Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 100

Văn bản gốc(Tây Tạng)

Trang 5 / 23 (50.000 ký tự/trang)
པ་ནི་རྣམ་པར་ཤེས་པའོ། །གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་དག་གི་ངོ་བོ་ཉིད་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ངས་ནི་འཇིག་རྟེན་ཕུང་པོ་བསྟན། །དེ་ལ་འཇིག་རྟེན་གནས་པར་གྱུར། །མཁས་པས་དེ་ལ་མི་གནས་པ། །འཇིག་རྟེན་ཆོས་ཀྱིས་མི་གོས་སོ། །ཞེས་བྱ་བ་ལ་སོགས་པ་
གསུངས་པའི་ལུང་གི་དོན་དེ་ཡང་གྲུབ་ཅིང་ཡིད་ཆེས་པའི་ལུང་གི་ཁུངས་དེས་ཀྱང་ཕུང་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྒྲུབས་པ་ཡིན་ཏེ། ངས་འཇིག་རྟེན་ལ་ཕུང་པོ་བསྟན་པ་དེ་དག་ལ་འཇིག་རྟེན་གང་དག་ལ་གནས་ཤིང་ཆགས་པ་དང་ལྷག་པར་ཆགས་པར་གྱུར་པ་དེ་དག་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་
པ་ཕུང་པོའི་ཆོས་རྣམས་ཀྱིས་གནོད་པར་འགྱུར་རོ། །མཁས་པ་གང་དག་ཕུང་པོ་དེ་དག་ལ་མི་གནས་ཤིང་མ་ཆགས་པ་དང་ལྷག་པར་ཆགས་པར་མ་གྱུར་པ་དེ་དག་ནི་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་གོས་ཏེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཅི་ལྟར་དེ་ལ་མི་གནས་འགྱུར། །ཞེས་དྲི་བའི་ལན་

དུ་དེ་ཉིད་ལས། འཇིག་རྟེན་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །དེ་ཕྱིར་དེ་ཡིས་དེ་རྟོགས་པས། །འཇིག་རྟེན་ཆོས་ཀྱིས་མི་གོས་སོ། །ཞེས་བྱ་བ་ཚིགས་སུ་བཅད་པ་གཞན་གསུངས་ཏེ། ཅི་ལྟར་ནམ་མཁའ་ལ་དངོས་པོ་མེད་ཅིང་མཚན་
ཉིད་མེད་པ་དེ་བཞིན་དུ་ཕུང་པོ་ལ་སོགས་པ་དངོས་པོ་རྣམས་ལ་ཡང་དངོས་པོ་མེད་ཅིང་མཚན་ཉིད་མེད་པར་རྟོགས་པས་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་གོས་སོ་ཞེས་གསུངས་ཏེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་འཕགས་པ་སུམ་བརྒྱ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་
གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ལ་གནས་ཏེ་སྦྱིན་པ་སྦྱིན་པར་མི་བྱའོ་ཞེས་བྱ་བ་གསུངས་པའི་ལུང་གི་དོན་དེ་ཡང་གྲུབ་ཅིང་ཡིད་ཆེས་པའི་ལུང་གི་ཁུངས་དེས་ཀྱང་ཕུང་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྒྲུབས་པ་ཡིན་ཏེ། དེ་ནི་རྒྱུར་བྱས་པའི་གཟུགས་དགག་པ་བསྒྲུབ་པའི་ལུང་ཡིན་ཏེ་དེ་ཡང་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། སྲིད་པ་གསུམ་ནི་བཏགས་པ་ཙམ། །ངོ་བོ་ཉིད་ཀྱིས་དངོས་པོ་མེད། །བཏགས་པ་དངོས་པོའི་རང་བཞིན་དུ། །ངན་རྟོག་རྣམས་ནི་རྟོག་པར་བྱེད། །ཅེས་བྱ་བ་ལ་སོགས་པ་གསུངས་པའི་ལུང་གི་དོན་དེ་ཡང་
གྲུབ་ཅིང་ཡིད་ཆེས་པའི་ལུང་གི་ཁུངས་དེས་ཀྱང་ཕུང་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྒྲུབས་པ་ཡིན་ཏེ། དེ་ནི་ཕུང་པོ་རྣམས་ཐ་སྙད་ཁོ་ནར་ཡོད་པ་ཉིད་དུ་བསྟན་པའི་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ལུང་ཡིན་ནོ། །དོན་དེ་ཉིད་བསྟན་པའི་ཕྱིར་ཡང་དེ་ཉིད་ལས། བློ་ཡིས་རྣམ་པར་བརྟགས་བྱས་
ན། ངོ་བོ་ཉིད་ནི་གཟུང་དུ་མེད། །དེ་ཕྱིར་དེ་དག་བརྗོད་མེད་དང་། །ངོ་བོ་ཉིད་ནི་མེད་པར་བསྟན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་གང་གི་ཕྱིར་དོན་དམ་པར་དངོས་པོ་རྣམས་ལ་བློས་རྣམ་པར་བརྟགས་ན་ངོ་བོ་ཉིད་ཆ་ཕྲ་བའམ། རགས་པ་གཟུང་དུ་མེད་པ་དེའི་ཕྱིར་དེ་བཞིན་
གཤེགས་པས་དངོས་པོ་དེ་དག་བརྗོད་དུ་མེད་པ་དང་ངོ་བོ་ཉིད་མེད་པར་བསྟན་པ་གང་ཡིན་པ་དེ་གྲུབ་ཅིང་ཡིད་ཆེས་པའི་ལུང་གི་ཁུངས་དེས་ཀྱང་ཕུང་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྒྲུབས་པ་ཡིན་ཏེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་གི་ཕྱིར་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་ཡས་པ་དག་ལས་ཕུང་

པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་དེའི་ཕྱིར་འདིར་ཡང་ཕུང་པོ་ལ་སོགས་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་ཏོ། །དེ་ལྟར་ཡིད་ཆེས་པའི་ལུང་དེ་དག་བསྒྲུབས་པ་ནི་ཕུང་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཡོན་ཏན་ཡིན་ཏེ། དེའི་ཕྱིར་ཁོ་བོས་རང་གི་བསམ་པས་རྟོག་གེ་སྐམ་པོ་ཙམ་གྱིས་ཕུང་པོ་རྣམས་
ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་མ་ཡིན་ཏེ། དེ་ལྟར་ལུང་དེ་དག་ཀྱང་ཡོད་དོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མ་པའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས་ཕུང་པོ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཞི་པ་རྒྱ་ཆེར་འགྲེལ་པ་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་
སྦྱར་བ་རྫོགས་སྷོ།། །།བམ་པོ་སུམ་ཅུ་གསུམ་པ། ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཁམས་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་ལྔ་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་དམ་བཅས་པ་ལ་
འཇུག་པའི་རྒྱུའི་དོན་དང་། གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དུ་ལྟ་སྟེ། ཚིག་གི་དོན་སྔ་མ་བཞིན་ནོ། །དེ་ལ་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་ཏེ། སྟོང་པ་ཉིད་ནི་རང་གི་ཕྱོགས་ཡིན་ནོ། །དེའི་
མི་མཐུན་པའི་ཕྱོགས་ནི་ཕྱིར་རྒོལ་བར་བྱེད་པའི་ཕྱོགས་ཏེ་འདི་ལྟ་སྟེ། སྐྱེ་མཆེད་ལ་སོགས་པ་དག་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་ཡིན་ནོ། །དེའི་ཁྱད་པར་ཞེས་བྱ་བ་ནི་ཕ་རོལ་པོས་ས་ལ་སོགས་པ་དག་ཡོད་པ་ཉིད་དུ་སྟོན་པའི་གཏན་ཚིགས་སུ་མཚན་ཉིད་ཡོད་པའི་ཕྱིར་རོ་ཞེས་སྨྲས་པ་དག་ཡིན་ནོ། །དེ་དགག་པས་
ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱིས་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དེ་དགག་པའི་དབང་དུ་བྱས་ནས་རབ་ཏུ་བྱེད་པ་ལྔ་པ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས་ཁམས་རྣམས་དངོས་པོ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་ལྔ་པ་བརྩམ་
མོ་ཞེས་བྱ་བ་སྨྲས་ཏེ། ཁམས་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ནི་རབ་ཏུ་བྱེད་པ་འདིའི་འབྲས་བུ་ཡིན་ནོ། །རབ་ཏུ་བྱེད་པ་བསྟན་མ་ཐག་པར། གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ་། །ཞེས་བཤད་པའི་ཕྱིར་ཞེས་བྱ་བ་ནི་ཕུང་པོ་བརྟག་པའི་རབ་ཏུ་བྱེད་པ་བསྟན་

མ་ཐག་པར་བསྟན་བཅོས་མཛད་པས་དེ་སྐད་ཅེས་བཤད་པའི་ཕྱིར་རང་གི་སྡེ་པ་དག་གིས་དེ་ནི་མི་བཟོད་པས་དེའི་ཕྱིར་རེ་ཞིག་རང་གི་སྡེ་པ་དག་ན་རེ་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །འདི་ལ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་ཁམས་དྲུག་པོ་འདི་དག་ནི་སྐྱེས་བུའོ་
ཞེས་གསུངས་པས་ཞེས་བྱ་བ་ནི་སྡེ་པ་གཞན་དག་གི་གཞུང་ལས་དེ་སྐད་ཅེས་གསུངས་པས་ཁམས་དྲུག་པོ་ས་དང་། ཆུ་དང་མེ་དང་རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དག་གི་མཚན་ཉིད་སྲ་བ་དང་། གཤེར་བ་དང་། ཚ་བ་དང་། གཡོ་བ་དང་། སྐབས་འབྱེད་པ་དང་། རྣམ་
པར་ཤེས་པར་བྱེད་པ་དག་སྟོན་ཏོ་ཞེས་བྱ་བ་ནི་ཁམས་དྲུག་པོ་དག་གི་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་ཡོད་པར་དམ་འཆའ་བ་ཡིན་ནོ། །ནམ་མཁའི་མེ་ཏོག་ལ་སོགས་པ་ལྟ་བུ་མེད་པ་དག་ནི་སྐྱེས་བུའི་རྒྱུ་ཉིད་དུ་མ་བསྟན་པས་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་ཡིན་ནོ། །དེའི་ཕྱིར་སློབ་དཔོན་
གྱིས་ས་ལ་སོགས་པ་དག་ལ་ཡང་གཟུགས་ཀྱི་རྒྱུ་མེད་དོ་ཞེས་དམ་བཅའ་བ་བྱས་པ་དེ་ནི་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་བྱ་བ་ནི་བསྟན་བཅོས་མཛད་པས། གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ་། །ཞེས་དམ་བཅའ་བ་བྱས་པ་དེ་ནི་བཅོམ་ལྡན་འདས་ཀྱིས་
རྒྱལ་པོ་ཆེན་པོ་ཁམས་དྲུག་པོ་འདི་དག་ནི་སྐྱེས་བུའོ་ཞེས་གསུངས་པའི་ལུང་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་ཟེར་རོ། །གལ་ཏེ་དེ་བཞིན་གཤེགས་པས་ཐ་སྙད་དུ་ཁམས་དྲུག་པོ་དག་སྐྱེས་བུའོ་ཞེས་བསྟན་པར་ཁས་བླངས་པས་ཉེས་པ་མེད་དོ་ཞེ་ན་ཞེས་བྱ་བ་ནི་རང་གི་སྡེ་པ་དག་ན་རེ་གལ་ཏེ་ཁྱེད་དབུ་
མ་པ་ན་རེ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་ཁམས་དྲུག་པོ་འདི་དག་ནི་སྐྱེས་བུའོ་ཞེས་གསུངས་པ་ནི་དེ་བཞིན་གཤེགས་པས་ཀུན་རྫོབ་ཀྱི་བདེན་པར་དེ་སྐད་བསྟན་པར་ངེད་དབུ་མ་པས་ཁས་བླངས་པས་ངེད་ཅག་ལ་ཁས་བླངས་པ་ལ་གནོད་པར་འགྱུར་བའི་ཉེས་པ་མེད་དོ་ཞེས་ཟེར་ནའོ། །དོན་དམ་པར་
བསྟན་པར་ཁས་བླངས་པའི་ཕྱིར་ཉེས་པ་མེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ངེད་རང་གི་སྡེ་པ་དག་གིས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་ཁམས་དྲུག་པོ་འདི་དག་ནི་སྐྱེས་བུའོ་ཞེས་གསུངས་པའི་ལུང་དེ་དོན་དམ་པར་ཁས་བླངས་པའི་ཕྱིར་ཁྱེད་དབུ་མ་པ་ལ་ཁས་བླངས་པ་ལ་གནོད་པར་འགྱུར་བའི་ཉེས་པ་མེད་

པ་མ་ཡིན་ནོ། །གལ་ཏེ་དེ་མ་གྲུབ་པའི་ཕྱིར་རིགས་པ་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཁྱེད་དབུ་མ་པ་ན་རེ་དོན་དམ་པར་བསྟན་པར་ཁས་བླངས་པ་དེ་ངེད་ལ་མ་གྲུབ་པའི་ཕྱིར་རིགས་པ་མ་ཡིན་ནོ་ཞེས་ཟེར་ནའོ། །མ་གྲུབ་པ་མ་ཡིན་ཏེ་ཞེས་བྱ་བ་ནི་ཁྱེད་དབུ་མ་པ་ལ་ཡང་དོན་དམ་པར་བསྟན་པ་དེ་མ་གྲུབ་པ་མ་
ཡིན་ཏེ་ཞེས་བསྒྲུབ་པ་ཡིན་ནོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར་དོན་དམ་པར་ས་ལ་སོགས་པ་ཁམས་རྣམས་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་གི་མཚན་ཉིད་ཡོད་པའི་ཕྱིར་རོ། །འདི་ལ་བཅོམ་ལྡན་འདས་ཀྱིས་གང་དོན་དམ་པར་མེད་དོ་ཞེས་གསུངས་པ་དེ་ལ་ནི་མཚན་ཉིད་མེད་དེ་དཔེར་ན་ནམ་མཁའི་མེ་ཏོག་
བཞིན་ནོ། །ས་ལ་སོགས་པ་དག་ལ་ནི་སྲ་བ་ཉིད་ལ་སོགས་པའི་མཚན་ཉིད་དག་ཡོད་པས་དེ་ལྟར་དེ་དག་གི་མཚན་ཉིད་ཡོད་པའི་ཕྱིར་ས་ལ་སོགས་པ་ཁམས་རྣམས་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་
མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་འདིར་ནམ་མཁའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་བསྟན་སླ་བའི་ཕྱིར་དང་། དེ་ཡོད་པ་མ་ཡིན་པར་བསྟན་པས་
ཁམས་ལྷག་མ་རྣམས་དགག་པ་ཡང་སླ་བའི་ཕྱིར་སློབ་དཔོན་གྱིས་ནམ་མཁའི་ཁམས་ཁོ་ནའི་དབང་དུ་མཛད་དེ་བཤད་པ། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དབྱེར་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་གལ་ཏེ་
དབྱེར་ཡོད་ན་ནི་སྔ་ཕྱི་ཡང་ཡོད་པར་འགྱུར་བ་ཞིག་ན་ནམ་མཁའི་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་ལ་ནི་དབྱེར་མེད་པའི་ཕྱིར་སློབ་དཔོན་གྱིས་དེ་ལས་དགོངས་ནས་ནམ་མཁའི་མཚན་ཉིད་ཀྱི་སྔ་རོལ་ན་ནམ་མཁའ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །དབྱེར་མེད་པ་ཉིད་བསྟན་པའི་ཕྱིར་འདི་ལ་བྱེ་བྲག་ཏུ་སྨྲ་བ་དག་
ནམ་མཁའ་ནི་མི་སྒྲིབ་པ་ཁོ་ནར་སྟོན་པས་མི་སྒྲིབ་པ་ཉིད་ནམ་མཁའ་ཡིན་ལ་དེ་ཡང་ཡོད་པ་ཉིད་དུ་སྒྲུབ་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་ན་རེ་ནམ་མཁའི་མཚན་ཉིད་ནི་མི་སྒྲིབ་པའོ་ཞེས་ཟེར་བས་མི་སྒྲིབ་པ་དང་ནམ་མཁའ་ཐ་མི་དད་དེ་དབྱེར་མེད་པ་ཡིན་ནོ། །དེ་དག་ནམ་མཁའ་

