐྱེད་པར་མི་བྱེད་པ་བསྟན་ཟིན་པས་ཁྱོད་ཀྱི་སྐྱེ་བ་ལ་བརྟེན་ནས་སྐྱེ་བཞིན་པ་རྗེས་སུ་དཔག་གོ་ཞེས་བྱ་བ་དེ་མི་རུང་ངོ་། །དེ་ལྟ་བས་ན་རྗེས་སུ་དཔག་པ་མེད་པའི་ཕྱིར་ངོ་བོ་ཉིད་ངེས་པར་མ་ཟིན་པ་ཞེས་བྱ་བའི་གཏན་ཚིགས་ཀྱི་
དོན་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་འཇུག་བསྡུ་བ་ཡིན་ནོ། །འདིར་སྨྲས་པ། དཔེར་ན་མི་མཁས་པ་ལ་ལ་ཞིག་མཚོན་ཐབས་མཁས་པས་མ་གསོད་ཅིང་སྐྱེས་བུ་དམ་པ་མ་ཡིན་པའི་སྤྱད་པ་ཀུན་དུ་སྤྱོད་པར་བྱེད་པ་དེ་བཞིན་དུ། ཁྱོད་ཀྱང་རྟོག་གེ་ལ་མཁས་པས་དྲང་སྲོང་མཆོག་གིས་
གསུངས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྐྱེད་མ་སུན་འབྱིན་ཅིང་འཕགས་པ་མ་ཡིན་པའི་སྤྱད་པ་རྗེས་སུ་སྒྲུབ་པས་སྔར་ཁས་བླངས་པའི་གནོད་པར་འགྱུར་རོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་རྐྱེན་ཚོགས་པ་ལ་བརྟེན་ནས་འབྲས་བུ་སྐྱེ་བཞིན་པ་ཡོད་པས་སྐྱེ་
བས་སྐྱེ་བཞིན་པ་སྐྱེད་པར་བྱེད་དོ་ཞེས་སྒྲུབ་པའི་ཚིག་ཡིན་ཏེ། ལུང་ལས་འདི་ཡོད་པས་འདི་འབྱུང་ལ་འདི་སྐྱེས་པའི་ཕྱིར་འདི་སྐྱེའོ་ཞེས་གསུངས་པ་ཁྱེད་དབུ་མ་པས་ཀྱང་ཁས་བླངས་ལ། ད་འདིར་དེ་མེད་པར་སྟོན་པ་ནི་ཁས་བླངས་པའི་གནོད་པར་འགྱུར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་
བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། གདུལ་བ་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པ་ལྟ་བ་ངན་པ་དགེ་བའི་ཕྱོགས་རྩ་ནས་འབྱིན་པ་དང་ལྡན་པ་རྣམས་ཀྱི་ལྟ་བ་ངན་པའི་དྲི་མ་བཀྲུ་བའི་ཕྱིར་འདི་སྐད་ཅེས། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ལ་འདི་སྐྱེས་པའི་ཕྱིར་འདི་
སྐྱེ་བ་འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་དེ་ཀུན་རྫོབ་ཏུ་གསུངས་ཀྱི་དོན་དམ་པར་མ་གསུངས་པར་ཁས་ལེན་པས་ཁས་བླངས་པའི་གནོད་པར་མི་འགྱུར་རོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་འཐད་པ་བསྟན་པའི་ཕྱིར་འདིར་ཡང་བསྟན་

ཟིན་ཏེ། གོང་དུ་ཅི་བསྟན་ཞེ་ན། དངོས་པོ་རང་བཞིན་མེད་རྣམས་ཀྱིས། །ཡོད་པ་གང་ཕྱིར་ཡོད་མིན་ན། །འདི་ཡོད་པས་ནི་འདི་འབྱུང་ཞེས། །བྱ་བ་དེ་ནི་འཐད་མ་ཡིན། །ཞེས་བྱ་བ་དེར་དེ་བསྟན་ཟིན་ཏོ་ཞེས་བྱ་བ་སྨྲས་ཏེ། སྔར་བདག་པོའི་རྐྱེན་བརྟག་པའི་སྐབས་སུ་དེ་བསྟན་ཟིན་ཏོ། །འདིར་ཕ་རོལ་
པོ་དག་གིས་བརྟགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་བརྡར་བཏགས་པ་ཡིན་གྱི། དབུ་མ་པས་བརྟགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་དོན་དམ་པ་མ་ཡིན་པར་བསྟན་པའི་ཕྱིར་འདིར་ཡང་བཤད་པ། རྟེན་ཅིང་འབྱུང་བ་གང་ཡིན་པ། །དེ་ནི་ངོ་བོ་ཉིད་ཀྱིས་ཞི། །དངོས་པོ་རྟེན་ཅིང་
འབྱུང་བ་གང་ཡིན་པ་དེ་ནི་དོན་དམ་པར་ངོ་བོ་ཉིད་ཀྱིས་ཞི་བ་སྟེ། སྐྱེ་བ་མེད་དོ་ཞེས་བྱ་བའི་དོན་ཏོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྟེན་ཅིང་ཞེས་བྱ་བ་གང་ཡིན་པ་དང་འབྱུང་བ་ཞེས་བྱ་བ་གང་ཡིན་པ་དེ་དང་དེ་གཉི་ག་ངོ་བོ་ཉིད་ཀྱིས་ཞི་བ་སྟེ་སྐྱེ་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཁུངས་
བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེ་བ་དེ་མ་སྐྱེས། །དེ་ལ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད། །གང་ཞིག་རྐྱེན་ལ་ལྟོས་པ་དེ་སྟོང་གསུངས། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་བྱ་བ་དང་།
དེ་བཞིན་དུ་མདོ་སྡེའི་མཐའ་གཞན་དག་ལས་ཀྱང་། གང་དག་བརྟེན་ནས་སྐྱེ་བ་ནི། །དེ་དག་དངོས་ཉིད་གང་ཡང་མེད། །གང་དག་ངོ་བོ་ཉིད་མེད་པ། དེ་དག་གར་ཡང་འབྱུང་མི་འགྱུར། །ཞེས་བྱ་བ་དང་། དེ་བཞིན་དུ་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། བློ་གྲོས་
ཆེན་པོ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་ཏོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨྲས་སོ། །དེའི་ཕྱིར་དེ་ལྟར་ཕ་རོལ་པོ་དག་ཞེ་འགྲས་པའི་བློ་ཉིད་ཀྱིས་སུན་འབྱིན་པ་ཉེ་བར་འཇོག་པས་སྒྲུབ་པ་ནི་དཔེར་ན་ཟླ་
བའི་དཀྱིལ་འཁོར་དྲི་མ་མེད་པ་ལ་དྲི་མ་ཅན་དུ་བྱ་བའི་ཕྱིར། ཐལ་བ་སྤར་གང་འཐོར་བ་དང་འདྲའོ་ཞེས་བྱ་བ་ནི་སྔར་ཕ་རོལ་པོ་དག་ན་རེ་མི་མཁས་པ་ལ་ལ་ཞིག་མཚོན་ཐབས་མཁས་པས་མ་གསོད་ཅིང་སྐྱེས་བུ་དམ་པ་མ་ཡིན་པའི་སྤྱད་པ་ཀུན་དུ་སྤྱོད་པར་བྱེད་པ་དེ་བཞིན་དུ།

ཁྱོད་ཀྱང་རྟོག་གེ་ལ་མཁས་པས་དྲང་སྲོང་མཆོག་གིས་གསུངས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྐྱེད་མ་སུན་འབྱིན་ཅིང་འཕགས་པ་མ་ཡིན་པའི་སྤྱད་པ་རྗེས་སུ་སྒྲུབ་པས་སྔར་ཁས་བླངས་པའི་གནོད་པར་འགྱུར་རོ་ཞེས་ཟེར་བའི་
ཚིག་དོར་གྱི་ལན་ཡིན་ནོ། །དེ་ཕྱིར་སྐྱེ་བཞིན་ཉིད་དང་ནི། །སྐྱེ་བ་ཡང་ནི་ཞི་བ་ཉིད། །དེ་ལྟར་གང་གི་ཕྱིར་ཡང་དག་པར་བརྟགས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྐྱེ་བ་མེད་དེ། སྒྱུ་མ་ལྟ་བུ་ཡིན་པ་དེའི་ཕྱིར་སྐྱེ་བཞིན་པ་ཉིད་དང་སྐྱེ་བ་ཡང་ཞི་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པའི་རྟེན་ཅིང་
འབྲེལ་པར་འབྱུང་བའི་ཚུལ་བསྟན་པ་ཡིན་ཏེ། དེ་ལྟར་གང་གི་ཕྱིར་རྟེན་ཅིང་ཞེས་བྱ་བ་གང་ཡིན་པ་དང་འབྱུང་བ་ཞེས་བྱ་བ་གང་ཡིན་པ་དེ་དང་དེ་གཉི་ག་ངོ་བོ་ཉིད་ཀྱིས་ཞི་ཞིང་སྐྱེ་བ་མེད་པ་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲ་བ་རྣམས་ལ་སྐྱེ་བཞིན་པ་དང་སྐྱེ་བ་གཉི་ག་ཡང་ངོ་བོ་ཉིད་ཀྱིས་ཞི་
ཞིང་སྐྱེ་བ་མེད་པ་ཉིད་ཡིན་ནོ། །དེ་ལ་ཕ་རོལ་པོས་སྐྱེ་བ་ལ་བརྟེན་ནས་དོན་དམ་པར་སྐྱེ་བཞིན་པ་རྗེས་སུ་དཔག་པར་བྱའོ་ཞེས་གང་སྨྲས་པ་དེ་ཡང་དག་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། ཕ་རོལ་པོ་དག་ན་རེ་དབུ་མ་པའི་གཏན་ཚིགས་ངོ་བོ་ཉིད་མ་ངེས་པར་མ་ཟིན་པའི་ཕྱིར་ཞེས་བྱ་བ་
དེ་རྗེས་སུ་དཔག་པས་ངོ་བོ་ཉིད་ངེས་པར་མ་ཟིན་པའི་ཕྱིར་ཞེས་བྱ་བར་སྒྲུབ་ན་ནི་དོན་མ་གྲུབ་པ་ཉིད་དེ། སྐྱེ་བ་ལ་བརྟེན་ནས་དོན་དམ་པར་སྐྱེ་བཞིན་པ་རྗེས་སུ་དཔག་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་སུན་འབྱིན་པ་ལྟར་སྣང་བ་ཡིན་ནོ། །གཞན་དག་གིས་སྨྲས་པ་རྒྱུ་དང་རྐྱེན་དེ་དང་དེ་དག་ལ་བརྟེན་
