Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 100
Văn bản gốc(Tây Tạng)
Trang 4 / 23 (50.000 ký tự/trang)
མ་པར་རྟོག་ན་ཞེས་བྱ་བ་ནི་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་མེད་པར་ཡང་གཟུགས་ཡོད་པར་རྣམ་པར་རྟོག་ནའོ། །དེ་ལྟར་རྟོག་ན་དེ་ཡང་མི་རུང་སྟེ་འདིར་བསྟན་བཅོས་མཛད་པས་དེ་བསལ་བའི་ཕྱིར། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ན་གཟུགས་ནི་རྒྱུ་མེད་པར། །ཐལ་བར་ འགྱུར་ཏེ་ཞེས་བྱ་བ་གསུངས་སོ། །གཟུགས་ཀྱི་རྒྱུ་ཞེས་བྱ་བ་ནི་གཟུགས་ཀྱི་ཡོད་པ་ཉིད་ཀྱི་རྒྱུ་སྟེ། བར་གྱི་ཚིག་མི་མངོན་པའི་ཕྱིར་མེའི་རྒྱུ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་མེའི་རྒྱུ་ཞེས་བྱ་བ་ནི་མེ་ཉིད་མེའི་རྒྱུ་མ་ཡིན་གྱི་མེའི་ཡོད་པ་ཉིད་ཀྱི་རྒྱུ་བུད་ཤིང་ལ་སོགས་པ་གཞན་ཡིན་པ་ལས་ཡོད་པ་ཉིད་ཀྱི་ཞེས་ བྱ་བའི་བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་མེའི་རྒྱུ་ཞེས་བརྗོད་པ་བཞིན་དུ་གཟུགས་ཀྱི་རྒྱུ་ཞེས་བྱ་བ་ཡང་གཟུགས་ཉིད་གཟུགས་ཀྱི་རྒྱུ་མ་ཡིན་གྱི་གཟུགས་ཀྱི་ཡོད་པ་ཉིད་ཀྱི་རྒྱུ་ས་ལ་སོགས་པ་གཞན་ཡིན་པ་ལས། ཡོད་པ་ཉིད་ཀྱི་ཞེས་བྱ་བའི་བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་ གཟུགས་ཀྱི་རྒྱུ་ཞེས་བརྗོད་དོ། །དེ་མ་གཏོགས་པར་ཞེས་བྱ་བ་ནི་གཟུགས་ཀྱི་རྒྱུ་མ་གཏོགས་པར་ཏེ། གཟུགས་ཡོད་པ་ཉིད་དུ་སྟོན་པའི་རྒྱུ་མེད་པར་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་རྒྱུ་གང་གིས་གཟུགས་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་པ་དེ་མེད་པར་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ན་ཞེས་བྱ་བ་ནི་ དམ་བཅས་པ་ཙམ་ལས་རྣམ་པ་དེ་ལྟ་བུ་དེ་འདོད་ནའོ་ཞེས་བྱ་བ་ནི་རྒྱུ་མེད་པར་དམ་བཅས་པ་ཙམ་ལས་གཟུགས་རྣམ་པ་དེ་ལྟ་བུ་དེ་ཡོད་པར་འདོད་ནའོ། །གཟུགས་ནི་རྒྱུ་མེད་པར། ཐལ་བར་འགྱུར་ཏེ་ཞེས་བྱ་བ་ནི་འཐད་པ་མེད་པར་ཞེས་པའི་ཐ་ཚིག་གོ། །གལ་ཏེ་གཟུགས་ཀྱི་རྒྱུ་མ་གཏོགས་ པར་གཟུགས་ཡོད་པ་ཉིད་དུ་འདོད་ན་གཟུགས་འཐད་པའི་རྒྱུ་མེད་པའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ཡང་མི་འདོད་པས་ཞེས་བྱ་བ་ནི་རྒྱུ་མེད་པར་སྨྲ་བར་འགྱུར་བ་དེ་ཡང་མི་འདོད་པས་ཏེ་འདི་ལྟར་སངས་རྒྱས་པ་དག་ཀྱང་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བར་མི་འདོད་ལ། འཇིག་རྟེན་པ་ དག་ཀྱང་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བར་མི་འདོད་པའི་ཕྱིར་རོ། །ཅི་སྐད་སྨྲས་པའི་སྐྱོན་ལྡོག་པ་མེད་དོ་ཞེས་བྱ་བ་ནི་གཟུགས་ཀྱི་རྒྱུ་ཡོད་པ་ཉིད་དུ་སྒྲུབ་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དམ་འགལ་བ་ཉིད་གང་ཡིན་པ་དེ་དེ་བཞིན་དུ་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་མེད་པར་སྨྲ་བ་གང་ དག་དངོས་པོ་ཐམས་ཅད་རྒྱུ་མེད་པ་ཁོ་ན་ལས་སྐྱེ་བར་ཁས་བླངས་པའི་ཕྱིར། གཟུགས་འགྲུབ་པ་ཡང་དེ་དག་དང་འདྲའོ་ཞེས་ཟེར་ན་ཞེས་བྱ་བ་ནི་འཇིག་རྟེན་རྒྱང་འཕེན་པ་ལ་སོགས་པ་གང་དག་རྒྱུ་མེད་པར་སྨྲ་བ་དག་འདི་སྐད་ཅེས་ཁོ་བོ་ཅག་ལ་ནི་ཁས་བླངས་པ་ལ་གནོད་པ་མེད་དོ། འདི་ལྟར་ཁོ་བོ་ཅག་ གིས་ནི་དངོས་པོ་ཐམས་ཅད་རྒྱུ་མེད་པ་ཁོ་ན་ལས་སྐྱེས་པར་ཁས་བླངས་པའི་ཕྱིར་གཟུགས་རྒྱུ་མེད་པ་ལས་སྐྱེ་བར་འགྲུབ་པ་ཡང་དངོས་པོ་གཞན་དག་རྒྱུ་མེད་པ་ལས་སྐྱེ་བར་འགྲུབ་པ་དེ་དག་དང་འདྲ་བས་ཁོ་བོ་ཅག་གི་ཕྱོགས་ལ་ནི་ཁྱེད་ཀྱིས་ཅི་སྐད་སྨྲས་པའི་སྐྱོན་མེད་དོ་ཞེས་ཟེར་བ་ཡིན་ནོ། །དེ་ སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ལ་བཤད་པ། གལ་ཏེ་འགའ་ཞིག་ཅི་སྐད་སྨྲས་པའི་རྣམ་པ་ལྟ་བུར་གྱུར་ན་ནི་དེ་ཡང་། རུང་བ་ཞིག་ན་དོན་གང་ཡང་། །རྒྱུ་མེད་པ་ནི་གང་ནའང་མེད། །དེས་ན་དཔེ་མེད་པའི་ཕྱིར་སྨྲ་བ་དེ་ཡང་གྲུབ་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། དེ་ སྐད་ཅེས་ཟེར་བ་དེ་ལ་འདི་སྐད་ཅེས་བཤད་པར་བྱ་སྟེ། གལ་ཏེ་ཁྱེད་ན་རེ་དངོས་པོ་ཐམས་ཅད་རྒྱུ་མེད་པ་ཁོ་ན་ལས་སྐྱེ་བར་ཁས་བླངས་པའི་ཕྱིར་གཟུགས་འགྲུབ་པ་ཡང་དེ་དག་དང་འདྲའོ་ཞེས་ཟེར་བའི་དཔེ་དངོས་པོ་འགའ་ཞིག་རྒྱུ་མེད་པ་ཁོ་ན་ལས་སྐྱེ་བར་ཅི་སྐད་སྨྲས་པའི་རྣམ་པ་དེ་ལྟ་བུར་གྱུར་ན་ནི་ གཟུགས་རྒྱུ་མེད་པ་ལས་སྐྱེ་བར་འགྲུབ་པ་དེ་ཡང་རུང་བ་ཞིག་ན་ཁྱེད་ཀྱིས་དཔེར་བྱ་བའི་དངོས་པོ་ཕྱི་དང་ནང་གི་དོན་གང་ཡང་རྒྱུ་མེད་པ་ཁོ་ན་ལས་སྐྱེ་བ་ནི་རང་དང་གཞན་གྱི་གྲུབ་པའི་མཐའ་དང་མཐོ་རིས་དང་སའི་སྟེང་གང་ན་ཡང་མེད་པའི་ཕྱིར་རྒྱུ་མེད་པར་སྨྲ་བ་དེ་ལ་ཡང་གྲུབ་པ་མེད་དོ། །ཁོ་བོས་དང་པོ་ཉིད་ དུ་ཡང་རྒྱུ་མེད་པར་སྨྲ་བ་དག་བསལ་ཟིན་པས་དེ་ནི་དངོས་པོ་མ་ཡིན་ནོ་ཞེས་བྱ་བ་ནི་གལ་ཏེ་རྒྱུ་མེད་པར་སྨྲ་བའི་ཕྱོགས་དག་གཅིག་ཡོད་དུ་ཟིན་ན་ནི་དེས་ན་ཁོ་བོས་འདིར་དེ་དག་དགག་པར་ཡང་བྱ་དགོས་པ་ཞིག་ན་ཁོ་བོས་རྐྱེན་བརྟག་པའི་རབ་ཏུ་བྱེད་པའི་སྐབས་སུ། བདག་ལས་མ་ཡིན་ གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བས་དང་པོ་ཉིད་དུ་ཡང་རྒྱུ་མེད་པར་སྨྲ་བ་དག་བསལ་ཟིན་པས་འདིར་རྒྱུ་མེད་པར་སྨྲ་བའི་ཕྱོགས་དག་ནམ་མཁའི་མེ་ཏོག་བཞིན་དུ་ཡོད་པ་མ་ཡིན་པས་དེས་ན་ཁོ་བོས་ འདིར་རྒྱུ་མེད་པར་སྨྲ་བའི་ཕྱོགས་མེད་པ་དེ་དག་ཡང་དགག་མི་དགོས་པས་དེའི་ཕྱིར་འདིར་རྒྱུ་མེད་པར་སྨྲ་བའི་ཕྱོགས་ལས་གླེངས་ཏེ་སྨྲ་བ་དེ་ནི་དོན་པོ་མ་ཡིན་ནོ། །གང་དག་གྲངས་ཅན་གྱི་ཚུལ་ལ་མཁས་སུ་རེ་བས་འདི་སྐད་ཅེས་ཁྱོད་ཀྱིས་ས་ལ་སོགས་པ་དག་གཟུགས་ལ་སོགས་པ་དག་ལས་གཞན་ མ་ཡིན་ནོ་ཞེས་སྨྲས་པས། དེ་དག་གཞན་མ་ཡིན་པ་ཉིད་དུ་ཁས་བླངས་པ་ཡིན་པས་དེས་ན་དོན་དམ་པར་ས་ལ་སོགས་པ་དག་རྫས་སུ་ཡོད་པར་ཤེས་པར་བྱར་ནུས་ཏེ། གཟུགས་ལ་སོགས་པ་དག་ལས་གཞན་ཉིད་མ་ཡིན་པའི་ཕྱིར་དཔེར་ན་གཟུགས་ལ་སོགས་པའི་རང་གི་བདག་ཉིད་བཞིན་ནོ་ ཞེས་ཟེར་ན་ཞེས་བྱ་བ་ནི་གྲངས་ཅན་གྱི་གཞུང་འཛིན་པ་གང་དག་གྲངས་ཅན་གྱི་གྲུབ་པའི་མཐའ་ལས་སྙིང་སྟོབས་དང་རྡུལ་དང་། མུན་པའི་རང་བཞིན་ནི་རྟག་པ་དང་ཐམས་ཅད་དུ་སོང་བའི་ཕྱིར་དངོས་པོ་ཐམས་ཅད་གཅིག་པ་ཉིད་ཡིན་ནོ་ཞེས་འབྱུང་བའི་ཚུལ་ལ་མཁས་སུ་རེ་བས་དེ་དག་དབུ་མ་པ་ལ་འདི་སྐད་ཅེས་དབུ་ མ་པ་ཁྱོད་ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་པོ་དག་ཀྱང་འདོད་པ་གཟུགས་ལ་སོགས་པ་རྒྱུར་བྱས་པའི་གཟུགས་དག་ཀྱང་འདོད་ཅིང་། ཁྱོད་ཀྱིས་ས་ལ་སོགས་པ་དག་ལས་གཞན་མ་ཡིན་ནོ་ཞེས་ཀྱང་སྨྲས་པས། དེས་ན་དོན་གྱིས་གོ་བ་ལས་ས་ལ་སོགས་པ་དེ་དག་གཟུགས་ལ་སོགས་པ་དག་ལས་གཞན་ མ་ཡིན་པ་གཅིག་པ་ཉིད་དུ་ཁས་བླངས་པ་ཡིན་པས་དེས་ན་དོན་དམ་པར་ས་ལ་སོགས་པ་དག་རྫས་སུ་ཡོད་པར་ཤེས་པར་བྱར་ནུས་ཏེ། གཟུགས་ལ་སོགས་པ་དག་ལས་གཞན་ཉིད་མ་ཡིན་པའི་ཕྱིར་དཔེར་ན་གཟུགས་ལ་སོགས་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་ཟེར་བ་ཡིན་ཏེ། དེ་དག་གི་སྒྲུབ་པ་དེ་ དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གཟུགས་ལ་སོགས་པའི་རང་གི་བདག་ཉིད་ནི་གཟུགས་ལ་སོགས་པ་དག་ལས་གཞན་ཉིད་མ་ཡིན་པའི་ཕྱིར་དོན་དམ་པར་རྫས་སུ་ཡོད་པར་ཤེས་པར་བྱར་ནུས་པ་དེ་ བཞིན་དུ་ས་ལ་སོགས་པ་དག་ཀྱང་གཟུགས་ལ་སོགས་པ་དག་ལས་གཞན་ཉིད་མ་ཡིན་པའི་ཕྱིར་དོན་དམ་པར་རྫས་སུ་ཡོད་པར་ཤེས་པར་བྱར་ནུས་སོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་ཅི་སྐད་བསྟན་པའི་ཚུལ་གྱིས་གཞན་མ་ཡིན་པ་ཉིད་མ་གྲུབ་པའི་ཕྱིར་གཏན་ ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་ནོ། །དཔེ་ཡང་མེད་དེ་གཟུགས་ལ་སོགས་པའི་རང་གི་བདག་ཉིད་བསལ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོས་སྔར་ཅི་ལྟར་གཟུགས་ས་ལ་སོགས་པ་དག་ལས་གཞན་མ་ཡིན་པ་དེ་བཞིན་དུ་ས་ལ་སོགས་པ་དག་གཟུགས་ལས་གཞན་མ་ཡིན་པ་དག་མ་ཡིན་ཏེ། འོག་ ནས་གཞན་མ་ཡིན་པ་ཉིད་ཀྱང་འགོག་པའི་ཕྱིར་དང་། གཞན་མ་ཡིན་པ་ཉིད་ཀྱིས་འོ་མ་ཡང་ཞོ་ཉིད་དུ་འགྱུར་བའམ། ཞོ་ཡང་འོ་མ་ཉིད་དུ་འགྱུར་ན་ནི་རུང་བའི་ཕྱིར་རོ། །དེའི་ཕྱིར། གཅིག་པ་ཉིད་དང་གཞན་ཉིད་དུ། །ཅི་ལྟར་བྱིས་པས་རྣམ་བརྟགས་ལྟར། །དངོས་པོ་གཞན་པ་མ་ཡིན་དང་། ། ཚོགས་ལས་གཞན་པ་གང་ནའང་མེད། །ཅེས་གསུངས་པ་དེ་གྲུབ་པ་ཡིན་ནོ་ཞེས་ཇི་སྐད་བསྟན་པའི་ཚུལ་གྱིས་གཅིག་པ་ཉིད་དང་གཞན་པ་ཉིད་བཀག་པས་གྲངས་ཅན་གྱི་གཞན་པ་ཉིད་མ་གྲུབ་པའི་ཕྱིར་ཁྱོད་ཀྱི་གཏན་ཚིགས་ཀྱི་དོན་གང་ཡང་རུང་བ་ལ་མ་གྲུབ་པ་ཉིད་ཡིན་ནོ། །ཁྱོད་ཀྱི་དཔེ་ཡང་མེད་དེ་ དོན་དམ་པར་གཟུགས་ལ་སོགས་པའི་རང་གི་བདག་ཉིད་བསལ་བའི་ཕྱིར། ཁོ་བོ་ལ་གཟུགས་ལ་སོགས་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བའི་དཔེ་མ་གྲུབ་པས་ཁྱོད་ལ་དཔེའི་ཆོས་ཅན་མ་གྲུབ་པའི་སྐྱོན་ཡང་ཡོད་དོ། །གཞན་དག་ན་རེ་དོན་དམ་པར་ས་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ། དེ་ དག་གི་འབྲས་བུ་ཡོད་པའི་ཕྱིར་རོ། །འདི་ན་གང་མེད་པ་དེ་ལ་ནི་འབྲས་བུ་གཟུང་དུ་མེད་དེ་དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །ས་ལ་སོགས་པ་དག་ལ་ནི་འབྲས་བུ་གཟུགས་ལ་སོགས་པ་དག་ཡོད་པས་དེའི་ཕྱིར། ས་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་འདི་ཕ་རོལ་པོ་དག་ འབྲས་བུ་གཟུགས་ལ་སོགས་པ་དག་ཡོད་པའི་སྒོ་ནས་རྒྱུ་ས་ལ་སོགས་པ་དག་ཡོད་པར་སྒྲུབ་པ་ཡིན་ཏེ། དེ་དག་གི་སྦྱོར་བའི་ཚིག་དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་ བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། གལ་ཏེ་གཟུགས་ནི་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཞིག་ཡོད་ན་ནི། །འབྲས་བུ་མེད་པའི་རྒྱུར་འགྱུར་ཏེ། །འབྲས་བུ་མེད་པའི་རྒྱུ་མེད་དོ། ། ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཁོ་བོའི་ཕྱོགས་ལ་གལ་ཏེ་གཟུགས་མ་གཏོགས་པར་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་ཞིག་ཡོད་ན་ནི་དེས་ན་འབྲས་བུ་མེད་པའི་རྒྱུར་འགྱུར་ཏེ། འབྲས་བུ་གཟུགས་ལ་སོགས་པའི་མཚན་ཉིད་ཀྱིས་འབྲས་བུ་མེད་པའི་རྒྱུར་འགྱུར་བའི་ཕྱིར་རོ། །གཞན་ཡིན་པའི་ ཕྱིར་རྩི་རྐྱང་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་ཁོ་བོ་ཅག་དབུ་མ་པའི་ཕྱོགས་ལ་དོན་དམ་པར་འབྱུང་བ་ལས་གྱུར་པའི་གཟུགས་ནི་ངོ་བོ་ཉིད་མེད་པ་ཉིད་དུ་གྲུབ་པས། གལ་ཏེ་ཁྱེད་གཟུགས་མ་གཏོགས་པར་དོན་དམ་པར་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་དག་ཡོད་པར་འདོད་ན། དེ་ལྟ་ན་གཟུགས་ཀྱི་རྒྱུ་ ས་ལ་སོགས་པ་དེ་དག་གཟུགས་ལས་ཐ་དད་པར་གཞན་དུ་གྱུར་པ་ཡིན་པར་ཁས་བླངས་པ་དེས་ན་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་དེ་དག་འབྲས་བུ་མེད་པ་ཅན་དུ་འགྱུར་ཏེ། འབྲས་བུ་གཟུགས་དང་སྒྲ་ལ་སོགས་པའི་མཚན་ཉིད་འབྱུང་བ་ལས་གྱུར་པ་དག་ནི་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་ལ། གཟུགས་ ཀྱི་རྒྱུ་ས་ལ་སོགས་པ་འབྱུང་བ་དག་ནི་དོན་དམ་པར་ཡོད་པར་འདོད་པའི་ཕྱིར་རོ། །འོན་ཏེ་འབྲས་བུ་གཟུགས་ལ་སོགས་པ་དག་ནི་ཀུན་རྫོབ་ཏུ་ཡོད་ལ། རྒྱུ་ས་ལ་སོགས་པ་དག་ནི་དོན་དམ་པར་ཡོད་པར་འདོད་ན། དེ་ལྟ་ན་ཡང་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་མ་ཡིན་ཏེ། གཞན་ཡིན་པའི་ཕྱིར་དཔེར་ ན་རྩི་རྐྱང་ལ་སོགས་པ་ནི་གཟུགས་ལས་གཞན་ཡིན་པའི་ཕྱིར། གཟུགས་ཀྱི་རྒྱུ་མ་ཡིན་པ་དེ་བཞིན་དུ་ས་ལ་སོགས་པ་དག་ཀྱང་དོན་དམ་པ་ཡིན་ན། གཟུགས་ཀུན་རྫོབ་པ་ལས་གཞན་ཡིན་པའི་ཕྱིར་གཟུགས་ཀྱི་རྒྱུ་མ་ཡིན་ནོ། །འབྲས་བུ་མེད་པར་རྒྱུ་ཡོད་པ་ནི་མ་མཐོང་སྟེ། དེའི་ཕྱིར། འབྲས་བུ་མེད་པའི་རྒྱུ་མེད་དོ་ཞེས་བྱ་བ་ནི། དེ་ཡང་གཟུགས་ལ་སོགས་པ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། ས་ལ་སོགས་པའི་རྒྱུ་དེ་ཡང་གཟུགས་ལ་སོགས་པ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་པར་དགོངས་སོ། །དེའི་ ཕྱིར་རྒྱུ་བཞིན་དུ་འབྲས་བུ་ཡང་མ་གྲུབ་པའི་ཕྱིར། དེ་དག་གི་འབྲས་བུ་ཡོད་པའི་ཕྱིར་རོ་ཞེས་སྔར་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་ཡོད་དོ་ཞེས་བྱ་བ་ནི་རྒྱུ་ས་ལ་སོགས་པ་དེ་ཡང་གཟུགས་ལ་སོགས་པ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར། དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་པར་ དགོངས་པ་དེའི་ཕྱིར་རྒྱུ་ས་ལ་སོགས་པ་ཡང་མ་གྲུབ་ལ་འབྲས་བུ་གཟུགས་ལ་སོགས་པ་ཡང་དོན་དམ་པར་མ་གྲུབ་པའི་ཕྱིར་སྔར་གཞན་དག་ན་རེ་དོན་དམ་པར་ས་ལ་སོགས་པ་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་གི་འབྲས་བུ་ཡོད་པའི་ཕྱིར་རོ་ཞེས་ཟེར་བའི་གཏན་ཚིགས་ཀྱི་དོན་དེ་གང་ཡང་རུང་བ་ལ་མ་གྲུབ་པ་ཉིད་ ཀྱི་སྐྱོན་ཡོད་པ་ཡིན་ནོ། །ཕྱིར་གྲགས་པ་གཏན་ཚིགས་ཉིད་དུ་བརྗོད་ན་ནི་དོན་འགལ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གལ་ཏེ་གཏན་ཚིགས་ཀྱི་དོན་གང་ཡང་རུང་བ་ལ་མ་གྲུབ་པ་ཉིད་ཀྱི་སྐྱོན་ཡོད་པ་དེ་སྤང་བའི་ཕྱིར་དབུ་མ་པ་དང་ཕ་རོལ་པོ་རང་ལ་ཡང་ཀུན་རྫོབ་ཏུ་ས་ལ་སོགས་པ་དེ་དག་གི་འབྲས་བུ་ཡོད་པའི་ཕྱིར་ གྲགས་པ་གཏན་ཚིགས་ཉིད་དུ་བརྗོད་ན་ནི་ཁྱེད་དོན་དམ་པར་སྒྲུབ་པ་དང་དོན་འགལ་བ་ཉིད་ཡིན་ཏེ། ཁྱེད་ཀྱི་གཏན་ཚིགས་དེ་རྣམ་པ་དེ་དག་གིས་སུན་ཕྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །སུན་དབྱུང་བའི་ལན་གཞན་ཡང་ཡོད་དེ། འདི་ལ་གཟུགས་ཀྱི་རྒྱུ་ཞིག་བརྟག་ན་གཟུགས་ཡོད་པ་འམ་མེད་པ་ལ་བརྟག་ གྲང་ན། གཉི་ག་ལ་ཡང་མི་འཐད་པར་བཤད་པ་ཞེས་བྱ་བས་ནི། གཟུགས་ཀྱི་རྒྱུ་མི་འཐད་པར་སུན་དབྱུང་བའི་ལན་གཞན་སྟོན་ཏོ། །འདི་ལ་ཞེས་བྱ་བ་ནི་དོན་དམ་པར་རོ། །དོན་དམ་པར་རྒྱུར་བྱས་པའི་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་འབྱུང་བ་དག་ཡོད་པར་བརྟག་ན། གཟུགས་ཡོད་པའམ་ མེད་པ་ལ་རྒྱུ་ལ་སོགས་པ་ལ་དོན་དམ་པར་ཡོད་པར་བརྟག་གྲང་ན། ཕྱོགས་གཉི་ག་ཡང་མི་འཐད་པར་བཤད་པ་སྟོན་ཏོ། །གཟུགས་ཡོད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །ཡོད་པའི་ཕྱིར་དཔེར་ན་བུམ་པ་དང་སྣམ་བུ་ཡོད་པ་བཞིན་ནོ་ཞེས་བྱ་བས་ནི། གཟུགས་ ཡོད་པ་ལ་གཟུགས་ཀྱི་རྒྱུ་མི་འཐད་པ་ཉིད་བསྟན་ཏེ། གཟུགས་ཡོད་པའི་ཕྱིར་དཔེར་ན་བུམ་པ་དང་སྣམ་བུ་ཡོད་པ་ལ་དེའི་རྒྱུ་མི་འཐད་པ་བཞིན་ནོ། །ཅི་སྟེ་མེད་ན་ཡང་། གཟུགས་མེད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །ས་ལ་སོགས་པ་ འདོད་པ་སྟེ། །སྐྱེ་བའི་སྔོན་རོལ་ན་མེད་པའི་ཕྱིར་དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བས་ནི་གཟུགས་མེད་པ་ལ་ཡང་གཟུགས་ཀྱི་རྒྱུ་མི་འཐད་པ་ཉིད་བསྟན་ཏེ། རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །ཅེས་བྱ་བའི་ཚིག་གི་དོན་ཅི་ཞེ་ན། ས་ལ་སོགས་པ་རྒྱུར་འདོད་པ་འཐད་པར་ མི་འགྱུར་བ་ཉིད་ཡིན་པ་སྟེ། ཅིའི་ཕྱིར་ཞེ་ན། གཟུགས་སྐྱེ་བའི་སྔོན་རོལ་མ་སྐྱེས་པའི་དུས་ན་གཟུགས་མེད་པའི་ཕྱིར། དཔེར་ན་གཟུགས་མེད་པ་དེ་ལས་གཞན་པ་ནམ་མཁའི་མེ་ཏོག་ལ་སོགས་པ་མེད་པ་དག་ལ་རྒྱུ་ཡོད་པར་མི་འཐད་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ། །འདིར་སྐྱེ་བ་མེད་པའི་ རབ་ཏུ་བྱེད་པར་བསྟན་པའི་སུན་དབྱུང་བ་རྗེས་སུ་བཟླས་པས་སུན་དབྱུང་བར་བརྗོད་པར་རིག་པར་བྱའོ་ཞེས་བྱ་བ་ནི། གཟུགས་ཡོད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །གཟུགས་མེད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །ཅེས་བཤད་པའི་ སྐབས་འདིར་སྔར་རྐྱེན་བརྟག་པའི་རབ་ཏུ་བྱེད་པར། མེད་དམ་ཡོད་པའི་དོན་ལ་ཡང་། །རྐྱེན་ནི་རུང་བ་མ་ཡིན་ཏེ། །མེད་ན་གང་གི་རྐྱེན་དུ་འགྱུར། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་བསྟན་པའི་སུན་དབྱུང་བ་རྗེས་སུ་བཟླས་པས། མེད་དམ་ཡོད་པའི་གཟུགས་ལ་ཡང་། །རྒྱུ་ནི་འཐད་ པ་མ་ཡིན་ཏེ། །མེད་ན་གང་གི་རྒྱུར་ཡང་འགྱུར། །ཡོད་ན་རྒྱུ་ཡིས་ཅི་ཞིག་བྱ། །ཞེས་སུན་དབྱུང་བ་བརྗོད་པར་རིག་པར་བྱའོ། །རྒྱུ་མེད་པར་སྨྲ་བ་དག་རྒྱུ་མེད་པ་ཁོ་ནའོ་ཞེས་ཟེར་བས་དེ་དག་གི་ཕྱིར་བཤད་པ། རྒྱུ་མེད་པ་ཡི་གཟུགས་དག་ནི། །འཐད་པར་མི་རུང་རུང་མ་ཡིན། །ཀུན་རྫོབ་ ཏུ་ཡང་དེ་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་འཇིག་རྟེན་རྒྱང་འཕེན་པ་ལ་སོགས་པ་རྒྱུ་མེད་པར་སྨྲ་བ་དག་ན་རེ་དངོས་པོ་ཐམས་ཅད་རྒྱུ་མེད་པ་ཁོ་ན་ལས་སྐྱེ་བས། གཟུགས་ཀྱང་རྒྱུ་མེད་པ་ཁོ་ན་ལས་སྐྱེའོ་ཞེས་ཟེར་བས་དེ་དག་དགག་པའི་ཕྱིར་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་ ཚིག་ལེའུར་བྱས་པའི་ཕྱེད་གོང་མ་འདི་བཤད་པ་ཡིན་ཏེ། རྒྱུ་མེད་པ་ཅན་གྱི་ཕྱོགས་དེ་ནི་ཀུན་རྫོབ་ཏུ་ཡང་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་ནས། དེ་ནི་ཐ་ཆད་ཁོ་ན་ཡིན་པའི་ཕྱིར་འཐད་པར་མི་རུང་བ་ཉིད་དེ་རུང་བ་མ་ཡིན་ནོ་ཞེས་ཡང་དང་ཡང་དུ་ངེས་པར་བཟུང་སྟེ་བཤད་དོ། །ཡང་ན་ བྱེ་བྲག་ཏུ་སྨྲ་བ་དག་མ་འོངས་པའི་གཟུགས་ཀྱང་ཡོད་དོ་ཞེས་ཟེར་བས་དེ་དག་གི་ཕྱིར་བཤད་པ། རྒྱུ་མེད་པ་ཡི་གཟུགས་དག་ནི། །འཐད་པར་མི་རུང་རུང་མ་ཡིན། །མ་འོངས་པའི་སྐྱེ་བའི་རྒྱུ་མ་བླངས་པ་བདག་ཉིད་ཀྱི་དངོས་པོ་མ་ཐོབ་པ་ནི་ཐ་སྙད་དུ་ཡང་ཡོད་པར་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་ སོ་ཞེས་ཟེར་བ་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་ཐམས་ཅད་ཡོད་པར་སྨྲ་བ་དག་ན་རེ་དངོས་པོ་ཐམས་ཅད་ནི་དུས་ཐམས་ཅད་དུ་ཡོད་པ་ཡིན་པས་མ་འོངས་པའི་གཟུགས་ཀྱང་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་བས་དེའི་ཕྱིར་དེ་དག་ཀྱང་རྒྱུ་མེད་པར་སྨྲ་བ་དག་དང་མཚུངས་པ་དག་ཁོ་ན་ཡིན་པས་དེ་དག་དགག་པའི་ཕྱིར་ཡང་ སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་ཚིག་ལེའུར་བྱས་པའི་ཕྱིར་གོང་མ་འདི་བཤད་པ་ཡིན་ཏེ། མ་འོངས་པའི་གཟུགས་གང་གིས་རང་གི་སྐྱེ་བའི་རྒྱུ་མ་བླངས་ཤིང་རང་གི་སྐྱེ་བའི་རྒྱུ་མ་བླངས་པའི་ཕྱིར་བདག་ཉིད་ཀྱི་དངོས་པོ་མ་ཐོབ་པ་དེ་ནི་ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་གཏན་མེད་པ་ཡིན་པས་ཡོད་པར་མི་འགྲུབ་པའི་ ཕྱིར་རོ་ཞེས་བྱ་བར་དགོངས་ནས། དེ་ཡང་ཐ་ཆད་ཁོ་ན་ཡིན་པའི་ཕྱིར་འཐད་པར་མི་རུང་བ་ཉིད་དེ་རུང་བ་མ་ཡིན་པ་ཉིད་དོ་ཞེས་ཡང་དང་ཡང་དུ་ངེས་པར་བཟུང་སྟེ་བཤད་དོ། །གང་གི་ཕྱིར་དེ་ལྟར་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་བདག་ཉིད་ཀྱི་གཟུགས་རྣམ་པ་ཐམས་ཅད་དུ་མི་འཐད་པ། དེ་ཕྱིར་གཟུགས་ ཀྱི་རྣམ་པར་རྟོག །འགའ་ཡང་རྣམ་པར་བརྟག་མི་བྱ། །ཞེས་བྱ་བ་ནི་གང་གི་ཕྱིར་གཟུགས་ཀྱི་རྒྱུ་མ་གཏོགས་པར་གཟུགས་དམིགས་པར་མི་འགྱུར་བ་དང་། གཟུགས་ཡོད་པ་དང་མེད་པ་ལ་ཡང་གཟུགས་ཀྱི་རྒྱུ་མི་འཐད་པ་དང་། རྒྱུ་མེད་པའི་གཟུགས་ནི་འཐད་པར་མི་རུང་བ་ཉིད་དེ། རུང་བ་མ་ ཡིན་པ་ཉིད་ཡིན་པ་དེའི་ཕྱིར་གཟུགས་ཀྱི་རྣམ་པར་རྟོག་པ་འགའ་ཡང་རྣམ་པར་བརྟག་པར་མི་བྱ་སྟེ། འདི་ལྟར་གནས་མེད་པ་ལ་བརྟག་པར་མི་རིགས་པའི་ཕྱིར་རོ། །གང་ཟག་ཅི་ལྟ་བུས་གཟུགས་ཀྱི་རྣམ་པར་བརྟག་པར་མི་བྱ་ཞེ་ན། དེ་ལ་རེ་ཞིག་གང་ཟག་ཅི་ལྟ་བུས་རྣམ་པར་བརྟག་པར་མི་བྱ་བ་ བསྟན་པའི་ཕྱིར་མཁས་པ་ཆོས་ཀྱི་དེ་ཁོ་ན་རྣམ་པར་རྟོག་པ་དང་ལེགས་པར་བྲལ་བ་རྟོགས་པར་འདོད་པ་ཡང་དག་པའི་ཤེས་པའི་མིག་ཡང་དག་པར་བྱེ་བས་ཞེས་བྱ་བ་སྨྲས་ཏེ། བྱང་ཆུབ་སེམས་དཔའ་མཁས་པ་གང་ཆོས་ཀྱི་དེ་ཁོ་ན་རྣམ་པར་རྟོག་པ་དང་ལེགས་པར་བྲལ་བ་རྟོགས་ པར་འདོད་པ་དམིགས་པ་མེད་པའི་དོན་ཡང་དག་པར་ཡུལ་ལ་དམིགས་པ་མེད་པའི་ཚུལ་གྱིས་ཤེས་པའི་མིག་ཡང་དག་པར་བྱེ་བས་རྣམ་པར་བརྟག་པར་མི་བྱའོ། །གཟུགས་ཀྱི་རྣམ་པར་རྟོག་པ་གང་དག་ལ་རྣམ་པར་བརྟག་པར་མི་བྱ་བ་བསྟན་པའི་ཕྱིར། གཟུགས་རྫས་སུ་ཡོད་པ་དང་། རྒྱུ་ལས་གཞན་ པ་དང་། རྒྱུ་ལས་གཞན་མ་ཡིན་པ་དང་། དེ་དག་ལ་སོགས་པ་ཁ་དོག་དང་དབྱིབས་ཀྱི་དབྱེ་བ་ལ་སོགས་པ་ཡུལ་གྱི་རྣམ་པར་རྟོག་པ་མང་པོ་ཞེས་བྱ་བ་སྨྲས་སོ། །གཟུགས་ཀྱི་རྣམ་པར་རྟོག་པ་དེ་དག་ཀྱང་ཅི་ལྟ་བུ་ཡིན་པ་བསྟན་པའི་ཕྱིར། བུ་མ་བཙས་པའི་རྨི་ལམ་ན་བུའི་གཟུགས་དང་སྤྱོད་པ་ལ་སོགས་ པའི་ཡུལ་དག་མཐོང་ནས་སད་པ་ལྟ་བུ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་མོ་གཤམ་དམུས་ལོང་མ་བུ་བཙས་མ་མྱོང་བ་དང་ཁ་དོག་དང་དབྱིབས་དང་སྤྱོད་པ་ལ་སོགས་པའི་ཡུལ་མཐོང་མ་མྱོང་བའི་རྨི་ལམ་ན་རང་གི་བུ་བཙས་པ་དང་མིག་མཐོང་བ་རྨིས་ནས་རང་གི་བུ་ཁ་དོག་དང་དབྱིབས་མཐའ་ཡས་པའི་གཟུགས་ དང་ལྡན་པ་ལ་རྣམ་པར་བརྟགས་པ་དང་། སྤྱོད་པ་ལ་སོགས་པའི་ཡུལ་ལ་ལོངས་སྤྱོད་པ་མང་པོ་ལ་རྣམ་པར་བརྟགས་ནས་གཉིད་སད་པའི་དུས་ན་རང་གི་བུ་བཙས་པ་ཡང་མེད་མིག་གིས་མཐོང་བ་ཡང་མེད་རྣམ་པར་བརྟགས་པ་ཡང་མེད་པར་ཤེས་པ་དེ་བཞིན་དུ། བྱིས་པ་འཁོར་བ་ན་ཕྱིན་ཅི་ལོག་གིས་བསླད་ པའི་བློ་ལ་གཟུགས་རྫས་སུ་ཡོད་པ་དང་རྒྱུ་ལས་གཞན་པ་དང་། རྒྱུ་ལས་གཞན་མ་ཡིན་པ་ལ་སོགས་པའི་ཡུལ་གྱི་རྣམ་པར་རྟོག་པ་དག་མཐོང་བ་ལས་གང་གི་ཚེ་ཆོས་ཀྱི་དེ་ཁོ་ན་ཉིད་རྣམ་པར་རྟོག་པ་དང་ལེགས་པར་བྲལ་བ་རྟོགས་ཤིང་ཡང་དག་པའི་ཤེས་པའི་མིག་ཡང་དག་པར་བྱེ་བས་མི་སྐྱེ་བའི་ ཆོས་ལ་བཟོད་པ་ཐོབ་པ་དེའི་ཚེ་ན་གཟུགས་ལ་སོགས་པའི་རྣམ་པར་རྟོག་པ་རང་བཞིན་མེད་པར་མཐོང་བས་དེ་ལྟ་བུའི་རྣམ་པར་རྟོག་པ་དག་ལ་རྣམ་པར་བརྟག་པར་མི་བྱ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་འཁོར་བའི་གཉིད་ལས་སད་པའི་ཕྱིར་འཁོར་བའི་གནས་སྐབས་ན་དམིགས་པའི་ཡུལ་ལ་དམིགས་པ་ མེད་པས་དེ་ལ་རྣམ་པར་བརྟག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་དེ་ལྟར་གཟུགས་ཀྱི་རྒྱུ་མི་འཐད་པའི་ཕྱིར་ཅི་སྐད་སྨྲས་པའི་སྐྱོན་དང་མ་བྲལ་ལོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། སྔར་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་། དོན་འགལ་བ་ཉིད་སོ་ན་ གནས་པ་ཡིན་ནོ།། །།བམ་པོ་སུམ་ཅུ་གཉིས་པ། ཡང་གཞན་ཡང་འདི་ན་རྒྱུའི་ཡོན་ཏན་སྔ་ན་ཡོད་པའི་རིམ་གྱིས་འབྲས་བུ་ལ་ཡང་ཡོན་ཏན་མཐོང་བའི་མཚན་ཉིད་ཀྱིས་གང་དག་འབྲས་བུ་རྒྱུ་དང་འདྲའོ་ཞེས་ཟེར་བ་དེ་དག་གི་ཕྱིར་བཤད་པ། འབྲས་བུ་རྒྱུ་དང་འདྲ་བ་ཞེས། །བྱ་བ་འཐད་ པ་མ་ཡིན་ཏེ། །འབྲས་བུ་རྒྱུ་དང་འདྲ་བ་བསྟན་པ་འཐད་པ་མ་ཡིན་ཏེ། རྒྱུ་དེ་འབྲས་བུ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ལ་སོགས་པས་ཀྱང་གཟུགས་ཀྱི་རྒྱུ་མི་འཐད་པའི་སྒོ་ནས་གཟུགས་འབྱུང་བ་རྣམས་ཀྱི་འབྲས་བུ་ཡིན་པར་མི་འཐད་པ་ཉིད་བསྟན་ཏོ། །དེ་ཡང་འཇིག་རྟེན་འདི་ན་རྒྱུར་བྱས་ པའི་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་འབྱུང་བ་རྣམས་ཀྱི་ཡོན་ཏན་སྲ་བ་ཉིད་དང་གཤེར་བ་ཉིད་དང་ཚ་བ་ཉིད་དང་། ཡང་ཞིང་གཡོ་བ་ཉིད་དག་སྔ་ན་ཡོད་པའི་རིམ་གྱིས་ཕྱིའི་འབྲས་བུ་རྒྱུར་བྱས་པའི་གཟུགས་ལ་ཡང་འབྱུང་བའི་ཡོན་ཏན་དེ་དག་ཡོད་པར་མཐོང་བར་མཚན་ཉིད་ཀྱིས་རང་གི་སྡེ་པ་དང་། ཕྱི་རོལ་པ་གང་ དག་འབྲས་བུ་རྒྱུ་དང་འདྲ་བས་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་དག་ཀྱང་ཡོད་ལ་གཟུགས་ཀྱང་དེ་དག་གི་འབྲས་བུ་ཡིན་པས་དོན་དམ་པར་རྫས་སུ་ཡོད་པ་ཡིན་ནོ་ཞེས་ཟེར་བ་དེ་དག་དགག་པའི་ཕྱིར་བསྟན་བཅོས་མཛད་པས་འདིར་ཚིག་ལེའུར་བྱས་པའི་ཕྱེད་གོང་མ་འདི་བཤད་པ་ཡིན་ཏེ། གལ་ཏེ་རྒྱུའི་ཡོན་ཏན་ དག་འབྲས་བུ་ལ་ཡང་ཡོད་པ་ཡིན་ན་དེས་ན་རྒྱུ་ཉིད་འབྲས་བུ་ཡིན་པར་འགྱུར་བ་ཞིག་ན་དེ་ལྟ་བུ་ཡང་མ་ཡིན་པས་དེའི་ཕྱིར་རྒྱུ་དེ་ཉིད་འབྲས་བུ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ནི་བསྒྲུབ་པར་བྱ་བ་ཆོས་སྨྲ་བར་འདོད་པའི་རྒྱུ་རྒྱུ་མ་ཡིན་པ་ཉིད་དང་སྒྲུབ་པའི་ཆོས་འདྲ་བར་བསྟན་པ་ཉེ་བར་གཞག་གོ་ ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་ཕྱེད་གོང་མ་འདི་བཤད་པའི་སྐབས་འདིར་བསྒྲུབ་པར་བྱ་བ་ཆོས་ནི་ཕ་རོལ་པོ་གཟུགས་ཀྱི་རྒྱུར་སྨྲ་བར་འདོད་པ་ས་ལ་སོགས་པར་འབྱུང་བ་དག་གཟུགས་ཀྱི་རྒྱུ་མ་ཡིན་པ་ཉིད་དུ་བསྒྲུབ་པར་བྱ་བ་སྟེ། སྨྲ་བ་འདོད་པའི་རྒྱུ་རྒྱུ་མ་ཡིན་པ་ཉིད་ཅེས་ཉེ་བར་བཞག་པ་ཡིན་ནོ། །སྒྲུབ་ པའི་ཆོས་ནི་འབྲས་བུ་རྒྱུ་དང་འདྲ་བ་ཡིན་ཏེ། འདྲ་བར་བསྟན་པ་ཞེས་ཉེ་བར་བཞག་པ་ཡིན་ནོ། །དཔེ་ནི་དེའི་དབང་གིས་ཏེ། རྒྱུད་ཐ་དད་པའི་རྫས་ཡིན་ནོ་ཞེས་བྱ་བ་ནི་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་དག་གཟུགས་ཀྱི་རྒྱུ་མ་ཡིན་པ་ཉིད་དུ་སྒྲུབ་པའི་ཆོས་མཐུན་པའི་དཔེ་ནི་བསྒྲུབ་ པར་བྱ་བ་དང་། སྒྲུབ་པའི་ཆོས་དེའི་དབང་གིས་བསྟན་དགོས་ཏེ། རྒྱུད་ཐ་དད་པའི་རྫས་རང་ལས་དོན་གཞན་དུ་གྱུར་པ་གང་ལ་བསྒྲུབ་པར་བྱ་བ་ཆོས་ཕ་རོལ་པོས་སྨྲ་བར་འདོད་པའི་རྒྱུ་འབྲས་བུའི་རྒྱུ་མ་ཡིན་པ་ཉིད་དང་། སྒྲུབ་པའི་ཆོས་འབྲས་བུ་རྒྱུ་དང་འདྲ་བ་ཞེས་བྱ་བ་དག་ཡོད་པ་ཡིན་ནོ། །འདིར་ སྦྱོར་བའི་ཚིག་ནི་དོན་དམ་པར་སྨྲ་བར་འདོད་པའི་རྒྱུ་རྒྱུ་སྤུན་སྔོན་པོ་ནི་ལ་བ་སྔོན་པོའི་རྒྱུ་མ་ཡིན་ཏེ། འདྲ་བའི་ཕྱིར་དཔེར་ན་དེ་ལས་གཞན་པའི་ལ་བ་སྔོན་པོ་བཞིན་ནོ་ཞེས་བྱ་བ་དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ ན་ཕ་རོལ་པོ་སྨྲ་བར་འདོད་པའི་ལ་བ་སྔོན་པོ་དེ་ལས་གཞན་པ་རྒྱུད་ཐ་དད་པའི་ལ་བ་སྔོན་པོ་ནི་ཕ་རོལ་པོ་སྨྲ་བར་འདོད་པའི་རྒྱུ་རྒྱུ་སྤུན་སྔོན་པོ་དང་འདྲ་བའི་ཕྱིར་དེའི་རྒྱུ་རྒྱུ་སྔོན་པོ་མ་ཡིན་པ་དེ་བཞིན་དུ་ཕ་རོལ་སྨྲ་བར་འདོད་པའི་ལ་བ་སྔོན་པོ་དེ་ཡང་ཕ་རོལ་པོ་སྨྲ་བར་འདོད་པའི་རྒྱུ་རྒྱུ་སྤུན་སྔོན་པོ་དང་འདྲ་བའི་ཕྱིར་དེའི་རྒྱུ་ རྒྱུ་སྤུན་སྔོན་པོ་མ་ཡིན་ནོ། །འདིར་གྲངས་ཅན་དག་ན་རེ་དེ་ལས་གཞན་པའི་ལ་བ་སྔོན་པོ་ལ་ཡང་སྨྲ་བར་འདོད་པའི་ལ་བ་སྔོན་པོའི་རྒྱུ་མེད་པར་མ་གྲུབ་པའི་ཕྱིར་དཔེ་མེད་དོ་ཞེས་ཟེར་རོ་ཞེས་ཟེར་བ་ནི་སྔར་དབུ་མ་པས་དཔེར་ན་དེ་ལས་གཞན་པའི་ལ་བ་སྔོན་པོ་བཞིན་ནོ་ཞེས་སྨྲས་པ་དེ་ལ་འདིར་གྲངས་ཅན་དག་ན་རེ་ དཔེ་དེ་མ་གྲུབ་པོ་ཞེས་ཟེར་བ་ཡིན་ཏེ། གྲངས་ཅན་དག་ན་རེ་གང་གི་ཚེ་འཇིག་པ་ཆེན་པོ་འབྱུང་བའི་ཚེ་ན་འཇིག་རྟེན་གསུམ་གྱི་གསལ་བར་ཞིག་པར་གྱུར་པ་དག་གཙོ་བོ་བག་ལ་ཞ་བར་གྱུར་ནས་གང་གི་ཚེ་ཕྱིར་འཆགས་པ་དེའི་ཚེ་ན་མཆོད་སྦྱིན་གྱི་ལ་བ་སྔོན་པོའི་རྒྱུ་གང་དག་ཡིན་པ་དེ་དག་ལྷས་བྱིན་གྱི་ལ་བ་ སྔོན་པོའི་རྒྱུར་ཡང་འགྱུར་ལ་དེ་ལྟར་ཡང་གང་གི་ཚེ་ལྷས་བྱིན་གྱི་ལ་བ་སྔོན་པོ་རལ་བར་གྱུར་པ་དེའི་ཚེ་མཆོད་སྦྱིན་གྱི་ལ་བ་སྔོན་པོའི་རྒྱུ་སྤུན་དག་གིས་འཚེམ་པར་བྱེད་པ་མཐོང་བས་སྨྲ་བར་འདོད་པའི་རྒྱུ་རྒྱུ་སྤུན་སྔོན་པོ་དེ་དེ་ལས་གཞན་པའི་ལ་བ་སྔོན་པོའི་རྒྱུ་མ་ཡིན་པར་མ་གྲུབ་པའི་ཕྱིར་ཁྱེད་དབུ་མ་པའི་དཔེ་ མེད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁོ་བོའི་དཔེ་མ་གྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན་ད་ལྟར་དེ་འབྱུང་བའི་རྒྱུའི་དངོས་པོ་མ་ཡིན་པར་གྲུབ་པ་ཉིད་དཔེ་ཉིད་དུ་འདོད་ པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། ད་ལྟར་གྱི་དུས་ཉིད་ན་གང་གི་ཚེ་ཕ་རོལ་པོ་སྨྲ་བར་འདོད་པ་དེ་ལས་གཞན་པ་ལྷས་བྱིན་གྱི་ལ་བ་སྔོན་པོ་བྱེད་པ་དེའི་ཚེ་ན་ལྷས་བྱིན་གྱི་ལ་བ་སྔོན་པོ་དེ་འབྱུང་བའི་རྒྱུའི་དངོས་པོ་ཕ་རོལ་པོ་སྨྲ་བར་འདོད་པའི་རྒྱུ་རྒྱུ་སྤུན་སྔོན་པོ་མ་ཡིན་པར་གྲུབ་པ་ཉིད་ཁོ་བོ་དཔེ་ཉིད་དུ་འདོད་ཀྱི་ཁྱེད་ཀྱི་ གང་གི་ཚེ་འཇིག་པ་ཆེན་པོ་བྱུང་བ་དེའི་ཚེ་ན་འཇིག་རྟེན་གསུམ་གྱི་གསལ་བ་ཞིག་པར་གྱུར་པ་དག་གཙོ་བོ་བག་ལ་ཞ་བར་གྱུར་ནས་གང་གི་ཚེ་ཕྱིར་འཆགས་པ་དེའི་ཚེ་ན་མཆོད་སྦྱིན་གྱི་ལ་བ་སྔོན་པོའི་རྒྱུ་གང་དག་ཡིན་པ་དེ་དག་ལྷས་བྱིན་གྱི་ལ་བ་སྔོན་པོའི་རྒྱུར་འགྱུར་བ་དང་། ད་ལྟར་ཡང་གང་གི་ཚེ་ལྷས་བྱིན་ གྱི་ལ་བ་སྔོན་པོ་རལ་བར་གྱུར་པ་དེའི་ཚེ་མཆོད་སྦྱིན་གྱི་ལ་བ་སྔོན་པོའི་རྒྱུ་སྤུན་དག་གིས་འཚེམ་པར་བྱེད་པ་ཞེས་བྱ་བ་དེ་ཁོ་བོའི་དཔེ་ཉིད་དུ་མི་འདོད་པའི་ཕྱིར་ཁོ་བོའི་དཔེ་མ་གྲུབ་པ་མ་ཡིན་ནོ། །གཞན་ཡང་དགག་པ་འདི་ནི་སྒྲ་གང་དག་ལྷན་ཅིག་སྦྱོར་བར་བྱེད་པ་དེའི་བརྗོད་པར་བྱ་བའི་དོན་དགག་པ་ཁོ་ ནས་མཐུ་ཉེ་བར་ཟད་པ་ཡིན་ཏེ། དེ་ནི་དེའི་ཁྱད་པར་མི་སྟོན་པའི་ཕྱིར་བྲམ་ཟེ་མ་ཡིན་ནོ་ཞེས་བྱ་བ་བཞིན་པས་སྐྱོན་མེད་དོ་ཞེས་བྱ་བ་ནི་དེའི་ཕྱིར་ཁོ་བོའི་དཔེ་མ་གྲུབ་པའི་སྐྱོན་མེད་པས་ཁྱོད་ཀྱི་ཀླན་ཀ་དེ་བཟང་པོ་མ་ཡིན་ཏེ། ཅི་ལྟ་ཞེ་ན། ཁོ་བོས་རབ་ཏུ་བྱེད་པའི་གནས་སྐབས་ཐམས་ཅད་དུ་དགག་པ་བསྟན་ཏོ་ཅོག་ ནི་མེད་པར་དགག་པའི་དོན་ཡིན་གྱི་མ་ཡིན་པར་དགག་པའི་དོན་མ་ཡིན་པས་འདིར་དོན་དམ་པར་སྨྲ་བར་འདོད་པའི་རྒྱུ་རྒྱུ་སྤུན་སྔོན་པོ་ནི་ལ་བ་སྔོན་པོའི་རྒྱུ་མ་ཡིན་ཏེ་ཞེས་བྱ་བའི་དགག་པ་འདི་ཡང་རྒྱུ་མ་ཡིན་ཏེ་ཞེས་བྱ་བའི་སྒྲ་གང་དང་ལྷན་ཅིག་སྦྱོར་བར་བྱེད་པ་དེའི་བརྗོད་པར་བྱ་བའི་དོན་རྒྱུ་ཡིན་པར་འདོད་པ་ དགག་པ་ཁོ་ནས་མཐུ་ཉེ་བར་ཟད་པ་ཡིན་གྱི་རྒྱུ་མ་ཡིན་པ་ཡོད་དོ་ཞེས་མི་བསྒྲུབ་སྟེ། མེད་པར་དགག་པ་དེ་ནི་མེད་པ་དེའི་ཁྱད་པར་གཞན་ཡོད་པར་མི་སྟོན་པའི་ཕྱིར་དཔེར་ན་བྲམ་ཟེ་མ་ཡིན་ནོ་ཞེས་སྨྲས་པས་བྲམ་ཟེ་མེད་པར་དགག་པ་ཙམ་ཁོ་ན་ཞིག་སྟོན་པར་ཟད་ཀྱི། བྲམ་ཟེ་མ་ཡིན་པ་རྒྱལ་རིགས་ ཡོད་དོ་ཞེས་སྒྲུབ་པར་མི་བྱེད་པ་བཞིན་པས་ཁོ་བོའི་དཔེ་མ་གྲུབ་པའི་སྐྱོན་མེད་དོ། །རང་གི་སྡེ་པ་དག་ནི་འབྲས་བུ་རྒྱུ་དང་འདྲ་བ་དང་མི་འདྲ་བ་ཡང་སྨྲ་བས་སྐད་ཅིག་མ་སྔ་མ་མཚན་ཉིད་འདྲ་བ་ལས་སྐད་ཅིག་ཕྱི་མ་སྐྱེ་བ་ལ་ལྟོས་ནས་དཔེར་ན་མར་མེ་དང་ཆུའི་རྒྱུན་ལ་སོགས་པ་དག་ལ་ ནི་རྒྱུའི་སྐད་ཅིག་མ་དང་འདྲ་བའི་ཕྱིར་འདྲ་བ་ཡིན་ནོ། །སྐད་ཅིག་མ་སྔ་མ་མཚན་ཉིད་མི་འདྲ་བ་ལས་སྐད་ཅིག་མ་ཕྱི་མ་སྐྱེ་བ་ལ་ལྟོས་ནས་དཔེར་ན་ཤིང་དང་འོ་མ་ལ་སོགས་པའི་ཐལ་བ་དང་ཞོ་ལ་སོགས་པ་དག་ལ་ནི་རྒྱུའི་སྐད་ཅིག་མ་དང་མི་འདྲ་བའི་ཕྱིར་མི་འདྲ་བ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་རང་གི་སྡེ་པ་ཆོས་མངོན་ པ་པ་དག་ནི་འབྲས་བུ་རྒྱུ་དང་འདྲ་བ་དང་མི་འདྲ་བ་གཉི་གར་ཡང་སྨྲ་བས་དེ་དག་ན་རེ་སྐད་ཅིག་མ་སྔ་མ་ལ་ལྟོས་ནས་སྐད་ཅིག་མ་ཕྱི་མ་སྐྱེ་བ་ནི་འབྲས་བུ་ཡིན་ལ། སྐད་ཅིག་མ་ཕྱི་མ་སྐྱེ་བ་ལ་ལྟོས་ནས་སྐད་ཅིག་མ་ཕྱི་མ་རྒྱུ་ཡིན་པས། དེས་ན་སྐད་ཅིག་མ་སྔ་མ་མཚན་ཉིད་དང་འདྲ་བ་ལས་སྐད་ཅིག་མ་ཕྱི་མ་སྐྱེ་བ་ ལ་ལྟོས་ནས་དཔེར་ན་མར་མེ་དང་ཆུའི་རྒྱུན་ལ་སོགས་པ་དག་ལ་ནི་རྒྱུའི་སྐད་ཅིག་མ་སྔ་མ་དང་འདྲ་བའི་ཕྱིར་འབྲས་བུ་རྒྱུ་དང་འདྲ་བ་ཡིན་ནོ། །སྐད་ཅིག་མ་སྔ་མ་མཚན་ཉིད་མི་འདྲ་བ་ལས་སྐད་ཅིག་མ་ཕྱི་མ་སྐྱེ་བ་ལ་ལྟོས་ནས་དཔེར་ན་ཤིང་ལས་ཐལ་བ་འབྱུང་བ་དང་འོ་མ་ལས་ཞོ་འབྱུང་བ་ལ་སོགས་པ་དག་ ལ་ནི་རྒྱུའི་སྐད་ཅིག་མ་དང་མི་འདྲ་བའི་ཕྱིར་འབྲས་བུ་རྒྱུ་དང་མི་འདྲ་བ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་འབྲས་བུ་རྒྱུ་དང་འདྲ་བ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པ་ཅི་སྐད་བསྟན་པ་ཉིད་ཀྱིས་བཀག་ཟིན་ཏོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི། འབྲས་བུ་རྒྱུ་དང་འདྲ་བ་ཞེས། །བྱ་བ་འཐད་པ་མ་ཡིན་ཏེ། །ཞེས་སྔར་རྗེས་སུ་དཔག་པ་ཇི་སྐད་བསྟན་པ་ཉིད་ཀྱིས་བཀག་ཟིན་ཏོ། །འབྲས་བུ་རྒྱུ་དང་མི་འདྲ་བ་གང་ཡིན་པ་དེའི་དབང་དུ་བྱས་ཏེ་བཤད་པ། འབྲས་བུ་རྒྱུ་དང་མི་འདྲ་ཞེས། །བྱ་བའང་འཐད་པ་མ་ཡིན་ནོ། །ཞེས་བྱ་བ་ནི་འབྲས་ བུ་རྒྱུ་དང་མི་འདྲ་བར་འདོད་པའི་ཕྱོགས་དགག་པ་སྟོན་ཏོ། །འདི་ཡང་བསྒྲུབ་པར་བྱ་བ་ཆོས་མྱུ་གུ་སྨྲ་བར་འདོད་པའི་རྒྱུའི་འབྲས་བུ་མ་ཡིན་པ་ཉིད་དང་། སྒྲུབ་པའི་ཆོས་མི་འདྲ་བར་བསྟན་པ་ཉེ་བར་གཞག་གོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་ཕྱེད་འོག་མ་འདི་བཤད་པའི་སྐབས་འདིར་ཡང་བསྒྲུབ་ པར་བྱ་བ་ཆོས་ནི་མྱུ་གུ་ཕ་རོལ་པོ་སྨྲ་བར་འདོད་པའི་རྒྱུ་འབྲུ་ལ་སོགས་པའི་འབྲས་བུ་མ་ཡིན་པ་ཉིད་བསྒྲུབ་པར་བྱ་བ་སྟེ། མྱུ་གུ་སྨྲ་བར་འདོད་པའི་རྒྱུའི་འབྲས་བུ་མ་ཡིན་པ་ཉིད་ཅེས་ཉེ་བར་གཞག་པ་ཡིན་ནོ། །སྒྲུབ་པའི་ཆོས་ནི་འབྲས་བུ་རྒྱུ་དང་མི་འདྲ་བར་བསྟན་ཞེས་ཉེ་བར་བཞག་པ་ཡིན་ནོ། །དེས་ན་ ཡན་ལག་ལྷག་མ་ཡང་སྔ་མ་བཞིན་དུ་མངོན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཆོས་ཉེ་བར་གཞག་པ་དེས་ན་འབྲས་བུ་རྒྱུ་དང་མི་འདྲ་བ་ཉིད་མ་ཡིན་པར་བསྒྲུབ་པའི་ཡན་ལག་ལྷག་མ་ཆོས་མཐུན་པའི་དཔེ་ཡང་སྔ་མ་བཞིན་དུ་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཆོས་དེའི་དབང་གིས་ བསྟན་དགོས་པར་མངོན་ཏེ། གྱོ་མོ་ལ་སོགས་པ་གང་ལ་བསྒྲུབ་པར་བྱ་བ་ཆོས་མྱུ་གུ་ཕ་རོལ་པོ་སྨྲ་བར་འདོད་པའི་རྒྱུའི་འབྲས་བུ་མ་ཡིན་པ་དང་། སྒྲུབ་པའི་ཆོས་འབྲས་བུ་རྒྱུ་དང་མི་འདྲ་བ་ཞེས་བྱ་བ་དག་ཡོད་པ་ཡིན་ནོ། །འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་མྱུ་གུ་ནི་སྨྲ་བར་འདོད་པའི་ རྒྱུའི་འབྲས་བུ་མ་ཡིན་ཏེ། མི་འདྲ་བའི་ཕྱིར་དཔེར་ན་གྱོ་མོ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་དེ་དག་གི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གྱོ་མོ་ལ་སོགས་པ་ནི་ཕ་རོལ་པོ་སྨྲ་བར་འདོད་པའི་རྒྱུ་འབྲུ་ལ་ སོགས་པ་དང་མི་འདྲ་བའི་ཕྱིར་དེ་དག་གི་འབྲས་བུ་མ་ཡིན་པ་དེ་བཞིན་དུ་མྱུ་གུ་ཡང་ཕ་རོལ་པོ་སྨྲ་བར་འདོད་པའི་རྒྱུ་འབྲུ་ལ་སོགས་པ་དང་མི་འདྲ་བའི་ཕྱིར་དེ་དག་གི་འབྲས་བུ་མ་ཡིན་ནོ། །ཅི་སྟེ་ཡང་འབྲུ་ནི་མྱུ་གུའི་རྒྱུ་ཁོ་ན་ཡིན་ཏེ། དེ་ཡོད་ན་འབྱུང་བའི་ཕྱིར་རམ་དེས་ཐ་སྙད་འདོགས་པའི་ཕྱིར་དཔེར་ན་རྔ་བོ་ ཆེའི་སྒྲའམ་ནས་ཀྱི་མྱུ་གུ་བཞིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་འབྲས་བུ་རྒྱུ་དང་མི་འདྲ་བའི་རྒྱུ་འབྲུ་ལ་སོགས་པ་ས་བོན་དག་ཡིན་པར་སྒྲུབ་པ་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ ན་རྔ་བོ་ཆེའི་སྒྲ་དང་ནས་ཀྱི་མྱུ་གུ་ནི་རྔ་བོ་ཆེ་དང་ནས་དེ་ཡོད་ན་འབྱུང་བའི་ཕྱིར་རམ། རྔ་བོ་ཆེ་དང་ནས་དེས་ཐ་སྙད་འདོགས་པའི་ཕྱིར་རྔ་བོ་ཆེ་དང་ནས་ནི་རྔ་བོ་ཆེའི་སྒྲ་དང་ནས་ཀྱི་མྱུ་གུའི་རྒྱུ་ཁོ་ན་ཡིན་པ་དེ་བཞིན་དུ་མྱུ་གུ་ཡང་འབྲུ་དེ་ཡོད་ན་འབྱུང་བའི་ཕྱིར་རམ་འབྲུ་དེས་ཐ་སྙད་འདོགས་པའི་ཕྱིར་འབྲུ་ནི་མྱུ་ གུའི་རྒྱུ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ་སྐྱེ་བ་ཅན་རྣམས་ཀྱི་སྐྱེ་བ་རྣམ་པ་ཐམས་ཅད་དུ་བཀག་པས་དཔེ་མ་གྲུབ་པའི་ཕྱིར་སྒྲུབ་པ་མ་ཚང་བའི་སྐྱོན་ཡོད་དོ་ཞེས་བྱ་བ་སྨྲས་ཏེ། ཅི་ལྟར་ཁོ་ བོས་འབྲུ་དང་མྱུ་གུ་དག་བཀག་པ་དེ་བཞིན་དུ་དངོས་པོ་སྐྱེ་བ་ཅན་ཐམས་ཅད་ཀྱི་སྐྱེ་བ་ཡང་རྣམ་པ་ཐམས་ཅད་དུ་བཀག་པས་རྔ་བོ་ཆེའི་སྒྲ་དང་ནས་ཀྱི་མྱུ་གུ་དག་ཀྱང་མ་གྲུབ་པའི་ཕྱིར་ཁྱོད་ཀྱི་སྒྲུབ་པ་ལ་དཔེ་མ་ཚང་བའི་སྐྱོན་ཡོད་པས་མི་རུང་སྟེ། དེས་ན་འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡོད་དོ་ཞེས་བྱ་ བའི་ཐ་ཚིག་གོ། །གང་དག་འདི་སྐད་ཅེས་མིག་ལ་སོགས་པའི་འབྲས་བུ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མི་འདྲ་བ་ཡིན་པའི་ཕྱིར་མི་འདྲ་བ་ཞེས་བྱ་བའི་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ་ཞེས་ཟེར་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་དབུ་མ་པའི་གཏན་ཚིགས་མི་འདྲ་བའི་ཕྱིར་ཞེས་བྱ་བ་དེ་ མ་ངེས་པ་ཉིད་ཡིན་ནོ་ཞེས་ཟེར་བ་སྟེ། མིག་ལ་སོགས་པ་རྒྱུ་གཟུགས་ཅན་ཤེས་པ་མེད་པ་དག་ལས་འབྲས་བུ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་གཟུགས་མེད་པར་ཤེས་པ་ཡོད་པ་མི་འདྲ་བ་དག་འབྱུང་བའི་ཕྱིར་དེས་ན་ཅི་རེ་ཞིག་མྱུ་གུ་རྒྱུ་དང་མི་འདྲ་བའི་ཕྱིར་མྱུ་གུ་སྨྲ་བར་འདོད་པའི་རྒྱུའི་འབྲས་བུ་མ་ ཡིན་པར་འགྱུར་རམ། འོན་ཏེ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མིག་ལ་སོགས་པ་དང་མི་འདྲ་བའི་ཕྱིར་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མིག་ལ་སོགས་པའི་འབྲས་བུ་ཡིན་པར་འགྱུར་ཏེ། དེའི་ཕྱིར་དབུ་མ་པའི་གཏན་ཚིགས་མི་འདྲ་བ་ཞེས་བྱ་བ་དེ་མ་ངེས་པ་ཉིད་ཡིན་ནོ་ཞེས་ཟེར་ རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ཡང་བཟང་པོ་མ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡང་བསྒྲུབ་པར་བྱ་བ་དང་རིགས་མཐུན་པ་ཉིད་ཀྱིས་དེ་བཞིན་དུ་དགག་པར་བྱ་བ་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་མ་ངེས་པ་ཉིད་ཀྱི་སྐབས་མེད་དོ་ ཞེས་བྱ་བ་སྨྲས་ཏེ། མིག་ལ་སོགས་པ་ལས་འབྲས་བུ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མི་འདྲ་བ་འབྱུང་བར་འདོད་པ་དེ་ཡང་འབྲུ་ལས་འབྲས་བུ་མི་འདྲ་བ་འབྱུང་བ་དགག་པར་སྒྲུབ་པ་དང་རིགས་མཐུན་པ་ཉིད་ཀྱིས་དེ་བཞིན་དུ་དགག་པར་བྱ་བ་ཡིན་པའི་ཕྱིར་འབྲུ་ལས་འབྲས་བུ་མྱུ་གུ་མི་ འདྲ་བ་མི་སྐྱེ་བའི་མི་མཐུན་པའི་ཕྱོགས་མིག་ལ་སོགས་པ་ལས་འབྲས་བུ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མི་འདྲ་བ་སྐྱེ་བ་མེད་པས་ཁོ་བོའི་གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐབས་མེད་དོ། །ཡང་ན་སྨྲ་བར་འདོད་པ་ལ་སོགས་པ་དག་རྒྱུ་མ་ཡིན་པས་གཟུགས་མ་གྲུབ་པའི་ཕྱིར་དེ་དག་གི་འབྲས་ བུ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དམ་དོན་འགལ་བ་ཉིད་ཡིན་ནོ་ཞེས་ཅི་སྐད་བསྟན་པའི་ཚུལ་དང་འདྲའོ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡང་བསྒྲུབ་པར་བྱ་བ་དང་རིགས་མཐུན་པ་ཉིད་ཀྱིས་དེ་བཞིན་དུ་དགག་པར་བྱ་བ་ཡིན་པའི་ཕྱིར་མི་མཐུན་ པའི་ཕྱོགས་མེད་པས་ཁོ་བོའི་གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་མེད་པ་འབའ་ཞིག་ཏུ་ཡང་མ་ཟད་དེ། སྔར་གཞན་དག་ན་རེ་དོན་དམ་པར་ས་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་གི་འབྲས་བུ་ཡོད་པའི་ཕྱིར་རོ། །འདི་ན་གང་མེད་པ་དེ་ལ་ནི་འབྲས་བུ་གཟུང་དུ་མེད་དེ་དཔེར་ན་ནམ་ མཁའི་མེ་ཏོག་བཞིན་ནོ། །ས་ལ་སོགས་པ་དག་ལ་ནི་འབྲས་བུ་གཟུགས་ལ་སོགས་པ་དག་ཡོད་པས་དེའི་ཕྱིར་ས་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་བའི་ལན་དུ་བསྟན་བཅོས་མཛད་པས། གལ་ཏེ་གཟུགས་ནི་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཞིག་ཡོད་ན་ནི། །འབྲས་བུ་མེད་ པའི་རྒྱུར་འགྱུར་ཏེ། །འབྲས་བུ་མེད་པའི་རྒྱུ་མེད་དོ། །ཞེས་བཤད་པས་ས་ལ་སོགས་པ་དེ་ཡང་གཟུགས་ལ་སོགས་པ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་པས་རྒྱུ་བཞིན་དུ་འབྲས་བུ་ཡང་མ་གྲུབ་པའི་ཕྱིར་དེ་དག་གི་འབྲས་བུ་ཡོད་པའི་ཕྱིར་རོ་ཞེས་སྔར་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་ གྲུབ་པ་ཉིད་ཀྱི་སྐྱོན་ཡོད་དོ། །སྤྱིར་གྲགས་པ་གཏན་ཚིགས་ཉིད་དུ་བརྗོད་ན་ནི་དོན་འགལ་བ་ཉིད་ཡིན་ནོ་ཞེས་ཅི་སྐད་བསྟན་པའི་ཚུལ་དང་འདྲ་བར་འདིར་ཡང་གལ་ཏེ་གཞན་དག་ན་རེ་དོན་དམ་པར་འབྲུ་ལ་སོགས་པ་དང་མིག་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་གི་འབྲས་བུ་ཡོད་པའི་ ཕྱིར་རོ། །འདི་ན་གང་མེད་པ་དེ་ལ་ནི་འབྲས་བུ་གཟུང་དུ་མེད་དེ། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །འབྲུ་ལ་སོགས་པ་དང་མིག་ལ་སོགས་པ་དག་ལ་ནི་འབྲས་བུ་མྱུ་གུ་ལ་སོགས་པ་དང་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དག་ཡོད་པས་དེའི་ཕྱིར་འབྲུ་ལ་སོགས་པ་དང་མིག་ལ་སོགས་ པ་དག་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་ན། དེ་ལ་ཡང་། གལ་ཏེ་གཟུགས་ནི་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཞིག་ཡོད་ན་ནི། །འབྲས་བུ་མེད་པའི་རྒྱུར་འགྱུར་ཏེ། །འབྲས་བུ་མེད་པའི་རྒྱུ་མེད་དོ། །ཞེས་བྱ་བའི་ཚུལ་ཉིད་ཀྱིས་འབྲུ་ལ་སོགས་པ་དང་མིག་ལ་སོགས་ པ་དེ་ཡང་གཟུགས་ལ་སོགས་པ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་པས་རྒྱུ་བཞིན་དུ་འབྲས་བུ་ཡང་མ་གྲུབ་པའི་ཕྱིར་དེ་དག་གི་འབྲས་བུ་ཡོད་པའི་ཕྱིར་རོ་ཞེས་སྔར་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་ཡོད་དོ། །སྤྱིར་གྲགས་པ་གཏན་ཚིགས་ཉིད་དུ་བརྗོད་ན་ནི་དོན་ འགལ་བ་ཉིད་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་དག་ན་རེ་འབྲས་བུ་ནི་རྒྱུ་དང་འདྲ་བ་ཡང་ཡིན་ལ་མི་འདྲ་བ་ཡང་ཡིན་ཏེ། བྱེད་པའི་རྒྱུས་འདུས་བྱས་ཀྱི་བྱེད་པའི་རྒྱུ་ནི་ཐམས་ཅད་ཡིན་པར་ཁས་བླངས་པའི་ཕྱིར་དཔེ་མེད་དོ་ཞེས་ཟེར་རོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་དག་ན་རེ་དབུ་མ་པའི་དཔེ་གྱོ་མོ་ལ་སོགས་པ་ བཞིན་ནོ་ཞེས་བྱ་བ་དེ་བསྒྲུབ་པར་བྱ་བ་སྟོང་པས་མ་གྲུབ་པོ་ཞེས་ཟེར་བ་ཡིན་ཏེ། དེ་དག་ན་རེ་འབྲས་བུ་ནི་རྣམ་པ་གཉིས་ཏེ། རྒྱུ་དང་འདྲ་བ་ཡང་ཡོད་ལ་རྒྱུ་དང་མི་འདྲ་བ་ཡོད་དེ། ཅི་ལྟ་ཞེ་ན། ཆོས་མངོན་པ་ལས། རང་ལས་གཞན་པ་བྱེད་པའི་རྒྱུ། །ཞེས་བཤད་པས་འདུས་བྱས་ཀྱི་བྱེད་ པའི་རྒྱུ་ནི་རང་ལས་གཞན་པའི་ཆོས་ཐམས་ཅད་ཡིན་པར་ཁས་བླངས་པའི་ཕྱིར་དེས་ན་གྱོ་མོ་སྐྱེ་བ་ལ་གེགས་མི་བྱེད་པའི་ཆོས་ཐམས་ཅད་ནི་གྱོ་མོའི་བྱེད་པའི་རྒྱུ་ཡིན་ལ། དེ་ཡང་གྱོ་མོ་སྐྱེ་བའི་རྒྱུ་བུམ་པ་ནི་འབྲས་བུ་དང་རིགས་མཐུན་པ་ཉིད་ཀྱིས་འབྲས་བུ་དང་འདྲ་བ་ཡིན་ལ། གྱོ་མོ་སྐྱེ་བའི་རྒྱུ་ཐོ་བ་ནི་ རིགས་མི་མཐུན་པ་ཉིད་ཀྱིས་འབྲས་བུ་དང་མི་འདྲ་བ་ཡིན་པས་འབྲས་བུ་རྒྱུ་འདྲ་བ་ལས་ཀྱང་སྐྱེ་ལ་རྒྱུ་མི་འདྲ་བ་ལས་ཀྱང་སྐྱེ་བའི་ཕྱིར་ཁྱེད་དབུ་མ་པ་ན་རེ་དོན་དམ་པར་མྱུ་གུ་ནི་སྨྲ་བར་འདོད་པའི་རྒྱུའི་འབྲས་བུ་མ་ཡིན་ཏེ་མི་འདྲ་བའི་ཕྱིར་དཔེར་ན་གྱོ་མོ་ལ་སོགས་པ་བཞིན་ནོ་ཞེས་ཟེར་བའི་དཔེ་དེ་བསྒྲུབ་པར་བྱ་བ་ཆོས་ ཀྱིས་སྟོང་པར་མི་འགྲུབ་སྟེ། གྱོ་མོ་དང་འབྲུ་མི་འདྲ་ཡང་འབྲུ་ནི་གྱོ་མོ་སྐྱེ་བ་ལ་གེགས་མི་བྱེད་པས་གྱོ་མོའི་བྱེད་པའི་རྒྱུ་ནི་འབྲུ་ཡང་ཡིན་པའི་ཕྱིར་རོ་ཞེས་ཟེར་ན། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། རིགས་མཐུན་པ་སྐྱེད་པའི་རྒྱུ་ཐུན་མོང་མ་ཡིན་ པ་ལ་སོགས་པའི་ཁྱད་པར་ཅན་གྱི་སྒྲུབ་པར་བྱེད་པ་ཉིད་འགོག་པར་འདོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོའི་དཔེ་མེད་པ་མ་ཡིན་པའི་ཕྱིར་ཁྱོད་ཀྱི་ཀླན་ཀ་དེ་ནི་བཟང་པོ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཁོ་བོ་ནི་འབྲུ་ལ་སོགས་པ་འབྲས་བུ་རིགས་མཐུན་པ་སྐྱེད་པའི་རྒྱུ་ཐུན་མོང་མ་ཡིན་པ་འབྲས་བུ་ ཐུག་པོ་ཆེའི་མྱུ་གུ་ཉིད་སྐྱེད་པ་གཞན་མི་སྐྱེད་པ་དང་། ལྷས་བྱིན་གྱི་རྒྱུད་ཀྱང་ལྷས་བྱིན་ཉིད་སྐྱེད་ཀྱི་གཞན་མི་སྐྱེད་པ་ལ་སོགས་པའི་ཁྱད་པར་ཅན་གྱི་རྒྱུ་གང་དག་ཡིན་པ་དེ་དག་གིས་འབྲས་བུ་སྒྲུབ་པར་བྱེད་པ་ཉིད་དུ་ཁྱེད་འདོད་པ་དེ་འགོག་པར་འདོད་པའི་ཕྱིར། རིགས་མཐུན་པ་སྐྱེད་པའི་རྒྱུ་ཐུན་ མོང་མ་ཡིན་པ་ལ་སོགས་པའི་ཁྱད་པར་ཅན་དག་ནི་འབྲས་བུ་དང་མི་འདྲ་བའི་ཕྱིར་དཔེར་ན་གྱོ་མོ་ལ་སོགས་པའི་བཞིན་དུ་ཕ་རོལ་པོ་སྨྲ་བར་འདོད་པའི་རྒྱུའི་འབྲས་བུ་མ་ཡིན་པས་ཁོ་བོའི་དཔེ་མེད་པ་མ་ཡིན་ནོ། །དེ་ལྟར་ན་གཞུང་གི་ཚོགས་དེས་འབྱུང་བའི་གཟུགས་དང་རྒྱུར་བྱས་པའི་གཟུགས་ བཀག་པས་གཟུགས་ཀྱི་ཕུང་པོ་མི་སྲིད་པར་བསྟན་ཏོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་མ་ཡིན་ཏེ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ནི་དམིགས་པར་མི་འགྱུར་རོ། །གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ་། །གཟུགས་ ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ན་གཟུགས་ནི་རྒྱུ་མེད་པར། །ཐལ་བར་འགྱུར་ཏེ་དོན་གང་ཡང་། །རྒྱུ་མེད་པ་ནི་གང་ནའང་མེད། །གལ་ཏེ་གཟུགས་ནི་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཞིག་ཡོད་ན་ནི། །འབྲས་བུ་མེད་པའི་རྒྱུར་འགྱུར་ཏེ། །འབྲས་བུ་མེད་པའི་རྒྱུ་མེད་དོ། ། གཟུགས་ཡོད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །གཟུགས་མེད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །རྒྱུ་མེད་པ་ཡི་གཟུགས་དག་ནི། །འཐད་པར་མི་རུང་རུང་མ་ཡིན། །དེའི་ཕྱིར་གཟུགས་ཀྱི་རྣམ་པར་རྟོག །འགའ་ཡང་རྣམ་པར་ བརྟག་མི་བྱ། །འབྲས་བུ་རྒྱུ་དང་འདྲ་བ་ཞེས། །བྱ་བ་འཐད་པ་མ་ཡིན་ཏེ། །འབྲས་བུ་རྒྱུ་དང་མི་འདྲ་ཞེས། །བྱ་བའང་འཐད་པ་མ་ཡིན་ནོ། །ཞེས་བྱ་བ་ཚིག་ལེའུར་བྱས་པའི་གཞུང་སྒྲུབ་པ་དང་བཅས་པའི་ཚོགས་ཅི་སྐད་བསྟན་པ་དེས་འབྱུང་བའི་གཟུགས་དང་རྒྱུར་བྱས་པའི་གཟུགས་བཀག་ པས་རེ་ཞིག་གཟུགས་ཀྱི་ཕུང་པོ་མི་སྲིད་པར་བསྟན་ཏོ། །ད་ནི་གཟུགས་བཀག་པ་བཞིན་དུ་ཚོར་བ་ལ་སོགས་པ་དགག་པ་ཡང་རིམ་པ་མཚུངས་པར་བསྟན་པར་བྱ་སྟེ། ཚོར་དང་འདུ་ཤེས་འདུ་བྱེད་དང་། སེམས་དང་དངོས་པོ་ཐམས་ཅད་ཀྱང་། །རྣམ་པ་དག་ནི་ ཐམས་ཅད་དུ། །གཟུགས་ཉིད་ཀྱིས་ནི་རིམ་པ་མཚུངས། །གཟུགས་དགག་པ་བཞིན་དུ་ཚོར་བ་ལ་སོགས་པ་དག་དགག་པ་ཡང་རིམ་པ་མཚུངས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་ཏེ་ཞེས་བྱ་བ་ནི་ཅི་ལྟར་སྔར་གཟུགས་དགག་པའི་སྐབས་སུ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ ནི་དམིགས་པར་མི་འགྱུར་རོ། །གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ་། །ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་གཞུང་བསྒྲུབ་པ་དང་བཅས་པའི་ཚོགས་ཅི་སྐད་བསྟན་པ་དག་གིས་གཟུགས་རྣམ་པ་ཐམས་ཅད་དུ་མི་འཐད་པའི་རིམ་པ་ཅི་སྐད་བསྟན་ པ་དེ་ཉིད་ཀྱིས་ཚོར་བ་ལ་སོགས་པ་ཕུང་པོ་ལྷག་མ་བཞི་དང་དངོས་པོ་གཞན་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་དུ་མི་འཐད་པར་རིམ་པ་མཚུངས་སོ་ཞེས་བྱ་བར་བསྟན་བཅོས་མཛད་པས་དགོངས་ཏེ་ཞེས་བྱ་བར་སྦྱར་རོ། །དེ་ལ་རེ་ཞིག་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ དག་གཟུགས་རྣམ་པ་ཐམས་ཅད་དུ་མི་འཐད་པ་ཉིད་ཀྱིས་མི་འཐད་པར་རིམ་པ་མཚུངས་པར་བསྟན་པའི་ཕྱིར་ཅི་ལྟར་དོན་དམ་པར་རྫས་སུ་ཡོད་པ་མ་ཡིན་ཏེ། རང་གི་རྒྱུ་མ་བཟུང་ན་དེའི་བློ་མེད་པའི་ཕྱིར་དཔེར་ན་དམག་ལ་སོགས་པ་བཞིན་ནོ་ཞེས་བསྟན་པ་དེ་བཞིན་དུ་དོན་དམ་པར་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་དག་ཀྱང་རྫས་སུ་ཡོད་པ་མ་ཡིན་ཏེ། རང་གི་རྒྱུ་བཟུང་ན་དེའི་བློ་མེད་པའི་ཕྱིར་དཔེར་ན་དམག་ལ་སོགས་པ་བཞིན་ནོ་ཞེས་རྒྱས་པར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་དག་སྨྲས་སོ། །འདིར་ཚོར་བ་ལ་སོགས་པ་དག་གི་རྒྱུ་གང་ཡིན་ཞེ་ ན། དེའི་ཕྱིར་ཚོར་བ་ལ་སོགས་པ་དག་གི་རྒྱུ་ནི་རེག་པ་དང་མིག་དང་གཟུགས་དང་སྣང་བ་དང་ནམ་མཁའ་དང་ཡིད་ལ་བྱེད་པ་ལ་སོགས་པ་དག་ཡིན་པར་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཚོར་བའི་རྒྱུ་ཐུན་མོང་མ་ཡིན་པ་ནི་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་འབྱུང་བས་རེག་པ་ ཡིན་ཏེ་ཅི་ལྟར་འབྱུང་བ་མ་གཏོགས་པར་གཟུགས་མེད་པ་དེ་བཞིན་དུ་རེག་པ་མ་གཏོགས་པར་ཚོར་བ་མེད་ལ། ཅི་ལྟར་གཟུགས་མ་གཏོགས་པར་གཟུགས་ཀྱི་རྒྱུ་མེད་པ་དེ་བཞིན་དུ་ཚོར་བ་མ་གཏོགས་པར་ཡང་རེག་པ་མེད་དོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་དག་གི་ རྒྱུ་ཐུན་མོང་མ་ཡིན་པ་ནི་སེམས་དང་སེམས་ལས་བྱུང་བ་ས་མང་པོ་པ་ཐམས་ཅད་ཀྱི་རྐྱེན་ནི་ཐ་མི་དད་དེ། རྣམ་པར་ཤེས་པའི་ཚོགས་རྣམས་མིག་དང་གཟུགས་དང་སྣང་བ་དང་ནམ་མཁའ་དང་ཡིད་ལ་བྱེད་པ་ལ་སོགས་པའི་རྐྱེན་རྣམས་ཀྱིས་ཅི་རིགས་པར་སྐྱེ་བ་ནི་སེམས་ལས་བྱུང་བའི་ཆོས་སོ་མང་པོ་པ་ རྣམས་ཀྱང་དམིགས་པ་དང་གནས་དང་རྣམ་པ་དང་རྫས་དང་དུས་མཚུངས་པའི་ཚུལ་གྱིས་སྐྱེ་བར་ཅི་རིགས་པར་བརྗོད་པར་བྱ་སྟེ། དེ་དག་ལ་ཡང་ཅི་ལྟར་འབྱུང་བ་མ་གཏོགས་པར་གཟུགས་མེད་པ་དེ་བཞིན་དུ་མིག་དང་གཟུགས་དང་སྣང་བ་དང་ནམ་མཁའ་དང་ཡིད་ལ་བྱེད་པ་དག་མ་གཏོགས་པར་ཚོར་བ་དང་ འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་དག་མེད་ལ། ཅི་ལྟར་གཟུགས་མ་གཏོགས་པར་གཟུགས་ཀྱི་རྒྱུ་མེད་པ་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་དག་མ་གཏོགས་པར་ཡང་མིག་དང་གཟུགས་དང་སྣང་བ་དང་ནམ་མཁའ་དང་ཡིད་ལ་བྱེད་པ་ལ་སོགས་ པ་དག་མེད་དོ་ཞེས་ཅི་རིགས་པར་བརྗོད་པར་བྱའོ། །ཅི་ལྟར་དོན་དམ་པར་གཟུགས་ནི་རང་གི་ཚོགས་པའི་ཡན་ལག་དག་ལས་གཞན་མ་ཡིན་ཏེ། དེ་མ་བཟུང་ན་དེའི་བློ་མེད་པའི་ཕྱིར་དཔེར་ན་ས་ལ་སོགས་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བས་དོན་དམ་པར་གཟུགས་རང་གི་རྒྱུ་དག་ལས་ གཞན་མ་ཡིན་པར་བསྟན་པ་དེ་བཞིན་དུ་འདིར་ཡང་དོན་དམ་པར་ཚོར་བ་ལ་སོགས་པ་དག་རང་གི་རྒྱུ་དག་ལས་གཞན་མ་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཅི་ལྟར་གཟུགས་རང་གི་རྒྱུ་ས་ལ་སོགས་པ་དག་ལས་གཞན་མ་ཡིན་པར་བསྟན་པ་དེ་བཞིན་དུ་འདིར་ཡང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ རྣམས་དང་རྣམ་པར་ཤེས་པ་དག་ཀྱང་རང་གི་རྒྱུ་རེག་པ་དང་མིག་དང་གཟུགས་དང་སྣང་བ་དང་ནམ་མཁའ་དང་ཡིད་ལ་བྱེད་པ་ལ་སོགས་པ་དག་ལས་གཞན་མ་ཡིན་པར་བརྗོད་པར་བྱའོ། །འདིར་སུན་འབྱིན་པ་དང་སུན་འབྱིན་པའི་ལན་དག་ཀྱང་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་སྔར། གཟུགས་ཀྱི་རྒྱུ་ནི་མ་ གཏོགས་པར། །གཟུགས་ནི་དམིགས་པར་མི་འགྱུར་རོ། །གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ་། །ཞེས་བཤད་པ་ཕ་རོལ་པོ་དག་གིས་བརྒལ་བ་དག་དང་། དེ་དག་གི་ལན་དུ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། ། གཟུགས་ན་གཟུགས་ནི་རྒྱུ་མེད་པར། །ཐལ་བར་འགྱུར་ཏེ་དོན་གང་ཡང་། །རྒྱུ་མེད་པ་ནི་གང་ནའང་མེད། །ཅེས་བྱ་བ་ལ་སོགས་པ་ཚིག་ལེའུར་བྱས་པའི་གཞུང་བསྒྲུབ་པ་དང་བཅས་པའི་ཚོགས་ཅི་སྐད་བསྟན་པ་དེ་དག་ཐམས་ཅད་འདིར་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་བར་བྱའོ། །ཕུང་ པོ་རྣམས་ཉི་ཚེ་གཟུགས་རྣམ་པ་ཐམས་ཅད་དུ་མི་འཐད་པ་ཉིད་ཀྱིས་མི་འཐད་པར་རིམ་པ་མཚུངས་པར་མ་ཟད་ཀྱི། ཆོས་ཐམས་ཅད་ཀྱང་གཟུགས་རྣམ་པ་ཐམས་ཅད་དུ་མི་འཐད་པ་ཉིད་ཀྱིས་མི་འཐད་པར་རིམ་པ་མཚུངས་པར་བསྟན་པའི་ཕྱིར། དངོས་པོ་ཐམས་ཅད་ཀྱང་ཞེས་བྱ་བ་ནི་ཕུང་པོ་ ལས་གཞན་པ་འདུས་བྱས་ཀྱི་ཆོས་མེད་མོད་ཀྱི། དེ་དག་གི་བྱེ་བྲག་དག་དགག་པ་བརྗོད་པར་བཞེད་པ་དེ་ཉེ་བར་བཞག་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཕུང་པོ་རྣམས་ལས་གཞན་པ་འདུས་བྱས་ཀྱི་ཆོས་ཀྱང་གུད་ན་མེད་ལ། ཕུང་པོ་རྣམས་རྣམ་པ་ཐམས་ཅད་དུ་མི་འཐད་པར་བསྟན་པ་ཉིད་ ཀྱིས་འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་དུ་མི་འཐད་པར་གྲུབ་མོད་ཀྱི་འདིར་དངོས་པོ་ཐམས་ཅད་ཀྱང་ཞེས་བྱེ་བྲག་ཏུ་སྨོས་པ་ནི་ཕུང་པོ་དེ་དག་གི་བྱེ་བྲག་འཇིག་རྟེན་ལ་གྲགས་པ་གཞན་དག་གི་དགག་པ་ཡང་བརྗོད་པར་བཞེད་པས་སློབ་དཔོན་གྱིས་དངོས་པོ་ཐམས་ཅད་ཀྱང་ཞེས་ བྱ་བའི་སྒྲ་དེ་ཉེ་བར་བཞག་གོ། །ཅིའི་ཕྱིར་དེ་དག་གི་བྱེ་བྲག་དག་པ་བརྗོད་པར་བཞེད་པས་ཉེ་བར་བཞག་ཅེ་ན། དེའི་ཕྱིར་ཡོངས་སུ་བརྟགས་པའི་བུམ་པ་དང་སྣམ་བུ་ལ་སོགས་པ་དག་རྫས་སུ་ཡོད་པ་ཉིད་དང་གཞན་པ་ཉིད་དགག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་ པས་ཕུང་པོ་རྣམས་རྫས་སུ་ཡོད་པ་ཉིད་མ་ཡིན་པ་དང་གཞན་དང་གཞན་ཉིད་མ་ཡིན་པར་དགག་པ་མཛད་ན་རང་གི་སྡེ་པ་དང་ཕྱི་རོལ་པ་གཞན་དག་གིས་ཕུང་པོ་རྣམས་རྫས་སུ་ཡོད་པ་ཉིད་གཞན་དང་གཞན་མ་ཡིན་པ་ཉིད་དུ་སྒྲུབ་པའི་གཏན་ཚིགས་དང་དཔེར་ཡོངས་སུ་བརྟགས་པའི་བུམ་པ་དང་། སྣམ་བུ་ལ་སོགས་པ་དག་རྫས་སུ་ཡོད་པ་ཉིད་དང་། གཞན་དང་གཞན་མ་ཡིན་པ་ཉིད་དགག་པའི་ཕྱིར་དངོས་པོ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་དུ་གཟུགས་མི་འཐད་པ་ཉིད་ཀྱིས་མི་འཐད་པར་རིམ་པ་མཚུངས་སོ་ཞེས་གསུངས་སོ། །འདིར་ཡང་སྔ་མ་བཞིན་དུ་སྦྱོར་བའི་ཚིག་དག་ཅི་རིགས་ པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་སྔར། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ནི་དམིགས་པར་མི་འགྱུར་རོ། །གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ་། །ཞེས་བྱ་བ་ལ་སོགས་པས་ཅི་ལྟར་དོན་དམ་པར་གཟུགས་རྫས་སུ་ཡོད་པ་མ་ཡིན་ཏེ། རང་ གི་རྒྱུ་མ་བཟུང་ན་དེའི་བློ་མེད་པའི་ཕྱིར་དཔེར་ན་དམག་ལ་སོགས་པ་བཞིན་ནོ་ཞེས་བསྟན་པ་དེ་བཞིན་དུ་འདིར་ཡང་དོན་དམ་པར་བུམ་པ་དང་སྣམ་བུ་ལ་སོགས་པ་དག་ཀྱང་རྫས་སུ་ཡོད་པ་མ་ཡིན་ཏེ། རང་གི་རྒྱུ་འཇིམ་པ་དང་རྒྱུ་སྤུན་ལ་སོགས་པ་མ་བཟུང་ན་བུམ་པ་དང་སྣམ་བུ་ལ་སོགས་པའི་བློ་མེད་པའི་ཕྱིར་ དཔེར་ན་དམག་ལ་སོགས་པ་བཞིན་ནོ་ཞེས་རྒྱས་པར་བརྗོད་པར་བྱ་བ་དང་། ཅི་ལྟར་དོན་དམ་པར་གཟུགས་ནི་རང་གི་ཚོགས་པའི་ཡན་ལག་ལས་གཞན་མ་ཡིན་ཏེ། དེ་མ་བཟུང་ན་དེའི་བློ་མེད་པའི་ཕྱིར་དཔེར་ན་ས་ལ་སོགས་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བས་དོན་དམ་པར་གཟུགས་རང་གི་ རྒྱུ་དག་ལས་གཞན་མ་ཡིན་པར་བསྟན་པ་དེ་བཞིན་དུ་འདིར་ཡང་དོན་དམ་པར་བུམ་པ་དང་སྣམ་བུ་ལ་སོགས་པ་དག་ནི་རང་གི་ཚོགས་པའི་ཡན་ལག་ལས་གཞན་མ་ཡིན་ཏེ། འཇིམ་པ་དང་རྒྱུ་སྤུན་ལ་སོགས་པ་མ་བཟུང་ན་བུམ་པ་དང་སྣམ་བུ་ལ་སོགས་པའི་བློ་མེད་པའི་ཕྱིར་དཔེར་ན་འཇིམ་པ་དང་། རྒྱུ་ སྤུན་ལ་སོགས་པ་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བས་དོན་དམ་པར་བུམ་པ་དང་སྣམ་བུ་ལ་སོགས་པ་དག་རང་གི་རྒྱུ་དག་ལས་གཞན་མ་ཡིན་པར་ཅི་རིགས་པར་བརྗོད་པར་བྱའོ། །དེ་ལྟར་ཕུང་པོ་རྣམས་མ་གྲུབ་པའི་ཕྱིར་ཕུང་པོས་བསྡུས་པ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ ལ་སོགས་པ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་ཕུང་པོ་རྣམས་མ་གྲུབ་པའི་ཕྱིར་སྔར་གྱི་སྡེ་པ་དག་ན་རེ་དོན་དམ་པར་སྐྱེ་མཆེད་རྣམས་ཡོད་པ་ཁོ་ན་ཡིན་ཏེ། ཕུང་པོས་བསྡུས་པའི་ཕྱིར་རོ་ཞེས་ཟེར་བའི་གཏན་ཚིགས་ཀྱི་དོན་དེ་མ་གྲུབ་པ་ཉིད་དོ། །དཔེ་ཡང་མེད་དེ་ཅི་ལྟ་ཞེ་ན། འདི་ལྟ་སྟེ་གཟུགས་ལ་སོགས་པའི་ཕུང་པོས་བསྡུས་པ་དེ་དག་དོན་དམ་པར་ཡོད་དོ་ཞེས་བྱ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཕྱོགས་སྔ་མ་སྨྲ་བ་དག་གི་ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་འདི་ན་གང་ཡོད་པ་མ་ཡིན་པ་དེ་ནི་གཟུགས་ལ་སོགས་པའི་ཕུང་པོས་མ་བསྡུས་ཏེ། དཔེར་ ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བ་དེ་ལས་བཟློག་པ་ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་ནང་གི་སྐྱེ་མཆེད་རྣམས་ལ་ནི་ཕུང་པོས་བསྡུས་པ་ཡོད་དེ། འདི་ལྟ་སྟེ་གཟུགས་ཅན་བཅུ་ནི་གཟུགས་ཀྱི་ཕུང་པོས་བསྡུས་ལ། ཆོས་ཀྱི་སྐྱེ་མཆེད་ནི་ཕུང་པོ་གསུམ་དང་གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ གིས་བསྡུས། ཡིད་ཀྱི་སྐྱེ་མཆེད་ནི་རྣམ་པར་ཤེས་པའི་ཕུང་པོས་བསྡུས་པས་དེ་དག་དོན་དམ་པར་ཡོད་དོ་ཞེས་བྱ་བ་དེ་མེད་པའི་ཕྱིར་རོ། །ཡང་ན་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ཀྱང་ཡིན་ཏེ། ཕུང་པོས་བསྡུས་པ་ནི་ཐ་སྙད་ཁོ་ནར་ཡོད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཕྱོགས་སྔ་མ་སྨྲ་བ་དག་གི་ གཏན་ཚིགས་ཀྱི་དོན་ཕུང་པོས་བསྡུས་པ་ཞེས་བྱ་བ་དེ་ནི་ཐ་སྙད་ཁོ་ནར་ཡོད་པ་ཡིན་པའི་ཕྱིར་དེས་ན་ཀུན་རྫོབ་ཏུ་ཡོད་པར་སྒྲུབ་ན་ནི་ཁྱེད་དོན་དམ་པར་སྒྲུབ་པ་དང་འགལ་བ་ཉིད་ཡིན་པས་མ་གྲུབ་བོ། །དེ་ལྟར་རིགས་པ་དེས་ན། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། ། དེ་ཡིས་ཐམས་ཅད་ལན་འདེབས་མིན། །བསྒྲུབ་པར་བྱ་བ་མཚུངས་པར་འགྱུར། །ཞེས་བྱ་བ་ནི་དེ་ལྟར་གང་གི་ཕྱིར་ཆོས་ཐམས་ཅད་གཟུགས་རྣམ་པ་ཐམས་ཅད་དུ་མི་འཐད་པར་རིམ་པ་མཚུངས་པའི་རིགས་པ་དེས་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་ པ་ཉིད་དུ་བསྒྲུབས་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཕན་གདགས་པའི་ཕྱིར་ཚིག་ལེའུར་བྱས་པ་ཐ་མ་འདི་གཉིས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་བསྟན་ཏེ་འདི་ལ་དབུ་མ་པས་སྟོང་པ་ཉིད་ཀྱིས་བརྩད་ཅིང་འགྱེད་པ་བརྩམས་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཡོངས་སུ་ གླེང་བའི་ཚེ་རྒོལ་བ་གང་ཞིག་སྟོང་པ་ཉིད་མ་ཡིན་པས་ལན་འདེབས་ཤིང་སྨྲ་བར་བྱེད་པ་དེའི་ལན་དེ་དག་ཐམས་ཅད་ཀྱིས་ནི་དབུ་མ་པ་ལ་ལན་བཏབ་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བ་དང་མཚུངས་པར་འགྱུར་བའི་ཕྱིར་ཏེ། འདི་ལྟ་སྟེ། དཔེར་ན་དབུ་མ་པས་དངོས་པོ་ཐམས་ཅད་ ངོ་བོ་ཉིད་སྟོང་པའོ་ཞེས་དམ་བཅས་ནས་བསྒྲུབ་པར་བྱ་བའི་དཔེ་བསྟན་པའི་ཕྱིར་གཟུགས་དང་སྣམ་བུ་དང་བུམ་པ་ངོ་བོ་ཉིད་སྟོང་པ་ཡིན་ནོ་ཞེས་བརྩད་པ་ཞེས་པའི་ཚེ་དངོས་པོར་སྨྲ་བ་གང་ཞིག་གཟུགས་དང་སྣམ་བུ་དང་བུམ་པའི་ངོ་བོ་ཉིད་སྟོང་པ་མ་ཡིན་ཏེ། དེ་དག་གི་རྒྱུ་ས་ལ་སོགས་པ་དང་རྒྱུ་སྤུན་ལ་ སོགས་པ་དང་འཇིམ་པ་ལ་སོགས་པ་ཡོད་པའི་ཕྱིར་རོ་ཞེས་ལན་འདེབས་ཤིང་སྨྲ་བར་བྱེད་པ་དེའི་ལན་དེ་དག་ཐམས་ཅད་ཀྱིས་ནི་དབུ་མ་པ་ལ་ལན་བཏབ་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གཟུགས་དང་སྣམ་བུ་དང་བུམ་པའི་རྒྱུ་དེ་དག་ཀྱང་བསྒྲུབ་པར་བྱ་བ་གཟུགས་དང་སྣམ་བུ་དང་བུམ་པ་བདག་ཉིད་དང་མཚུངས་པར་ ངོ་བོ་ཉིད་སྟོང་པ་ཡིན་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །ཞེས་བྱ་བ་བསྟན་པའི་ཕྱིར། དེ་ཁོ་ན་བརྟག་པའི་མཚན་ཉིད་ལ་དངོས་པོ་འགའ་ཞིག་གི་དོན་དམ་པའི་ངོ་བོ་ཉིད་བརྟག་པ་བརྩམ་པ་ན་སྟོང་པ་ཉིད་ཀྱིས་དོན་དམ་པར་སྐྱེ་མཆེད་རྣམས་སྐྱེ་བ་མེད་པ་དང་རྫས་ སུ་ཡོད་པ་མ་ཡིན་པར་ཚད་མ་ཡོངས་སུ་བཟུང་སྟེ་བརྩད་ཅིང་འགྱེད་པ་བྱས་པའི་ཚེ་ཞེས་བྱ་བ་སྨྲས་ཏེ། དབུ་མ་པ་དངོས་པོར་སྨྲ་བ་དག་ལ་སྟོང་པ་ཉིད་ཀྱིས་བརྩད་པ་བྱས་པའི་ཚེ་ཞེས་བྱ་བར་སྦྱར་རོ། །དབུ་མ་པས་གང་གི་ཚེ་དངོས་པོར་སྨྲ་བ་དག་ལ་སྟོང་པ་ཉིད་ཀྱིས་བརྩད་པ་བྱས་པའི་ཚེ་ཞེ་ན། དེ་ཁོ་ ན་བརྟག་པའི་མཚན་ཉིད་ལ་དངོས་པོ་འགའ་ཞིག་གི་དོན་དམ་པ་པའི་ངོ་བོ་ཉིད་བརྟག་པ་ལ་བརྩམ་ན་ཞེས་བྱ་བ་སྨྲས་ཏེ། གང་གི་ཚེ་ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་མཚན་ཉིད་རྟོག་པར་བྱེད་པ་དེའི་ཚེ་ན་ཕྱི་དང་ནང་གི་དངོས་པོ་འགའ་ཞིག་གི་དོན་དམ་པ་པའི་ངོ་བོ་ཉིད་བརྟག་པ་བརྩམ་པ་ནའོ། །དབུ་ མ་པས་རྣམ་པ་གང་གིས་དངོས་པོར་སྨྲ་བ་དག་ལ་བརྩད་པ་བྱས་པའི་ཚེ་ན། སྟོང་པ་ཉིད་ཀྱིས་ཞེས་བྱ་བ་སྨྲས་སོ། །སྟོང་པ་ཉིད་སྟོན་པ་དེ་བསྟན་པའི་དོན་དམ་པའི་སྐྱེ་མཆེད་རྣམས་སྐྱེ་བ་མེད་པ་དང་རྫས་སུ་ཡོད་པ་མ་ཡིན་པར་ཚད་མ་ཡོངས་སུ་བཟུང་སྟེ་བརྩད་ཅིང་འགྱེད་པ་བྱེད་པའི་ཚེ་ཞེས་བྱ་བ་སྨྲས་ ཏེ། རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོའི་སྐབས་སུ། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་ཡང་། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པས་སྐྱེ་བའི་ཕྱོགས་བཞི་པོ་དེ་དག་དགག་པའི་ཕྱིར་དོན་དམ་ པར་སྐྱེ་མཆེད་རྣམས་བདག་དང་གཞན་དང་གཉིས་དང་རྒྱུ་མེད་པ་ལས་སྐྱེ་བ་མེད་པར་ཚད་མ་ཡོངས་སུ་བཟུང་སྟེ་བརྩད་ཅིང་འགྱེད་པ་བྱེད་པའི་ཚེ་དང་། ཕུང་པོ་བརྟག་པའི་རབ་ཏུ་བྱེད་པ་བཞི་པ་འདི་ཉིད་ཀྱི་སྐབས་སུ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ནི་ དམིགས་པར་མི་འགྱུར་རོ། །གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ་། །ཞེས་བྱ་བ་ལ་སོགས་པས་རྫས་སུ་ཡོད་པར་འདོད་པའི་ཕྱོགས་དགག་པའི་ཕྱིར་དོན་དམ་པར་གཟུགས་རྫས་སུ་ཡོད་པ་མ་ཡིན་ཏེ། རང་གི་རྒྱུ་མ་བཟུང་ན་དེའི་བློ་མེད་པའི་ཕྱིར་དཔེར་ན་དམག་ ལ་སོགས་པ་བཞིན་ནོ་ཞེས་བྱ་བས་རྫས་སུ་ཡོད་པ་མ་ཡིན་པར་ཚད་མ་ཡོངས་སུ་བཟུང་སྟེ་བརྩད་ཅིང་འགྱེད་པ་བྱས་པའི་ཚེའོ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །ཞེས་བྱ་བ་བསྟན་པའི་ཕྱིར། གང་ཞིག་རྟོག་གེ་ཕྱི་མ་ཉེ་བར་བཞག་པས་ལན་འདེབས་ཤིང་སྨྲ་བར་བྱེད་པ་ཞེས་བྱ་བ་སྨྲས་ཏེ། དངོས་ པོར་སྨྲ་བ་གང་ཞིག་དབུ་མ་པ་ལ་ལན་འདེབས་ཤིང་སྨྲ་བར་བྱེད་པ་ཞེས་བྱ་བར་སྦྱར་རོ། །དངོས་པོར་སྨྲ་བ་དག་སྒྲུབ་པ་གང་གིས་དབུ་མ་པ་ལ་ལན་འདེབས་ཤིང་སྨྲ་བར་བྱེད་ཅེ་ན། རྟོག་གེ་ཕྱི་མ་ཉེ་བར་བཞག་པས་ལན་འདེབས་ཤིང་སྨྲ་བར་བྱེད་པ་ཞེས་བྱ་བ་སྨྲས་ཏེ། དངོས་པོར་སྨྲ་བ་དག་དབུ་ མ་པ་ལ་འདི་སྐད་ཅེས། དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་སྐྱེ་བ་ཁོ་ན་ཡིན་ཏེ། ལ་ལའི་དགའ་བ་དང་ཡོངས་སུ་གདུང་བའི་རྒྱུ་ཡིན་པའི་ཕྱིར་དཔེར་ན་བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་དང་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་རྫས་སུ་ཡོད་པ་ཁོ་ན་ཡིན་ཏེ། ཕན་འདོགས་པར་བྱེད་ པའི་ཕྱིར་དཔེར་ན་མྱ་ངན་ལས་འདས་པ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་རྟོག་གེ་ཕྱི་མ་ཉེ་བར་བཞག་པས་ལན་འདེབས་ཤིང་སྨྲ་བར་བྱེད་པ་ཡིན་ནོ། །དེ་ཡིས་ཐམས་ཅད་ལན་བཏབ་མིན། །ཞེས་བྱ་བ་བསྟན་པའི་ཕྱིར་དེ་ཡིས། དེ་དག་ཐམས་ཅད་ནི་ལན་བཏབ་པ་མ་ཡིན་ཏེ་ཞེས་བྱ་བ་སྨྲས་ཏེ་ དངོས་པོར་སྨྲ་བ་དེའི་ལན་དེ་དག་ཐམས་ཅད་ཀྱིས་དབུ་མ་པ་ལ་ལན་བཏབ་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་བྱ་བ་བསྟན་པའི་ཕྱིར་བསྒྲུབ་པར་བྱ་བ་དང་མཚུངས་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཅིའི་ཕྱིར་དེའི་ལན་དེ་དག་ཐམས་ ཅད་ཀྱིས་དབུ་མ་པ་ལ་ལན་བཏབ་པ་མ་ཡིན་ཞེ་ན། དེའི་རྟོག་གེ་ཕྱི་མའི་གཏན་ཚིགས་དང་དཔེ་དེ་དག་བསྒྲུབ་པར་བྱ་བ་དང་མཚུངས་པར་མ་གྲུབ་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་བསྒྲུབ་པར་བྱ་བ་དང་མཚུངས་པར་འགྱུར་ཞེ་ན། དེའི་སྟོན་པའི་གཏན་ཚིགས་དང་དཔེ་དེ་དག་བསྒྲུབ་ པར་བྱ་བ་དང་མཚུངས་པར་མ་གྲུབ་པའི་ཕྱིར་རྟོག་གེ་ཕྱི་མ་མི་འགྲུབ་བོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་སྐྱེ་མཆེད་རྣམས་སྐྱེ་བ་རྫས་སུ་ཡོད་པ་དེ་སྟོན་པའི་གཏན་ཚིགས་དང་དཔེ་ལ་ལའི་དགའ་བ་དང་ཡོངས་སུ་གདུང་བའི་རྒྱུ་ཡིན་པའི་ཕྱིར་དཔེར་ན་བུམ་པ་ལ་སོགས་པ་བཞིན་ནོ་ ཞེས་བྱ་བ་དང་། ཕན་འདོགས་པར་བྱེད་པའི་ཕྱིར་དཔེར་ན་མྱ་ངན་ལས་འདས་པ་བཞིན་ནོ་ཞེས་བྱ་བ་དེ་དག་དབུ་མ་པས་བསྒྲུབ་པར་བྱ་བ་སྐྱེ་མཆེད་རྣམས་དོན་དམ་པར་མ་གྲུབ་པ་དང་མཚུངས་པར་མ་གྲུབ་པའི་ཕྱིར་རྟོག་གེ་ཕྱི་མ་མི་འགྲུབ་པོ་ཞེས་བྱ་བར་དགོངས་ཏེ། ཅི་ལྟར་དོན་དམ་པར་སྐྱེ་མཆེད་ རྣམས་སྐྱེ་བར་མ་གྲུབ་པ་དང་རྫས་སུ་ཡོད་པར་མ་གྲུབ་པ་དེ་བཞིན་དུ་དོན་དམ་པར་ལ་ལའི་དགའ་བ་དང་ཡོངས་སུ་གདུང་བའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་དང་། བུམ་པ་ཞེས་བྱ་བ་དང་། ཕན་འདོགས་པར་བྱེད་པའི་ཕྱིར་ཞེས་བྱ་བ་དང་། མྱ་ངན་ལས་འདས་པ་ཞེས་བྱ་བ་དག་ཀྱང་མ་གྲུབ་པའི་ ཕྱིར་རྟོག་གེ་ཕྱི་མ་མི་འགྲུབ་སྟེ་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་རྫས་སུ་མེད་པ་ཡིན་པའི་ཕྱིར་གཏན་ཚིགས་ཀྱང་མེད་ལ་དཔེ་ཡང་མེད་པས་ལན་བཏབ་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་བཞིན་དུ། སྟོང་པ་ཉིད་ཀྱིས་བཤད་བྱས་ཚེ། །གང་ཞིག་སྐྱོན་འདོགས་སྨྲ་བྱེད་པ། །དེ་ཡིས་ ཐམས་ཅད་སྐྱོན་བརྟགས་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་བྱ་བས་ཀྱང་འདི་སྐད་བསྟན་ཏེ། འདི་ལ་དབུ་མ་པས་སྟོང་པ་ཉིད་ཀྱིས་དངོས་པོ་ངོ་བོ་ཉིད་མེད་པ་ཉིད་དུ་རྣམ་པར་བཤད་པའི་ཚེ་རྒོལ་བ་གང་ཞིག་སྟོང་པ་ཉིད་མ་ཡིན་པས་སྐྱོན་འདོགས་ཤིང་སྨྲ་བར་བྱེད་པ་དེའི་ སྐྱོན་འདོགས་པར་བྱེད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་དབུ་མ་པ་ལ་སྐྱོན་བཏགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བ་དང་མཚུངས་པར་འགྱུར་བའི་ཕྱིར་ཏེ་འདི་ལྟ་སྟེ་དཔེར་ན་དབུ་མ་པས་དངོས་པོ་ཐམས་ཅད་ངོ་བོ་ཉིད་སྟོང་པའོ་ཞེས་དམ་བཅས་ནས་བསྒྲུབ་པར་བྱ་བའི་དཔེ་བསྟན་ པའི་ཕྱིར་ཕུང་པོ་ལ་སོགས་པ་དག་ངོ་བོ་ཉིད་སྟོང་པ་ཡིན་ནོ་ཞེས་རྣམ་པར་བཤད་པ་བྱས་པའི་ཚེ། དངོས་པོར་སྨྲ་བ་གང་ཞིག་ཕུང་པོ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ་བདེན་པ་ལ་སོགས་པས་བསྡུས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་སྐྱོན་འདོགས་ཤིང་སྨྲ་ བར་བྱེད་པ་དེའི་སྐྱོན་འདོགས་པ་དེ་དག་ཐམས་ཅད་ཀྱིས་ནི་དབུ་མ་པ་ལ་སྐྱོན་བཏགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཕུང་པོ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ་བདེན་པ་ལ་སོགས་པས་བསྡུས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་སྐྱོན་འདོགས་ཤིང་སྨྲ་བར་བྱེད་པ་དེ་དག་ཀྱང་བསྒྲུབ་པར་བྱ་ བ་ཕུང་པོ་ལ་སོགས་པ་ཉིད་དང་མཚུངས་པར་ངོ་བོ་ཉིད་སྟོང་པ་ཡིན་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །སྟོང་པ་ཉིད་ཀྱིས་བཤད་བྱས་ཚེ། །ཞེས་བྱ་བ་བསྟན་པའི་ཕྱིར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ན་སྟོང་པ་ཉིད་ཀྱིས་སྦྱོར་བ་རྣམ་པར་དབྱེ་བ་བྱས་ཏེ་ རྣམ་པར་བཤད་པའི་ཚེ་ཞེས་བྱ་བ་སྨྲས་ཏེ། དབུ་མ་པས་དངོས་པོ་སྨྲ་བ་དག་ལ་སྟོང་པ་ཉིད་ཀྱིས་རྣམ་པར་བཤད་པ་བྱས་པའི་ཚེ་ཞེས་བྱ་བར་སྦྱར་རོ། །དབུ་མ་པས་གང་གི་ཚེ་དངོས་པོར་སྨྲ་བ་དག་ལ་སྟོང་པ་ཉིད་ཀྱིས་རྣམ་པར་བཤད་པ་བྱས་པའི་ཚེ་ཞེ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ན་ཞེས་བྱ་བ་སྨྲས་ཏེ། གང་གི་ཚེ་ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་མཚན་ཉིད་རྟོག་པར་བྱེད་པ་དེའི་ཚེ་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ནའོ། །དབུ་མ་པས་རྣམ་པ་གང་གིས་དངོས་པོར་སྨྲ་བ་དག་ལ་རྣམ་པར་བཤད་པ་ བྱས་པའི་ཚེ་ཞེ་ན། སྟོང་པ་ཉིད་ཀྱིས་ཞེས་བྱ་བ་སྨྲས་སོ། །སྟོང་པ་ཉིད་སྟོན་པ་དེ་བསྟན་པའི་ཕྱིར་སྦྱོར་བ་རྣམ་པར་དབྱེ་བ་བྱས་ཏེ་རྣམ་པར་བཤད་པའི་ཚེ་ཞེས་བྱ་བ་སྨྲས་ཏེ། ཚིག་ལེའུར་བྱས་པ་སྔ་མ་ཤོས་ཀྱི་སྐབས་སུ། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །ཞེས་སྨྲས་པའི་སྦྱོར་བ་ དེ་ཉིད་འདིར། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །ཞེས་བྱ་བར་རྣམ་པར་དབྱེ་བ་བྱས་ཏེ་རྣམ་པར་བཤད་པའི་ཚེའོ། །གང་ཞིག་སྐྱོན་འདོགས་སྨྲ་བྱེད་པ། །ཞེས་བྱ་བ་བསྟན་པའི་ཕྱིར། གང་ཞིག་ཚད་མ་ལོག་པས་བློ་གྲོས་བསླད་པ་ཉིད་ཀྱིས་ཕུང་པོ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ ཏེ། བདེན་པ་ལ་སོགས་པས་བསྡུས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་སྐྱོན་འདོགས་ཤིང་སྨྲ་བར་བྱེད་པ་ཞེས་བྱ་བ་སྨྲས་ཏེ། དངོས་པོར་སྨྲ་བ་གང་ཞིག་དབུ་མ་པ་ལ་སྐྱོན་འདོགས་ཤིང་སྨྲ་བར་བྱེད་པ་ཞེས་བྱ་བར་སྦྱར་རོ། །དངོས་པོར་སྨྲ་བ་དག་སྒྲུབ་པ་གང་གིས་དབུ་མ་པ་ལ་སྐྱོན་ འདོགས་ཤིང་སྨྲ་བར་བྱེད་ཅེ་ན། ཚད་མ་ལོག་པས་བློ་གྲོས་བསླད་པ་ཉིད་ཀྱིས་ཕུང་པོ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ་བདེན་པ་ལ་སོགས་པས་བསྡུས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་སྐྱོན་འདོགས་ཤིང་སྨྲ་བར་བྱེད་པ་ཞེས་བྱ་བ་སྨྲས་ཏེ་འདིར་ཡང་ཚིག་ལེའུར་བྱས་པ་སྔ་མ་ཤོས་ ཀྱི་སྐབས་སུ། གང་ཞིག་ལན་འདེབས་སྨྲ་བྱེད་པ། །ཞེས། སྨོས་པའི་སྦྱོར་བ་དེ་ཉིད་འདིར། །གང་ཞིག་སྐྱོན་འདོགས་སྨྲ་བྱེད་པ། །ཞེས་བྱ་བ་རྣམ་པར་དབྱེ་བར་བྱའོ། །དངོས་པོར་སྨྲ་བ་དག་བསྟན་བཅོས་ངན་པ་དག་དང་ལྡན་པའི་ཚད་མ་ལོག་པས་བློ་གྲོས་བསླད་པ་ཉིད་ཀྱིས་དབུ་མ་པ་ལ་འདི་ སྐད་ཅེས་དོན་དམ་པར་ཕུང་པོ་རྣམས་ཡོད་པ་ཁོ་ན་ཡིན་ཏེ། འཕགས་པའི་བདེན་པས་བསྡུས་པའི་ཕྱིར་ཞེས་བྱ་བ་དང་དོན་དམ་པར་ཁམས་དང་སྐྱེ་མཆེད་རྣམས་ཡོད་པ་ཁོ་ན་ཡིན་ཏེ་ཕུང་པོ་ལ་སོགས་པས་བསྡུས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་སྐྱོན་འདོགས་ཤིང་སྨྲ་བར་བྱེད་པ་ཡིན་ནོ། །དེ་ ཡིས་ཐམས་ཅད་སྐྱོན་བཏགས་མིན། །ཞེས་བྱ་བ་བསྟན་པའི་ཕྱིར་དེ་ཡིས་དེ་དག་ཐམས་ཅད་ཀྱང་སྐྱོན་བཏགས་ཤིང་སུན་ཕྱིན་པ་མ་ཡིན་ཏེ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་ཚིག་ལེའུར་བྱས་པ་སྔ་མ་ཤོས་ཀྱི་སྐབས་སུ། དེ་ཡིས་ཐམས་ཅད་ལན་བཏབ་མིན། །ཞེས་སྨོས་པའི་སྦྱོར་བ་དེ་ཉིད་འདིར། དེ་ཡིས་ཐམས་ཅད་སྐྱོན་བཏགས་མིན། །ཞེས་བྱ་བར་རྣམ་པར་དབྱེ་བ་བྱས་ཏེ། དངོས་པོར་སྨྲ་བ་དེའི་སྐྱོན་འདོགས་པ་དེ་དག་ཐམས་ཅད་ཀྱིས་ནི་དབུ་མ་པ་ལ་སྐྱོན་བཏགས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་བྱ་བ་བསྟན་པའི་ཕྱིར་བསྒྲུབ་པར་བྱ་བ་ དང་མཚུངས་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་ཚིག་གི་ལྷག་མའོ་ཞེས་བྱ་བ་སྨྲས་ཏེ། ཅིའི་ཕྱིར་དེའི་སྐྱོན་འདོགས་པ་དེ་དག་ཐམས་ཅད་ཀྱིས་དབུ་མ་པ་ལ་སྐྱོན་བཏགས་པ་མ་ཡིན་ཞེ་ན་དེའི་ཚད་མ་ལོག་པས་བློ་གྲོས་བསླད་པ་ཉིད་ཀྱིས་ཕུང་པོ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ། བདེན་པ་ལ་སོགས་ པས་བསྡུས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་སྐྱོན་འདོགས་ཤིང་སྨྲ་བར་བྱེད་པ་དེ་དག་བསྒྲུབ་པར་བྱ་བ་དང་མཚུངས་པར་མ་གྲུབ་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ལྟ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་ན་རེ་ཅི་ལྟར་བསྒྲུབ་པར་བྱ་བ་དང་མཚུངས་པར་འགྱུར་ ཞེས་དྲི་བ་ཡིན་ནོ། །དེའི་ལན་དུ་སུན་དབྱུང་བ་དང་འདྲ་བའི་ཕྱིར་བསྒྲུབ་པར་བྱ་བ་མ་གྲུབ་པ་ཉིད་དང་སྤྱིར་མཚུངས་ཏེ་ཞེས་བྱ་བ་སྨྲས་ཏེ། དངོས་པོར་སྨྲ་བ་དག་གི་སྐྱོན་འདོགས་པར་བྱེད་པ་དེ་དག་དབུ་མ་པས་དངོས་པོ་ཐམས་ཅད་མ་གྲུབ་པར་སུན་ཕྱུང་བ་དང་འདྲ་བའི་ཕྱིར་བསྒྲུབ་པར་བྱ་བ་དངོས་པོ་ཡོད་ པར་མ་གྲུབ་པ་ཉིད་དང་སྐྱོན་འདོགས་པ་དེ་དག་མ་གྲུབ་པ་ཉིད་སྤྱིར་མཚུངས་སོ། །དེ་ཉིད་བསྟན་པའི་ཕྱིར་སློབ་དཔོན་འཕགས་པ་ལྷས་དབུ་མ་པའི་ཚིག་ལེའུར་བྱས་པ་བརྒྱ་པ་ལ། དངོས་པོ་གཅིག་ལ་གང་ལྟ་བ། །དེ་ནི་ཀུན་ལའང་ལྟ་བར་འདོད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ཉིད་ཀུན་ གྱིས་སྟོང་པ་ཉིད། །ཅེས་གསུངས་སོ་ཞེས་བྱ་བས་བསྒྲུབ་པར་བྱ་བ་དང་མཚུངས་པར་འགྱུར་བའི་ཁུངས་བསྟན་ཏོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་སྐྱེ་མཆེད་རྣམས་ཡོད་པར་སྟོན་པ་ཉེ་བར་གཞག་པའི་སྒྲུབ་པའི་སྐྱོན་བརྗོད་པས་ཕུང་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་ མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ་ཕུང་པོ་བརྟག་པའི་རབ་ཏུ་བྱེད་པ་བཞི་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་བུར་ལྟ་བ་ནི་ཕ་རོལ་པོས་སྐྱེ་མཆེད་རྣམས་ཡོད་པར་སྟོན་པའི་ཕྱོགས་སྔ་མ་དོན་དམ་པར་སྐྱེ་མཆེད་རྣམས་ཡོད་པ་ཁོ་ན་ཡིན་ཏེ། ཕུང་པོས་བསྡུས་པའི་ཕྱིར་རོ་ཞེས་ བྱ་ལ་སོགས་པ་ཉེ་བར་གཞག་པ་དེ་དག་གི་སྒྲུབ་པའི་སྐྱོན་བརྗོད་པས་ཕུང་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །ཕུང་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ལ་ཡོན་ཏན་ཅི་ཡོད་པ་བསྟན་པའི་ཕྱིར་དང་། ཕུང་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་ པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱིས་ཀྱང་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པའི་མདོ་ལས། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ ཕུང་པོ་ལྔ་པོ་དག་གིས་མངོན་པར་འགྲུབ་པར་གཏོགས་པ་སྟོན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ལུང་གི་དོན་དེ་གྲུབ་ཅིང་ཡིད་ཆེས་པའི་ལུང་གི་ཁུངས་དེས་ཕུང་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྒྲུབས་པ་ཡིན་ནོ། །དེ་ལ། མངོན་པར་ འགྲུབ་པར་གཏོགས་པ་སྟོན་པ་ཞེས་བྱ་བ་ནི་སྐྱེ་བར་བསྡུས་པ་སྟོན་པ་ཞེས་བྱ་བའི་ཐ་ཚིག་གོ། །འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་བསལ་བའི་ལུང་ཡང་འདི་ཡིན་ཏེ། དེའི་ཕྱིར་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ངོ་བོ་ཉིད་དང་བྲལ་བ་ནི་གཟུགས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ངོ་བོ་ཉིད་དང་བྲལ་བ་ནི་རྣམ་པར་ཤེས་པའོ། །གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་དག་གི་ངོ་བོ་ཉིད་དང་བྲལ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ གཟུགས་ངོ་བོ་ཉིད་མེད་པ་ནི་གཟུགས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ངོ་བོ་ཉིད་མེད་