དེ་ཡང་ཡོད་པ་ཉིད་དུ་སྒྲུབ་ཏེ་དེ་ནི་མི་འགྲུབ་བོ། །ཅིའི་ཕྱིར་མི་འགྲུབ་ཅེ་ན། དེའི་ཕྱིར་མི་སྒྲིབ་པ་ཡོད་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་དང་སྒྲུབ་པ་མི་འགྲུབ་སྟེ། དཔེར་ན་སྒྲ་ནི་མི་རྟག་སྟེ་མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་དེ་བཞིན་དུ་འདིར་ཡང་ནམ་མཁའ་ཡོད་དེ་ནམ་མཁའ་ཡིན་པའི་ཕྱིར་རོ་
ཞེས་བྱ་བ་སྨྲས་ཏེ། དཔེར་ན་སྒྲ་ནི་མི་རྟག་སྟེ་མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་དེ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པས་མི་འགྲུབ་པ་དེ་བཞིན་དུ་བྱེ་བྲག་ཏུ་སྨྲ་བ་དག་གིས་ནམ་མཁའ་ཡོད་དེ་ནམ་མཁའ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་ཡང་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པས་མི་སྒྲིབ་པ་ཡོད་པ་ཉིད་
ཀྱིས་བསྒྲུབ་པར་བྱ་བ་དང་སྒྲུབ་པ་མི་འགྲུབ་པའི་ཕྱིར་ནམ་མཁའ་ཡོད་པ་ཉིད་དུ་མི་འགྲུབ་པོ། །ཡང་ན་གང་དག་དབུ་མ་པའི་བསྟན་བཅོས་ཀྱི་ཚུལ་ལ་སྡང་བ་དག་འདི་སྐད་ཅེས་གང་གི་ཕྱིར་རིམ་མམ་ཅིག་ཅར་དེ་མི་འཐད་པར་འགྱུར་བའི་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་གཞན་ཉིད་ཡིན་པར་ཁས་མི་ལེན་ཏེ།
སྐྱེས་བུ་ཆེན་པོའི་མཚན་རྣམས་ལས་སྐྱེས་བུ་ཆེན་པོ་གཞན་ཡིན་པར་མི་རིགས་པ་བཞིན་ནོ་ཞེས་བྱ་བ་ནི་རང་གི་སྡེ་པ་གང་དག་དབུ་མ་པའི་བསྟན་བཅོས་ཀྱི་ཚུལ་ལ་སྡང་ཞིང་ཁམས་རྣམས་རྫས་སུ་ཡོད་པར་འདོད་པ་དག་ན་རེ་ཁྱེད་དབུ་མ་པས། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་
ཡོད་མ་ཡིན། །ཞེས་བྱ་བ་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་རིམ་མམ་ཅིག་ཅར་གྱི་སྒོ་ནས་ནམ་མཁའ་དེ་ཡོད་པར་མི་འཐད་པར་བསྒྲུབ་པའི་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་གལ་ཏེ་གཞན་ཉིད་ཡིན་ན་ནི་ནམ་མཁའི་མཚན་ཉིད་ཀྱི་སྔ་རོལ་ན་ནམ་མཁའ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བསྒྲུབ་ཏུ་ཡང་
རུང་བ་ཞིག་ན། མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་དཔེར་ན་སྐྱེས་བུ་ཆེན་པོའི་མཚན་རྣམས་ལས་སྐྱེས་བུ་ཆེན་པོ་གཞན་ཉིད་ཡིན་པར་མི་རིགས་པ་བཞིན་དུ་གཞན་ཉིད་ཡིན་པར་ཁས་མི་ལེན་པས་དབུ་མ་པའི་གཏན་ཚིགས་ཀྱི་དོན་མི་འགྲུབ་པོ་ཞེས་ཟེར་བ་ཡིན་ནོ། །འདིར་ཁ་ཅིག་ན་རེ་མཚན་ཉིད་ཀྱི་སྒྲའི་ཡུལ་
ནི་མཚན་ཉིད་ཀྱི་གཞི་ཡིན་པས་མཚན་ཉིད་ནི་བྱེད་པ་ཡིན་ལ་མཚན་ཉིད་ཀྱི་གཞི་ནི་ལས་ཡིན་ཏེ། དེ་གཉིས་ནི་མཚོན་པར་བྱེད་པ་དང་མཚོན་པར་བྱ་བའི་ཚུལ་གྱིས་ཐ་དད་པ་ཉིད་ཡིན་ན་འདིར་སྨྲ་བ་པོ་ཁྱེད་ཀྱིས་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་གཞན་ཉིད་ཡིན་པར་ཁས་མི་ལེན་ཏེ། སྐྱེས་བུ་ཆེན་པོའི་

མཚན་རྣམས་ལས་སྐྱེས་བུ་ཆེན་པོ་གཞན་ཡིན་པར་མི་རིགས་སོ་ཞེས་སྨྲས་པ་ནི་བྱེད་པ་དང་ལས་གཅིག་ཏུ་འགྱུར་བའི་སྐྱོན་དུ་འགྱུར་བས་མི་རུང་ངོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་སྨྲ་བ་པོ་དེ་དག་ཉིད་ཀྱིས་འདི་ལ་དེ་མཚོན་པར་བྱ་བ་ཡིན་པས་མཚན་ཉིད་དེ། ལས་ལ་བྱ་བའི་རྐྱེན་
བརྗོད་པའི་ཕྱིར་རོ་ཞེས་སྨྲའོ་ཞེས་ཟེར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལ་མཚན་ཉིད་དེ་ཉིད་མཚོན་པར་བྱ་བ་ཡིན་པས་མཚན་ཉིད་དེ། མཚན་ཉིད་ལས་མཚན་ཉིད་ཀྱི་གཞི་གཞན་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལས་ལ་བྱ་བའི་རྐྱེན་བརྗོད་པའི་ཕྱིར་རོ་ཞེས་སྨྲའོ་ཞེས་ཟེར་ཏེ། བརྡ་སྤྲོད་པ་
ལས་ཟག་པ་ཞེས་བྱ་བའི་སྒྲའི་ཡུལ་ནི་རྣམ་པ་གསུམ་སྟེ་བྱ་བ་དང་བྱེད་པ་དང་གཞིའོ། །དེ་ལ་ཅི་ལྟར་ཟག་པ་ཞེས་བྱ་བའི་སྒྲའི་ཡུལ་བྱ་བ་ཡིན་ཞེ་ན། ཟག་པ་ཞེས་བྱ་བ་ནི་ཟག་པར་བྱ་བའི་དངོས་པོ་ཆུ་ལ་སོགས་པ་ལ་བརྗོད་པའི་ཕྱིར་རོ། །ཟག་པ་ཞེས་བྱ་བའི་སྒྲའི་ཡུལ་ཅི་ལྟར་བྱེད་པ་ཡིན་ཞེ་ན། ཟག་པ་ཞེས་
བྱ་བ་ནི་ལག་པ་ལ་སོགས་པའི་བྱེད་པ་འདིས་ཟག་པར་བྱེད་པས་ཟག་པའོ་ཞེས་བརྗོད་པའི་ཕྱིར་རོ། །ཟག་པ་ཞེས་བྱ་བའི་སྒྲའི་ཡུལ་ཅི་ལྟར་གཞི་ཡིན་ཞེ་ན། ཟག་པ་ཞེས་བྱ་བ་ནི་གཞིའི་ཕྱོགས་འདིར་ཟག་པས་ཟག་པའོ་ཞེས་བརྗོད་པའི་ཕྱིར་རོ། །དེ་ལ་ཅི་ལྟར་ཟག་པ་ཞེས་བྱ་བའི་སྒྲའི་ཡུལ་ལས་ཡིན་
པར་བརྗོད་པ་དེ་བཞིན་དུ་འདིར་ཡང་མཚན་ཉིད་ཅེས་བྱ་བའི་སྒྲའི་ཡུལ་ནི་དེ་མཚོན་པར་བྱ་བ་ཡིན་པས་མཚན་ཉིད་དེ། ལས་ལ་བྱ་བའི་རྐྱེན་བརྗོད་པའི་ཕྱིར་ཉེས་པ་མེད་དོ་ཞེས་སྨྲའོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་དག་གི་དེ་ལྟར་ཁས་བླངས་པ་ཉིད་ལ་ཡང་། ནམ་
མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །ནམ་མཁའ་ཉིད་མཚན་ཉིད་ཡིན་ན་དེ་ཉིད་ཀྱིས་དེ་བསྒྲུབ་པའི་ཕྱིར་ཉེ་བར་སྦྱོར་བ་བྱེད་པ་ནི་གཏན་ཚིགས་སུ་མི་རུང་སྟེ་དོན་མ་གྲུབ་པའི་ཕྱིར་དེས་ན་གང་གིས་ཅི་ཞིག་སྒྲུབ་པར་འགྱུར་ཞེས་བྱ་བ་སྨྲས་ཏེ། ཁྱེད་ཉིད་ན་རེ་མཚན་ཉིད་གྱི་གཞི་དང་མཚན་ཉིད་
དག་གལ་ཏེ་གཞན་ཉིད་ཡིན་ན་ནི་ནམ་མཁའི་མཚན་ཉིད་ཀྱི་སྔ་རོལ་ན་ནམ་མཁའ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བསྒྲུབ་ཏུ་ཡང་རུང་བ་ཞིག་ན། མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་དཔེར་ན་སྐྱེས་བུ་ཆེན་པོའི་མཚན་རྣམས་ལས་སྐྱེས་བུ་ཆེན་པོ་གཞན་ཉིད་ཡིན་པར་མི་རིགས་པ་བཞིན་དུ་གཞན་ཉིད་

ཡིན་པར་ཁས་མི་ལན་ཏོ་ཞེས་ཟེར་བས་ནམ་མཁའ་ཉིད་མཚན་ཉིད་ཡིན་པས་དེ་ཉིད་ཀྱིས་དེ་བསྒྲུབ་པའི་ཕྱིར་ཉེ་བར་སྦྱོར་བར་བྱེད་པ་ནི་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར་དཔེར་ན་སྒྲ་ནི་མི་རྟག་སྟེ་མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་བཞིན་དུ་གཏན་ཚིགས་སུ་མི་རུང་སྟེ།
བསྒྲུབ་པར་བྱ་བའི་དོན་ཡང་མ་གྲུབ་ལ་སྒྲུབ་པའི་དོན་ཀྱང་མ་གྲུབ་པའི་ཕྱིར་དེས་ན་གང་གིས་ཅི་ཞིག་བསྒྲུབ་པར་འགྱུར་ཏེ། དེའི་ཕྱིར་སློབ་དཔོན་གྱིས་ནམ་མཁའི་མཚན་ཉིད་དང་ནམ་མཁའ་དབྱེར་མེད་པའི་ཕྱིར་སྔ་ཕྱི་མེད་པས་ནམ་མཁའི་མཚན་ཉིད་ཀྱི་སྔ་རོལ་ན་ནམ་མཁའ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བཤད་
པ་དེ་ནི་ལེགས་པར་གསུངས་པ་ཡིན་ནོ། །ཅི་སྟེ་ཡང་ཐ་སྙད་དུ་ཡོད་པའི་ནམ་མཁའ་ནི་མི་སྒྲིབ་པ་ཉིད་ཡིན་པར་གྲགས་སོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་ན་རེ་ཀུན་རྫོབ་ཀྱི་ཐ་སྙད་དུ་ཡོད་པའི་ནམ་མཁའ་ནི་ཁྱེད་དབུ་མ་པས་ཀྱང་མི་སྒྲིབ་པ་ཉིད་ཀྱི་མཚན་ཉིད་དང་ལྡན་པར་གྲགས་པ་ཉིད་དུ་ཁས་བླངས་ལ།
ཁོ་བོ་ཅག་གིས་ཀྱང་ཁས་བླངས་པས་དེའི་ཕྱིར་ཐ་སྙད་དུ་ཡོད་པའི་ནམ་མཁའི་མཚན་ཉིད་མི་སྒྲིབ་པ་ཉིད་ཡིན་པར་གྲགས་པའི་གཏན་ཚིགས་དེས་དོན་དམ་པར་ནམ་མཁའ་ཡོད་པ་ཉིད་དུ་བསྒྲུབ་པར་བྱའོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་བསྟན་པའི་ཕྱིར་གཏན་
ཚིགས་མི་འདོད་དོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཀུན་རྫོབ་ཏུ་མི་སྒྲིབ་པ་ཉིད་ཀྱིས་མཚན་ཉིད་གཏན་ཚིགས་སུ་འདོད་ན་དེས་ནི་ནམ་མཁའ་ཡོད་པ་ཉིད་དུ་ཐ་སྙད་པར་བསྟན་པ་ཡིན་གྱི་དོན་དམ་པར་བསྟན་པ་མ་ཡིན་པས་དེས་ན་མི་སྒྲིབ་པ་ཉིད་ནམ་མཁའ་ཡིན་པས་གཅིག་པ་ཉིད་དུ་གྱུར་པའི་ཕྱིར་བསྒྲུབ་པར་བྱ་བ་
གང་ཡིན་པ་དེ་ཉིད་སྒྲུབ་པ་ཡིན་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་སོ་ན་གནས་པ་ཡིན་པས་ཀུན་རྫོབ་ཏུ་ཡོད་པ་དེ་བསྟན་པའི་ཕྱིར་གཏན་ཚིགས་མི་འདོད་དོ། །དོན་དམ་པར་མ་གྲགས་པས་དེ་བསྟན་པ་ལ་རབ་ཏུ་འབད་པར་བྱའོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་ན་རེ་ཁྱེད་དབུ་མ་པ་ན་རེ་ངད་ལ་ཀུན་རྫོབ་ཏུ་ནམ་མཁའ་
མི་སྒྲིབ་པ་ཉིད་ཡིན་པར་གྲགས་པས་ཀུན་རྫོབ་ཏུ་ཡོད་པ་དེ་བསྟན་པའི་ཕྱིར་གཏན་ཚིགས་མི་འདོད་དོ་ཞེས་ཟེར་བ་དེ་མི་རུང་སྟེ། ཁྱེད་དབུ་མ་ལ་དོན་དམ་པར་ནམ་མཁའ་མི་སྒྲིབ་པ་ཉིད་དུ་ཡོད་པར་མ་གྲགས་པས་དེའི་ཕྱིར་ཁོ་བོ་ཅག་གིས་ཀུན་རྫོབ་ཏུ་ནམ་མཁའི་མཚན་ཉིད་མི་སྒྲིབ་པ་ཉིད་ཡིན་པར་གྲགས་པ་