ནས་བུམ་པ་སྐྱེ་བ་དང་སྣམ་བུ་སྐྱེ་བ་དེ་དག་མཐོང་སྟེ། མཐོང་བ་ལས་ལྷག་པའི་ཚད་མ་གཞན་མེད་པས། སྐྱེས་དང་མ་སྐྱེས་སྐྱེ་བཞིན་པ། །ཇི་ལྟ་བུར་ཡང་སྐྱེད་མི་བྱེད། །ཅེས་གང་སྨྲས་པ་དེ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་སྐྱེ་བས་དངོས་པོ་སྐྱེས་པ་དང་མ་སྐྱེས་པ་དང་སྐྱེ་བཞིན་པ་དག་
སྐྱེད་པ་འཇིག་རྟེན་ན་མངོན་སུམ་དུ་མཐོང་བས་ཁྱེད་ཀྱིས་དེ་དག་མི་འཐད་པར་བསྒྲུབས་པ་དེ་རིགས་པ་མ་ཡིན་ནོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། ཚུལ་ཁྲིམས་ལ་སོགས་པ་ཚོགས་ཀྱི་རྗེས་སུ་མཐུན་པ་དག་མཐོང་བ་ལ་སུ་ཞིག་འགལ་

བར་བྱེད་དོ། དེ་དག་ནི་ཐ་སྙད་པ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ནོ། །དེ་བས་ན་དེ་དག་ལ་སོགས་པ་ལ་མངོན་པར་ཞེན་པ་སྤང་བར་འདོད་པས་བསྟན་བཅོས་བརྩམས་པས་ཉེས་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། ཚུལ་ཁྲིམས་ཀྱི་སྡོམ་པ་དང་དབང་པོའི་སྡོམ་པ་ལ་སོགས་པ་ཚོགས་ཀྱི་ལམ་གྱི་རྗེས་སུ་མཐུན་པ་
དག་འཇིག་རྟེན་ན་མངོན་སུམ་དུ་མཐོང་བ་ལ་ཁོ་བོ་ཅག་ཀྱང་སྐུར་པ་མི་འདེབས་ཏེ། དེ་དག་ཐ་སྙད་པ་ཡིན་པ་ལ་ཁྱེད་ཅག་དོན་དམ་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་སློབ་དཔོན་གྱིས་བསྟན་བཅོས་བརྩམས་པ་མཛད་པས་ཉེས་པ་མེད་དོ།། །།བམ་པོ་སུམ་ཅུ་དགུ་པ། ཅི་སྟེ་བུམ་པ་སྐྱེའོ་
ཞེས་བྱ་བ་དང་། སྣམ་བུ་སྐྱེའོ་ཞེས་བྱ་བ་དེ་དག་ཐ་སྙད་པ་ཡིན་གྱི་དོན་དམ་པ་མ་ཡིན་པར་ཅི་ལྟར་ངེས་པར་གཟུང་བར་བྱ་ཞེ་ན། དེ་ཉོན་ཅིག །འདི་ལ་སྐྱེས་ན་བུམ་པ་དང་སྣམ་བུ་ཡིན་གྱི་མ་སྐྱེས་ན་ནི་མ་ཡིན་ནོ། །སྐྱེས་པ་ལ་ནི་ཡང་སྐྱེ་བ་མེད་པའི་ཕྱིར་བུམ་པ་དང་སྣམ་བུ་སྐྱེའོ་ཞེས་བྱ་བ་དེ་མི་འཐད་དོ། །
ཅི་སྟེ་མ་སྐྱེས་ཀྱང་བུམ་པ་བློ་ལ་བཞག་ནས་མིང་སྒྲོ་བཏགས་ཏེ། བུམ་པ་སྐྱེའོ་ཞེའོ་ཞེས་བརྗོད་ན་ནི་དེ་ཐ་སྙད་ཙམ་དུ་ཟད་དེ་བློ་ལ་བཞག་པའི་བུམ་པ་ལ་ནི་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་ནི་སྐྱེ་བ་དེ་ལ་བརྟེན་ནས་དེ་ལ་སྐྱེ་བཞིན་པ་སྐྱེད་པ་མི་འཐད་པར་བསྟན་པ་དེ་ཉིད་བརྣན་པའི་
ཕྱིར་ཚིག་ལེའུར་བྱས་པ་འོག་མའི་མགོ་འདྲེན་པ་སྟོན་ཏོ། །སྐྱེ་བ་ཞེས་བྱ་བ་ནི་སྐྱེས་པ་ལ་ཡང་མེད་ལ་མ་སྐྱེས་པ་ལ་ཡང་མེད་པའི་ཕྱིར་སྐྱེ་བར་བརྗོད་པ་ནི་ཐ་སྙད་ཙམ་དུ་ཟད་དེ་དོན་དམ་པར་མེད་པས་སྐྱེ་བ་དེ་ལ་བརྟེན་ནས་སྐྱེ་བཞིན་པ་བསྐྱེད་དེ་ཞེས་བྱ་བ་མེད་པར་བསྟན་ཏེ། །བྱེ་བྲག་ཏུ་
སྨྲ་བ་གང་དག་གཟུགས་ལ་སོགས་པ་དང་། བུམ་པ་ལ་སོགས་པ་དག་དུས་འཕོ་བའི་ཕྱིར་ཡོད་པ་ཁོ་ན་ལས་སྐྱེ་བར་རྟོག་ན་ཞེས་བྱ་བས་ནི་བྱེ་བྲག་ཏུ་སྨྲ་བ་ཐམས་ཅད་ཡོད་པར་སྨྲ་བ་དག་དུས་གསུམ་གྱི་དངོས་པོ་རྣམས་ནི་ཡོད་པ་ཁོ་ན་ལས་མ་འོངས་པའི་དུས་ནས་ད་ལྟར་གྱི་དུས་སུ་འཕོ་ཞིང་
ད་ལྟར་གྱི་དུས་ནས་ཀྱང་འདས་པའི་དུས་སུ་འཕོ་བའི་ཕྱིར་དེ་དག་ཡོད་པ་ཁོ་ན་ལས་སྐྱེ་བས་སྐྱེ་བ་དེ་ལ་བརྟེན་ནས་རྩ་བའི་སྐྱེ་བས་སྐྱེ་བཞིན་པ་སྐྱེད་པར་བྱེད་དོ་ཞེས་བྱ་བར་རྟོག་པས། འདིར་དེ་དག་ན་རེ་དངོས་པོ་ནི་མེད་པ་ལས་སྐྱེ་བ་མ་ཡིན་གྱི་མ་འོངས་པའི་དུས་ན་བུམ་པ་གཟུགས་དང་རོ་དང་