ཡིན་པ་དེས་དོན་དམ་པར་ནམ་མཁའ་དེ་ཡོད་པ་ཉིད་དུ་བསྟན་པ་ལ་རབ་ཏུ་འབད་པར་བྱའོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ལ་ཡང་གཏན་ཚིགས་ཀྱི་སྐྱོན་དང་དཔེའི་སྐྱོན་ཡོད་དེ་དམ་བཅས་པ་ཙམ་ལ་གནས་པར་ཟད་དོ་ཞེས་བྱ་བ་སྨྲས་ཏེ། ཀུན་རྫོབ་ཏུ་
མི་སྒྲིབ་པ་ཉིད་ཡིན་པར་གྲགས་པའི་གཏན་ཚིགས་ཀྱིས་དོན་དམ་པར་ནམ་མཁའ་ཡོད་པ་ཉིད་དུ་སྒྲུབ་པ་ནི་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ཡིན་པས་མི་རུང་ངོ་། །དཔེ་མེད་པའི་སྐྱོན་ཡང་ཡོད་དེ་དོན་དམ་པར་ནམ་མཁའ་ཡོད་པར་བསྒྲུབ་པའི་ཆོས་མཐུན་པའི་དཔེ་འགའ་ཡང་མེད་དེ། དོན་དམ་པར་
དངོས་པོ་འགའ་ཡང་ཡོད་པར་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་ཕ་རོལ་པོ་དག་གི་སྒྲུབ་པ་དེ་ནི་དམ་བཅས་པ་ཙམ་ལ་གནས་པར་ཟད་དེ། གཏན་ཚིགས་དང་དཔེ་མེད་པའི་ཕྱིར་རོ། །ཡང་ན་བྱེ་བྲག་ཏུ་སྨྲ་བ་དང་བྱེ་བྲག་པ་དག་ནམ་མཁའ་ནི་རྫས་སུ་ཡོད་པ་དང་འདུས་མ་བྱས་སོ་ཞེས་ཟེར་བས་དེ་དག་གི་ཕྱིར་
བཤད་པ། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །ཞེས་བྱ་བ་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དང་། མུ་སྟེགས་བྱེ་བྲག་པ་དག་ནམ་མཁའ་ནི་རྫས་སུ་ཡོད་པ་དང་། འདུས་མ་བྱས་སོ་ཞེས་ཟེར་བས་དེ་དག་དགག་པའི་ཕྱིར། སློབ་དཔོན་གྱིས་ཚིག་ལེའུར་བྱས་པའི་
ཕྱེད་གོང་མ་འདི་ཡང་རྣམ་པ་གཞན་དུ་བཤད་དོ་ཞེས་བྱ་བར་སྦྱར་རོ། །རྫས་སུ་གྱུར་པའོ་ཞེས་དམ་བཅའ་བ་ཉེ་བར་བཞག་པ་ཡིན་ནོ་ཞེས་བྱ་བ་ནི། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །ཞེས་བྱ་བ་དེའི་དོན་ཅི་ཞེ་ན། ནམ་མཁའི་མཚན་ཉིད་སྔ་རོལ་ན་ནམ་མཁའ་
རྫས་སུ་གྱུར་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་དམ་བཅའ་བ་ཉེ་བར་བཞག་པ་ཡིན་ཏེ། དེ་སྐྱེ་བ་མེད་པར་ཕྱོགས་གཉི་ག་ལ་གྲགས་པ་ནི་ཆོས་ཡིན་ནོ་ཞེས་བྱ་བ་ནི། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །ཞེས་དམ་བཅའ་བ་ཉེ་བར་གཞག་པ་དེ་སྒྲུབ་པའི་ཆོས་
གཏན་ཚིགས་ནི་ནམ་མཁའ་དེ་སྐྱེ་བ་མེད་པར་རྒོལ་བ་དང་ཕྱིར་རྒོལ་བའི་ཕྱོགས་གཉི་ག་ལ་གྲགས་པ་ཡིན་ནོ། །དཔེ་ནི་དེའི་དབང་གིས་དེ། །རི་བོང་གི་རྭ་ལ་སོགས་པ་དག་ཡིན་ནོ་ཞེས་བྱ་བ་ནི་ནམ་མཁའི་མཚན་ཉིད་ཀྱི་སྔ་རོལ་ན་ནམ་མཁའ་རྫས་སུ་གྱུར་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་དམ་བཅའ་

བ་ཉེ་བར་གཞག་པ་དེའི་ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་དེའི་དབང་གིས་བསྟན་དགོས་ཏེ། རི་བོང་གི་རྭ་ལ་སོགས་པ་གང་དག་ལ་བསྒྲུབ་པར་བྱ་བ་ཆོས་རྫས་སུ་གྱུར་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་དང་། སྒྲུབ་པའི་ཆོས་སྐྱེ་བ་མེད་པར་
ཕྱོགས་གཉི་ག་ལ་གྲགས་པ་དག་ཡོད་པ་ཡིན་ནོ། །འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་ནམ་མཁའ་རྫས་སུ་ཡོད་པ་མ་ཡིན་ཏེ། སྐྱེ་བ་མེད་པའི་ཕྱིར་དཔེར་ན་རི་བོང་གི་རྭ་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་
དུ་སྦྱར་ཏེ། དཔེར་ན་རི་བོང་གི་རྭ་ནི་སྐྱེ་བ་མེད་པའི་ཕྱིར་རྫས་སུ་ཡོད་པ་མ་ཡིན་པ་དེ་བཞིན་དུ་ནམ་མཁའ་ཡང་སྐྱེ་བ་མེད་པའི་ཕྱིར་རྫས་སུ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་རྒྱུ་མེད་པའི་ཕྱིར་དང་འབྲས་བུ་མེད་པའི་ཕྱིར་དང་། ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དག་ཀྱང་
བརྗོད་པར་བྱའོ་ཞེས་བྱ་བ་ནི། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །ཞེས་བྱ་བས་དོན་དམ་པར་ནམ་མཁའ་རྫས་སུ་ཡོད་པ་མ་ཡིན་པའི་གཏན་ཚིགས་སྐྱེ་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་མཚན་ཉིད་ཀྱི་སྒྲའི་ཡུལ་ཉེ་བར་བཟུང་བའི་ཕྱིར་མཚོན་པ་ཙམ་དུ་ཟད་དེ། ཕྱོགས་
དེའི་གཏན་ཚིགས་ནི་རྒྱུ་མེད་པའི་ཕྱིར་ཞེས་བྱ་བ་དང་། འབྲས་བུ་མེད་པའི་ཕྱིར་ཞེས་བྱ་བ་དང་། ཡོད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་དག་ཀྱང་ཡིན་པར་བརྗོད་པར་བྱའོ། །གང་དག་ནམ་མཁའ་ནི་སྒྲའི་མཚན་ཉིད་ཞེས་ཟེར་བ་དེ་དག་ལ་ཡང་སྒྲ་ཉིད་ནམ་མཁའ་ཡིན་པས་གཏན་ཚིགས་
ཀྱི་སྐྱོན་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་གྲངས་ཅན་དག་སྒྲ་དེ་ཙམ་ལས་ནམ་མཁའ་འབྱུང་བས་ནམ་མཁའ་ནི་སྒྲའི་མཚན་ཉིད་ཡིན་ཏེ་རྫས་སུ་ཡོད་དོ་ཞེས་ཟེར་བ་དེ་དག་ལ་ཡང་སྒྲ་ཉིད་ནམ་མཁའ་ཡིན་པས་རྒྱུ་དང་འབྲས་བུ་འདྲ་བའི་ཕྱིར་གཏན་ཚིགས་ཀྱི་སྐྱོན་སྔ་མ་བཞིན་ཏེ། ནམ་མཁའ་ཡོད་པ་ཉིད་དེ་ནམ་
མཁའ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་དང་། སྒྲ་ཡོད་པ་ཉིད་དེ་སྒྲ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུར་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པས་གཏན་ཚིགས་ཀྱི་དོན་མི་འགྲུབ་པར་སྔ་མ་བཞིན་ནོ། །འདིར་ཁ་ཅིག་ན་རེ་གལ་ཏེ་དོན་འདི་བསྟན་བཅོས་བྱེད་པའི་བསམ་པ་ཡིན་པར་གྱུར་ན་དེ་ལྟ་ན་བསྟན་

བཅོས་བྱེད་པས། ནམ་མཁའི་མཚན་ལས་གཞན་གྱུར་པའི། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །ཞེས་སྨྲས་པ་ཁོ་ནར་འགྱུར་རོ་ཞེས་ཟེར་རོ་ཞེས་བྱ་བ་འདིར་འགྲེལ་པ་བྱེད་པས་ནམ་མཁའི་མཚན་ཉིད་དང་ནམ་མཁའ་གཞན་ཉིད་མ་ཡིན་པར་བསྒྲུབས་ཏེ་བཤད་པ་དེ་ལ་བྱེ་བྲག་པའི་འགྲེལ་པ་བྱེད་
པ་དག་ན་རེ་ཁྱེད་ཀྱི་ནམ་མཁའི་མཚན་ཉིད་དང་ནམ་མཁའ་གཞན་ཉིད་མ་ཡིན་པར་བསྒྲུབས་ཏེ་བཤད་པའི་དོན་འདི་ནི་བསྟན་བཅོས་བྱེད་པ་བཙུན་པ་ཀླུ་སྒྲུབ་ཀྱི་བསམ་པ་མ་ཡིན་ཏེ། ཁྱེད་ཉིད་ཀྱི་བསམ་པས་རང་དགར་བསྒྲུབས་ཤིང་བཤད་པ་ཡིན་ནོ། །གལ་ཏེ་དོན་འདི་བསྟན་བཅོས་བྱེད་པ་བཙུན་པ་ཀླུ་
སྒྲུབ་ཀྱི་བསམ་པ་ཡིན་པར་གྱུར་ན་དེ་ལྟ་ན་བསྟན་བཅོས་བྱེད་པ་བཙུན་པ་ཀླུ་སྒྲུབ་ཀྱིས་ཚིག་ལེའུར་བྱས་པའི་སྡེབ་སྦྱོར་བྱེད་པའི་སྐབས་སུ། ནམ་མཁའི་མཚན་ལས་གཞན་གྱུར་པའི། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །ཞེས་སྨྲས་པ་ཁོ་ནར་འགྱུར་བའི་རིགས་ན་དེ་སྐད་མ་སྨྲས་པར། ནམ་མཁའི་མཚན་
ཉིད་སྔ་རོལ་ན། ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །ཞེས་སྨྲས་པས་ནམ་མཁའི་མཚན་ཉིད་དང་ནམ་མཁའ་སྔ་ཕྱི་མི་སྲིད་པར་བསྟན་པ་ཁོ་ན་ཡིན་པས་ཁྱོད་ཀྱིས་ནམ་མཁའི་མཚན་ཉིད་མ་ཡིན་པར་བསྒྲུབས་ཤིང་བཤད་པའི་དོན་འདི་ནི་བསྟན་བཅོས་བྱེད་པའི་བསམ་པ་མ་ཡིན་ནོ་ཞེས་ཟེར་བ་ཡིན་ནོ། །
དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་སྔ་ཕྱི་མི་སྲིད་པར་བསྟན་པ་ཁོ་ནས་གཞན་ཉིད་དགག་པ་འགྲུབ་པའི་ཕྱིར་དེ་ནི་མི་གནོད་དོ་ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་པས་གཞན་ཉིད་དགག་པའི་ཐབས་ཁོ་ནར་སྔ་ཕྱི་མི་སྲིད་པར་བསྟན་པ་ཡིན་པས་བསྟན་བཅོས་མཛད་པས་སྔ་
ཕྱི་མི་སྲིད་པར་བསྟན་པ་ཁོ་ནས་གཞན་ཉིད་དགག་པ་འགྲུབ་པའི་ཕྱིར་ཁྱོད་ཀྱི་ཀླན་ཀ་དེ་ནི་ཁོ་བོ་ལ་མི་གནོད་དོ། །གལ་ཏེ་ཇི་ལྟར་སྔ་ཕྱི་མེད་པར་བསྟན་པ་ཁོ་ནས་གཞན་ཉིད་དགག་པ་འགྲུབ་ཅེ་ན་དེའི་ཕྱིར་བྱེ་བྲག་པ་དག་ནི་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་གཞན་ཉིད་དུ་དམ་འཆའ་བས། དེ་དག་གི་གཞན་
ཉིད་ཡིན་ན། ལན་འགའ་སྔ་ཕྱི་ཡང་འགྱུར་ཏེ། གཞན་ཡིན་པའི་ཕྱིར་དཔེར་ན་བུམ་པ་དང་སྣམ་བུ་དག་བཞིན་པས། དེའི་ཕྱིར་བཤད་པ། གལ་ཏེ་མཚན་ལས་སྔ་གྱུར་ན། །མཚན་ཉིད་མེད་པར་ཐལ་བར་འགྱུར། །ཞེས་བྱ་བ་སྨྲས་ཏེ། བྱེ་བྲག་པ་དག་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་

གཞན་ཉིད་དུ་དམ་འཆའ་བས་དེ་དག་གི་གཞན་ཉིད་དགག་པའི་ཐབས་སུ་སློབ་དཔོན་གྱིས་ཚིག་ལེའུར་བྱས་པ་ཕྱེད་འོག་མ་འདི་གསུངས་པས་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་སྔ་ཕྱི་མི་སྲིད་པར་བསྟན་པ་ཁོ་ནས་གཞན་ཉིད་དགག་པ་འགྲུབ་པོ་ཞེས་བྱ་བར་སྦྱར་རོ། །སྔ་ཕྱི་མི་
སྲིད་པར་བསྟན་པ་ཁོ་ནས་གཞན་ཉིད་དགག་པ་འགྲུབ་པའི་ཚད་མ་བསྟན་པའི་ཕྱིར་དེ་དག་གི་གཞན་ཉིད་ཡིན་ན་ལན་འགའ་སྔ་ཕྱིར་ཡང་འགྱུར་ཏེ། གཞན་ཡིན་པའི་ཕྱིར་དཔེར་ན་བུམ་པ་དང་སྣམ་བུ་དག་བཞིན་པས་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་
པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུམ་པ་དང་སྣམ་བུ་དག་ནི་གཞན་ཡིན་པའི་ཕྱིར་ལན་འགའ་སྔ་ཕྱིར་ཡང་འགྱུར་བ་དེ་བཞིན་དུ་བྱེ་བྲག་པ་དག་གི་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་གཞན་ཉིད་དུ་དམ་འཆའ་བ་ཡང་གཞན་ཡིན་པའི་ཕྱིར་ལན་འགའ་སྔ་ཕྱིར་ཡང་
འགྱུར་བ་ཞིག་ན་གལ་ཏེ་མཚན་ཉིད་ལས་མཚན་ཉིད་ཀྱི་གཞི་དེ་སྔ་བར་གྱུར་ན་མཚན་ཉིད་ཀྱི་གཞི་མཚན་ཉིད་མེད་པར་ཐལ་བའི་སྐྱོན་དུ་གྱུར་པས་དེའི་ཕྱིར་སློབ་དཔོན་གྱིས་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་སྔ་ཕྱི་མི་སྲིད་པར་བསྟན་པ་ཁོ་ནར་དེ་དག་གཞན་ཉིད་དགག་པ་འགྲུབ་པའི་ཕྱིར་འདིར་
འགྲེལ་པ་བྱེད་པས་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་གཞན་ཉིད་མ་ཡིན་པར་བསྒྲུབས་ཏེ་བཤད་པའི་དོན་དེ་བསྟན་བཅོས་མཛད་པའི་དགོངས་པ་ཉིད་ཡིན་པས་ཕ་རོལ་པོའི་ཀླན་ཀ་དེ་འགྲེལ་པ་བྱེད་པ་ལ་མི་གནོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །མཚན་ཉིད་མེད་པ་ནི་མཚན་ཉིད་ཡོད་པ་མ་
ཡིན་པ་སྟེ་དེ་སྨྲ་བར་འདོད་པའི་མཚན་ཉིད་ཀྱི་གཞི་ཉིད་དུ་མ་གྱུར་པར་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ནི། གལ་ཏེ་མཚན་ལས་སྔ་གྱུར་ན། །མཚན་ཉིད་མེད་པར་ཐལ་བར་འགྱུར། །ཞེས་བྱ་བའི་མཚན་ཉིད་མེད་པ་ནི་མཚན་ཉིད་ཡོད་པ་མ་ཡིན་པ་སྟེ་མཚན་ཉིད་ཀྱི་གཞི་ནམ་མཁའ་སྔ་ན་ཡོད་པ་དེ་
ཕ་རོལ་པོ་སྨྲ་བར་འདོད་པའི་མཚན་ཉིད་མི་སྒྲིབ་པ་ཞེས་བྱ་བའི་མཚན་ཉིད་ཀྱི་གཞི་ཉིད་དུ་མ་གྱུར་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་མཚན་ལས་སྔ་གྱུར་ན། །ཞེས་བྱ་བ་འདིས་ནི་དེའི་ཆོས་དུས་ཐ་དད་པ་ཉིད་བསྟན་ཏོ་ཞེས་བྱ་བ་ནི། གལ་ཏེ་མཚན་ལས་སྔ་གྱུར་ན། །ཞེས་བྱ་བ་

ཚིག་ལེའུར་བྱས་པའི་རྩ་བ་འདིས་ནི་མཚན་ཉིད་ཀྱི་གཞི་ནམ་མཁའ་སྔ་ན་ཡོད་པ་དེ་མཚན་ཉིད་མེད་པར་ཐལ་བར་འགྱུར་བ་དེའི་སྒྲུབ་པའི་ཆོས་གཏན་ཚིགས་དུས་ཐ་དད་པ་ཉིད་བསྟན་ཏོ། །འདིར་རྗེས་སུ་དཔག་པ་ནི་ནམ་མཁའ་ནི་སྨྲ་བར་འདོད་པའི་མཚན་ཉིད་ཀྱི་གཞི་མ་ཡིན་ཏེ། དེ་བས་དུས་སྔ་ན་ཡོད་པའི་
ཕྱིར་དཔེར་ན་དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ནམ་མཁའ་ལས་གཞན་པའི་ཁམས་ས་དང་ཆུ་དང་མེ་དང་རླུང་དང་རྣམ་པར་ཤེས་པ་དག་ནི་ནམ་མཁའི་མཚན་ཉིད་མི་སྒྲིབ་
པ་ཞེས་བྱ་བ་དེ་བས་དུས་སྔ་ན་ཡོད་པའི་ཕྱིར་ཕ་རོལ་པོ་སྨྲ་བར་འདོད་པའི་ནམ་མཁའི་མཚན་ཉིད་མི་སྒྲིབ་པ་ཞེས་བྱ་བའི་མཚན་ཉིད་ཀྱི་གཞི་མ་ཡིན་པ་དེ་བཞིན་དུ་ནམ་མཁའ་ཡང་ནམ་མཁའི་མཚན་ཉིད་མི་སྒྲིབ་པ་ཞེས་བྱ་བ་དེ་བས་དུས་སྔ་ན་ཡོད་པའི་ཕྱིར་ཕ་རོལ་པོ་སྨྲ་བར་འདོད་པའི་ནམ་མཁའི་མཚན་ཉིད་
མི་སྒྲིབ་པ་ཞེས་བྱ་བའི་མཚན་ཉིད་ཀྱི་གཞི་མ་ཡིན་ན། །ཡང་ན། མཚན་ཉིད་མེད་པར་ཐལ་བར་འགྱུར། །ཞེས་བྱ་བ་ནི་མཚན་ཉིད་ལ་མེད་པ་ནི་མཚན་ཉིད་མེད་པ་སྟེ། དེ་ལ་མཚན་ཉིད་ཀྱི་གཞི་ཉིད་མེད་པར་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ནི། ཡང་ན། མཚན་ཉིད་མེད་པར་ཐལ་བར་འགྱུར། །
ཞེས་བྱ་བ་ཚིག་ལེའུར་བྱས་པའི་རྩ་བ་དེའི་མཚན་ཉིད་མེད་པར་ཞེས་བྱ་བ་ནི་མཚན་ཉིད་ལ་མཚན་ཉིད་ཀྱི་གཞི་མེད་པ་ནི་མཚན་ཉིད་མེད་པ་ཞེས་བྱ་བ་སྟེ། གལ་ཏེ་མཚན་ཉིད་ལས་མཚན་ཉིད་ཀྱི་གཞི་སྔ་བར་གྱུར་ན་མཚན་ཉིད་དེ་ལ་མཚན་ཉིད་ཀྱི་གཞི་ཉིད་མེད་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་
ཐ་ཚིག་གོ། །གལ་ཏེ་མཚན་ལས་སྔ་གྱུར་ན། །ཞེས་བྱ་བ་ནི་ནམ་མཁའ་ཞེས་བྱ་བའི་སྐབས་ཡིན་ཏེ། འདིས་ནི་དེའི་ཆོས་མཚན་ཉིད་ཀྱི་གཞི་ལས་མཚན་ཉིད་གཞན་པ་ཉིད་བསྟན་ཏོ་ཞེས་བྱ་བ་ནི། གལ་ཏེ་མཚན་ལས་སྔ་གྱུར་ན། །ཞེས་བྱ་བའི་ཚིག་ལེའུར་བྱས་པ་འདིའི་དོན་ནི་གལ་ཏེ་
མཚན་ཉིད་ལས་ནམ་མཁའ་སྔ་བར་གྱུར་ན་ཞེས་བྱ་བའི་སྐབས་ཡིན་ཏེ། འདི་ནི་མཚན་ཉིད་ལ་མཚན་ཉིད་ཀྱི་གཞི་ཉིད་མེད་པར་ཐལ་བར་འགྱུར་བ་དེའི་སྒྲུབ་པའི་ཆོས་གཏན་ཚིགས་མཚན་ཉིད་གཞན་པ་ཉིད་བསྟན་ཏོ། །འདིར་རྗེས་སུ་དཔག་པ་ནི་སྨྲ་བར་འདོད་པའི་མཚན་ཉིད་

ཀྱིས་མཚན་ཉིད་ཀྱི་གཞི་ནམ་མཁའ་མཚོན་པར་མི་ནུས་ཏེ། གཞན་ཡིན་པའི་ཕྱིར་དཔེར་ན་དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་
ཏེ། དཔེར་ན་ནམ་མཁའ་མཚན་ཉིད་མི་སྒྲིབ་པ་ལས་གཞན་པའི་མཚན་ཉིད་སྲ་བ་དང་། གཤེར་བ་དང་། ཚ་བ་དང་། གཡོ་བ་དང་། རྣམ་པར་ཤེས་པར་བྱེད་པ་དག་ནི་ནམ་མཁའི་མཚན་ཉིད་མི་སྒྲིབ་པ་ཞེས་བྱ་བ་དེ་ལས་གཞན་ཡིན་པའི་ཕྱིར་དེ་དག་གིས་ནམ་མཁའ་མཚོན་པར་མི་ནུས་པ་དེ་
བཞིན་དུ་ཕ་རོལ་པོ་སྨྲ་བར་འདོད་པའི་ནམ་མཁའི་མཚན་ཉིད་མི་སྒྲིབ་པ་ཡང་ནམ་མཁའ་ལས་གཞན་ཡིན་པའི་ཕྱིར་དེས་ཀྱང་ནམ་མཁའ་མཚོན་པར་མི་ནུས་སོ། །དེ་ལ་ཚིག་ལེའུར་བྱས་པའི་ཕྱེད་འོག་མའི་རྣམ་པར་བཤད་པ་སྔ་མ་ཤོས་ཀྱིས་ནི་མཚན་ཉིད་ཀྱི་གཞི་བཀག་ལ་རྣམ་པར་བཤད་པ་
ཕྱི་མ་ཤོས་ཀྱིས་ནི་མཚན་ཉིད་བཀག་ཏེ་དེ་གཉིས་ལ་ཁྱད་པར་ནི་དེ་ཡོད་དོ། །ཕ་རོལ་པོའི་ནང་གི་རྗེས་སུ་དཔག་པ་ལ་གནོད་དེ། མཚན་ཉིད་ཀྱི་གཞི་དང་། མཚན་ཉིད་དག་ལ་མཚན་ཉིད་མེད་པ་ཉིད་དུ་མི་འདོད་པས་གཞན་ཉིད་དུ་རྣམ་པར་རྟོག་པ་ཡང་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་ཕ་
རོལ་པོ་བྱེ་བྲག་པ་དག་གི་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་གཞན་ཉིད་དུ་དམ་འཆའ་བ་ནི་རང་གི་རྗེས་སུ་དཔག་པ་ལ་གནོད་པ་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། བྱེ་བྲག་པ་དག་ཉིད་ཀྱང་མཚན་ཉིད་ཀྱི་གཞི་ལ་ཡང་མཚན་ཉིད་མེད་པ་ཉིད་དུ་མི་འདོད་ལ། མཚན་ཉིད་ལ་ཡང་མཚན་ཉིད་ཀྱི་
གཞི་མེད་པ་ཉིད་དུ་མི་འདོད་པར་རྗེས་སུ་དཔོག་པས་གལ་ཏེ་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་གཞན་ཉིད་དུ་དམ་བཅས་ན་མཚན་ཉིད་ཀྱི་གཞི་ལ་ཡང་མཚན་ཉིད་མེད་པ་ཉིད་དུ་འགྱུར་ལ་མཚན་ཉིད་ལ་མཚན་ཉིད་ཀྱི་གཞི་མེད་པ་ཉིད་འགྱུར་བས་རང་གི་རྗེས་སུ་དཔག་པ་ལ་གནོད་པའི་ཕྱིར་
གཞན་ཉིད་དུ་རྣམ་པར་རྟོག་པ་ཡང་མི་རུང་སྟེ། སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་ཡང་དབྱུག་པས་མ་བཟློག་པའི་ཕྱིར་ཀུན་རྫོབ་པའི་གཏན་ཚིགས་བརྗོད་ན་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་ཡང་དོན་འགལ་བ་ཉིད་བཟློག་དཀའ་བས་དེའི་ཕྱིར་མཚན་ཉིད་དོན་

གཞན་དང་དོན་གཞན་མ་ཡིན་པར་གྱུར་པ་མ་གྲུབ་པའི་ཕྱིར། ནམ་མཁའ་མཚན་ཉིད་མེད་པ་ཞེས་བྱ་བར་གྱུར་ཏོ་ཞེ་ན་ཞེས་བྱ་བ་ནི་དབུ་མ་པས་ཕ་རོལ་པོ་བྱེ་བྲག་པ་ལ་སོགས་པ་གླང་པོ་ལྟ་བུ་དག་རིགས་པའི་ལྕགས་ཀྱུས་སྣ་ནས་དྲངས་ཏེ་ཕྱིར་བཟློག་ཏུ་ཟིན་ཀྱང་དབྱུག་པའི་རིགས་པས་མ་བཟློག་པའི་ཕྱིར་
ཅི་སྟེ་ཡང་ངོ་ཚ་བོར་ནས་བྱུང་རྒྱལ་དུ་འདི་སྐད་ཅེས་ཁོ་བོ་ཅག་གིས་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་གཞན་ནམ་གཞན་མ་ཡིན་པར་སྒྲུབ་པ་ཀུན་རྫོབ་པའི་གཏན་ཚིགས་གང་ཡང་རུང་བ་དག་བརྗོད་ན་ཀུན་རྫོབ་ཏུ་ཁོ་བོ་ཅག་གི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་ཡང་ཁོ་བོ་ཅག་དོན་
དམ་པར་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་ཡོད་པར་སྒྲུབ་པ་དང་དོན་འགལ་བ་ཉིད་བཟློག་དཀའ་བས་དེའི་ཕྱིར་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་དོན་གཞན་དང་གཞན་མ་ཡིན་པར་གྱུར་པ་ཁོ་བོ་ཅག་གིས་སྒྲུབ་མ་ནུས་ཏེ། མ་གྲུབ་པའི་ཕྱིར་ནམ་མཁའ་ནི་མཚན་ཉིད་མེད་པ་ཞེས་བྱ་བར་
གྱུར་ཏོ་ཞེས་སྒྲུབ་ཅིང་དེ་སྐད་ཅེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་མཚན་ཉིད་མེད་པའི་དངོས་པོ་ཉིད་ཡིན་པར་ཡང་ཤེས་པར་བྱར་མི་ནུས་ཏེ། འདི་ལྟར། མཚན་ཉིད་མེད་པའི་དངོས་པོ་ནི། །འགའ་ཡང་གང་ནའང་ཡོད་མ་ཡིན། །ཞེས་
བྱ་བ་སྨྲས་སོ། །དོན་དམ་པའི་དངོས་པོ་གཞན་གྱི་ཕྱོགས་དང་བདག་ཅག་གི་ཕྱོགས་གང་ཡང་གྲུབ་པ་མེད་དོ་ཞེས་བྱ་བ་ནི། མཚན་ཉིད་མེད་པའི་དངོས་པོ་ནི། །འགའ་ཡང་གང་ནའང་ཡོད་མ་ཡིན། །ཞེས་བྱ་བའི་ཚིག་གི་དོན་བཤད་པ་ཡིན་ཏེ། ཕ་རོལ་པོ་དག་ན་རེ་ནམ་མཁའ་མཚན་ཉིད་
མེད་པ་ཞེས་བྱ་བར་འགྱུར་རོ་ཞེས་ཟེར་བ་དེ་ལྟ་བུའི་དངོས་པོ་དོན་དམ་པ་པ་ནི་འགའ་ཡང་གཞན་གྱི་ཕྱོགས་དང་བདག་ཅག་གི་ཕྱོགས་གང་ལ་ཡང་གྲུབ་པ་མེད་དོ། །གང་དག་མཚན་ཉིད་ཀྱི་གཞི་ནམ་མཁའ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་ལ་མཚན་ཉིད་འཇུག་པའི་ཕྱིར་རོ་ཞེས་ཟེར་ན་ཞེས་བྱ་བ་ནི་བྱེ་
བྲག་པ་ལ་སོགས་པ་གང་དག་མཚན་ཉིད་ཀྱི་གཞི་ལ་མཚན་ཉིད་འཇུག་པའི་སྒོ་ནས་མཚན་ཉིད་ཀྱི་གཞི་ཡོད་པར་སྒྲུབ་པའི་རྗེས་སུ་དཔག་པ་ཡིན་ཏེ། དེ་དག་གི་རྗེས་སུ་དཔག་པ་དེ་ཡང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་

སྦྱར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ཡང་རིགས་པ་མ་ཡིན་པར་ངེས་པར་བཟུང་སྟེ། མཚན་ཉིད་མེད་པའི་དངོས་མེད་ན། །མཚན་ཉིད་གང་དུ་འཇུག་པར་འགྱུར། ཞེས་བྱ་བ་སྨྲས་ཏེ། སྔར། མཚན་ཉིད་མེད་པའི་
དངོས་པོ་ནི། །འགའ་ཡང་གང་ནའང་ཡོད་མ་ཡིན། །ཞེས་བཤད་པའི་རིགས་པས་མཚན་ཉིད་མེད་པའི་དངོས་པོ་འགའ་ཡང་མེད་ན་མཚན་ཉིད་གང་དུ་འཇུག་པར་འགྱུར་བའི་གཞི་མེད་པའི་ཕྱིར་མཚན་ཉིད་འཇུག་པ་ཞེས་བྱ་བ་དེ་མི་འཐད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གཞི་མེད་པའི་ཕྱིར་གཞི་
བཞིན་དུ་གཏན་ཚིགས་མི་འགྲུབ་སྟེ་ཞེས་བྱ་བ་སྟེ། མཚན་ཉིད་མེད་པའི་དངོས་མེད་ན། །མཚན་ཉིད་གང་དུ་འཇུག་པར་འགྱུར། །ཞེས་བྱ་བའི་བཤད་པ་ཡིན་ཏེ། མཚན་ཉིད་མེད་པའི་མཚན་ཉིད་ཀྱི་གཞིའི་དངོས་པོ་མེད་ན་མཚན་ཉིད་ཀྱི་གཞི་མེད་པའི་ཕྱིར་གཞི་བཞིན་དུ་དེ་ལ་མཚན་
ཉིད་འཇུག་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་མི་འགྲུབ་པོ། །དེ་ཉིད་བསྣན་པའི་ཕྱིར་ཡུལ་མེད་པ་ལ་གཏན་ཚིགས་འཇུག་པ་མི་འགྲུབ་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་དུ་འགྱུར་རོ་ཞེས་བྱ་བ་སྨྲས་སོ། །ཡང་ན་གཞན་མ་ཡིན་པ་ཉིད་ཀྱི་ཕྱོགས་ལ་ནི་མཚན་ཉིད་ཀྱི་
གཞི་དང་མཚན་ཉིད་དག་གཞན་མ་ཡིན་པ་ཉིད་ཡིན་ན་དེ་གཉིས་གྱིས་དེ་མཚོན་པར་བྱར་མི་རུང་སྟེ། དེ་ལས་གཞན་པའི་མཚན་ཉིད་མེད་པའི་ཕྱིར་ནམ་མཁའ་ལ་མཚན་ཉིད་མེད་དོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་དག་ནམ་མཁའ་ནི་མི་སྒྲིབ་པ་ཁོ་ནར་སྟོན་པས་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་
གཞན་མ་ཡིན་པ་ཉིད་དུ་སྨྲ་བ་དེ་དག་གི་ཕྱོགས་ལ་ཡང་། མཚན་ཉིད་མེད་པའི་དངོས་མེད་ན། །མཚན་ཉིད་གང་དུ་འཇུག་པར་འགྱུར། །ཞེས་བྱ་བའི་དོན་དེ་འབྱུང་བར་བསྟན་པ་ཡིན་ནོ། །གཞན་ཉིད་ཀྱི་ཕྱོགས་ལ་ཡང་སྨྲ་བར་འདོད་པའི་མཚན་ཉིད་ནི་མཚན་ཉིད་ཀྱི་གཞིའི་མཚན་ཉིད་མ་ཡིན་ཏེ།
གཞན་ཡིན་པའི་ཕྱིར་དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བ་ནི་སྨྲ་བ་གང་དག་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་བཞིན་དུ་འདོད་པ་དེ་དག་གི་ཕྱོགས་ལ་ཡང་མཚན་ཉིད་ཀྱི་གཞི་དང་། མཚན་ཉིད་དག་གཞན་ཡིན་པའི་ཕྱིར་མཚན་ཉིད་མི་འཇུག་པས་མཚན་ཉིད་མེད་ལ། མཚན་ཉིད་མེད་ན་ཡང་མཚན་