དྲི་དང་རེག་པའི་ངོ་བོ་ཉིད་དུ་ཡོད་པ་དེ་ད་ལྟར་བྱུང་བའི་དུས་སུ་བུམ་པའི་ངོ་བོ་ཉིད་འཕོ་ཞིང་སྐྱེ་ལ། ད་ལྟར་གྱི་དུས་ནས་འདས་པའི་དུས་སུ་ཡང་དེ་བཞིན་དུ་ཅི་རིགས་པར་འཕོ་ཞིང་སྐྱེ་བས་སྐྱེ་བ་དེ་ལ་བརྟེན་ནས་རྩ་བའི་སྐྱེ་བས་སྐྱེ་བཞིན་པ་དེ་སྐྱེད་པར་བྱེད་དོ་ཞེས་ཟེར་རོ། །དེ་སྐད་
ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ཡང་རིགས་པ་མ་ཡིན་ཏེ། གལ་ཏེ་དངོས་པོ་མ་སྐྱེས་པ། །འགའ་ཞིག་གང་ན་ཡོད་གྱུར་ན། གལ་ཏེ་བུམ་པ་དང་སྣམ་བུ་ལ་སོགས་པའི་དངོས་པོ་མ་སྐྱེས་པ་འགའ་ཞིག་རྐྱེན་རྣམས་སམ་དེ་དག་འདུས་པའམ་གཞན་ལ་ཡོད་པར་འགྱུར་
གྲང་ན་ཞེས་བྱ་བ་ལ་སོགས་ལ་སྨྲས་སོ། །དེ་ནི་ཅི་ཕྱིར་དེར་སྐྱེ་འགྱུར། །ཡོད་པ་དེ་ཅིའི་ཕྱིར་དུས་དེར་སྐྱེ་བར་འགྱུར་ཏེ་ཡོད་པ་སྐྱེ་བ་ནི་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་གལ་ཏེ་བྱེ་བྲག་ཏུ་སྨྲ་བ་དག་འདོད་པ་ལྟར་དངོས་པོ་སྐྱེ་བའི་སྔོན་རོལ་མ་སྐྱེས་པའི་
གནས་སྐབས་མ་འོངས་པའི་དུས་ན་བུམ་པ་དང་སྣམ་བུ་ལ་སོགས་པའི་དངོས་པོ་མ་སྐྱེས་པ་འགའ་ཞིག་རྐྱེན་རྣམས་སོ་སོའམ། དེ་དག་འདུས་པའམ་དེ་ལས་གཞན་པའི་ཕྱོགས་ཤེད་ན་ཡོད་པར་གྱུར་ན། ཡོད་པ་དེ་ཅིའི་ཕྱིར་མ་འོངས་པའི་དུས་ནས་ད་ལྟར་གྱི་དུས་དེར་འཕོ་ཞིང་སྐྱེ་བ་དང་། ད་
ལྟར་གྱི་དུས་ནས་འདས་པའི་དུས་སུ་འཕོ་ཞིང་སྐྱེ་བར་འགྱུར་ཏེ། ཡོད་པ་སྐྱེ་བ་ནི་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་ཡོད་པ་དུས་འཕོ་ཞིང་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བར་དགོངས་པ་ཡིན་ནོ། །དེའི་ཕྱིར། ཡོད་ན་སྐྱེ་བར་མི་འགྱུར་རོ། །ཞེས་བྱ་བ་སྨྲས་ཏེ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ།
དངོས་པོ་ཡོད་པ་དུས་འཕོ་ཞིང་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་འདིས་ནི་སྐྱེ་བའི་སྔོན་རོལ་ན་དངོས་པོ་མ་སྐྱེས་པ་ཡོད་པར་སྨྲ་བ་རྣམས་ཀྱི་དམ་བཅས་པ་ནི་ཡོད་པ་ཉིད་དུ་རྗེས་སུ་དཔག་པས་སྐྱེ་བ་མེད་པ་དང་ལྡན་པ་ཉིད་ཀྱིས་སྐྱེ་བ་བསལ་བའི་ཕྱིར་ཡོད་པར་སྨྲ་བ་རྣམས་
ཀྱི་རང་གི་རྗེས་སུ་དཔག་པ་ལ་གནོད་པའི་སྐྱོན་བསྟན་ཏོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་གོང་མ་འདིས་ནི་ཡོད་པར་སྨྲ་བ་རྣམས་ཀྱི་དམ་བཅས་པ་དེ་ནི་རང་གི་རྗེས་སུ་དཔག་པ་ལ་གནོད་པའི་སྐྱོན་ཡོད་པས་མི་རུང་བར་བསྟན་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་དག་གི་དམ་བཅས་པ་ནི་དངོས་

པོ་སྔ་ན་ཡོད་པ་ཉིད་དུ་རྗེས་སུ་དཔོག་པ་ཡིན་པས་དེས་ན་གང་ཡོད་པ་དེ་ནི་སྐྱེ་བ་མེད་པ་དང་ལྡན་པ་ཉིད་ཡིན་པས་སྐྱེ་བ་བསལ་བའི་ཕྱིར་ཡོད་པ་སྐྱེའོ་ཞེས་སྨྲ་བ་དེ་དག་གི་རང་གི་རྗེས་སུ་དཔག་པ་ལ་གནོད་པར་འགྱུར་རོ། །ཡོད་པར་སྨྲ་བ་ཞེས་བྱ་བ་ནི་གང་དག་དངོས་པོ་རྣམས་ཡོད་པ་ཁོ་ན་ལས་སྐྱེ་བར་སྨྲ་བ་བདག་
གོ། །དུས་འཕོ་བར་སྨྲ་བ་རྣམས་ལ་ཡང་ཡོད་པ་ཉིད་དུ་རྗེས་སུ་དཔོག་པས་ད་ལྟར་གྱི་དུས་སུ་འཕོ་བ་མེད་པ་ཉིད་ཀྱིས་ད་ལྟར་གྱི་དུས་སུ་འཕོ་བ་བསལ་བའི་ཕྱིར་སྐྱོན་དེ་ཉིད་ཡོད་དོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་གོང་མ་འདིས་དུས་འཕོ་བར་སྨྲ་བ་རྣམས་ཀྱི་དམ་བཅས་པ་དེ་ཡང་རང་གི་རྗེས་སུ་དཔག་