ཉིད་ཀྱི་གཞིའི་དངོས་པོ་མེད་པས་དེ་ལ་ཡང་། མཚན་ཉིད་མེད་པའི་དངོས་མེད་ན། །མཚན་ཉིད་གང་དུ་འཇུག་པར་འགྱུར། །ཞེས་བྱ་བའི་དོན་དེ་འབྱུང་བར་བསྟན་པ་ཡིན་ནོ། །དེ་དག་གི་རྗེས་སུ་དཔག་པ་དེ་ཡང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་
ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ནམ་མཁའི་མཚན་ཉིད་མི་སྒྲིབ་པ་དེ་ལས་གཞན་པ་ས་ལ་སོགས་པའི་མཚན་ཉིད་སྲ་བ་ལ་སོགས་པ་དག་ནི་ནམ་མཁའ་ལས་གཞན་ཡིན་པའི་ཕྱིར་དེ་དག་ནམ་མཁའི་མཚན་ཉིད་ཀྱིས་གཞན་ནམ་མཁའི་མཚན་ཉིད་མ་ཡིན་པ་དེ་བཞིན་དུ་ཕ་རོལ་པོ་སྨྲ་
བར་འདོད་པ་ནམ་མཁའི་མཚན་ཉིད་མི་སྒྲིབ་པ་ཡང་ནམ་མཁའ་ལས་གཞན་ཡིན་པའི་ཕྱིར་ནམ་མཁའི་མཚན་ཉིད་མ་ཡིན་ནོ། །དེ་ཉིད་བསྣན་པའི་ཕྱིར་མཚན་ཉིད་མེད་པའི་ཕྱིར་དེས་ཀྱང་ནམ་མཁའ་ལ་མཚན་ཉིད་མེད་དེ། མཚན་ཉིད་མེད་པའི་དངོས་པོ་ནམ་མཁའ་ཞེས་བྱ་བ་མེད་ན།
མཚན་ཉིད་གང་དུ་འཇུག་པར་འགྱུར་ཏེ། དེ་འཇུག་པ་མི་འགྲུབ་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་སྔར་ཕ་རོལ་པོ་དག་ན་རེ་མཚན་ཉིད་ཀྱི་གཞི་ནམ་མཁའ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་ལ་མཚན་ཉིད་འཇུག་པའི་ཕྱིར་རོ་ཞེས་ཟེར་བའི་གཏན་ཚིགས་ཀྱི་དོན་མི་འགྲུབ་པ་ཉིད་དུ་
བསྟན་ཏོ། །གཞན་ཡང་མཚན་ཉིད་ཀྱི་གཞི་ལ་འཇུག་པ་ཞེས་བྱ་བའི་གཏན་ཚིགས་དེའི་དོན་ནི་འདི་ལ་མཚན་ཉིད་འདི་མཚན་ཉིད་ཀྱི་གཞིའི་ཆོས་ཡོད་པ་ཉིད་ལ་སོགས་པ་མེད་ན་མི་འབྱུང་བ་དེས་མཚན་ཉིད་ཀྱི་གཞི་ཤེས་པར་འགྱུར་བ་ཡིན་ན་ཞེས་བྱ་བ་ནི་སྔར་ཕ་རོལ་པོ་དག་ན་རེ་མཚན་ཉིད་ཀྱི་
གཞི་ནམ་མཁའ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་ལ་མཚན་ཉིད་འཇུག་པའི་ཕྱིར་རོ་ཞེས་ཟེར་བའི་གཏན་ཚིགས་དེའི་དོན་གང་ཞེ་ན། འདི་ལ་མཚན་ཉིད་མི་སྒྲིབ་པ་ཞེས་བྱ་བ་འདི་མཚན་ཉིད་ཀྱི་གཞིའི་ཆོས་ནམ་མཁའ་ཡོད་པ་ཉིད་ལ་སོགས་པ་དང་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱིས་འབྲེལ་པའི་
སྒོ་དེ་ནས་མཚན་ཉིད་ཀྱི་གཞི་ཤེས་པར་འགྱུར་བ་ཡིན་ན་མཚན་ཉིད་ཀྱིས་མཚན་ཉིད་ཀྱི་གཞི་ཤེས་པར་འགྱུར་བ་དེ་ཡང་མི་འཐད་པར་སྟོན་ཏོ། །ཅིའི་ཕྱིར་མི་འཐད་ཅེ་ན། དེའི་ཕྱིར་གང་གི་ཚེ་ཁོ་བོ་ཅག་གི་ཕྱོགས་ལ། མཚན་ཉིད་མེད་ལ་མཚན་ཉིད་ནི། །མི་འཇུག་མཚན་ཉིད་བཅས་ལ་

མིན། །དེའི་ཚེ་མེད་པ་ལ་ནི་མཚན་ཉིད་མི་འགྲུབ་པའི་ཕྱིར་དང་། མཚན་ཉིད་དང་བཅས་པའི་དངོས་པོ་ཡང་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། མཚན་ཉིད་མེད་པའི་མཚན་ཉིད་ཀྱི་གཞི་ལ་ནི་མཚན་ཉིད་མི་འཇུག་སྟེ། གང་
གི་ཚེ་མཚན་ཉིད་མེད་པ་དེའི་ཚེ་དེ་ལ་མཚན་ཉིད་མི་འགྲུབ་པའི་ཕྱིར་མཚན་ཉིད་མེད་པའི་མཚན་ཉིད་ཀྱི་གཞི་ལ་མཚན་ཉིད་མི་འཇུག་གོ། །མཚན་ཉིད་དང་བཅས་པའི་མཚན་ཉིད་ཀྱི་གཞི་ལ་ཡང་མཚན་ཉིད་མི་འཇུག་སྟེ། གལ་ཏེ་མཚན་ཉིད་དང་བཅས་པའི་དངོས་པོ་ནམ་མཁའ་ཞེས་བྱ་བ་ཞིག་
དོན་དམ་པར་གྲུབ་པར་གྱུར་ན་ནི་དེ་ལ་མཚན་ཉིད་འཇུག་པར་ཡང་འགྱུར་བ་ཞིག་ན་དེ་མི་འགྲུབ་པའི་ཕྱིར་མཚན་ཉིད་དང་བཅས་པའི་མཚན་ཉིད་ཀྱི་གཞི་ལ་ཡང་མི་འཇུག་གོ་ཞེས་བྱ་བར་དགོངས་སོ། །ཇི་སྐད་བསྟན་པའི་རྣམ་པ་དང་མཚན་ཉིད་མི་འདྲ་བའི་མཚན་ཉིད་ཀྱི་གཞི་ཡང་མི་འགྲུབ་པའི་ཕྱིར།
མཚན་བཅས་མཚན་ཉིད་མེད་པ་ལས། །གཞན་ལའང་འཇུག་པར་མི་འགྱུར་རོ། །ཞེས་བྱ་བ་ནི་མཚན་ཉིད་དང་བཅས་པ་དང་མཚན་ཉིད་མེད་པའི་རྣམ་པ་སྔར་ཅི་སྐད་བསྟན་པ་དང་མཚན་ཉིད་མི་འདྲ་བའི་མཚན་ཉིད་ཀྱི་གཞི་ནི་མཚན་ཉིད་དང་བཅས་པ་ཡང་ཡིན་ལ། མཚན་ཉིད་མེད་པ་ཡིན་པ་
གཉི་གའི་བདག་ཉིད་ཅན་ཞིག་ཡིན་གྲང་ན། དེ་ལྟ་བུའི་མཚན་ཉིད་ཀྱི་གཞི་ནི་མི་འགྲུབ་པའི་ཕྱིར་མཚན་ཉིད་དང་བཅས་པ་དང་མཚན་ཉིད་མེད་པ་ལས་གཞན་པའི་མཚན་ཉིད་ཀྱི་གཞི་ལ་ཡང་མཚན་ཉིད་འཇུག་པར་མི་འགྱུར་རོ། །དེའི་ཕྱིར་དེ་ལྟར་དོན་དམ་པར་དངོས་པོ་འགའ་ལ་ཡང་མཚན་
ཉིད་འཇུག་པར་མ་གྲུབ་པའི་ཕྱིར་དང་། དཔེ་མེད་པའི་ཕྱིར་ཁྱོད་ཀྱི་འདོད་པའི་དོན་མ་གྲུབ་པོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་མཚན་ཉིད་དང་བཅས་པ་དང་མཚན་ཉིད་མེད་པ་དང་དེ་གཉིས་ལས་གཞན་པའི་མཚན་ཉིད་ཀྱི་གཞི་ལ་ཡང་མཚན་ཉིད་འཇུག་པར་
མ་གྲུབ་པའི་ཕྱིར་དང་། མཚན་ཉིད་འཇུག་པའི་དཔེ་མེད་པའི་ཕྱིར་ཁྱོད་ཀྱི་འདོད་པའི་དོན་མཚན་ཉིད་ཀྱི་གཞི་ནམ་མཁའ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་ལ་མཚན་ཉིད་འཇུག་པའི་ཕྱིར་རོ་ཞེས་ཟེར་བ་མ་གྲུབ་པོ། །ཡང་ན་མཚན་ཉིད་མེད་པ་ནམ་མཁའི་མེ་ཏོག་ལ་སོགས་པ་དག་ལ་མཚན་ཉིད་

དེ་མེད་པའི་ཕྱིར་མི་འཇུག་པ་དེ་ནི་གྲགས་པ་ཡིན་ནོ་ཞེས་བྱ་བ་ནི། མཚན་ཉིད་མེད་ལ་མཚན་ཉིད་ནི། །མི་འཇུག །ཅེས་བྱ་བའི་ཚིག་ལེའུར་བྱས་པ་དེའི་དོན་ནི་འཇིག་རྟེན་ཐམས་ཅད་ལ་ཡང་གྲགས་པ་ཡིན་པས་འདིར་ཚད་མས་སྒྲུབ་མི་དགོས་སོ། །ད་ནི་མཚན་ཉིད་བཅས་ལ་མིན། །ཞེས་
བྱ་བ་མཚན་ཉིད་དང་བཅས་པ་ལ་མཚན་ཉིད་མི་འཇུག་གོ་ཞེས་བྱ་བའི་སྐབས་དེ་ནི་དམ་བཅའ་ཉེ་བར་གཞག་པ་ཡིན་ནོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་དེའི་དོན་རྣམ་པ་གཞན་དུ་བཤད་པའི་ཚད་མ་སྟོན་ཏེ། མཚན་ཉིད་དང་བཅས་པ་ལ་མཚན་ཉིད་མི་འཇུག་གོ་ཞེས་བྱ་བ་དེ་ནི་དམ་བཅའ་བ་ཉེ་བར་
གཞག་པ་ཡིན་ཏེ། ཕྱོགས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཆོས་ནི་མཚན་ཉིད་གང་གིས་མཚོན་ན་མཚན་ཉིད་དང་བཅས་པ་ཞེས་བྱ་བའི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ནི། མཚན་ཉིད་དང་བཅས་པ་ལ་མཚན་ཉིད་མི་འཇུག་པ་དེའི་སྒྲུབ་པའི་ཆོས་གཏན་ཚིགས་ནི་མཚན་ཉིད་ཡིན་པའི་
ཕྱིར་རོ་ཞེས་བྱ་བར་སྦྱར་བ་ཡིན་ནོ། །དཔེ་ནི་དེའི་དབང་གིས་ཏེ། དེ་ལས་གཞན་པའི་མཚན་ཉིད་དག་ཡིན་ནོ་ཞེས་བྱ་བ་ནི་མཚན་ཉིད་དང་བཅས་པ་ལ་མཚན་ཉིད་མི་འཇུག་པའི་ཆོས་མཐུན་པའི་དཔེ་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཆོས་དེའི་དབང་གིས་བསྟན་དགོས་ཏེ། ནམ་མཁའི་མཚན་ཉིད་
དེ་ལས་གཞན་པ་ས་ལ་སོགས་པའི་མཚན་ཉིད་གང་དག་ལ་བསྒྲུབ་པར་བྱ་བ་ཆོས་མཚན་ཉིད་དང་བཅས་པ་ལ་མཚན་ཉིད་མི་འཇུག་པ་དང་སྒྲུབ་པའི་ཆོས་མཚན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ཡོད་པ་དག་ཡིན་ནོ། །འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་མི་སྒྲིབ་པ་ནི་ནམ་མཁའི་མཚན་ཉིད་མ་ཡིན་
ཏེ། མཚན་ཉིད་ཡིན་པའི་ཕྱིར་དཔེར་ན་སྲ་བ་ལ་སོགས་པ་དག་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྲ་བ་ལ་སོགས་པ་དག་ནི་མཚན་ཉིད་ཡིན་པའི་ཕྱིར་ནམ་མཁའི་
མཚན་ཉིད་མ་ཡིན་པ་དེ་བཞིན་དུ་མི་སྒྲིབ་པ་ཡང་མཚན་ཉིད་ཡིན་པའི་ཕྱིར་ནམ་མཁའི་མཚན་ཉིད་མ་ཡིན་ནོ་རྣམ་པ་གཉིས་སུ་སྨྲ་བ་དག་རྣམ་གྲངས་ལས་མཚན་ཉིད་དང་བཅས་པ་དང་། མཚན་ཉིད་མེད་པ་ལ་མཚན་ཉིད་འཇུག་པས་ཉེས་པ་མེད་དོ་ཞེ་ན་ཞེས་བྱ་བ་ནི་རྣམ་པ་གཉིས་སུ་སྨྲ་བ་ཞེས་