པ་ལ་གནོད་པའི་སྐྱོན་ཡོད་པས་མི་རུང་བར་བསྟན་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་དག་གི་དམ་བཅས་པ་ཡང་དངོས་པོ་སྔ་ན་ཡོད་པ་ཉིད་རྗེས་སུ་དཔོག་པ་ཡིན་པས་དེས་ན་གང་ཡོད་པ་དེ་ནི་མ་འོངས་པའི་དུས་ནས་ད་ལྟར་གྱི་དུས་སུ་འཕོ་བ་མེད་པ་ཉིད་ཡིན་པས་ད་ལྟར་གྱི་དུས་སུ་འཕོ་བ་བསལ་བའི་ཕྱིར་
དུས་འཕོ་བར་སྨྲ་བ་དེ་དག་གི་རང་གི་རྗེས་སུ་དཔག་པ་ལ་གནོད་པར་འགྱུར་རོ། །དུས་འཕོ་བར་སྨྲ་བ་ཞེས་བྱ་བ་དེ་ནི་གང་དག་དངོས་པོ་རྣམས་མ་འོངས་པའི་དུས་ནས་ད་ལྟར་གྱི་དུས་སུ་འཕོ་ཞིང་ད་ལྟར་གྱི་དུས་ནས་འདས་པའི་དུས་སུ་འཕོ་བར་སྨྲ་བ་དག་གོ། །འདིས་ནི་དངོས་པོ་དང་མཚན་ཉིད་
དང་གནས་སྐབས་དང་གཞན་པ་གཞན་དུ་འགྱུར་བ་ཞེས་བྱ་བ་དག་གི་ལན་བཏབ་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་ཡོད་པར་སྨྲ་བ་རྣམས་དང་དུས་འཕོ་བར་སྨྲ་བ་རྣམས་ཀྱི་དམ་བཅས་པ་མི་འཐད་པར་བསྟན་པའི་སྐབས་འདིས་ནི་དངོས་པོ་གཞན་དུ་འགྱུར་བར་སྨྲ་བ་དང་། མཚན་ཉིད་གཞན་དུ་འགྱུར་བར་
སྨྲ་བ་དང་གནས་སྐབས་གཞན་དུ་འགྱུར་བར་སྨྲ་བ་དང་གཞན་པ་གཞན་དུ་འགྱུར་བར་སྨྲ་བ་ཞེས་བྱ་བ་དག་གི་ལན་བཏབ་པ་ཡིན་ནོ། །དེ་ལ་དངོས་པོ་གཞན་དུ་འགྱུར་བར་སྨྲ་བ་ནི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་བཙུན་པ་དྷརྨ་ཏྲ་ཏ་སྟེ། དེ་ན་རེ་དཔེར་ན་གསེར་གྱི་ངོ་བོ་ཉིད་ནི་གདུ་བུ་དང་དཔུང་རྒྱན་ལ་སོགས་
པའི་དབྱིབས་ཀྱི་དངོས་པོར་གཞན་དུ་འགྱུར་བར་ཟད་ཀྱི་གསེར་གྱི་ངོ་བོ་ཉིད་ལ་གཞན་དུ་འགྱུར་བ་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱང་རིང་པོ་དང་ཐུང་ངུ་ལ་སོགས་པའི་དབྱིབས་ཀྱི་དངོས་པོ་གཞན་དུ་འགྱུར་བར་ཟད་ཀྱི་ཆོས་ཀྱི་ངོ་བོ་ཉིད་ལ་གཞན་དུ་འགྱུར་བ་མེད་དོ་ཞེས་ཟེར་རོ། །དེ་ལ་མདོ་

སྡེ་པ་དག་ན་རེ་དེ་ནི་གྲངས་ཅན་གྱི་ཕྱོགས་སུ་ས་གཞག་པར་བྱའོ་ཞེས་ཟེར་བས་ནི་དེའི་ལན་ཐེབས་པ་མ་ཡིན་ཏེ། འདི་ལྟར་བཙུན་པ་དྷརྨ་ཏྲ་ཏ་ན་རེ་མདོ་སྡེ་པ་དག་ཀྱང་མེད་པར་སྨྲ་བའི་ཕྱོགས་སུ་གཞག་པར་བྱའོ་ཞེས་ཟེར་བའི་ཕྱིར། །འདིར་དབུ་མ་པས་ནི་དེ་ལ་རྣམ་པ་གཞན་
གྱིས་ལན་གདབ་པར་བྱ་སྟེ། དོན་དམ་པར་འདས་པ་དང་མ་འོངས་པ་ནི་དངོས་པོ་ཡོད་པ་མ་ཡིན་ཏེ། རྫས་ཡིན་པའི་ཕྱིར་དཔེར་ན་ད་ལྟར་བཞིན་ནོ། །དེས་ན་དྷརྨ་ཏྲ་ཏས་དངོས་པོ་རྫས་ཉིད་དུ་རྗེས་སུ་དཔག་པས་ནི་འདས་པ་དང་མ་འོངས་པ་དག་ད་ལྟར་བཞིན་དུ་རྫས་ཉིད་ཡིན་ན་དེ་གཉིས་ཀྱང་ད་ལྟར་
ཉིད་ཡིན་པར་འགྱུར་བས་འདས་པ་དང་མ་འོངས་པ་བསལ་བའི་ཕྱིར་དེའི་དམ་བཅས་པ་ལ་ཆོས་ཅན་གྱི་རང་གི་ངོ་བོ་བསལ་བའི་སྐྱོན་ཡོད་པས་མི་རུང་ངོ་ཞེས་ལན་བཏབ་པ་ཡིན་ནོ། །མཚན་ཉིད་གཞན་དུ་འགྱུར་བར་སྨྲ་བ་ནི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་བཙུན་པ་གྷོ་ཤ་ཀ་སྟེ། དེ་ན་རེ་དཔེར་ན་མི་གཅིག་
ལ་ཆུང་མ་གསུམ་ཡོད་པ་གཅིག་ལ་ལྷག་པར་ཆགས་ཀྱང་གཉིས་ལ་འདོད་ཆགས་དང་བྲལ་བ་མ་ཡིན་པས། ལྷག་པར་ཆགས་པ་དང་མ་ཆགས་པའི་མཚན་ཉིད་གཞན་དུ་འགྱུར་བར་ཟད་ཀྱི་མིའི་དངོས་པོ་ཉིད་ལ་གཞན་དུ་འགྱུར་བ་མེད་པ་དེ་བཞིན་དུ་ཆོས་རྣམས་དུས་གསུམ་དུ་འཇུག་པ་ན་ཡང་