བྱ་བ་འོས་པ་པ་དག་ན་རེ་ཁོ་བོ་ཅག་ནི་གང་གི་ཕྱིར་སྲོག་གི་རྫས་ལ་མཚན་ཉིད་མེད་པ་དེའི་ཕྱིར་རྣམ་གྲངས་དེ་ལས་མཚན་ཉིད་མེད་པར་ཡང་སྨྲ་ལ། གང་གི་ཕྱིར་ལུས་ཀྱི་རྫས་ལ་མཚན་ཉིད་ཡོད་པ་དེའི་ཕྱིར་རྣམ་གྲངས་དེ་ལས་ནི་མཚན་ཉིད་དང་བཅས་པར་ཡང་སྨྲ་
བས་དེའི་ཕྱིར་ཁོ་བོ་ཅག་གི་མཚན་ཉིད་དང་བཅས་པ་དང་མཚན་ཉིད་མེད་པའི་ཕྱོགས་ལ་མཚན་ཉིད་འཇུག་པས་ཁྱེད་ན་རེ་མཚན་ཉིད་དང་བཅས་པ་དང་མཚན་ཉིད་མེད་པ་ལ་མཚན་ཉིད་མི་འཇུག་གོ་ཞེས་ཟེར་བའི་ཉེས་པ་དེ་ཁོ་བོ་ཅག་གི་ཕྱོགས་ལ་མེད་དོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་
ཟེར་བ་དེ་དགག་པའི་ཕྱིར་ཡང་བཤད་པ། མཚན་བཅས་མཚན་ཉིད་མེད་པ་ལས། །གཞན་ལའང་འཇུག་པར་མི་འགྱུར་རོ། །ཞེས་བྱ་བ་ཚིག་ལེའུར་བྱས་པ་འདི་ཡང་བཟླས་ཏེ་བཤད་དོ། །རྣམ་པ་གཉིས་སུ་སྨྲ་བའི་ཕྱོགས་དེ་ཡང་རིགས་པ་མ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། གཉི་གའི་
བདག་ཉིད་ཀྱི་དངོས་པོ་མི་སྲིད་པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་འཇིག་རྟེན་ན་ཕན་ཚུན་མི་མཐུན་པའི་དངོས་པོ་གཉིས་གནས་གཅིག་ན་འདུག་པ་མ་མཐོང་སྟེ། དཔེར་ན་བྱ་གག་ཕྱེད་ཤི་ཕྱེད་གསོན་པ་མི་སྲིད་པ་དེ་བཞིན་དུ་མཚན་ཉིད་དང་བཅས་པ་ཡང་ཡིན་ལ། མཚན་
ཉིད་མེད་པ་ཡང་ཡིན་པའི་དངོས་པོ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཕ་རོལ་པོ་ན་རེ་བྱ་གག་ཕྱེད་ཤི་ཕྱེད་གསོན་པ་ལྟ་བུ་དངོས་པོ་མི་མཐུན་པ་གཉིས་གནས་གཅིག་ན་འདུག་པ་མི་སྲིད་དུ་ཟིན་ཀྱང་ལྟོས་པའི་དབང་གིས་གཉི་གའི་བདག་ཉིད་ཀྱི་དངོས་པོར་ངེས་པ་ཡོད་དེ། དཔེར་ན་བུ་ལ་ལྟོས་ནས་ནི་
ཕ་ཡིན་ལ་ཕ་ལ་ལྟོས་ནས་ནི་བུ་ཡིན་པ་བཞིན་དུ་འདིར་ཡང་སྲོག་གི་གནས་སྐབས་ལ་ལྟོས་ནས་ནི་མཚན་ཉིད་མེད་པ་ཡིན་ལ། ལུས་ཀྱི་གནས་སྐབས་ལ་ལྟོས་ནས་ནི་མཚན་ཉིད་དང་བཅས་པ་ཡིན་པས་ཉེས་པ་མེད་དོ་ཞེས་ཟེར་བ་དེའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་
པ་བྱེད་པ་ཉིད་ཀྱིས། ལྟོས་པའི་ངེས་པ་ཡང་མེ་དང་བུད་ཤིང་བརྟག་པའི་རབ་ཏུ་བྱེད་པ་ལས་འོག་ནས་འགོག་པར་འགྱུར་བའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། འོག་ནས། གལ་ཏེ་ཤིང་ལྟོས་མེ་ཡིན་ལ། །གལ་ཏེ་མེ་ལྟོས་ཤིང་ཡིན་ན། །གང་ལ་ལྟོས་པའི་མེ་དང་ཤིང་། །དང་པོར་གྲུབ་

པ་གང་ཞིག་ཡིན། །ཞེས་འབྱུང་བ་བཞིན་དུ་འདིར་ཡང་གལ་ཏེ་སྲོག་ལ་ལྟོས་ནས་ལུས་མཚན་ཉིད་དང་བཅས་པ་ཡིན་ལ་ལུས་ལ་ལྟོས་ནས་སྲོག་མཚན་ཉིད་མེད་པ་ཡིན་ན་གང་ལ་ལྟོས་ནས་སྲོག་མཚན་ཉིད་མེད་པ་ཞེས་བྱ་བ་དང་ལུས་མཚན་ཉིད་དང་བཅས་པ་ཞེས་བྱ་བ་པ་དེ་གཉིས་ལས་
གང་དང་པོར་གྲུབ་པར་འགྱུར་ཏེ། མི་འགྲུབ་པའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ། །གཞན་ཡང་ཕྱོགས་གཉི་གར་བསྟན་པའི་སྐྱོན་ཉིས་འགྱུར་དུ་འབྱུང་བའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི། སྔར། མཚན་ཉིད་མེད་ལ་མཚན་ཉིད་ནི། །མི་འཇུག་མཚན་ཉིད་བཅས་ལ་མིན། །
ཞེས་ཕྱོགས་གཉི་གར་བསྟན་པའི་སྐྱོན་དེ་གཉི་གས་འདིར་གཏད་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་རྣམ་པ་གཉིས་སུ་སྨྲ་བ་དག་གི་ཕྱོགས་དེ་ཡང་རིགས་པ་མ་ཡིན་ནོ། །གཞན་དག་ནི། མཚན་ཉིད་མེད་ལ་མཚན་ཉིད་ནི། །མི་འཇུག །ཅེས་བྱ་བ་འདི་ལ་དེ་ལྟར་གང་གི་ཕྱིར་མཚན་ཉིད་མེད་པའི་
དངོས་པོ་འགའ་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་མཚན་ཉིད་མེད་པའི་དངོས་པོ་མེད་ན་གཞི་མེད་པ་ལ་མཚན་ཉིད་འཇུག་པར་མི་འཐད་དོ། །མཚན་ཉིད་བཅས་ལ་མཚན་ཉིད་མིན། །ཞེས་བྱ་བ་འདི་ལ་ཡང་མཚན་ཉིད་དང་བཅས་པའི་དངོས་པོ་ལ་ཡང་མཚན་ཉིད་འཇུག་པར་མི་འཐད་དེ་དགོས་
པ་མེད་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི། མཚན་ཉིད་མེད་ལ་མཚན་ཉིད་ནི། །མི་འཇུག་མཚན་ཉིད་བཅས་ལ་མིན། །ཞེས་བྱ་བའི་ཚིག་ལེའུར་བྱས་པ་འདི་ལ་འགྲེལ་པ་བྱེད་པ་གནས་བརྟན་བུདྡྷ་པཱ་ལི་ཏ་ནི་འདི་སྐད་ཅེས་རྣམ་པར་བཤད་པ་བྱེད་དོ་ཞེས་བྱ་བར་སྦྱར་རོ། །དེ་ནི་རིགས་པ་མ་
མ་ཡིན་ཏེ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་པར་སུན་འབྱིན་པའི་ཚིག་ཡིན་ནོ། །དེ་ལ་གནས་བརྟན་བུདྡྷ་པཱ་ལི་ཏས་དེ་ལྟར་གང་གི་ཕྱིར་མཚན་ཉིད་མེད་པའི་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་མཚན་ཉིད་མེད་པའི་
དངོས་པོ་མེད་ན་གཞི་མེད་པ་ལ་མཚན་ཉིད་འཇུག་པར་མི་འཐད་དོ་ཞེས་རྣམ་པར་བཤད་པ་དེ་ཅི་ལྟར་རིགས་པ་མ་ཡིན་ཞེ་ན། དེའི་ཕྱིར་མཚན་ཉིད་ཡོད་ན་དེ་དང་ལྡན་པ་ལ་མེད་པ་ཉིད་མི་འཐད་པའི་ཕྱིར་དང་། དེ་བཞིན་དུ་མཚན་ཉིད་ཀྱི་གཞི་ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་ཁྱོད་

ཀྱིས་མཚན་ཉིད་ཀྱི་གཞི་མེད་དོ་ཞེས་སྨྲས་པ་དེའི་ཕྱིར་མཚན་ཉིད་ཀྱི་དངོས་པོ་ཡོད་པར་ཁས་བླངས་པས། དེ་ལྟར་མཚན་ཉིད་ཀྱི་དངོས་པོ་ཡོད་པར་ཁས་བླངས་ན་དོན་དམ་པར་མཚན་ཉིད་དང་ལྡན་པའི་མཚན་ཉིད་ཀྱི་གཞི་ལ་མཚན་ཉིད་མེད་པ་ཉིད་མི་འཐད་པའི་
ཕྱིར་མཚན་ཉིད་ཡོད་པར་འགྱུར་བ་དང་། དེ་བཞིན་དུ་མཚན་ཉིད་ཡོད་ན་མཚན་ཉིད་ཀྱི་གཞི་ཡང་ཡོད་པར་འགྱུར་བའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ། །གནས་བརྟན་བུདྡྷ་པཱ་ལི་ཏས་མཚན་ཉིད་དང་བཅས་པའི་དངོས་པོ་ལ་ཡང་མཚན་ཉིད་འཇུག་པ་མི་འཐད་དེ་དགོས་པ་མེད་པའི་ཕྱིར་རོ་ཞེས་རྣམ་
པར་བཤད་པ་དེ་ཅི་ལྟར་རིགས་པ་མ་ཡིན་ཞེ་ན། དེའི་ཕྱིར་མཚན་ཉིད་དང་བཅས་པའི་དངོས་པོ་གྲུབ་པ་ལ་ཡང་ཕ་རོལ་པོ་དྲན་པར་བྱ་བའི་ཕྱིར་མཚན་ཉིད་ཀྱི་གཞི་ལ་མཚན་ཉིད་འཇུག་པ་འགལ་བ་མེད་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་མཚན་ཉིད་དང་བཅས་པའི་དངོས་པོ་གྲུབ་ན་དེ་ལྟར་
མཚན་ཉིད་དང་བཅས་པའི་དངོས་པོ་གྲུབ་པ་ལ་མཚན་ཉིད་འཇུག་པ་འགལ་བ་མེད་དེ། འདི་ལྟར་གང་ཟག་ཕ་རོལ་པོ་འགའ་ཞིག་གིས་མཚན་ཉིད་ཀྱི་གཞི་མཚན་ཉིད་གང་ཡིན་པ་བརྗེད་པ་ལ་དྲན་པར་བྱ་བའི་ཕྱིར་མཚན་ཉིད་ཀྱི་གཞི་འདིའི་མཚན་ཉིད་ནི་འདི་ཡིན་ནོ་ཞེས་སྟོན་པས་མཚན་ཉིད་ཀྱི་གཞི་
ལ་མཚན་ཉིད་འཇུག་པ་འགལ་བ་མེད་པའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ། །དེས་མི་ནུས་སོ་ཞེས་བྱ་བ་ནི། གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེས་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་ངོ་བོ་ཉིད་མེད་པ་ཉིད་དུ་སྒྲུབ་པར་མི་ནུས་པར་རིགས་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་མཚན་ཉིད་
ཀྱི་གཞི་ལ་མཚན་ཉིད་འཇུག་པར་མི་འཐད་པས། མཚན་ཉིད་འཇུག་པ་མ་ཡིན་ན། །མཚན་གཞི་འཐད་པར་མི་འགྱུར་རོ། །ཞེས་བསྟན་པའི་དོན་གྱི་དབང་གིས་མཇུག་བསྡུས་སོ་ཞེས་བྱ་བ་ནི། མཚན་ཉིད་མེད་ལ་མཚན་ཉིད་ནི། །མི་འཇུག་མཚན་ཉིད་བཅས་ལ་མིན། །མཚན་བཅས་
མཚན་ཉིད་མེད་པ་ལས། །གཞན་ལའང་འཇུག་པར་མི་འགྱུར་རོ། །ཞེས་ཅི་སྐད་བཤད་པའི་རྣམ་པས་མཚན་ཉིད་ཀྱི་གཞི་ལ་མཚན་ཉིད་འཇུག་པ་མི་འཐད་པས་མཚན་ཉིད་ཀྱི་འཇུག་པ་མ་ཡིན་ན་མཚན་ཉིད་ཀྱི་གཞི་ཡང་འཐད་པར་མི་འགྱུར་ཏེ། འདི་ལྟར་གང་གི་ཚེ་མཚན་ཉིད་ཀྱིས་

མཚན་ཉིད་ཀྱི་གཞི་མཚོན་པར་མི་བྱེད་ཤེས་པར་མི་བྱེད་པ་དེའི་ཚེ་མཚན་ཉིད་ཀྱི་གཞི་ཡང་འཐད་པར་མི་འགྱུར་ཏེ། མི་དམིགས་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ། །བསྟན་པའི་དོན་གྱི་དབང་གིས་མཇུག་བསྡུས་སོ་ཞེས་བྱ་བ་ནི་སྔར་འགྲེལ་པ་བྱེད་པས་ནམ་མཁའི་ཁམས་ངོ་བོ་ཉིད་
མེད་པ་ཉིད་དུ་བསྟན་པར་བརྩམས་པས་དེ་བསྟན་པའི་དོན་གྱི་དབང་གིས་ནམ་མཁའི་མཚན་ཉིད་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དགག་པའི་མཇུག་བསྡུས་སོ།། །།བམ་པོ་སུམ་ཅུ་བཞི་པ། འདིར་མཁས་སུ་རེ་བའི་མངོན་པའི་ང་རྒྱལ་ཅན་ཁ་ཅིག་རང་གི་ཕྱོགས་ཀྱི་སྐྱོན་
བརྗོད་པ་བརྣག་པར་མི་བཟོད་པ་ན་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོ་གང་དག་ནམ་མཁའ་ཡོད་པ་ཡིན་ཏེ་མཚན་ཉིད་ཡོད་པའི་ཕྱིར་རོ་ཞེས་ཟེར་བ་དག་གི་ཕྱོགས་དབུ་མ་པས་སུན་ཕྱུང་བ་དང་། འདིར་ཕ་རོལ་པོ་རིགས་པའི་བསྟན་བཅོས་ལ་མཁས་སུ་རེ་བ་དག་དབུ་མ་པ་ལ་བྱུང་རྒྱལ་དུ་འདི་སྐད་ཅེས་
ཟེར་ན་དེ་ཡང་མི་རུང་བར་སྟོན་ཏོ། །དེ་ལ་མཁས་སུ་རེ་བའི་མངོན་པའི་ང་རྒྱལ་ཅན་ཁ་ཅིག་ཅེས་བྱ་བ་ནི་རང་གི་སྡེ་པ་ལ་སོགས་པ་གང་དག་བདག་ཉིད་མཁས་པ་མ་ཡིན་བཞིན་དུ་རིགས་པའི་བསྟན་བཅོས་ལ་མཁས་སུ་རེ་བའི་མངོན་པའི་ང་རྒྱལ་ཅན་དག་གོ། །དེ་དག་གི་རང་གི་ཕྱོགས་ཀྱི་སྐྱོན་
ནི་རིགས་པའི་བསྟན་བཅོས་ཁོང་དུ་མ་ཆུད་པ་སྟེ། འདི་ལྟ་སྟེ་ནམ་མཁའ་ནི་ཡོད་པ་ཁོ་ན་ཡིན་ཏེ་དེ་ལ་མཚན་ཉིད་འཇུག་པའི་ཕྱིར་རོ་ཞེས་ཟེར་བ་ཡིན་ནོ། །དེའི་སྐྱོན་བརྗོད་པ་ནི་དབུ་མ་པས་དེ་དག་ལ་ཁྱེད་ཅག་རིགས་པའི་བསྟན་བཅོས་བསླབས་པ་མ་ཡིན་ནོ་ཞེས་བརྗོད་པ་སྟེ། མཚན་ཉིད་མེད་པའི་དངོས་
མེད་ན། །མཚན་ཉིད་གང་དུ་འཇུག་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྔར་ཅི་སྐད་བསྟན་པ་དག་བཞིན་ནོ། །ཕ་རོལ་པོ་དག་རང་གི་ཕྱོགས་ཀྱི་སྐྱོན་དེ་བརྗོད་པ་བརྣག་པར་མི་བཟོད་པ་ན་དབུ་མ་པ་ལ་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །ནམ་མཁའ་ཡོད་པ་ཡིན་ཏེ་མཚན་ཉིད་ཡོད་པའི་ཕྱིར་
རོ་ཞེས་སྨྲས་པ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་སྔར་ཁོ་བོ་ཅག་གིས་མཚན་ཉིད་ཀྱི་གཞི་ནམ་མཁའ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་ལ་མཚན་ཉིད་འཇུག་པའི་ཕྱིར་རོ་ཞེས་སྨྲས་པ་ན་ཞེས་ཟེར་བར་སྦྱར་རོ། །ཁྱེད་ཀྱིས་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་སྔ་ཕྱིར་སྒྲོ་བཏགས་ནས་གཏན་ཚིགས་ཀྱི་