མ་འོངས་པ་གང་ཡིན་པ་དེ་མ་འོངས་པ་ཉིད་ཀྱི་མཚན་ཉིད་དང་ལྡན་པ་ན་ད་ལྟར་དང་འདས་པ་གཉིས་དེའི་མཚན་ཉིད་དང་བྲལ་བ་མ་ཡིན་པས་ལྡན་པ་དང་མ་བྲལ་བའི་མཚན་ཉིད་གཞན་དུ་འགྱུར་བར་ཟད་ཀྱི་ཆོས་ཀྱི་དངོས་པོ་ཉིད་ལ་གཞན་དུ་འགྱུར་བ་མེད་དོ་ཞེས་ཟེར་རོ། །དེ་ལ་མདོ་སྡེ་པ་དག་ན་རེ་དེ་ལྟ་ན་དུས་
གསུམ་འདྲེས་པར་འགྱུར་རོ་ཞེས་ཟེར་བས་ནི་དེའི་ལན་ཐེབས་པ་མ་ཡིན་ཏེ། འདི་ལྟར་བཙུན་པ་གྷོ་ཤ་ཀ་ན་རེ་དུས་གསུམ་ཆར་གསལ་བའི་ངོ་བོ་ཉིད་དུ་ཡོད་པ་ཡིན་ན་ནི་འདྲེས་པར་ཡང་འགྱུར་བ་ཞིག་ན་མ་འོངས་པའི་མཚན་ཉིད་ཀྱི་དུས་ན་མ་འོངས་པ་གསལ་བའི་ངོ་བོ་ཉིད་ཀྱིས་གཙོ་ཆེ་བ་ཡིན་ལ་ད་
ལྟར་དང་འདས་པ་གཉིས་ནུས་པའི་ངོ་བོ་ཉིད་ཙམ་དུ་ཟད་པས་ནུས་པ་ཙམ་གྱིས་ནི་གསལ་བ་དང་འདྲེས་པར་མི་འགྱུར་རོ་ཞེས་ཟེར་བའི་ཕྱིར་རོ། །འདིར་དབུ་མ་པས་ནི་དེ་ལ་རྣམ་པ་གཞན་གྱིས་ལན་གདབ་པར་བྱ་སྟེ། དོན་དམ་པར་མ་འོངས་པ་ནི་མཚན་ཉིད་ཀྱི་ངོ་བོ་ཉིད་མ་ཡིན་ཏེ། མ་འོངས་པའི་

མཚན་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། དཔེར་ན་ད་ལྟར་གྱི་མཚན་ཉིད་ཀྱི་ངོ་བོ་ཉིད་བཞིན་ནོ། །དེས་ན་གྷོ་ཤ་ཀས་དངོས་པོ་མཚན་ཉིད་དང་ལྡན་པ་ཉིད་དུ་རྗེས་སུ་དཔག་པས་ནི་འདས་པ་དང་མ་འོངས་པ་དག་ལ་ད་ལྟར་བཞིན་དུ་མཚན་ཉིད་ཡོད་ན་དེ་གཉིས་ཀྱང་ད་ལྟར་ཉིད་ཡིན་པར་འགྱུར་བས་
འདས་པ་དང་མ་འོངས་པ་བསལ་བའི་ཕྱིར་དེའི་དམ་བཅས་པ་ལས་ཡང་ཆོས་ཅན་གྱི་རང་གི་ངོ་བོ་བསལ་བའི་སྐྱོན་ཡོད་པས་མི་རུང་ངོ་ཞེས་ལན་བཏབ་པ་ཡིན་ནོ། །གནས་སྐབས་གཞན་དུ་འགྱུར་བར་སྨྲ་བ་ནི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་བཙུན་པ་བ་སུ་མི་ཏྲ་སྟེ། དེ་ན་རེ་དཔེར་ན་གཅིག་མལ་གྱི་
ཤོད་ཐབས་གཅིག་བཞག་པ་ལ་གཅིག་ཅེས་བྱ་ཞིང་དེའི་སྟིང་དུ་བཅུ་དང་བརྒྱ་དང་སྟོང་མལ་ལ་སོགས་པའི་ཤོད་ཐབས་ཀྱི་གནས་སྐབས་གཞན་དག་བཞག་ན་སྟོང་ལ་སོགས་པའི་གནས་སྐབས་གཞན་དུ་འགྱུར་བར་ཟད་ཀྱི་གཅིག་མལ་གྱི་ཤོད་ཉིད་ལ་གཞན་དུ་འགྱུར་བ་མེད་པ་དེ་བཞིན་དུ། ཆོས་རྣམས་
དུས་གསུམ་དུ་འཇུག་པ་ན་ཡང་མ་འོངས་པ་ནས་ད་ལྟར་དང་འདས་པའི་གནས་སྐབས་གཞན་དུ་གྱུར་པ་ན་གནས་སྐབས་གཞན་དུ་བརྗོད་པར་ཟད་ཀྱི་ཆོས་ཀྱི་ངོ་བོ་ཉིད་ལ་གཞན་དུ་འགྱུར་བ་མེད་དོ་ཞེས་ཟེར་རོ། །དེ་ལ་མདོ་སྡེ་པ་དག་ན་རེ་དེ་ལྟ་ན་གནས་སྐབས་ཐ་དད་པ་ཙམ་དུ་ཟད་ཀྱི་རྫས་ལ་ཐ་དད་པ་མེད་པས་དུས་གསུམ་འདྲེས་
པར་འགྱུར་རོ་ཞེས་ཟེར་བས་ནི་དེའི་ལན་ཐེབས་པ་མ་ཡིན་ཏེ། འདི་ལྟར་བཙུན་པ་བ་སུ་མི་ཏྲ་ན་རེ་དུས་གསུམ་གྱི་རྫས་གནས་སྐབས་ཅིག་ན་ཡོད་ན་ནི་འདྲེས་པར་ཡང་འགྱུར་བ་ཞིག་ན་གནས་སྐབས་གཞན་དུ་འགྱུར་བས་འདྲེས་པར་མི་འགྱུར་རོ་ཞེས་ཟེར་བའི་ཕྱིར་རོ། །འདིར་དབུ་མ་པས་ནི་དེ་ལ་རྣམ་པ་
གཞན་གྱིས་ལན་གདབ་པར་བྱ་སྟེ། དོན་དམ་པར་མ་འོངས་པ་ནི་རྫས་ཀྱི་ངོ་བོ་ཉིད་མ་ཡིན་ཏེ། མ་འོངས་པའི་རྫས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་དཔེར་ན་ད་ལྟར་གྱི་རྫས་ཀྱི་ངོ་བོ་ཉིད་བཞིན་ནོ། །དེས་ན་བ་སུ་མི་ཏྲས་དངོས་པོ་རྫས་ཉིད་དུ་རྗེས་སུ་དཔག་པས་ནི་འདས་པ་དང་མ་འོངས་པ་དག་ད་ལྟར་བཞིན་དུ་རྫས་ཉིད་