དོན་མ་གྲུབ་པ་ཉིད་དུ་བརྗོད་པ་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་ཁོ་བོ་ཅག་གིས་སྔར་དེ་སྐད་སྨྲས་པ་ན་ཁྱེད་དབུ་མ་པས། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པའི་སྒྲུབ་པ་དག་སྒྲོ་བཏགས་ནས་ཁོ་བོ་ཅག་གི་གཏན་ཚིགས་ཀྱི་དོན་མཚན་ཉིད་
འཇུག་པའི་ཕྱིར་རོ་ཞེས་བྱ་བ་མ་གྲུབ་པ་ཉིད་དུ་བརྗོད་པ་ནི་ལེགས་པར་སྨྲས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཁོ་བོ་ཅག་གིས་ནམ་མཁའ་ཡོད་པ་ཡིན་ཏེ་མཚན་ཉིད་ཡོད་པའི་ཕྱིར་རོ་ཞེས་སྨྲས་པ་ན། ཁྱེད་ཀྱིས་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་སྔ་ཕྱིར་སྒྲོ་བཏགས་ནས་གཏན་ཚིགས་ཀྱི་
དོན་མ་གྲུབ་པ་ཉིད་བརྗོད་པ་ནི་ལེགས་པར་སྨྲས་པ་མ་ཡིན་ཏེ། དེ་ནི་དཔེར་ན་སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་སྨྲས་པ་ལ། གལ་ཏེ་སྒྲ་སྐྱེས་པའི་སྔོན་རོལ་ན་བྱས་པ་ཉིད་ཡོད་ན་ནི་སྒྲ་ལ་འཁྲུལ་པ་ཡོད་པའི་ཕྱིར་གཏན་ཚིགས་སུ་མི་རུང་ངོ་། །འོན་ཏེ་སྒྲ་སྐྱེས་པའི་སྔོན་རོལ་ན་བྱས་པ་ཉིད་མེད་དེ་
ཕྱིས་ཡོད་ན་ནི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་ཟེར་བ་དེའི་ཚིག་དེ་རིགས་པ་དང་ལྡན་པ་མ་ཡིན་ཏེ། མ་གྲུབ་པ་ལྟར་སྣང་བ་ཉིད་བརྗོད་པའི་ཕྱིར་རོ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བར་སྦྱར་ཏེ། དཔེར་ན་ཕྱོགས་སྔ་མ་སྨྲ་བ་འགའ་ཞིག་གིས་སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་སྨྲས་པ་ལ། ཁ་
ཅིག་ན་རེ་གལ་ཏེ་སྒྲ་སྐྱེས་པའི་སྔོན་རོལ་ན་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་བྱས་པ་ཉིད་ཅེས་བྱ་བ་ཡོད་ན་ནི་སྒྲ་ལ་བྱས་པ་ཉིད་དང་མ་འབྲེལ་བའི་འཁྲུལ་པ་ཡོད་པའི་ཕྱིར་བྱས་པའི་ཕྱིར་རོ་ཞེས་བྱ་བ་དེ་གཏན་ཚིགས་སུ་མི་རུང་ངོ་། །འོན་ཏེ་སྒྲ་སྐྱེས་པའི་སྔོན་རོལ་ན་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་བྱས་པ་
ཉིད་ཅེས་བྱ་བ་དེ་མེད་དེ་ཕྱིས་ཡོད་ན་ནི་གཏན་ཚིགས་ཀྱི་དོན་བྱས་པའི་ཕྱིར་རོ་ཞེས་བྱ་བ་དེ་མ་གྲུབ་པ་ཉིད་དོ་ཞེས་ཟེར་བའི་ཚིག་དེ་རིགས་པ་དང་ལྡན་པ་མ་ཡིན་ཏེ། སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་ཕྱོགས་སྔ་མ་སྨྲ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་ཏེ། མ་གྲུབ་པ་ལྟར་
སྣང་བ་ཉིད་དུ་བརྗོད་པའི་ཕྱིར་རོ་ཞེས་བྱ་བ་བཞིན་ནོ། །དེ་བཞིན་དུ་ཁྱེད་ཀྱིས། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པས་ཁོ་བོ་ཅག་གི་གཏན་ཚིགས་མཚན་ཉིད་ཡོད་པའི་ཕྱིར་རོ་ཞེས་ཅི་སྐད་སྨྲས་པ་སུན་འབྱིན་པར་འདོད་པས་ཁོ་བོ་

ཅག་གི་གཏན་ཚིགས་མཚན་ཉིད་ཡོད་པ་ཞེས་བྱ་བ་འགོག་པར་བྱེད་པའི་ཚིག་དེ་ཡང་ལེགས་པར་སྨྲས་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། མཚན་ཉིད་ཀྱང་དེ་ཉིད་དང་གཞན་ལ་སོགས་པའི་ཁྱད་པར་གྱིས་མཚན་ཉིད་ཀྱི་གཞིའི་
ཁོངས་སུ་གཏོགས་པ་ཡིན་ལ། མཚན་ཉིད་ཀྱི་གཞིའི་སྐྱེ་མཆེད་དེ་དག་གི་དོན་དམ་པ་པའི་ཡོད་པ་ཉིད་ནི་དོན་དམ་པར་བསལ་བས་དེའི་ཕྱིར་མཚན་ཉིད་ཀྱི་གཞི་མི་འཐད་ན་མཚན་ཉིད་ཀྱང་མི་སྲིད་པས་དེ་དགག་པའི་ཕྱིར་ནི་འབད་པ་མི་རྩོམ་མོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མཚན་ཉིད་ཀྱང་
མཚན་ཉིད་ཀྱི་གཞི་དང་དེ་ཉིད་ཀྱང་མ་ཡིན་ལ་གཞན་ཉིད་ཀྱང་མ་ཡིན་པ་ལ་སོགས་པའི་ཁྱད་པར་གྱིས་ཀུན་རྫོབ་ཏུ་མཚན་ཉིད་ཀྱི་གཞིའི་ཁོངས་སུ་གཏོགས་པ་ཡིན་ལ་མཚན་ཉིད་ཀྱི་གཞི་མིག་ལ་སོགས་པ་སྐྱེ་མཆེད་དེ་དག་གི་དོན་དམ་པ་པའི་ཡོད་པ་ཉིད་ནི་ཁོ་བོ་ཅག་གི་དོན་དམ་པར་བསལ་བས་དེའི་ཕྱིར་
མཚན་ཉིད་ཀྱི་གཞི་མི་འཐད་ན་མཚན་ཉིད་ཀྱང་མི་སྲིད་པས་ཁྱེད་ཀྱི་གཏན་ཚིགས་ཀྱི་དོན་མཚན་ཉིད་ཡོད་པའི་ཕྱིར་རོ་ཞེས་བྱ་བ་དེ་དགག་པའི་ཕྱིར་ནི་ཁོ་བོ་འབད་པ་མི་རྩོམ་མོ། །ཁྱེད་ན་རེ་འདི་སྐད་ཅེས་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་སྔ་ཕྱིར་སྒྲོ་བཏགས་ནས་གཏན་ཚིགས་ཀྱི་དོན་མ་
གྲུབ་པ་ཉིད་དུ་བརྗོད་པས་ནི་མ་གྲུབ་པ་ཉིད་མ་ཡིན་གྱི་མ་གྲུབ་པ་ལྟར་སྣང་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་ཡང་ཁྱེད་ཀྱི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ལྟར་སྣང་བ་ཉིད་མ་ཡིན་ཏེ། འདིར་རིགས་པ་ཉོན་ཅིག་དང་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཅི་ལྟར་མ་གྲུབ་
པ་ལྟར་སྣང་བ་ཉིད་མ་ཡིན་ཞེ་ན། དེའི་ཕྱིར་སྔ་ཕྱི་མི་སྲིད་པར་བསྟན་པ་ཁོ་ནས་གཞན་ཉིད་དགག་པ་བསྟན་པའི་ཕྱིར་མ་གྲུབ་པ་ལྟར་སྣང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྔར། གལ་ཏེ་མཚན་ལས་སྔ་གྱུར་ན། །མཚན་ཉིད་མེད་པར་ཐལ་བར་འགྱུར། །ཞེས་བྱ་བ་ལ་སོགས་པས་
མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་སྔ་ཕྱི་མེད་པར་བསྟན་པ་ཁོ་ནས་བྱེ་བྲག་པ་ལ་སོགས་པ་དག་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་གཞན་ཉིད་དུ་འདོད་པ་དགག་པ་བསྟན་པའི་ཕྱིར་ཁྱེད་ཀྱི་གཏན་ཚིགས་ཀྱི་དོན་མཚན་ཉིད་ཡོད་པའི་ཕྱིར་རོ་ཞེས་བྱ་བ་དེ་མ་གྲུབ་པ་ལྟར་སྣང་བ་ཉིད་མ་ཡིན་

ནོ། དཔེར་ན་སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་སྨྲས་པ་ལ། གང་དག་ན་རེ་སྒྲ་སྐྱེས་པའི་སྔོན་རོལ་ན་བྱས་པ་ཉིད་ཡོད་ན་ནི་སྒྲ་ལ་འཁྲུལ་པ་ཡོད་པའི་ཕྱིར་གཏན་ཚིགས་སུ་མི་རུང་ངོ་། །འོན་ཏེ་སྒྲ་སྐྱེས་པའི་སྔོན་རོལ་ན་བྱས་པ་ཉིད་མེད་དེ་ཕྱིས་ཡོད་ན་ནི་གཏན་
ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་ཟེར་བ་དེའི་ཚིག་དེ་རིགས་པ་དང་ལྡན་པ་ཡིན་ནོ་ཞེས་ཟེར་བ་ནི་བདེན་ཏེ། སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་པར་བྱེད་པའི་གཏན་ཚིགས་ཡིན་ལ་དེ་ཡང་ཚིག་གི་བདག་ཉིད་དང་དོན་གྱི་བདག་ཉིད་ཡིན་པས་མ་གྲུབ་པ་ཉིད་མ་ཡིན་ཏེ།
དེ་ལ་ཚིག་གི་བདག་ཉིད་ནི་བྱས་པའི་ཕྱིར་རོ་ཞེས་བྱ་བའི་ཚིག་གི་གཏན་ཚིགས་ཀྱིས་སྒྲ་མི་རྟག་པ་ཉིད་དུ་ཤེས་པའི་བློ་སྒྲུབ་པར་བྱེད་པས་དེ་ཡང་མ་གྲུབ་པ་ཉིད་མ་ཡིན་ལ། དོན་གྱི་བདག་ཉིད་ནི་བྱས་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་མ་བརྗོད་པའི་མདུན་རོལ་ན་ཡང་སྒྲ་ལ་བྱས་པ་ཉིད་ཀྱི་དོན་ཡོད་
པ་ཡིན་པས་དེ་ཡང་མ་གྲུབ་པ་ཉིད་མ་ཡིན་པ་ལས་དེ་ལ་གང་དག་གལ་ཏེ་སྒྲ་སྐྱེས་པའི་སྔོན་རོལ་ན་བྱས་པ་ཉིད་ཡོད་ན་ནི་སྒྲ་ལ་འཁྲུལ་པ་ཡོད་པའི་ཕྱིར་གཏན་ཚིགས་སུ་མི་རུང་ངོ་། །འོན་ཏེ་སྒྲ་སྐྱེས་པའི་སྔ་རོལ་ན་བྱས་པ་ཉིད་མེད་དེ་ཕྱིས་ཡོད་ན་ནི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་
ཟེར་བ་དེའི་ཚིག་དེ་རིགས་པ་དང་ལྡན་པ་མ་ཡིན་པ་ནི་བདེན་ནོ། །ཁོ་བོ་ཅག་དབུ་མ་པའི་གཏན་ཚིགས་མཚན་ཉིད་ཀྱི་སྔོན་རོལ་ན་མཚན་ཉིད་ཀྱི་གཞི་མེད་པའི་ཕྱིར་ཞེས་བྱ་བ་ནི་དེ་ལྟར་རིགས་པ་དང་མི་ལྡན་པ་མ་ཡིན་ཏེ། ལེགས་པ་ཡིན་པས་ཁྱེད་ཀྱི་གཏན་ཚིགས་མཚན་ཉིད་ཡོད་པའི་ཕྱིར་ཞེས་
བྱ་བ་དེ་མ་གྲུབ་པ་ཉིད་ཡིན་ནོ། །དེ་ལྟར་མཁས་སུ་རེ་བའི་མངོན་པའི་ང་རྒྱལ་ཅན་དེ་དག་དབུ་མའི་ཚིག་ལེའུར་བྱས་པ་བརྒྱད་པ་ལས་འབྱུང་བའི་ལན་ཙམ་ཡང་འདེབས་མི་ནུས་བཞིན་དུ་དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལྟ་བུ་ལ་ལྟག་ཆོད་དུ་རྒོལ་བར་བྱེད་པ་དེ་དག་གིས་ནི་བདག་
ཉིད་རིགས་པའི་སྒོ་ཙམ་ཡང་མི་ཤེས་པར་བསྟན་པ་ཡིན་ནོ། །ཅི་སྟེ་གང་ལ་གཞན་ཉིད་ཡིན་ཡང་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱིས་འབྲེལ་པ་དེ་ནི་གཏན་ཚིགས་ཡིན་པས། དེས་ན་གཞན་ཡིན་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་བརྗོད་པ་ཡང་མ་གྲུབ་པ་ལྟར་སྣང་བ་