ཡིན་ན་དེ་གཉིས་ཀྱང་ད་ལྟར་ཉིད་ཡིན་པར་འགྱུར་བས་འདས་པ་དང་མ་འོངས་པ་བསལ་བའི་ཕྱིར་དེའི་དམ་བཅས་པ་ལ་ཡང་ཆོས་ཅན་གྱི་རང་གི་ངོ་བོ་བསལ་བའི་སྐྱོན་ཡོད་པས་མི་རུང་ངོ་ཞེས་ལན་བཏབ་པ་བཞིན་ནོ། །གཞན་པ་གཞན་དུ་འགྱུར་བར་སྨྲ་བ་ནི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་བཙུན་པ་བུད་དྷ་དེ་བ་སྟེ།

དེ་ན་རེ་དཔེར་ན་བུད་མེད་གཅིག་ལ་སྔ་ཕྱི་གཞན་ལ་ལྟོས་ནས་མ་ལ་ལྟོས་ནས་ནི་བུ་མོ་ཞེས་ཀྱང་བྱ་ལ་བུ་ལ་ལྟོས་ནས་ནི་མ་ཞེས་ཀྱང་བྱ་སྟེ། དེ་ལ་ནི་སྔ་ཕྱི་གཞན་པ་ལ་ལྟོས་ནས་ནི་གཞན་དུ་འགྱུར་བར་ཟད་ཀྱི། བུད་མེད་དེ་ཉིད་ལ་གཞན་དུ་འགྱུར་བ་མེད་པ་དེ་བཞིན་དུ་ཆོས་རྣམས་
དུས་གསུམ་དུ་འཇུག་པ་ན་ཡང་མ་འོངས་པ་གཞན་ལ་ལྟོས་ནས་ད་ལྟར་དང་འདས་པ་དག་གཞན་དུ་བརྗོད་པར་ཟད་ཀྱི་ཆོས་ཀྱི་ངོ་བོ་ཉིད་ལ་གཞན་དུ་འགྱུར་བ་མེད་དོ་ཞེས་ཟེར་རོ། །དེ་ལ་མདོ་སྡེ་པ་དག་ན་རེ་དེ་ལྟ་ན་སྔ་ཕྱི་ལས་གཞན་དུ་བརྗོད་པ་ཙམ་དུ་ཟད་ཀྱི་དངོས་པོ་ལ་གཞན་པ་ཉིད་མེད་པས་དུས་
གསུམ་འདྲེས་པར་འགྱུར་རོ་ཞེས་ཟེར་བས་ནི་དེའི་ལན་ཐེབས་པ་མ་ཡིན་ཏེ། འདི་ལྟར་བཙུན་པ་བུད་དྷ་དེ་བ་ན་རེ་དུས་གསུམ་གྱི་རྫས་མ་དང་བུ་ལྟ་བུ་དག་གནས་སྐབས་གཅིག་ན་ཡོད་ན་ནི་འདྲེས་པར་ཡང་འགྱུར་བ་ཞིག་ན་སྔ་ཕྱི་ལ་ལྟོས་པས་གཞན་དུ་འགྱུར་བས་འདྲེས་པར་མི་འགྱུར་རོ་ཞེས་ཟེར་བའི་
ཕྱིར་རོ། །འདིར་དབུ་མ་པས་ནི་དེ་ལ་རྣམ་པ་གཞན་གྱིས་ལན་གདབ་པར་བྱ་སྟེ། དོན་དམ་པར་མ་འོངས་པ་ནི་དངོས་པོའི་ངོ་བོ་ཉིད་མ་ཡིན་ཏེ། མ་འོངས་པའི་དངོས་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་དཔེར་ན་ད་ལྟར་གྱི་དངོས་པོའི་ངོ་བོ་ཉིད་བཞིན་ནོ། །དེས་ན་བུད་དྷ་དེ་བས་དངོས་པོ་རྣམས་དངོས་པོའི་
ངོ་བོ་ཉིད་དུ་རྗེས་སུ་དཔག་པས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བཞིན་དུ་དངོས་པོའི་ངོ་བོ་ཉིད་ཡིན་ན་དེ་གཉིས་ཀྱང་དེ་ལྟར་ཉིད་ཡིན་པར་འགྱུར་བས། འདས་པ་དང་མ་འོངས་པ་བསལ་བའི་ཕྱིར་དེའི་དམ་བཅས་པ་ལ་ཡང་ཆོས་ཅན་གྱི་རང་གི་ངོ་བོ་བསལ་བའི་སྐྱོན་ཡོད་པས་མི་རུང་ངོ་ཞེས་
ལན་བཏབ་པ་ཡིན་ནོ། །དེ་དག་ནི་མངོན་པར་བརྩོན་པ་རྣམས་ཀྱི་ཆེད་དུ་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ཏེ་ཞར་ལ་བཤད་པས་ཆོག་གོ། །གལ་ཏེ་གྲངས་ཅན་དག་དངོས་པོ་ཡོད་པ་ཉིད་གསལ་བར་བྱེད་པས་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བ་ནི་འདིར་གྲངས་ཅན་དག་ན་རེ་ཁོ་བོ་ཅག་གི་ཕྱོགས་ལ་དངོས་པོ་མ་
འོངས་པའི་དུས་ན་ནུས་པའི་བདག་ཉིད་དུ་ཡོད་པ་རྐྱེན་རྣམས་ཀྱིས་ད་ལྟར་གྱི་དུས་སུ་གསལ་བར་བྱེད་པས་ཁྱེད་ཀྱི་བསྒྲུབ་པའི་སྐྱོན་དེ་ཁོ་བོ་ཅག་གི་ཕྱོགས་ལ་མེད་དོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་རིགས་པ་མ་ཡིན་ཏེ། གསལ་བ་

བཀག་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །མ་སྐྱེས་པ་ཡོད་པར་ཅི་ལྟར་ཤེས་པར་བྱར་ནུས་ཞེས་བྱ་བ་ནི་དབུ་མ་པས་གྲངས་ཅན་དང་བྱེ་བྲག་ཏུ་སྨྲ་བ་དག་ལ་ཕར་དྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ་གྲངས་ཅན་དང་བྱེ་བྲག་ཏུ་སྨྲ་བ་དག་ན་རེ་མ་སྐྱེས་པ་ནི་ཡོད་པར་ཁོ་ནར་ཤེས་པར་བྱར་ནུས་ཏེ། དུས་ཀྱིས་