ཉིད་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་འདིར་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་གཞན་ཉིད་དུ་སྨྲ་བ་དག་ན་རེ། སྔར་ཁྱེད་དབུ་མ་པས་གཞན་ཉིད་ཀྱིས་ཕྱོགས་ལ་ཡང་སྨྲ་བར་འདོད་པའི་མཚན་ཉིད་ནི་མཚན་ཉིད་ཀྱི་གཞིའི་མཚན་ཉིད་མ་ཡིན་ཏེ། གཞན་ཡིན་པའི་ཕྱིར་དེ་ལས་གཞན་
བཞིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་དེ་ལྟར་མ་ཡིན་ཏེ། འདི་ལྟར་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་གང་ལ་གཞན་ཉིད་ཀྱང་ཡིན་ལ་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱིས་འབྲེལ་པ་ཡང་མེད་པ་དཔེར་ན་ནམ་མཁའ་དང་སྲ་བ་ཉིད་ལྟ་བུ་ནི་གཞན་ཡིན་པའི་ཕྱིར་སྲ་བ་ཉིད་གང་ཡིན་པ་དེ་ནམ་
མཁའི་མཚན་ཉིད་མ་ཡིན་པས་སྲ་བ་ཉིད་ཅེས་བྱ་བའི་མཚན་ཉིད་གང་ཡིན་པ་དེ་ནམ་མཁའ་ཡོད་པར་སྒྲུབ་པའི་གཏན་ཚིགས་མ་ཡིན་གྱི་མི་སྒྲིབ་པ་དང་ནམ་མཁའ་ལྟ་བུ་གང་ལ་གཞན་ཉིད་ཡིན་དུ་ཟིན་ཀྱང་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱིས་འབྲེལ་པ་ཡོད་པ་དེ་ནི་གཞན་ཡིན་ཡང་མི་སྒྲིབ་པ་
ཞེས་བྱ་བའི་མཚན་ཉིད་གང་ཡིན་པ་དེ་ནམ་མཁའ་ཡོད་པར་སྒྲུབ་པའི་གཏན་ཚིགས་ཡིན་པས་དེས་ན་མི་སྒྲིབ་པ་དང་ནམ་མཁའ་གཞན་ཡང་ཡིན་ལ། མི་སྒྲིབ་པ་དེ་ནམ་མཁའི་མཚན་ཉིད་ཀྱང་ཡིན་པའི་ཕྱིར་ཁྱེད་དབུ་མ་པས་ཁོ་བོ་ཅག་གི་གཏན་ཚིགས་ཀྱི་དོན་མཚན་ཉིད་ཡོད་པའི་ཕྱིར་
རོ་ཞེས་བྱ་བ་དེ་མ་གྲུབ་པ་ཉིད་དུ་བརྗོད་པ་ཡང་མ་གྲུབ་པ་ཉིད་མ་ཡིན་ཏེ། མ་གྲུབ་པ་ལྟར་སྣང་བ་ཉིད་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་བཟང་པོ་མ་ཡིན་ཏེ་དོན་དམ་པར་གཞན་ཉིད་དང་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱིས་འབྲེལ་པ་མ་
གྲུབ་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁྱེད་ཀྱི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་བརྗོད་པ་ནི་མ་གྲུབ་པ་ལྟར་སྣང་བ་ཉིད་མ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་མི་སྒྲིབ་པ་དང་ནམ་མཁའ་གཞན་ཉིད་ཡིན་པར་ཡང་མ་གྲུབ་ལ། མེད་ན་མི་འབྱུང་བའི་མཚན་ཉིད་ཀྱིས་འབྲེལ་
པར་ཡང་མ་གྲུབ་པས་དེས་ན་གཞན་ཡང་ཡིན་ལ་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱིས་འབྲེལ་པ་ཡང་ཡིན་པས་མི་སྒྲིབ་པ་ནམ་མཁའི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་དེ་མི་རུང་བས་དེ་ནི་བཟང་པོ་མ་ཡིན་ནོ། །ཀུན་རྫོབ་ཏུ་ནི་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱིས་

འབྲེལ་པ་འགོག་པར་མི་བྱེད་དེ། མངོན་སུམ་དང་འགལ་བའི་ཕྱིར་རོ། །དེའི་ཕྱིར་དེ་ལ་མངོན་པར་ཞེན་པ་ཡང་སྤང་བར་འདོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་གཞན་ཉིད་དང་མེད་པ་མི་འབྱུང་བའི་མཚན་ཉིད་ཀྱིས་འབྲེལ་པ་དེ་ལ་མངོན་པར་ཞེན་
པ་ཡང་སྤོང་བར་འདོད་པའི་ཕྱིར་རོ། །འོ་ན་མཚན་ཉིད་མི་སྒྲིབ་པ་དེ་ས་ལ་སོགས་པ་གཞན་དག་གི་མཚན་ཉིད་ཡིན་པར་མི་འཐད་དོ་ཞེས་བཤད་པས། འོ་ན་དོན་གྱིས་གོ་བའི་སྒོ་ནས་ཀུན་རྫོབ་ཏུ་མི་སྒྲིབ་པ་དེ་ནམ་མཁའི་མཚན་ཉིད་ཡིན་པར་མི་འགྱུར་རོ་ཞེ་ན། དེའི་ཕྱིར་སྒྲུབ་པ་དེ་ཐ་སྙད་ཀྱི་
བདེན་པར་གཏོགས་པའི་དངོས་པོ་བསྟན་པའི་ཕྱིར་ཐ་སྙད་དང་རྗེས་སུ་མཐུན་པ་ནི་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། མི་སྒྲིབ་པ་ནམ་མཁའི་མཚན་ཉིད་ཡིན་པར་སྒྲུབ་པ་དེ་ཀུན་རྫོབ་ཀྱི་བདེན་པར་གཏོགས་པའི་དངོས་པོ་བསྟན་པའི་ཕྱིར་ཐ་སྙད་དང་རྗེས་སུ་མཐུན་པ་ནི་ཡིན་པར་ཁས་ལེན་པས་དེའི་ཕྱིར་
མངོན་སུམ་དང་འགལ་བའི་གནོད་པ་ཡང་མེད་དོ། །ཞར་ལ་བཤད་པས་ཆོག་གོ་ཞེས་བྱ་བ་ནི་ཞར་ལ་བཤད་པས་ཆོག་གིས་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་དགག་པའི་སྐབས་ཉིད་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་སྨྲས་པ། དོན་དམ་པར་ནམ་མཁའ་ཡོད་པ་ཁོ་ན་
ཡིན་ཏེ་མཚན་ཉིད་ཡིན་པའི་ཕྱིར་རོ། །འདི་ན་གང་མེད་པ་དེ་ནི་མཚན་ཉིད་ཡིན་པར་མི་འདོད་དེ་དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །ནམ་མཁའ་ནི་མཚན་ཉིད་ཡིན་ཏེ་རྒྱལ་པོ་ཆེན་པོ་ཁམས་དྲུག་པོ་འདི་དག་ནི་སྐྱེས་བུའོ་ཞེས་གསུངས་པས་དེའི་ཕྱིར་དེ་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་
ལ་སོགས་པས་ནི་མཚན་ཉིད་དགག་པའི་དབང་དུ་བྱས་ཏེ་ཕྱོགས་སྔ་མ་དང་ཕྱི་མ་དག་རྒྱ་ཆེར་སྟོན་ཏོ། །དེ་ལ་འདིར་ཕྱོགས་སྔ་མ་ཉེ་བར་གཞག་པ་ནི་ཁམས་དྲུག་པོ་དག་རྫས་སུ་ཡོད་པར་སྨྲ་བ་རང་གི་སྡེ་པ་དང་གཞན་དག་ན་རེ་དོན་དམ་པར་ནམ་མཁའ་ཡོད་པ་ཁོ་ན་ཡིན་ཏེ། མཚན་ཉིད་
ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་སྒྲུབ་པ་དག་གིས་ནམ་མཁའ་མཚན་ཉིད་ཡིན་པའི་གཏན་ཚིགས་ཀྱིས་དོན་དམ་པར་ཡོད་པ་ཁོ་ནར་སྒྲུབ་སྟེ། དེ་དག་གི་སྒྲུབ་པའི་ཚིག་དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་

ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དེ་ཡང་ལུང་ལས། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་ཁམས་དྲུག་པོ་འདི་དག་ནི་སྐྱེས་བུའོ་ཞེས་གསུངས་པས་དེའི་ཕྱིར་ཁམས་དྲུག་པོ་དག་ནི་མཚན་ཉིད་ཡིན་ལ། སྐྱེས་
བུ་ནི་མཚན་ཉིད་ཀྱི་གཞི་ཡིན་པར་གསུངས་ཏེ། དེས་ན་ནམ་མཁའ་ནི་མཚན་ཉིད་ཡིན་པའི་ཕྱིར་དོན་དམ་པར་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་ཏེ་འདིར་དེ་དག་གི་བསམ་པ་གང་ཡིན་ཞེ་ན། སྔར་ཁོ་བོ་ཅག་གིས་ནམ་མཁའ་དེ་མཚན་ཉིད་ཀྱི་གཞི་ཉིད་ཡིན་པའི་སྒོ་ནས་ཡོད་པར་བསྒྲུབས་པ་མ་
གྲུབ་ཏུ་ཟིན་ཀྱང་། ད་འདིར་ལུང་ལས་ནམ་མཁའ་མཚན་ཉིད་ཡིན་པར་གསུངས་པའི་ལུང་དེ་ཁྱེད་དབུ་མ་པ་ཡང་ཁས་ལེན་པས་དེས་ན་མཚན་ཉིད་ཡོད་པ་ཉིད་ཀྱི་སྒོ་ནས་ནམ་མཁའ་ཡང་ཡོད་པ་ཉིད་དུ་འགྲུབ་པར་འགྱུར་རོ་སྙམ་ནས་དེ་སྐད་ཅེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་
ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་བཤད་པ། མཚན་ཉིད་ཀྱི་གཞི་མི་འཐད་དོ་ཞེས་བསྟན་ཟིན་པས་དེའི་ཕྱིར། མཚན་གཞི་འཐད་པ་མ་ཡིན་ན། །མཚན་ཉིད་ཀྱང་ནི་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ད་འདི་མན་ཆད་ནི་མཚན་ཉིད་དགག་པའི་སྒོ་ནས་ནམ་
མཁའ་ངོ་བོ་ཉིད་མེད་པ་ཉིད་དུ་སྟོན་ཏོ། །འདི་སྐད་བསྟན་ཏེ་དངོས་པོར་སྨྲ་བ་ཁྱེད་ཅག་སྔར་ནམ་མཁའ་མཚན་ཉིད་ཀྱི་གཞི་ཉིད་དུ་འདོད་པ་དེ་ལ་ཁོ་བོས་མཚན་ཉིད་ཀྱི་གཞི་མི་འཐད་པར་ལུང་དང་རིགས་པས་རྒྱ་ཆེར་བསྟན་ཟིན་པས་དེའི་ཕྱིར་མཚན་ཉིད་ཀྱི་གཞི་འཐད་པ་མ་ཡིན་ན་མཚན་ཉིད་ཀྱང་
ཡོད་པ་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་མཚན་ཉིད་ཀྱང་མཚན་ཉིད་ཀྱི་གཞིའི་ཁོངས་སུ་གཏོགས་པའི་ཕྱིར་དེ་བཞིན་དུ་མི་འགྲུབ་པའི་ཕྱིར་དང་དཔེ་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། ཅི་ལྟར་དོན་དམ་པར་ནམ་མཁའི་མཚན་ཉིད་ཀྱི་གཞི་ཉིད་དུ་
མ་གྲུབ་པས་མཚན་ཉིད་ཀྱང་མཚན་ཉིད་ཀྱི་གཞིའི་ཁོངས་སུ་གཏོགས་པའི་ཕྱིར་དེ་བཞིན་དུ་མི་འགྲུབ་སྟེ་འདི་ལྟར་མཚན་ཉིད་ཀྱི་གཞི་མེད་ན་མཚན་ཉིད་ཀྱང་ཡོད་པར་མི་འགྱུར་བའི་ཕྱིར་རོ། །ཡང་ན་དོན་དམ་པར་མཚན་ཉིད་ཀྱི་གཞི་སྐྱེས་བུ་ཞེས་བྱ་བ་མི་འཐད་པས་མཚན་ཉིད་ནམ་མཁའ་

ཡང་མཚན་ཉིད་ཀྱི་གཞིའི་ཁོངས་སུ་གཏོགས་པའི་ཕྱིར་དེ་བཞིན་དུ་མི་འགྲུབ་སྟེ། འདི་ལྟར་མཚན་ཉིད་ཀྱི་གཞི་མེད་ན་མཚན་ཉིད་ཀྱང་ཡོད་པར་མི་འགྱུར་བས་ཕ་རོལ་པོ་དག་གི་གཏན་ཚིགས་ཀྱི་དོན་མཚན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མ་གྲུབ་པའི་ཕྱིར་ནམ་མཁའ་
ཡོད་པ་མ་ཡིན་ནོ། །གཏན་ཚིགས་ཀྱི་དོན་མ་གྲུབ་པ་འབའ་ཞིག་ཏུ་ཡང་མ་ཟད་དེ་དཔེ་ཡང་མེད་པའི་ཕྱིར་ནམ་མཁའ་ཡོད་པ་མ་ཡིན་ཏེ། འདི་ལྟར་ཕ་རོལ་པོ་དག་ནམ་མཁའ་ཡོད་པར་སྒྲུབ་པའི་ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་འདི་ན་གང་མེད་པ་དེ་ནི་མཚན་ཉིད་ཡིན་པར་མི་འདོད་དེ་དཔེར་ན་
ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་ཟེར་བ་དེ་ལས་བཟློག་པ་ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་འདི་ན་གང་ཡོད་པ་དེ་ནི་མཚན་ཉིད་ཡིན་པར་འདོད་དེ། དཔེར་ན་ཆེ་གེ་མོ་ཞིག་བཞིན་ནོ་ཞེས་བྱ་བའི་དཔེ་ཡང་མེད་པའི་ཕྱིར་ནམ་མཁའ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་མདོ་མཛད་པས་དགོངས་སོ། །
གང་གི་ཕྱིར་དེ་ལྟར་ཤེས་རབ་ཀྱིས་ཉེ་བར་བརྟགས་ན་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་མི་འཐད་པ་དེའི་ཕྱིར་བསྟན་བཅོས་མཛད་པས། དེའི་ཕྱིར་མཚན་གཞི་ཡོད་མིན་ཏེ། །མཚན་ཉིད་ཡོད་པ་ཉིད་མ་ཡིན། །ཞེས་མཇུག་བསྡུ་བ་མཛད་དེ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་
མའི་འབྲས་བུ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་དེ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དང་དེ་མེད་པར་སྟོན་པའི་རྗེས་སུ་དཔག་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། ཁྱེད་ལ་ནི་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་ཡོད་པར་སྟོན་པའི་རྗེས་སུ་དཔག་
པ་མེད་པའི་ཕྱིར་དང་། ཁོ་བོ་ལ་ནི་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་མེད་པར་སྟོན་པའི་རྗེས་སུ་དཔག་པ་ཡོད་པའི་ཕྱིར་ནམ་མཁའ་ངོ་བོ་ཉིད་མེད་པ་ཉིད་དུ་གྲུབ་པོ་ཞེས་བྱ་བར་མདོ་མཛད་པས་དགོངས་སོ། །བྱེ་བྲག་ཏུ་སྨྲ་བ་དག་གིས་སྨྲས་པ། ནམ་མཁའ་ནི་དངོས་པོ་ཡིན་ཏེ་
ཡུལ་དེ་ལ་འདུན་པའི་འདོད་ཆགས་སྤང་བའི་ཕྱིར་དཔེར་ན་གཟུགས་བཞིན་ནོ་ཡང་ན་སྙོམས་པར་འཇུག་པའི་དམིགས་པ་ཡིན་པའི་ཕྱིར་དཔེར་ན་རྣམ་པར་ཤེས་པ་ལ་སོགས་པ་བཞིན་ནོ། །ཡང་ན་འདུས་མ་བྱས་ཡིན་པའི་ཕྱིར་དཔེར་ན་མྱ་ངན་ལས་འདས་པ་བཞིན་ནོ་ཞེས་བྱ་བ་ནི་

འདིར་བྱེ་བྲག་ཏུ་སྨྲ་བ་དག་བདག་ཉིད་ཆོས་མངོན་པའི་ལོ་རྒྱུས་ལ་མི་མཁས་བཞིན་དུ། སློབ་དཔོན་གྱི་ཞལ་སྔ་ནས་ཆོས་མངོན་པའི་ལོ་རྒྱུས་མི་མཁྱེན་པ་སྐད་དུ་ཟུར་སྙོགས་བྱེད་ཅིང་དོན་དམ་པར་ནམ་མཁའ་དངོས་པོ་ཡིན་པར་སྒྲུབ་པར་བྱེད་པ་ཡིན་ཏེ་དེ་དག་གི་སྒྲུབ་པའི་ཚིག་དེ་དག་ཀྱང་ཆོས་ཅན་
དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ་དཔེར་ན་གཟུགས་ནི་རྣལ་འབྱོར་པ་དག་གཟུགས་ཀྱི་ཡུལ་དེ་ལ་དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་
ཅིང་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བའི་ཚུལ་གྱིས