བསྡུས་པའི་ཕྱིར་ད་ལྟར་གྱི་དངོས་པོ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ད་ལྟར་གྱི་དངོས་པོ་ནི་དུས་ཀྱིས་བསྡུས་པའི་ཕྱིར་ཡོད་པ་ཁོ་ནར་ཤེས་པར་བྱར་ནུས་པ་དེ་བཞིན་
དུ་མ་འོངས་པ་མ་སྐྱེས་པ་ཡང་དུས་ཀྱིས་བསྡུས་པའི་ཕྱིར་ཡོད་པ་ཁོ་ནར་ཤེས་པར་བྱར་ནུས་སོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དོན་དམ་པར་ད་ལྟར་གྱི་དངོས་པོ་ཡང་ངོ་བོ་ཉིད་ཡོད་པ་ཉིད་དུ་མ་གྲུབ་པས་དཔེ་མེད་པའི་ཕྱིར་འདོད་པའི་དོན་མི་འགྲུབ་པོ་
ཞེས་བྱ་བ་སྨྲས་ཏེ། ཁོ་བོ་ཅག་ལ་དོན་དམ་པར་མ་འོངས་པ་ངོ་བོ་ཉིད་ཡོད་པ་ཉིད་དུ་མ་གྲུབ་པ་བཞིན་དུ། ད་ལྟར་གྱི་དངོས་པོ་ཡང་ངོ་བོ་ཉིད་ཡོད་པ་ཉིད་དུ་མ་གྲུབ་པས་དེས་ན་ཁྱེད་ཀྱི་དཔེ་ད་ལྟར་གྱི་དངོས་པོ་བཞིན་ནོ་ཞེས་བྱ་བ་དེ་མེད་པའི་ཕྱིར་ཁྱེད་ཀྱི་འདོད་པའི་དོན་མ་སྐྱེས་པ་ཡོད་པ་ཁོ་ནར་
ཤེས་པར་བྱར་ནུས་ཏེ་ཞེས་བྱ་བ་དེ་མི་འགྲུབ་པོ་འདིས་ནི་གཟུགས་ལ་སོགས་པ་དག་སྔ་ན་མེད་པ་དང་ཞིག་ནས་མེད་པ་ཉིད་བསྒྲུབ་པ་ལ་ཡང་སྐྱོན་གྱིས་ལན་བཏབ་པར་རིག་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་ན་རེ་གཟུགས་ལ་སོགས་པ་སྔ་ན་མེད་པ་ནི་ཡོད་པ་ཁོ་ནར་ཤེས་པ་བྱར་ནུས་ཏེ།
མ་འོངས་པའི་དུས་ཀྱིས་བསྡུས་པའི་ཕྱིར་དཔེར་ན་ད་ལྟར་གྱི་དངོས་པོ་བཞིན་ནོ་ཞེས་ཟེར་བ་དང་། གཟུགས་ལ་སོགས་པ་ཞིག་ནས་མེད་པ་ཡང་། །ཡོད་པ་ཁོ་ནར་ཤེས་པར་བྱར་ནུས་ཏེ། །འདས་པའི་དུས་ཀྱིས་བསྡུས་པའི་ཕྱིར་དཔེར་ན་ད་ལྟར་གྱི་དངོས་པོ་བཞིན་ནོ་ཞེས་ཟེར་བ་དེ་དག་ལ་ཡང་སྔ་མ་
བཞིན་དུ་དཔེ་མེད་པའི་ཕྱིར་འདོད་པའི་དོན་མི་འགྲུབ་པོ་ཞེས་བྱ་བའི་སྐྱོན་གྱིས་ལན་བཏབ་པར་རིག་པར་བྱའོ། །འདིར་གལ་ཏེ་ཕ་རོལ་པོ་དག་ད་ལྟར་གྱི་དངོས་པོ་བཞིན་ནོ་ཞེས་བྱ་བའི་དཔེ་དེ་བསྒྲུབ་པའི་ཕྱིར་གལ་ཏེ་ཁྱེད་དབུ་མ་པས་ད་ལྟར་གྱི་དངོས་པོ་ཡང་མེད་པར་བཤད་ན་ཐ་སྙད་ཀྱི་བདེན་པ་ལ་

གནོད་པར་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ཐ་སྙད་ཀྱི་བདེན་པ་ལ་གནོད་པར་ཡང་མི་འགྱུར་ཏེ། ད་ལྟར་གྱི་གཟུགས་ལ་སོགས་པའི་དངོས་པོ་དག་སྒྱུ་མ་ལ་སོགས་པ་བཞིན་དུ་ཡོད་པ་ཉིད་དུ་ཁས་བླངས་
པའི་ཕྱིར་དང་། ཐ་སྙད་དུ་གཟུགས་ལ་སོགས་པ་དག་བཏགས་པའི་ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་སྒྱུ་མའི་བུད་མེད་ཀྱི་ལུས་ལ་བུད་མེད་ཀྱི་ངོ་བོ་ཉིད་མེད་ཀྱང་སྒྱུ་མ་མི་ཤེས་པ་དག་འདི་ཡོད་དོ་ཞེས་ཟེར་བ་དེ་བཞིན་དུ་ད་ལྟར་གྱི་གཟུགས་ལ་སོགས་པའི་དངོས་
པོ་དག་ཀྱང་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་མོད་ཀྱི་ཀུན་རྫོབ་ཏུ་ཐ་སྙད་ཙམ་དུ་ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར་དང་། ཀུན་རྫོབ་ཀྱི་ཐ་སྙད་དུ་གཟུགས་ལ་སོགས་པ་དག་རྫས་སུ་ནི་མེད་ཀྱི་ས་ལ་སོགས་པ་རང་གི་ཚོགས་པའི་ཡན་ལག་འདུས་པ་ཙམ་ལས་བཏགས་པའི་ཡོད་པ་ཉིད་དུ་ཁས་བླངས་
པའི་ཕྱིར་ཐ་སྙད་