Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 100
Văn bản gốc(Tây Tạng)
Trang 8 / 23 (50.000 ký tự/trang)
་ཐ་དད་པ་ཉིད་ལ་ ལྷན་ཅིག་ཉིད་ཡོད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་ཐ་དད་པ་ཉིད་ཡིན་ན་ཡང་ལྷན་ཅིག་ཉིད་མི་འཐད་དོ་ཞེས་བྱ་བར་མདོ་མཛད་པས་དགོངས་སོ། །འདི་ཡང་དམ་བཅའ་བ་ཉེ་བར་གཞག་པའོ་ཞེས་བྱ་བ་ནི། ཅི་སྟེ་ཐ་དད་ཉིད་ཡིན་ན། །ལྷན་ཅིག་ཉིད་དུ་ཇི་ལྟར་འགྱུར། ། ཞེས་བྱ་བ་འདི་ཡང་གལ་ཏེ་ཐ་དད་པ་ཉིད་ཡིན་ན་ལྷན་ཅིག་ཉིད་མི་འཐད་པར་དམ་བཅའ་བ་ཉེ་བར་གཞག་པའི་ཚིག་ཡིན་ནོ། །ཕྱོགས་ཀྱི་ཆོས་ནི་ཐ་དད་པ་ཉིད་ལ་ལྷན་ཅིག་ཉིད་མེད་པས་ཕྱོགས་བརྟག་པ་ལས་ཐ་དད་པ་ཉིད་ཡིན་ཏེ་ཞེས་བྱ་བ་ནི་འདིར་ ཐ་དད་པ་ཉིད་ལ་ལྷན་ཅིག་ཉིད་ཡོད་པ་མ་ཡིན་པར་སྒྲུབ་པའི་ཕྱོགས་ཀྱི་ཆོས་གཏན་ཚིགས་ནི་ཐ་དད་པ་ཡིན་ཏེ། དེ་ཡང་སྔར་དམ་བཅའ་བའི་ཕྱོགས་ཉེ་བར་གཞག་པའི་སྐབས་སུ་ཐ་དད་པ་ཉིད་ལ་ལྷན་ཅིག་ཉིད་མེད་པར་བསྟན་པས་ཕྱོགས་བརྟག་པ་དེ་ལས་དེའི་གཏན་ཚིགས་ཐ་ དད་པ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། དཔེར་ན་བྱས་པ་ཉིད་ཡིན་ན་མི་རྟག་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་བུམ་པ་བྱས་པ་མི་རྟག་པར་དམ་བཅའ་བའི་ཕྱོགས་ཉེ་བར་གཞག་པ་དེ་ལས་བརྟགས་ན་དེའི་ཕྱོགས་ཀྱི་ཆོས་བྱས་པ་ཉིད་ཡིན་པར་ཤེས་ པ་དེ་བཞིན་དུ་འདིར་ཡང་ཐ་དད་པ་ཉིད་ལ་ལྷན་ཅིག་ཉིད་མེད་པར་དམ་བཅའ་བའི་ཕྱོགས་ཉེ་བར་གཞག་པ་དེ་ལས་བརྟགས་ན་དེའི་ཕྱོགས་ཀྱི་ཆོས་ཐ་དད་པ་ཉིད་ཡིན་པར་ཤེས་པར་བྱའོ། །དེའི་ཕྱིར་འདིར་སྨྲ་བར་འདོད་པའི་དོན་བསྟན་པའི་དབང་གིས་རྗེས་སུ་དཔག་པ་ནི་འདི་ལྟར་བྱ་ སྟེ་ཞེས་བྱ་བར་སྦྱར་ཏེ། ཐ་དད་པ་ཉིད་ལ་ལྷན་ཅིག་ཉིད་ཡོད་པ་མ་ཡིན་པར་སྨྲ་བར་འདོད་པའི་དོན་བསྟན་པའི་དབང་གིས་སོ། །དོན་དམ་པར་འདོད་ཆགས་དང་ཆགས་པ་དག་ལ་ལྷན་ཅིག་ཉིད་མེད་དེ་ཐ་དད་པའི་ཕྱིར་དཔེར་ན་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དག་བཞིན་ པས་རྗེས་སུ་དཔག་པའི་གནོད་པར་འགྱུར་རོ་ཞེས་བྱ་བ་དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འདོད་ཆགས་དང་འདོད་ཆགས་དང་ བྲལ་བ་དག་ནི་ཐ་དད་པའི་ཕྱིར་དེ་དག་ལ་ལྷན་ཅིག་ཉིད་མེད་པ་དེ་བཞིན་དུ། འདོད་ཆགས་དང་ཆགས་པ་དག་ཀྱང་ཐ་དད་པའི་ཕྱིར་དེ་དག་ལ་ཡང་ལྷན་ཅིག་ཉིད་མེད་པས་རྗེས་སུ་དཔག་པ་དེས་ཕ་རོལ་པོའི་སྒྲུབ་པ་ལ་གནོད་པར་འགྱུར་རོ། །ཡང་གཞན་ཡང་། གལ་ཏེ་གཅིག་ པུ་ལྷན་ཅིག་ན། །གྲོགས་མེད་པར་ཡང་དེར་འགྱུར་རོ། །ཞེས་བྱ་བ་ནི་ཡང་གལ་ཏེ་འདོད་ཆགས་དང་ཆགས་པ་དག་གཅིག་པ་ཉིད་ཀྱང་ཡིན་ལ། ལྷན་ཅིག་ཉིད་དུ་ཡང་རྟོག་ན་གྲོགས་མེད་པར་ཡང་ལྷན་ཅིག་ཉིད་ཅེས་བྱ་བ་དེར་འགྱུར་བས་མི་རུང་ངོ་། །འདོད་ཆགས་དང་ ཆགས་པ་དག་ལྷན་ཅིག་ཉིད་དུ་ཞེས་བྱ་བའི་སྐབས་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་གཅིག་པུ་ལྷན་ཅིག་ན། །གྲོགས་མེད་པར་ཡང་དེར་འགྱུར་རོ། །ཞེས་བྱ་བ་ནི་འདོད་ཆགས་དང་ཆགས་པ་དག་གལ་ཏེ་གཅིག་པ་ཉིད་ཀྱང་ཡིན་ལ་ལྷན་ཅིག་ཉིད་དུ་ཡང་འདོད་ན། དེ་དག་ གྲོགས་མེད་པར་ཡང་ལྷན་ཅིག་ཉིད་ཅེས་བྱ་བ་དེར་འགྱུར་རོ་ཞེས་བྱ་བའི་སྐབས་ཡིན་ནོ། །འདོད་ཆགས་དང་ཆགས་པ་དག་གྲོགས་མེད་པར་ལྷན་ཅིག་ཉིད་དུ་མི་འདོད་དེ་ཞེས་བྱ་བ་ནི་དམ་བཅའ་བ་ཉེ་བར་གཞག་པ་ཡིན་ནོ། །འདིས་ནི་འདོད་ཆགས་དང་ཆགས་པ་དག་གི་ལྷན་ཅིག་ ཉིད་དགག་པར་བྱ་བའི་ཆོས་ལྟོས་པ་དང་བཅས་པ་ཉིད་ཀྱང་བསྟན་ཏོ་ཞེས་བྱ་བ་ནི་དམ་བཅའ་བ་ཉེ་བར་གཞག་པའི་ཕྱོགས་དེས་ནི་སྒྲུབ་པའི་ཆོས་གཏན་ཚིགས་ལྟོས་པ་དང་བཅས་པ་ཉིད་ཀྱང་བསྟན་པ་ཡིན་ནོ། །དེའི་ཕྱིར་རྗེས་སུ་དཔག་པ་ནི་དོན་དམ་པར་འདོད་ཆགས་དང་ཆགས་ པ་དག་གཅིག་པ་ཉིད་ནི་ལྷན་ཅིག་ཉིད་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་འདོད་ཆགས་ཀྱི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ འདོད་ཆགས་ཀྱི་རང་གི་བདག་ཉིད་ནི་རང་གི་བདག་ཉིད་ལ་ལྟོས་པ་དང་བཅས་པའི་ཕྱིར་རང་གི་བདག་ཉིད་དང་ལྷན་ཅིག་ཉིད་མ་ཡིན་པ་དེ་བཞིན་དུ་འདོད་ཆགས་དང་ཆགས་པ་དག་གཅིག་པ་ཉིད་དང་ལྟོས་པ་དང་བཅས་པའི་ཕྱིར་ལྷན་ཅིག་ཉིད་མ་ཡིན་ནོ། །འདི་ལ་གཞན་དག་ནི་ གལ་ཏེ་རེ་ཞིག་འདོད་ཆགས་དང་ཆགས་པ་དག་གཅིག་པ་ཉིད་ཡིན་ཡང་ལྷན་ཅིག་ཉིད་དུ་གྱུར་ན་ནི་དེ་ལྟ་ན་གྲོགས་མེད་པར་ཡང་ལྷན་ཅིག་ཉིད་དུ་འགྱུར་རོ། །ཇི་ལྟ་ཞེ་ན། འདི་ལ་གཅིག་ནི་གཅིག་པུ་ལ་སྙེགས་ཏེ། དེ་ན་བ་ལང་གཅིག་དང་རྟ་གཅིག་ཅེས་བྱ་བའི་གཅིག་ཉིད་ནི་ བ་ལང་ལ་ཡང་སྙེགས་རྟ་ལ་ཡང་སྙེགས་པས་གང་དང་གང་ན་གཅིག་པ་ཉིད་ཡོད་པ་དེ་དང་དེ་ན་ལྷན་ཅིག་ཉིད་ཡོད་ཅིང་། བ་ལང་གཅིག་པུ་ཉིད་དང་རྟ་གཅིག་པུ་ཉིད་ལ་གྲོགས་མེད་པར་ཡང་ལྷན་ཅིག་ཉིད་ཡོད་པར་ཐལ་བར་འགྱུར་ཏེ། དེ་ལྟ་ན་ལྷན་ཅིག་ ཉིད་དུ་བརྟག་པ་དོན་མེད་པར་འགྱུར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི་གནས་བརྟན་བུདྡྷ་པཱ་ལི་ཏ་ནི། གལ་ཏེ་གཅིག་པུ་ལྷན་ཅིག་ན། །གྲོགས་མེད་པར་ཡང་དེར་འགྱུར་རོ། །ཞེས་བྱ་བ་ཚིག་ལེའུར་བྱས་པའི་ཕྱེད་གང་མ་འདི་ལ་དེ་སྐད་ཅེས་རྣམ་པར་བཤད་པ་བྱེད་དོ་ཞེས་བྱ་བར་སྦྱར་རོ། ། ཁ་ཅིག་ན་རེ་དེ་ནི་རིགས་པ་མ་ཡིན་ནོ། །གླགས་ཡོད་པ་སྒྲུབ་པ་དང་། སུན་འབྱིན་པའི་ཁོངས་སུ་མ་གཏོགས་པའི་ཕྱིར་དང་། དེ་དག་སྨྲ་བར་འདོད་པས་དེ་དག་ཉིད་བརྗོད་པར་བྱ་བ་ཡིན་ན། དེ་དག་མ་བརྗོད་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་གནས་ བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་པར་སུན་འབྱིན་པའི་ཚིག་ཡིན་ཏེ། ཅིའི་ཕྱིར་དེ་རིགས་པ་མ་ཡིན་ཞེ་ན། གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་ནི་གླགས་ཡོད་པའི་ཚིག་ཁོ་ན་ཡིན་ལ། གླགས་ཡོད་པ་ནི་རང་གི་ཕྱོགས་སྒྲུབ་པའི་ཁོངས་སུ་ ཡང་མ་གཏོགས་ལ་གཞན་གྱི་ཕྱོགས་སུན་འབྱིན་པའི་ཁོངས་སུ་ཡང་མ་གཏོགས་པའི་ཕྱིར། དེ་ལ་རང་གི་ཕྱོགས་སྒྲུབ་པ་ཡང་མེད་ལ་གཞན་གྱི་ཕྱོགས་སུན་འབྱིན་པ་ཡང་མེད་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ། །གཞན་ཡང་རང་གི་ཕྱོགས་སྒྲུབ་པ་དང་གཞན་གྱི་ཕྱོགས་ སུན་འབྱིན་པ་དེ་དག་སྨྲ་བར་འདོད་པས་ནི་དེ་དག་ཉིད་བརྗོད་པར་བྱ་བ་ཡིན་ན་གནས་བརྟན་བུདྡྷ་པཱ་ལི་ཏས་དེ་དག་མ་བརྗོད་པའི་ཕྱིར་རྗེས་སུ་དཔག་པའི་ཚད་མ་མེད་པར་རང་གི་ཕྱོགས་ཀྱང་མི་འགྲུབ་ལ་གཞན་གྱི་ཕྱོགས་ཀྱང་སུན་འབྱིན་མི་ནུས་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ། །དེ་ལྟར་རེ་ ཞིག་གཅིག་པ་ཉིད་ལ་ལྷན་ཅིག་ཉིད་མི་འཐད་དོ། །དེ་བཞིན་དུ། གལ་ཏེ་ཐ་དད་ལྷན་ཅིག་ན། །གྲོགས་མེད་པར་ཡང་དེར་འགྱུར་རོ། །ཞེས་བྱ་བ་ནི་ཡང་གལ་ཏེ་འདོད་ཆགས་ཀྱང་ཆགས་པ་དག་ཐ་དད་པ་ཉིད་ཀྱང་ཡིན་ལ་ལྷན་ཅིག་ཉིད་དུ་ཡང་རྟོག་ན། དེ་ལྟ་ན་ཡང་གྲོགས་ མེད་པར་ཡང་ལྷན་ཅིག་ཉིད་ཅེས་བྱ་བ་དེར་འགྱུར་བས་མི་རུང་ངོ་། །འདོད་ཆགས་དང་ཆགས་པ་དག་ལྷན་ཅིག་ཉིད་དོ་ཞེས་བྱ་བའི་སྐབས་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་ཐ་དད་ལྷན་ཅིག་ན། །གྲོགས་མེད་པར་ཡང་དེར་འགྱུར་རོ། །ཞེས་བྱ་བ་ནི་འདོད་ཆགས་དང་ཆགས་པ་དག་ གལ་ཏེ་ཐ་དད་པ་ཉིད་ཀྱང་ཡིན་ལ་ལྷན་ཅིག་ཉིད་དུ་ཡང་འདོད་ན་དེ་དག་གྲོགས་མེད་པར་ཡང་ལྷན་ཅིག་ཉིད་ཅེས་བྱ་བ་དེར་འགྱུར་རོ་ཞེས་བྱ་བའི་སྐབས་ཡིན་ནོ། །འདོད་ཆགས་སམ་ཆགས་པ་གྲོགས་མེད་པར་ལྷན་ཅིག་ཉིད་དུ་མི་འདོད་དེ་ཞེས་བྱ་བ་ནི་དམ་བཅའ་བ་ཉེ་བར་བཞག་པ་ཡིན་ནོ། ། འདིས་ཀྱང་འདོད་ཆགས་དང་ཆགས་པ་དག་ནི་ལྷན་ཅིག་ཉིད་དགག་པར་བྱ་བའི་ལྟོས་པ་དང་བཅས་པ་ཉིད་ཀྱང་བསྟན་ཏོ་ཞེས་བྱ་བ་ནི་དམ་བཅའ་བ་ཉེ་བར་གཞག་པའི་ཕྱོགས་དེས་ཀྱང་དེ་སྒྲུབ་པའི་ཆོས་གཏན་ཚིགས་ལྟོས་པ་དང་བཅས་པ་ཉིད་ཀྱང་བསྟན་པ་ཡིན་ནོ། །དེའི་ཕྱིར་རྗེས་སུ་དཔག་ པ་ནི་དོན་དམ་པར་འདོད་ཆགས་དང་ཆགས་པ་དག་ཐ་དད་པ་ཉིད་ལ་ལྷན་ཅིག་ཉིད་ཡོད་པར་མི་འདོད་དེ་ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་རྒྱུ་དང་འབྲས་བུ་དག་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་ སྦྱར་ཏེ། དཔེར་ན་རྒྱུ་དང་འབྲས་བུ་དག་ནི་ལྟོས་པ་དང་བཅས་པའི་ཕྱིར་དེ་དག་ལ་ལྷན་ཅིག་ཉིད་ཡོད་པར་མི་འདོད་པ་དེ་བཞིན་དུ། འདོད་ཆགས་དང་ཆགས་པ་དག་ཐ་དད་པ་ཉིད་ཀྱང་ལྟོས་པ་དང་བཅས་པའི་ཕྱིར་དེ་དག་ལ་ཡང་ལྷན་ཅིག་ཉིད་ཡོད་པར་མི་འདོད་དོ། །འདི་ལ་ཡང་གཞན་ དག་ནི་ཅི་སྟེ་ཡང་ཐ་དད་པ་ཉིད་ཡིན་ཡང་ལྷན་ཅིག་ཉིད་དུ་འགྱུར་ན་ནི་དེ་ལྟ་ན་ཡང་གྲོགས་མེད་པར་ཡང་ལྷན་ཅིག་ཉིད་དུ་འགྱུར་རོ། །ཅི་ལྟ་ཞེ་ན། འདི་ལ་བ་ལང་ལས་ཀྱང་རྟ་ཐ་དད་ལ་རྟ་ལས་ཀྱང་བ་ལང་ཐ་དད་པས་གང་དང་གང་ན་ཐ་དད་པ་ཉིད་ཡོད་པ་དེ་དང་དེ་ན་ལྷན་ཅིག་ཉིད་ཡོད་ཅིང་བ་ ལང་ཐ་དད་པ་ཉིད་དང་རྟ་ཐ་དད་པ་ཉིད་ལ་གྲོགས་མེད་པར་ཡང་ལྷན་ཅིག་ཉིད་ཡོད་པར་ཐལ་བར་འགྱུར་ཏེ། དེ་ལྟ་ན་ཡང་ལྷན་ཅིག་ཉིད་དུ་བརྟག་པ་དོན་མེད་པར་འགྱུར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི་གནས་བརྟན་བུདྡྷ་པཱ་ལི་ཏ་ནི། གལ་ཏེ་ཐ་དད་ལྷན་ཅིག་ན། །གྲོགས་མེད་པར་ཡང་དེར་ འགྱུར་རོ། །ཞེས་བྱ་བའི་ཚིག་ལེའུར་བྱས་པའི་ཕྱེད་འོག་མ་འདི་ལ་དེ་སྐད་ཅེས་རྣམ་པར་བཤད་པ་བྱེད་དོ་ཞེས་བྱ་བར་སྦྱར་རོ། །ཁ་ཅིག་ན་རེ་དེ་ཡང་རིགས་པ་མ་ཡིན་ཏེ། སྔར་ལན་བཏབ་པ་དེ་བཞིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་ གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་པར་སུན་འབྱིན་པའི་ཚིག་ཡིན་ཏེ། ཅིའི་ཕྱིར་དེ་རིགས་པ་མ་ཡིན་ཞེ་ན། གླགས་ཡོད་པ་སྒྲུབ་པ་དང་སུན་འབྱིན་པའི་ཁོངས་སུ་མ་གཏོགས་པའི་ཕྱིར་དང་དེ་དག་སྨྲ་བར་འདོད་པས་དེ་དག་ཉིད་བརྗོད་པར་བྱ་བ་ཡིན་ན་དེ་དག་མ་ བརྗོད་པའི་ཕྱིར་རོ་ཞེས་སྔར་ལན་བཏབ་པ་བཞིན་ནོ་ཞེས་ཟེར་རོ།། །།བམ་པོ་སུམ་ཅུ་བདུན་པ། ཡང་གཞན་ཡང་། གལ་ཏེ་ཐ་དད་ལྷན་ཅིག་ན། །འདོད་ཆགས་ཆགས་ལ་ཅི་ཞིག་ཡིན། །ཞེས་བྱ་བ་ནི་ཡང་གལ་ཏེ་ཐ་དད་པ་ཉིད་ནི་འདོད་ཆགས་འབའ་ཞིག་ལ་ཡོད་ པ་ཡང་མ་ཡིན་ལ་ཆགས་པ་འབའ་ཞིག་ལ་ཡོད་པ་ཡང་མ་ཡིན་གྱི། དེ་གཉི་ག་ལྷན་ཅིག་འབྱུང་བ་སྤྱིའི་འབྲས་བུ་ཡིན་པས་གཉིས་ལྷན་ཅིག་ཏུ་བྱུང་བ་ལ་ཡོད་དོ་ཞེས་ཟེར་ན། དེ་ལ་ཡང་སྐྱོན་གཞན་འདི་ལྟ་བུ་ཡོད་པས་མི་རུང་ངོ་ཞེས་སྟོན་ཏོ། །ལྷན་ཅིག་ཉིད་ཀྱིས་སོ་ཞེས་བྱ་བ་ནི་གལ་ ཏེ་དེ་ལྟར་རྟོག་ན། ལྷན་ཅིག་ཉིད་ཅེས་བྱ་བ་དེས་འདོད་ཆགས་དང་ཆགས་པ་ཐ་དད་པ་དག་ལ་ཅི་ཞིག་རབ་ཏུ་བསྒྲུབས་པ་ཡིན་ཏེ། ལྷན་ཅིག་ཉིད་དེས་འདོད་ཆགས་དང་ཆགས་པ་ཐ་དད་པ་དག་ལྷན་ཅིག་ཉིད་ཡོད་པར་མི་འགྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་ཞེ་ན་དེ་ནི་དེ་དག་ལ་ལྷན་ ཅིག་ཉིད་མེད་དེ། ཐ་དད་པའི་ཕྱིར་དཔེར་ན་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དག་བཞིན་པས་རྗེས་སུ་དཔག་པའི་གནོད་པར་འགྱུར་རོ་ཞེས་བསྟན་ཟིན་ཏོ་ཞེས་བྱ་བ་སྨྲས་ཏེ། སྔར། ཅི་སྟེ་ཐ་དད་ཉིད་ཡིན་ན། །ལྷན་ཅིག་ཉིད་དུ་ཇི་ལྟར་འགྱུར། །ཞེས་བྱ་བ་སྒྲུབ་པའི་སྐབས་སུ་ དེ་སྐད་བསྟན་ཟིན་ཏོ། །ཡང་བཤད་པ། ཐ་དད་ཉིད་དུ་གྲུབ་གྱུར་ན། །ཐ་དད་ཉིད་དུ་ཞེས་བྱ་བ་ནི་ཕན་ཚུན་མི་ལྟོས་པ་ཉིད་དུའོ། །ཉིད་དུ་ཞེས་བྱ་བ་ནི་བདག་ཉིད་ཐོབ་པར་རོ། །དེས་ན་དེ་གཉིས་ལྷན་ཅིག་འགྱུར། །ཞེས་བྱ་བ་ནི་གང་གི་ཚེ་ཕ་རོལ་པོ་དག་འདོད་པ་ལྟར་ཐ་དད་ པ་ཉིད་ཅེས་བྱ་བ་དེ་དེ་གཉིས་ལྷན་ཅིག་ཏུ་འབྱུང་བ་ཉིད་ལ་ཡོད་པར་བརྟགས་ན། དེ་གཉིས་ཐ་དད་པ་ཉིད་དུ་རབ་ཏུ་གྲུབ་པར་གྱུར་ནས་དེའི་འོག་ཏུ་ལྷན་ཅིག་ཉིད་དུ་འགྱུར་བར་རྟོག་པ་ཡིན་ནོ། །དེ་ལྟར་རྟོག་པ་དེ་མི་རིགས་པར་བསྟན་པའི་ཕྱིར་ཁྱོད་ཀྱི་བློ་གྲོས་ཀྱིས། གལ་ཏེ་འདོད་ཆགས་ ཆགས་པ་དག །ཐ་དད་ཉིད་དུ་གྲུབ་གྱུར་ན། །དེ་གཉིས་ལྷན་ཅིག་ཉིད་དུ་ནི། །ཅི་ཡི་ཕྱིར་ན་ཡོངས་སུ་རྟོག །འདོད་ཆགས་དང་ཆགས་པ་དེ་གཉིས་ཞེས་བྱ་བར་སྙེགས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་འདི་སྙམ་དུ་འདོད་ཆགས་དང་ཆགས་པ་དག་ཐ་དད་པའི་དངོས་པོར་གྲུབ་པ་ ཉིད་དུ་སེམས་ནད་དེ་གཉིས་ལ་ལྷན་ཅིག་གི་དངོས་པོ་ཐ་དད་པའི་དངོས་པོ་དང་མི་མཐུན་པ་དོན་མེད་པར་ཅིའི་ཕྱིར་ཡོངས་སུ་རྟོག་པར་བྱེད་དེ་དགོས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་ཆགས་པ་འདིའི་འདོད་ཆགས་ནི་འདོད་ཆགས་འདིས་ནི་འདི་ཆགས་པར་གྱུར་ཏོ་ཞེས་ལྟོས་པའི་ མཚན་ཉིད་ཀྱི་དགོས་པ་ཡོད་དོ་ཞེ་ན་ཞེས་བྱ་བ་ནི། ཅི་སྟེ་ཕ་རོལ་པོ་དག་ན་རེ་ཐ་དད་པ་ཉིད་ཡིན་ཡང་ལྷན་ཅིག་ཉིད་དུ་བརྟག་པ་ལ་ལྟོས་པའི་མཚན་ཉིད་ཀྱི་དགོས་པ་དེ་ལྟ་བུ་ཡོད་དོ་ཞེས་ཟེར་ནའོ། །དེའི་ལན་དུ། དེས་ནི་འདོད་ཆགས་དང་ཆགས་པ་དག་ཐ་དད་པ་ཉིད་དགག་པའི་གཏན་ ཚིགས་ལྟོས་པ་དང་བཅས་པའི་ཕྱིར་ཞེས་བསྟན་པ་དེ་ལ་ཞེ་འགྲས་པའི་བློས་ཀྱང་དོན་མ་གྲུབ་པ་ཉིད་དུ་བརྟག་པར་མི་ནུས་སོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་སྔར་ཁོ་བོས། གལ་ཏེ་འདོད་ཆགས་སྔ་རོལ་ན། །འདོད་ཆགས་མེད་པའི་ཆགས་ཡོད་ན། །ཞེས་བྱ་བ་ལ་སོགས་པ་བསྒྲུབ་པའི་སྐབས་ སུ་ཆགས་པ་ནི་འདོད་ཆགས་མེད་ན་མི་འབྱུང་བའི་ཚུལ་ཅན་ཡིན་ཏེ། །ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་འདོད་ཆགས་ཀྱི་རང་གི་བདག་ཉིད་བཞིན་ནོ་ཞེས་བསྟན་པ་དེ་ལ་ཁྱེད་ཞེ་འགྲས་པའི་བློས་ཀྱང་ཁོ་བོའི་གཏན་ཚིགས་ཀྱི་དོན་དེ་མ་གྲུབ་པ་ཉིད་དུ་བརྟག་པར་མི་ནུས་པས་ཁྱོད་ཀྱི་རྟོག་པ་དེ་མི་ རུང་ངོ་། །གཞན་ཡང་ཁོ་བོས། གལ་ཏེ་འདོད་ཆགས་སྔ་རོལ་ན། །འདོད་ཆགས་མེད་པའི་ཆགས་ཡོད་ན། །ཞེས་བྱ་བ་ལ་སོགས་པས་འདོད་ཆགས་དང་ཆགས་པ་དག་ལ་ཐ་དད་པ་ཉིད་མི་སྲིད་པར་བསྟན་པ་དང་། ཁྱོད་ཀྱིས་འདོད་ཆགས་དང་ཆགས་པ་དག་རབ་ཏུ་སྒྲུབ་པའི་ ཕྱིར་དེ་གཉིས་ལྷན་ཅིག་ཉིད་ལ་བརྟེན་ཏོ། །དེ་ལ་ཡང་ཁོ་བོས། འདོད་ཆགས་དང་ནི་ཆགས་པ་དག།།ལྷན་ཅིག་ཉིད་དུ་སྐྱེ་མི་རིགས། །ཞེས་བྱ་བ་ལ་སོགས་པས་བཀག་སྟེ། ལྷན་ཅིག་ཉིད་དེ་ཡང་ལྟོས་པ་དང་བཅས་པའི་ཕྱིར་མི་འདོད་པས། གཅིག་ཉིད་ལྷན་ཅིག་ཉིད་མེད་དེ། །དེ་ཉིད་དེ་དང་ལྷན་ཅིག་མིན། །ཞེས་བྱ་བས་གཅིག་ཉིད་ཡིན་པའི་ཕྱིར་ལྷན་ཅིག་ཉིད་བཀག་པ་དང་། ཡང་ཁྱོད་ཀྱིས་དེ་རབ་ཏུ་བསྒྲུབ་པའི་ཕྱིར། ཐ་དད་པ་ཉིད་དུ་ཁས་བླངས་པས། ཐ་དད་སྒྲུབ་པར་མ་གྱུར་པས། །དེ་ཕྱིར་ལྷན་ཅིག་འདོད་ བྱེད་དམ། །ལྷན་ཅིག་རབ་ཏུ་བསྒྲུབ་པའི་ཕྱིར། །ཐ་དད་ཉིད་དུ་ཡང་འདོད་དམ། །ཞེས་བྱ་བ་དག་གིས་ནི་འདོད་ཆགས་དང་ཆགས་པ་དག་ཐ་དད་པ་ཉིད་དུ་ནི་དགོས་པ་མེད་པའི་ཕྱིར་གྲུབ་པར་མ་གྱུར་པས་དེ་རབ་ཏུ་བསྒྲུབ་པའི་ཕྱིར་ལྷན་ཅིག་ཉིད་དུ་འདོད་པར་བྱེད་ལ། ལྷན་ཅིག་ ཉིད་དུ་ཡང་གཅིག་པ་ཉིད་ཀྱི་སྐྱོན་ཆགས་པའི་ཕྱིར་མ་གྲུབ་པས་དེ་རབ་ཏུ་བསྒྲུབ་པའི་ཕྱིར། ཐ་དད་པ་ཉིད་དུ་ཡང་འདོད་པར་བྱེད་པ་ཁྱོད་ནི་གོས་ངན་པ་ལྷགས་པ་ཆེན་པོས་ཉེན་པ་བསྐུམས་པ་ཡང་བརྣག་མི་བཟོད་པ་ཡང་རྐྱོང་བར་བྱེད་པ་དང་འདྲའོ་ཞེས་བསྟན་ཏོ། །གང་ གི་ཚེ། ཐ་དད་དངོས་པོ་མ་གྲུབ་པས། །ལྷན་ཅིག་དངོས་པོ་འགྲུབ་མི་འགྱུར། །དེའི་ཚེ་ཚེ་དང་ལྡན་པ། ཐ་དད་དངོས་པོ་གང་ཞིག་ལ། །ལྷན་ཅིག་དངོས་པོར་འདོད་པར་བྱེད། །དེ་ཇེ་སྨྲོས་ཤིག་ཅེས་བྱ་བ་ནི། འདི་ལྟར་ཁྱོད་ནི་ཐ་དད་པའི་དངོས་པོ་ཡོད་ན་དེ་གཉིས་ཀྱི་ལྷན་ ཅིག་གི་དངོས་པོ་ཡོད་པར་འདོད་ན་ཐ་དད་པའི་དངོས་པོ་དེ་ཡང་རྣམ་པ་ཐམས་ཅད་དུ་མི་འགྲུབ་པོ། །ཐ་དད་པའི་དངོས་པོ་མེད་ན་ཁྱོད་ཀྱི་ལྷན་ཅིག་གི་དངོས་པོ་ཡོད་པར་ག་ལ་འགྱུར། འོ་ན་ཐ་དད་པའི་དངོས་པོ་གང་ཞིག་ཡོད་ན་འདོད་ཆགས་དང་ཆགས་པ་དག་ལྷན་ཅིག་གི་དངོས་ པོར་འདོད་པ་དེ་ཇེ་སྨྲོས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་བསྟན་པའི་ཕྱིར་ཅི་རིམ་གྱིས་སྐྱེ་བའི་ཐ་དད་པ་ཉིད་གང་ཡིན་པ་ལའམ་འོན་ཏེ་ལྷན་ཅིག་སྐྱེ་བའི་ཐ་དད་པ་ཉིད་གང་ཡིན་པ་ལ་ལྷན་ཅིག་གི་དངོས་པོར་འདོད་པར་བྱེད་དེ། དེ་ལ་གལ་ཏེ་རིམ་གྱིས་སྐྱེ་བའི་ཐ་དད་པ་ཉིད་ལ་ཞེས་བྱར་ནི་ མི་འཐད་དེ། །དེ་ནི་ཐ་དད་པའི་ཕྱིར་དཔེར་ན་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དག་བཞིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །འོན་ཏེ་ལྷན་ཅིག་སྟེ་སྐྱེ་བའི་ཐ་དད་པ་ཉིད་ལའོ་ཞེ་ན། དེ་ཡང་ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་རྒྱུ་དང་འབྲས་བུ་དག་བཞིན་ནོ་ཞེས་སྔར་བསྟན་ཟིན་ཏོ་ཞེས་བྱ་ བ་སྨྲས་སོ། །གང་གི་ཕྱིར་དེ་ལྟར་འདོད་ཆགས་དང་ཆགས་པ་དག་ལྷན་ཅིག་ཉིད་དང་ལྷན་ཅིག་ཉིད་མ་ཡིན་པར་གྲུབ་པ་མེད་པ་དེའི་ཕྱིར་མཇུག་བསྡུ་བར་བྱ་སྟེ། དེ་ལྟར་འདོད་ཆགས་ཆགས་པ་དང་། །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །དཔྱད་པ་སྔར་བསྟན་པ་བཞིན་དུ་སྦྱར་ ཏེ་མཇུག་བསྡུའོ་ཞེས་བྱ་བ་ནི། གལ་ཏེ་འདོད་ཆགས་སྔ་རོལ་ན། །འདོད་ཆགས་མེད་པའི་ཆགས་ཡོད་ན། །དེ་ལ་བརྟེན་ནས་འདོད་ཆགས་ཡོད། །ཆགས་ཡོད་འདོད་ཆགས་ཡོད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་དཔྱད་པ་གང་དག་སྔར་བསྟན་པ་དེ་དག་གིས་དེ་ལྟར་ འདོད་ཆགས་ནི་ཆགས་པ་དང་ལྷན་ཅིག་གམ་ཆགས་པ་མེད་པར་ཡང་འགྲུབ་པ་མེད་དོ་ཞེས་བྱ་བར་སྦྱར་ཏེ། འདོད་ཆགས་དང་ཆགས་པ་བརྟག་པའི་སྐབས་ཀྱི་མཇུག་བསྡུ་བར་བྱའོ། །ཇི་ལྟར་བསྟན་པའི་ཚུལ་བཞིན་དུ་ཆོས་ཐམས་ཅད་ཀྱང་ལྷན་ཅིག་ཉིད་དང་ལྷན་ཅིག་ཉིད་མ་ཡིན་པར་ འགྲུབ་པ་མེད་པ་ངེས་པར་བཟུང་སྟེ་འདྲ་བར་བསྟན་པའི་ཕྱིར། འདོད་ཆགས་བཞིན་དུ་ཆོས་རྣམས་ཀུན། ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །འདོད་ཆགས་བཞིན་དུ་ཞེ་སྡང་དང་། །གཏི་མུག་ལ་སོགས་པ་ཕྱི་དང་ནང་གི་ཆོས་ཐམས་ཅད་ཀྱང་ལྷན་ཅིག་ཉིད་དང་ལྷན་ཅིག་ཉིད་མ་ཡིན་ པར་ཡང་འགྲུབ་པ་མེད་དོ་ཞེས་བྱ་བ་ནི། ཅི་ལྟར་འདོད་ཆགས་ཆགས་པ་དང་ལྷན་ཅིག་གམ་ཆགས་པ་མེད་པར་ཡང་འགྲུབ་པ་མེད་པ་དེ་བཞིན་དུ་ཞེ་སྡང་དང་གཏི་མུག་ལ་སོགས་པ་ཕྱི་དང་ནང་གི་ཆོས་ཐམས་ཅད་ཀྱང་ཆོས་འགའ་ཞིག་དང་ལྷན་ཅིག་གམ་ལྷན་ཅིག་མ་ཡིན་པར་ཡང་འགྲུབ་པ་མེད་དོ། དེའི་ཕྱིར་དེ་ལྟར་དོན་དམ་པར་འདོད་ཆགས་ལ་སོགས་པ་མ་གྲུབ་པས་ཕ་རོལ་པོ་དག་གི་རབ་ཏུ་བྱེད་པའི་དང་པོར་དེ་དག་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་དང་ཉེས་དམིགས་བསྟན་པའི་ཕྱིར་ཞེས་གང་སྨྲས་པའི་གཏན་ཚིགས་དེའི་དོན་མ་གྲུབ་པ་ཉིད་དོ། །ཀུན་རྫོབ་ཏུ་གཏན་ཚིགས་ཉིད་བརྗོད་ ན་ནི་དོན་འགལ་བ་ཉིད་དོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་དོན་དམ་པར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཡོད་པར་སྒྲུབ་པའི་གཏན་ཚིགས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་དང་ཉེས་དམིགས་བསྟན་པའི་ཕྱིར་རོ་ཞེས་ བྱ་བ་དེ་དེ་ལྟར་དོན་དམ་པར་འདོད་ཆགས་ལ་སོགས་པ་མ་གྲུབ་པས་གལ་ཏེ་དོན་དམ་པར་སྒྲུབ་ན་ནི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་སྒྲུབ་ན་ནི་དོན་འགལ་བ་ཉིད་ཡིན་ནོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་སྨྲས་པའི་གཏན་ཚིགས་ཀྱི་སྐྱོན་ བརྗོད་པས་འདོད་ཆགས་དང་ཆགས་པ་ལ་སོགས་པ་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི། མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། འདོད་ཆགས་དང་ཆགས་པ་བརྟག་པའི་རབ་ཏུ་བྱེད་པ་དྲུག་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་ མའི་འབྲས་བུར་ལྟ་བ་ནི་ཕ་རོལ་པོ་དག་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་དོན་དམ་པར་ཡོད་པར་སྒྲུབ་པའི་གཏན་ཚིགས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་དང་ཉེས་དམིགས་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་དག་གི་སྒྲུབ་པའི་སྐྱོན་བརྗོད་ པས་འདོད་ཆགས་དང་ཆགས་པ་ལ་སོགས་པ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །འདོད་ཆགས་དང་ཆགས་པ་ལ་སོགས་པ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ལ་ཡོན་ཏན་ཅི་ཡོད་པ་བསྟན་པའི་ཕྱིར་དང་། འདོད་ཆགས་དང་ཆགས་པ་ལ་ སོགས་པ་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་འདི་ལ་གཞན་དག་ན་རེ། རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱིས་ཀྱང་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་ དག་ལས། འཇམ་དཔལ་འདོད་ཆགས་མེད་དོ། །འདོད་ཆགས་སུ་གདགས་པ་མེད་དོ། །ཞེ་སྡང་མེད་དོ། །ཞེ་སྡང་དུ་གདགས་པ་མེད་དོ། །གཏི་མུག་མེད་དོ། །གཏི་མུག་ཏུ་གདགས་པ་མེད་དོ། །འདོད་ཆགས་ནི་བྱང་ཆུབ་པོ། །ཞེ་སྡང་ནི་བྱང་ཆུབ་པོ། གཏི་མུག་ནི་བྱང་ ཆུབ་པོ། །ཅི་ལྟར་ཡང་དག་པར་ཞུགས་པ་ཡིན་ཞེ་ན། གང་གི་ཚེ་འདོད་ཆགས་ཟད་པར་བྱ་བའི་ཕྱིར་མ་ཞུགས། ཞེ་སྡང་ཟད་པར་བྱ་བའི་ཕྱིར་མ་ཞུགས། གཏི་མུག་ཟད་པར་བྱ་བའི་ཕྱིར་མ་ཞུགས་པ་དེའི་ཚེ་ན་ཡང་དག་པར་ཞུགས་པ་ཡིན་ནོ། །འདས་པའི་སེམས་ ནི་ཆགས་པར་མི་བྱེད་མ་འོངས་པའི་སེམས་ཀྱང་ཆགས་པར་མི་བྱེད་དེ། འདས་ཟིན་པའི་ཕྱིར་དང་མ་འོངས་པའི་ཕྱིར་རོ། །ད་ལྟར་གྱི་སེམས་ཀྱང་ཆགས་པར་མི་བྱེད་དེ་ད་ལྟར་ནི་གནས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ལུང་གི་དོན་དེ་གྲུབ་ཅིང་ཡིད་ ཆེས་པའི་ལུང་གི་དོན་ཁུངས་དེས་འདོད་ཆགས་དང་ཆགས་པ་ལ་སོགས་པ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་བསྒྲུབས་པ་ཡིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་མ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པའི་མདོ་ལས། རབ་ཀྱི་རྩལ་ གྱིས་རྣམ་པར་གནོན་པ་གཟུགས་ནི་འདོད་ཆགས་ཀྱི་ཆོས་ཅན་ནམ། འདོད་ཆགས་དང་བྲལ་བའི་ཆོས་ཅན་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་འདོད་ཆགས་ཀྱི་ཆོས་ཅན་ནམ། འདོད་ཆགས་དང་བྲལ་བའི་ ཆོས་ཅན་མ་ཡིན་ནོ། །གཟུགས་འདོད་ཆགས་ཀྱི་ཆོས་ཉིད་མ་ཡིན་པ་དང་། འདོད་ཆགས་དང་བྲལ་བའི་ཆོས་ཉིད་མ་ཡིན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་རྣམ་པར་ཤེས་པ། འདོད་ ཆགས་ཀྱི་ཆོས་ཉིད་མ་ཡིན་པ་དང་། འདོད་ཆགས་དང་བྲལ་བའི་ཆོས་ཉིད་མ་ཡིན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཟུགས་ནི་ཞེ་སྡང་གི་ཆོས་ཅན་ནམ། ཞེ་སྡང་དང་བྲལ་བའི་ཆོས་ཅན་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ རྣམས་དང་། རྣམ་པར་ཤེས་པ་ཡང་ཞེ་སྡང་གི་ཆོས་ཅན་ནམ། ཞེ་སྡང་དང་བྲལ་བའི་ཆོས་ཅན་མ་ཡིན་ནོ། །གཟུགས་ཞེ་སྡང་གི་ཆོས་ཉིད་མ་ཡིན་པ་དང་། ཞེ་སྡང་དང་བྲལ་བའི་ཆོས་ཉིད་མ་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེ་སྡང་གི་ཆོས་ཉིད་མ་ཡིན་པ་དང་། ཞེ་སྡང་དང་བྲལ་བའི་ཆོས་ཉིད་མ་ཡིན་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཟུགས་ནི་གཏི་མུག་གི་ཆོས་ཅན་ནམ། གཏི་ མུག་དང་བྲལ་བའི་ཆོས་ཅན་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་གཏི་མུག་གི་ཆོས་ཅན་ནམ། གཏི་མུག་དང་བྲལ་བའི་ཆོས་ཅན་མ་ཡིན་ནོ། །གཟུགས་གཏི་མུག་གི་ཆོས་ཉིད་མ་ཡིན་པ་དང་། གཏི་མུག་དང་ བྲལ་བའི་ཆོས་ཉིད་མ་ཡིན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གཏི་མུག་གི་ཆོས་ཉིད་མ་ཡིན་པ་དང་། གཏི་མུག་དང་བྲལ་བའི་ཆོས་ཉིད་མ་ཡིན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་ཀུན་ནས་ཉོན་མོངས་པར་འགྱུར་བ་འམ་རྣམ་པར་བྱང་བར་འགྱུར་བ་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ཀུན་ནས་ཉོན་མོངས་པར་འགྱུར་བ་འམ་རྣམ་པར་བྱང་བར་འགྱུར་ བ་མ་ཡིན་ནོ། །གཟུགས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་མི་འགྱུར་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་མི་འགྱུར་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་ལུང་གི་དོན་དེ་དག་ལ་སོགས་པ་ཡང་གྲུབ་ཅིང་ཡིད་ཆེས་པའི་ལུང་གི་ཁུངས་དེ་དག་ལ་སོགས་པས་ཀྱང་འདོད་ཆགས་དང་ཆགས་པ་ལ་སོགས་པ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་བསྒྲུབས་པ་ཡིན་ཏེ། དེ་ལྟར་ཡིད་ཆེས་པའི་ལུང་དེ་དག་གྲུབ་པ་ནི་འདོད་ཆགས་དང་ཆགས་པ་ལ་སོགས་པ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཡོན་ཏན་ཡིན་ཏེ། དེ་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་ཡས་པ་དག་ལས་འདོད་ཆགས་དང་ཆགས་པ་ལ་སོགས་པ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་དེ་ དག་བསྟན་བཅོས་འདིས་སྒྲུབ་པའི་ཡུལ་ཉིད་དུ་བསྟན་པ་ནི་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་མཁྱེན་རླབས་ཡིན་ནོ། །དེའི་ཕྱིར་ཁོ་བོས་རང་གི་བསམ་པས་རྟོག་གེ་སྐམ་པོ་ཙམ་གྱི་འདོད་ཆགས་དང་ཆགས་པ་ལ་སོགས་པ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་མ་ཡིན་ཏེ། འདི་ལྟར་ལུང་དེ་ དག་ཀྱང་ཡོད་དོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མའི་རྩ་བའི་འགྲེལ་པ། ཤེས་རབ་སྒྲོན་མ་ལས་འདོད་ཆགས་དང་ཆགས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དྲུག་པ་རྒྱ་ཆེར་འགྲེལ་པ་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ།། །། ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཕུང་པོ་ལ་སོགས་པ་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བདུན་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་དང་གཞུང་འོག་ནས་འབྱུང་བ་ དང་སྦྱར་བའི་དོན་དུ་བལྟ་སྟེ། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམ་པའི་སྐབས་སུ་དངོས་པོ་ཐམས་ ཅད་སྐྱེ་བ་མེད་པར་དམ་བཅའ་བ་མཛད་པས། འདིར་ཡང་སྔར་བསྟན་བཅོས་མཛད་པས་ཇི་ལྟར་དམ་བཅས་པ་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་དེ་སྐད་སྨྲས་ཏེ་སྟོང་པ་ཉིད་ནི་རང་གི་ཕྱོགས་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་ནི་ཕྱིར་རྒོལ་བར་བྱེད་པའི་ཕྱོགས་ཡིན་ཏེ། འདི་ལྟ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་ མཆེད་དག་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་ཡིན་ནོ། །དེའི་ཁྱད་པར་ཞེས་བྱ་བ་ནི་ཕ་རོལ་པོས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཡོད་པ་ཉིད་དུ་སྟོན་པའི་ཕྱོགས་སྔ་མ་ཉེ་བར་གཞག་པ། འོག་ནས་དོན་དམ་པར་འདུས་བྱས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་འདུ་བྱས་ཀྱི་ངོ་བོ་ཉིད་དག་ཡོད་པ་ཁོ་ནར་གཟུང་བར་བྱ་སྟེ། སྐྱེ་བ་ ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་དག་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་དག་ཡིན་ནོ། །དེ་དགག་པས་ཞེས་བྱ་བ་ནི་དེ་དགག་པའི་དབང་དུ་བྱས་ནས་རབ་ཏུ་བྱེད་པ་བདུན་པ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས། ཕུང་པོ་ལ་སོགས་ པ་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བདུན་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ། སྐྱེ་བ་དང་གནས་པ་དང་འཇིག་པ་བརྟག་པའི་རབ་ཏུ་བྱེད་པ་བདུན་པའི་གཞུང་འོག་ནས་འབྱུང་བ་འདིའི་དོན་ནི་ཕུང་པོ་ལ་སོགས་པ་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་པས་དེའི་ དབང་དུ་བྱས་ནས་དེ་སྐད་སྨྲས་སོ། །རབ་ཏུ་བྱེད་པ་འདིའི་འབྲས་བུ་ནི་གང་ཡིན་རྣམ་པ་གང་གིས་ནི་འབྲས་བུ་དེ་ཐོབ་ཅེ་ན། ཕུང་པོ་ལ་སོགས་པ་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ནི་འདིའི་འབྲས་བུ་ཡིན་ལ། སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པའི་རྣམ་པས་ནི་འབྲས་བུ་དེ་འཐོབ་པས་ དེའི་ཕྱིར་འགྲེལ་པ་བྱེད་པས་རབ་ཏུ་བྱེད་པའི་མཚམས་སྦྱར་བའི་སྐབས་འདིར་ཐབས་དང་ཐབས་ལས་བྱུང་བའི་འབྲས་བུ་དང་པོ་ཁོ་ནར་བསྟན་ཏོ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཞེས་སྨོས་པ་དེ་ཉིད་བསྟན་པའི་ཕྱིར་འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་ མཆེད་དག་དེ་ལྟར་བཀག་ཏུ་ཟིན་ཀྱང་དེ་དག་ལ་མངོན་པར་ཞེན་པ་རང་གི་སྡེ་པ་དག་གིས་དེ་མི་བཟོད་པས་ཡང་དེ་དག་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་དོན་དམ་པར་འདུས་བྱས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་འདུས་བྱས་ཀྱི་ངོ་བོ་ཉིད་དག་ཡོད་པ་ཁོ་ནར་གཟུང་བར་བྱ་སྟེ། སྐྱེ་བ་ལ་སོགས་པ་ འདུས་བྱས་ཀྱི་མཚན་ཉིད་དག་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །འདི་ན་གང་མེད་པ་དེ་ལ་ནི་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པར་མ་བཟུང་སྟེ། དཔེར་ན་རི་བོང་གི་རྭ་བཞིན་ནོ་ ཞེས་བྱ་བ་ནི་ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་ཡིན་ནོ། །ཕུང་པོ་ལ་སོགས་པ་དག་ནི་སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་དག་དང་ལྡན་པ་ཡོད་པས་ཞེས་བྱ་བ་ནི་ཉེ་བར་སྦྱར་བའི་སྦྱར་བ་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་ཀྱི་མཐུ་ཇི་སྐད་སྨོས་པས་བློ་གྲོས་ཀྱི་འདུ་བྱེད་བསྐྱེད་པ་དག་ནི་འདུས་བྱས་ཕུང་པོ་ལ་སོགས་པ་དག་ལ་ འདུས་བྱས་ཀྱི་ངོ་བོ་ཉིད་དག་ཡོད་པ་ཁོ་ནར་སྨྲའོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། འདི་ན་རི་བོང་གི་རྭ་ལ་སོགས་པ་མེད་པ་གང་དག་ལ་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པར་མ་བཟུང་བ་དེ་དག་ནི་དོན་དམ་པར་ངོ་བོ་ཉིད་ཡོད་པ་མ་ཡིན་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་གང་ དག་ལ་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པར་བསྟན་པ་དེ་དག་ལ་ནི་དོན་དམ་པར་འདུས་བྱས་ཀྱི་ངོ་བོ་ཉིད་དག་ཡོད་པ་ཁོ་ན་ཡིན་པས་དེའི་ཕྱིར་གཏན་ཚིགས་ཀྱི་མཐུ་ཇི་སྐད་སྨོས་པས་བློ་གྲོས་ཀྱི་འདུ་བྱེད་བསྐྱེད་པ་ཁོ་བོ་ཅག་བྱེ་བྲག་ཏུ་སྨྲ་བ་དག་མདོ་སྡེ་པ་དག་ནི་འདུས་བྱས་ཕུང་པོ་ལ་སོགས་པ་དག་ལ་འདུས་བྱས་ ཀྱི་ངོ་བོ་ཉིད་དག་ཡོད་པ་ཁོ་ནར་སྨྲའོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། འདི་ལ་ཁྱེད་སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་དུ་འདོད་པ་དེ་དག་ཉིད་ཅི་འདུས་བྱས་དག་ཡིན་ནམ་འོན་ཏེ་འདུས་མ་བྱས་དག་ཡིན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཆོས་མངོན་པའི་ སྡེ་སྣོད་གསུམ་པོ་འདི་ལ་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་ཁྱེད་སྐྱེ་བ་དང་གནས་པ་དང་འཇིག་པ་ཞེས་བྱ་བ་གང་དག་འདུས་བྱས་ཀྱི་མཚན་ཉིད་དུ་འདོད་པ་དེ་དག་ཉིད་འདུས་བྱས་ཀྱི་ངོ་བོ་ཉིད་ཡིན་ལ་འདུས་བྱས་གཞན་གྱི་མཚན་ཉིད་དུ་འགྱུར་བར་འདོད་དམ་འོན་ཏེ་དེ་དག་ཉིད་འདུས་མ་བྱས་ཀྱི་ངོ་བོ་ཉིད་ཡིན་ལ། འདུས་བྱས་གཞན་ གྱི་མཚན་ཉིད་དུ་འགྱུར་བར་འདོད་ཅེས་བརྟག་པ་ཡིན་ནོ། །གལ་ཏེ་དེ་དག་འདུས་བྱས་དག་ཡིན་ནོ་ཞེ་ན། དེ་ལ་རེ་ཞིག་སྐྱེ་བའི་དབང་དུ་བྱས་ཏེ་བཤད་པ་ཞེས་བྱ་བ་ནི་གལ་ཏེ་སྐྱེ་བ་ལ་སོགས་པ་དག་འདུས་བྱས་ཀྱི་མཚན་ཉིད་དེ་དག་འདུས་བྱས་དག་ཡིན་ནོ་ཞེ་ན། དེ་ལ་སྐྱེ་བ་དང་གནས་པ་དང་འཇིག་པ་གསུམ་ལས་རེ་ ཞིག་སྐྱེ་བ་འདུས་བྱས་ཡིན་ན། དེ་འདུས་བྱས་ཀྱི་མཚན་ཉིད་དུ་མི་རུང་བས་མཚན་ཉིད་མེད་པའི་ཕྱིར་ཕ་རོལ་པོའི་གཏན་ཚིགས་སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་དག་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་དོན་མ་གྲུབ་པས། དོན་དམ་པར་འདུས་བྱས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་འདུས་བྱས་ཀྱི་ངོ་བོ་ ཉིད་ཡོད་པ་མ་ཡིན་པར་བསྟན་པའི་དབང་དུ་བྱས་ཏེ། ཚིག་ལེའུར་བྱས་པའི་ཕྱེད་འོག་མ་ཤོས་འདི་བཤད་དོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་སྐྱེ་བ་འདུས་བྱས་ན། །དེ་ལ་མཚན་ཉིད་གསུམ་ལྡན་འགྱུར། །མཚན་ཉིད་གསུམ་དང་ལྡན་པར་འགྱུར་བ་ནི་མཚན་ཉིད་གསུམ་པོ་དག་ཚོགས་པར་འགྱུར་བ་སྟེ། ཆང་བ་གསུམ་ དང་ལྡན་པ་བཞིན་ནོ་ཞེས་བྱ་བ་ནི་གལ་ཏེ་སྐྱེ་བ་འདུས་བྱས་ཀྱི་མཚན་ཉིད་དུ་བསྟན་པ་དེ་ཉིད་འདུས་བྱས་ཡིན་པར་གྱུར་ན་དེ་ལ་ཡང་མཚན་ཉིད་གསུམ་དང་ལྡན་པར་འགྱུར་ཏེ་ཞེས་བྱ་བའི་སྒྲ་ནི་མཚན་ཉིད་གསུམ་པོ་དག་ཚོགས་པར་འགྱུར་བ་སྟེ་དཔེར་ན་རྩྭ་ཆང་བ་གསུམ་དང་ལྡན་པའི་ཆོམས་ལ་ཆང་བ་གསུམ་ཚོགས་པ་ ཞེས་བྱ་བ་བཞིན་ནོ། །དེའི་ཕྱིར། དེའི་ཚད་མ་བསྟན་པའི་ཕྱིར་རོ་དོན་དམ་པར་སྐྱེ་བ་ལ་སོགས་པ་འདུས་བྱས་ཉིད་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་མི་འདོད་དེ། འདུས་བྱས་ཡིན་པའི་ཕྱིར་དཔེར་ན་མཚན་ཉིད་ཀྱི་གཞི་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མཚན་ཉིད་ཀྱི་གཞི་ནི་འདུས་བྱས་ཡིན་པའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་མི་འདོད་པ་དེ་བཞིན་དུ་སྐྱེ་བ་ལ་སོགས་པ་དག་ཀྱང་གལ་ཏེ་འདུས་བྱས་ཡིན་ན་འདུས་བྱས་ཡིན་པའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་མི་འདོད་ དོ། གལ་ཏེ་མཚན་ཉིད་ཀྱི་གཞི་ཡང་མཚན་ཉིད་ཀྱི་གཞི་གཞན་མཚོན་པར་བྱེད་པའི་མཚན་ཉིད་ཡིན་པའི་ཕྱིར་མ་ངེས་པ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་དཔེ་མཚན་ཉིད་ཀྱི་གཞི་བཞིན་ནོ་ཞེས་བྱ་བ་དེ་མ་ངེས་པ་ཉིད་ཡིན་ནོ་ཞེས་སྐྱོན་འདོགས་པ་ཡིན་ཏེ། དེ་དག་ན་རེ་དཔེར་ན་སྐྱེས་བུ་ཆེན་པོའི་མཚན་འཁོར་ ལོ་རྩིབས་སྟོང་དང་ལྡན་པ་དེ་ནི་མཚན་ཉིད་ཀྱི་གཞི་ཡང་ཡིན་ལ། མཚན་ཉིད་ཀྱི་གཞི་གཞན་མཚོན་པར་བྱེད་པའི་མཚན་ཉིད་ཀྱང་ཡིན་ཏེ། འདི་ལྟར་འཁོར་ལོ་དེ་རྩིབས་སྟོང་དང་ལྟེ་བ་དང་མུ་ཁྱུད་ལ་སོགས་པ་འཁོར་ལོའི་མཚན་ཉིད་གཞན་དག་གི་མཚན་ཉིད་ཀྱི་གཞི་ཡང་ཡིན་ལ། དེ་སྐྱེས་བུ་ཆེན་པོ་ཞེས་བྱ་བ་ མཚན་ཉིད་ཀྱི་གཞི་གཞན་མཚོན་པར་བྱེད་པའི་མཚན་ཉིད་ཀྱང་ཡིན་པས་དེས་ན་རེ་ཞིག་འདུས་བྱས་མཚན་ཉིད་ཀྱི་གཞི་ཡིན་པའི་ཕྱིར། འདུས་བྱས་ཀྱི་མཚན་ཉིད་ཀྱི་གཞི་བཞིན་དུ་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་མི་འགྱུར་རམ། འོན་ཏེ་འདུས་བྱས་མཚན་ཉིད་ཀྱི་གཞི་ཡིན་པའི་ཕྱིར་འཁོར་ལོ་སྐྱེས་བུ་ཆེན་པོ་ཞེས་བྱ་ བ་མཚན་ཉིད་ཀྱི་གཞི་གཞན་གྱི་མཚན་ཉིད་ཡིན་པ་བཞིན་དུ་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་འགྱུར་བ་མ་ངེས་པ་ཉིད་ཡིན་པས་མཚན་ཉིད་ཀྱི་གཞི་དཔེར་མི་རུང་ངོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། མཚན་ཉིད་ཀྱི་གཞི་ནི་མཚན་ཉིད་ཀྱི་གཞི་གཞན་ལ་འདུས་བྱས་ཉིད་ དུ་མཚོན་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདིར་སྨྲ་བར་འདོད་པ་འདུས་བྱས་ཀྱི་མཚན་ཉིད་ཀྱི་གཞི་མཚན་ཉིད་ཀྱི་གཞི་གཞན་ལ་འདུས་བྱས་ཉིད་དུ་མཚོན་པར་བྱེད་པ་ཉིད་མ་ཡིན་པའི་མི་མཐུན་པའི་ཕྱོགས་འཁོར་ལོ་རྩིབས་སྟོང་ དང་ལྡན་པ་ཞེས་བྱ་བ་མཚན་ཉིད་ཀྱི་གཞིས་སྐྱེས་བུ་ཆེན་པོ་ཞེས་བྱ་བ་མཚན་ཉིད་ཀྱི་གཞི་གཞན་ལ་འདུས་བྱས་ཉིད་དུ་མཚོན་པར་བྱེད་པ་ཉིད་ཡིན་པ་ཞིག་ཡོད་ན་ནི་དེས་ན་མ་ངེས་པ་ཉིད་དུ་ཡང་འགྱུར་བ་ཞིག་ན་མི་མཐུན་པའི་ཕྱོགས་དེ་མེད་པས་མ་ངེས་པ་ཉིད་མ་ཡིན་ཏེ། འདི་ལྟར་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ ཞེས་བྱ་བ་མཚན་ཉིད་ཀྱི་གཞི་དེ་ནི་སྐྱེས་བུ་ཆེན་པོ་ཞེས་བྱ་བ་མཚན་ཉིད་ཀྱི་གཞི་གཞན་ལ་སྐྱེས་བུ་ཆེན་པོ་ཞེས་བྱ་བའི་དོན་གཞན་ཉིད་དུ་མཚོན་པར་བྱེད་པ་ཉིད་ཡིན་གྱི། སྨྲ་བར་འདོད་པའི་འདུས་བྱས་ཉིད་དུ་མཚོན་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་དེས་ན་འདུས་བྱས་ཀྱང་མཚན་ ཉིད་ཀྱི་གཞི་ཡིན་པའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་ཀྱི་གཞི་གཞན་ལ་འདུས་བྱས་ཉིད་དུ་མཚོན་པར་བྱེད་པ་ཉིད་མ་ཡིན་ལ། འཁོར་ལོ་ཡང་མཚན་ཉིད་ཀྱི་གཞི་ཡིན་པའི་ཕྱིར་སྐྱེས་བུ་ཆེན་པོ་ཞེས་བྱ་བ་མཚན་ཉིད་ཀྱི་གཞི་གཞན་ལ་འདུས་བྱས་ཉིད་དུ་མཚོན་པར་བྱེད་པ་ཉིད་མ་ཡིན་པར་འདྲ་བས་མ་ངེས་པ་ཉིད་མ་ ཡིན་ནོ། །གལ་ཏེ་སྐྱེ་བ་ལ་སོགས་པ་དག་འདུས་བྱས་ཉིད་ཡིན་དུ་ཟིན་ན་ཡང་སྐྱེད་པར་བྱེད་པ་དང་གནས་པར་བྱེད་པ་དང་འཇིག་པར་བྱེད་པའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་ཉིད་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་འདི་སྙམ་དུ་སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་གསུམ་པོ་དེ་དག་འདུས་ བྱས་ཉིད་ཡིན་དུ་ཟིན་ན་ཡང་གཞན་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་སྐྱེ་བ་ཞེས་བྱ་ཞིང་། གནས་པར་བྱེད་པ་ཡིན་པའི་ཕྱིར་གནས་པ་ཞེས་བྱ་ལ། འཇིག་པར་བྱེད་པ་ཡིན་པའི་ཕྱིར་འཇིག་པ་ཞེས་བྱ་སྟེ། དེ་ལྟ་ན་ཡང་དེ་དག་འདུས་བྱས་ཀྱི་མཚན་ཉིད་ཉིད་ཡིན་ནོ་སྙམ་དུ་སེམས་ཤིང་དེ་སྐད་ཅེས་ཟེར་བ་ཡིན་ནོ། །དེ་སྐད་ ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་དམ་བཅས་པ་ཙམ་དུ་ཟད་དེ་ཞེས་བྱ་བ་སྨྲས་ཏེ། ཁྱོད་ཀྱིས་སྨྲས་པའི་དོན་དེ་ལ་ནི་འདི་ལྟར་སྐྱེ་བ་ལ་སོགས་པ་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་ཏེ། སྐྱེད་པར་བྱེད་པ་ལ་སོགས་པ་ཡིན་པའི་ཕྱིར་དཔེར་ན་ཆེ་གེ་མོ་ཞིག་ བཞིན་ནོ་ཞེས་བྱ་བའི་དཔེ་མེད་པའི་ཕྱིར་དམ་བཅས་པ་ཙམ་དུ་ཟད་པས་མི་རུང་ངོ་། །སྐྱེ་བ་ནི་སྐྱེ་བ་ཡིན་ལ་གནས་པ་ནི་གནས་པ་ཡིན་འཇིག་པ་ནི་འཇིག་པ་ཡིན་པ་ལས། སྐྱེ་བ་ལ་སོགས་པ་དག་གི་བྱ་བ་ཉིད་ལ་སྐུར་པ་བཏབ་སྟེ། དེ་དག་བྱེད་པ་པོ་ཉིད་དུ་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བས་ནི་ཕ་རོལ་པོ་ དག་འདོད་པ་ལྟར་སྐྱེ་བ་ལ་སོགས་པ་དེ་དག་བྱེད་པ་པོ་ཉིད་དུ་ཁས་བླངས་ན་དེ་དག་གི་བྱ་བ་ཉིད་ལ་སྐུར་པ་བཏབ་པའི་ཕྱིར་དེ་དག་འདུས་བྱས་ཀྱི་མཚན་ཉིད་མ་ཡིན་པར་སྟོན་ཏེ། འདི་ལྟར་ཡང་འཇིག་རྟེན་གྱི་ཐ་སྙད་དུ་ནི་སྐྱེ་བའི་བྱ་བ་ནི་སྐྱེ་བ་ཞེས་བྱ་ལ་གནས་པའི་བྱ་བ་ཡང་གནས་པ་ཞེས་བྱ། འཇིག་པའི་བྱ་བ་ལ་འཇིག་པ་ཞེས་བྱ་བ་ཡིན་པ་ལས། ཕ་རོལ་པོ་དག་གིས་སྐྱེ་བ་ལ་སོགས་པ་དེ་དག་སྐྱེ་བར་བྱེད་པ་ལ་སོགས་པར་སྨྲས་པས་དེ་དག་བྱེད་པ་པོ་ཉིད་དུ་ཁས་བླངས་པའི་ཕྱིར་དེ་དག་གི་བྱ་བ་ལ་སྐུར་པ་བཏབ་པས་དེ་དག་འདུས་བྱས་ཀྱི་མཚན་ཉིད་མ་ཡིན་ནོ། །དེའི་ཕྱིར་ཐ་སྙད་དུ་ཡང་བྱེད་པ་པོ་ ཉིད་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར་ཏེ། སྐྱེ་བ་ནི་འདུས་བྱས་ཀྱི་མཚན་ཉིད་མ་ཡིན་ཏེ། སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་དཔེར་ན་ཕ་བུའི་མཚན་ཉིད་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་ པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ་དཔེར་ན་ཕ་ནི་བུ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་བུའི་མཚན་ཉིད་མ་ཡིན་པ་དེ་བཞིན་དུ་སྐྱེ་བ་ཡང་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་མ་ཡིན་ནོ། །དེ་བཞིན་དུ་གནས་པ་ཡང་འདུས་བྱས་ཀྱི་མཚན་ཉིད་མ་ཡིན་ཏེ། གནས་པར་བྱེད་པ་ ཡིན་པའི་ཕྱིར་དཔེར་ན་ཟས་ལུས་གནས་པར་བྱེད་པ་ཡིན་པའི་ཕྱིར་ལུས་ཀྱི་མཚན་ཉིད་མ་ཡིན་པ་བཞིན་ནམ། བྲན་མོ་བུམ་ཐོགས་མ་བུམ་པ་འཇོག་པར་བྱེད་པ་ཡིན་པའི་ཕྱིར་བུམ་པའི་མཚན་ཉིད་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་དག་ཀྱང་ཆོས་ཅན་དང་བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཟས་བཞི་ནི་ལུས་གནས་པར་བྱེད་པ་ཡིན་པའི་ཕྱིར་ལུས་ཀྱི་མཚན་ཉིད་མ་ཡིན་པ་དང་། ཆུ་ཆུན་མ་ལ་སོགས་པ་བྲན་མོ་བུམ་ཐོགས་མ་དག་ཀྱང་བུམ་པ་འཇོག་པར་བྱེད་པ་ཡིན་པའི་ཕྱིར་བུམ་པའི་མཚན་ཉིད་མ་ཡིན་པ་དེ་བཞིན་དུ་གནས་པ་ཡང་ གནས་པར་བྱེད་པ་ཡིན་པའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་མ་ཡིན་ནོ། །དེ་བཞིན་དུ་འཇིག་པ་ཡང་འདུས་བྱས་ཀྱི་མཚན་ཉིད་མ་ཡིན་ཏེ། འཇིག་པར་བྱེད་པ་ཡིན་པའི་ཕྱིར་དཔེར་ན་ཐོ་བས་འཇོམས་པར་བྱེད་པ་ཡིན་པའི་ཕྱིར་བུམ་པའི་མཚན་ཉིད་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་དག་ཀྱང་ཆོས་ཅན་ དང་བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ་དཔེར་ན་ཐོ་བ་ནི་འཇོམས་པར་བྱེད་པ་ཡིན་པའི་ཕྱིར་བུམ་པའི་མཚན་ཉིད་མ་ཡིན་པ་དེ་བཞིན་དུ་འཇིག་པ་ཡང་འཇིག་པར་བྱེད་པ་ཡིན་པའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་སྐྱེ་བ་ལ་སོགས་ པ་དེ་དག་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་མ་གྲུབ་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དམ་དོན་འགལ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ་དེ་ལྟར་སྐྱེ་བ་ལ་སོགས་པ་དག་འདུས་བྱས་ཡིན་ན་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་མ་གྲུབ་པའི་ཕྱིར་ཕ་རོལ་པོ་དག་ན་རེ་ དོན་དམ་པར་འདུས་བྱས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་འདུས་བྱས་ཀྱི་ངོ་བོ་ཉིད་དག་ཡོད་པ་ཁོ་ནར་གཟུང་བར་བྱ་སྟེ། སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་དག་དང་ལྡན་པའི་ཕྱིར་རོ་ཞེས་ཟེར་བའི་གཏན་ཚིགས་ཀྱི་དོན་དེ་དོན་དམ་པར་སྒྲུབ་ན་ནི་མ་གྲུབ་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་སྒྲུབ་ ན་ནི་དོན་འགལ་བ་ཉིད་ཡིན་ནོ། །དེ་ལྟ་བས་ན་ཇི་སྐད་སྨོས་པའི་སྐྱོན་ཡོངས་སུ་སྤང་བར་འདོད་པས་སྐྱེ་བ་འདུས་བྱས་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཤེས་པར་མི་བྱའོ་ཞེས་བྱ་བ་ནི་བསྣན་པ་སྟེ། གལ་ཏེ་སྐྱེ་བ་འདུས་བྱས་ན། །དེ་ལ་མཚན་ཉིད་གསུམ་ལྡན་འགྱུར། །ཞེས་བྱ་བས་གལ་ཏེ་སྐྱེ་བ་འདུས་བྱས་ཡིན་ན་ དེ་ཡང་མཚན་ཉིད་གསུམ་དང་ལྡན་པར་འགྱུར་བས་འདུས་བྱས་ཀྱི་མཚན་ཉིད་དུ་མི་རུང་ངོ་ཞེས་ཇི་སྐད་སྨོས་པའི་སྐྱོན་ཡོངས་སུ་སྤང་བར་འདོད་པས་སྐྱེ་བ་འདུས་བྱས་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཤེས་པར་མི་བྱའོ། །དེ་ལྟར་རེ་ཞིག་སྐྱེ་བ་འདུས་བྱས་ཡིན་ན་འདུས་བྱས་ཀྱི་མཚན་ཉིད་དུ་མི་འཐད་པའི་སྐྱོན་བསྟན་ཟིན་ཏོ་ ཞེས་བྱ་བས་ནི་བརྟག་པ་སྔ་མ་ཤོས་ཀྱི་མཇུག་བསྡུ་བ་བསྟན་ཏོ། །ད་ནི་བརྟག་པ་ཕྱི་མ་ཤོས་བསྟན་པའི་ཕྱིར་ཇི་སྐད་སྨོས་པའི་སྐྱོན་ཡོངས་སུ་སྤང་བར་འདོད་པས་ཅི་སྟེ་སྐྱེ་བ་འདུས་མ་བྱས་ཞེས་བྱ་བར་འདོད་ན། ཇི་ལྟར་འདུས་བྱས་མཚན་ཉིད་ཡིན། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཅི་སྟེ་སྐྱེ་བ་འདུས་ མ་བྱས་པ་ཡིན་ན་འདུས་བྱས་ཀྱི་མཚན་ཉིད་དུ་མི་རུང་བས་མཚན་ཉིད་མེད་པའི་ཕྱིར་ཕ་རོལ་པོའི་གཏན་ཚིགས་སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་དག་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བས་དོན་མ་གྲུབ་པས་དོན་དམ་པར་འདུས་བྱས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་འདུས་བྱས་ཀྱི་ངོ་བོ་ཉིད་ དག་ཡོད་པ་མ་ཡིན་པར་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་སྐྱེ་བ་ལ་འདུས་བྱས་ཀྱི་མཚན་ཉིད་ཉིད་མེད་དེ། འདུས་མ་བྱས་ནི་རང་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཚད་མས་བསྒྲུབ་པའི་ཕྱིར་ཡང་ན་འདུས་མ་བྱས་ཀྱི་ཆོས་ནི་འདུས་མ་བྱས་ ཉིད་ཡིན་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྐྱེ་བ་འདུས་མ་བྱས་ཡིན་ན་འདུས་བྱས་ཀྱི་མཚན་ཉིད་མ་ཡིན་པར་སྒྲུབ་པའི་ཆོས་གཏན་ཚིགས་ནི་འདུས་མ་བྱས་ཉིད་ཡིན་ནོ། །དོན་དམ་པར་སྐྱེ་བ་འདུས་མ་བྱས་ནི་འདུས་བྱས་ཀྱི་མཚན་ཉིད་དུ་འགྱུར་བར་འོས་པ་མ་ཡིན་ཏེ། འདུས་མ་བྱས་ཡིན་པའི་ཕྱིར་དཔེར་ ན་ནམ་མཁའ་བཞིན་པས་རང་གི་རྗེས་སུ་དཔག་པ་ལ་གནོད་དོ་ཞེས་བྱ་བ་དག་ལ་གནོད་དོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་སྒྲུབ་པའི་ཆོས་དང་དཔེ་དང་མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ནམ་མཁའ་ནི་འདུས་མ་བྱས་ཡིན་པའི་ཕྱིར་འདུས་བྱས་ཀྱི་མཚན་ ཉིད་དུ་འགྱུར་བར་འོས་པ་མ་ཡིན་པ་དེ་བཞིན་དུ་སྐྱེ་བ་འདུས་མ་བྱས་ཀྱང་འདུས་མ་བྱས་ཡིན་པའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་དུ་འགྱུར་བར་འོས་པ་མ་ཡིན་ནོ། །སྐྱེ་བ་ནི་མཚན་ཉིད་ཀྱི་སྒྲའི་ཚུལ་ཉིད་གཟུང་བའི་ཕྱིར་གནས་པ་དང་འཇིག་པ་གཉིས་ཀྱང་ཉེ་བར་བླངས་པ་ཡིན་ཏེ། འདུས་བྱས་ཀྱི་མཚན་ཉིད་དུ་ སྨྲ་བར་འདོད་པའི་ཕྱིར་རོ། །དེ་གཉིས་ཀྱང་དེ་བཞིན་དུ་དགག་པ་ཡིན་པས་ཡང་དེ་གཉིས་དགག་པ་བརྗོད་མི་དགོས་སོ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པ་མཚན་ཉིད་གསུམ་དགག་པ་འདྲ་བར་བསྟན་པ་ཡིན་ཏེ། འདིར་སྐྱེ་བ་འབའ་ཞིག་གི་དབང་དུ་བྱས་ཏེ་བཤད་པ་ནི་མཚན་ཉིད་ཀྱི་སྒྲའི་ཚུལ་ཉེ་བར་གཟུང་བའི་ ཕྱིར་མཚོན་པ་ཙམ་དུ་ཟད་ཀྱི། དེས་གནས་པ་དང་འཇིག་པ་གཉིས་ཀྱང་ཉེ་བར་བླངས་པ་ཡིན་ཏེ་དེ་གཉིས་ཀྱང་ཕ་རོལ་པོ་དག་འདུས་བྱས་ཀྱི་མཚན་ཉིད་དུ་སྨྲ་བར་འདོད་པའི་ཕྱིར་རོ། །དེ་གཉིས་ཀྱང་སྐྱེ་བ་བཞིན་དུ་འདུས་བྱས་སམ་འདུས་མ་བྱས་ཡིན་ན་ཡང་འདུས་བྱས་ཀྱི་མཚན་ཉིད་དུ་མི་འཐད་པར་དགག་པ་ཡིན་ པས་ཡང་དེ་གཉིས་ལོགས་ཤིག་ཏུ་དགག་པ་བརྗོད་མི་དགོས་སོ། །ཡང་གཞན་ཡང་འདི་ལ་སྐྱེ་བ་ལ་སོགས་པ་འདི་དག་འདུས་བྱས་ཀྱི་མཚན་ཉིད་དུ་བརྟག་པར་བྱ་ན་དེ་དག་སོ་སོ་འམ་འདུས་པ་ལ་བརྟག་གྲང་ན་ཞེས་བྱ་བ་ནི་ཡང་རྣམ་པ་གཞན་དུ་ན་ཕ་རོལ་པོ་དག་འདོད་པ་ལྟར་སྐྱེ་བ་ལ་སོགས་པ་འདི་དག་འདུས་ བྱས་ཀྱི་མཚན་ཉིད་དུ་བརྟག་པར་བྱ་ན་དེ་དག་རིམ་གྱིས་འབྱུང་བ་ལ་བརྟག་གམ། འོན་ཏེ་དངོས་པོ་གཅིག་ལ་དུས་གཅིག་ཏུ་འབྱུང་བ་ལ་བརྟག་གྲང་ན་གཉི་ག་ཡང་མི་འཐད་པར་སྟོན་ཏོ། །ད་ནི་རེ་ཞིག་བརྟག་པ་སྔ་མ་ལྟར་མི་འཐད་པར་བསྟན་པའི་ཕྱིར་དང་། སྐྱེ་བ་ལ་སོགས་གསུམ་སོ་སོས། །འདུས་བྱས་ མཚན་ཉིད་བྱ་བར་ནི། །ནུས་མིན། སྐྱེ་བ་ལ་སོགས་པ་གསུམ་པོ་དག་སོ་སོས་ནི་འདུས་བྱས་ཀྱི་མཚན་ཉིད་བྱ་བར་མི་ནུས་ཏེ། འདི་ལྟར་ལྐོག་ཤལ་ལ་སོགས་པ་མཚན་ཉིད་འདུས་པ་དག་གིས་མཚན་ཉིད་ཀྱི་གཞི་མཚོན་པར་ནུས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཡང་ འཇིག་རྟེན་ལ་གྲག་པའི་ཚུལ་ནི་ལྐོག་ཤལ་ལ་སོགས་པ་མཚན་ཉིད་འདུས་པ་དག་གིས་མཚན་ཉིད་ཀྱི་གཞི་བ་ལང་མཚོན་པར་ནུས་པ་ཡིན་པས་སྐྱེ་བ་ལ་སོགས་པ་གསུམ་པོ་དག་སོ་སོས་ནི་འདུས་བྱས་ཀྱི་མཚན་ཉིད་བྱར་མི་ནུས་སོ་ཞེས་བྱ་བར་དགོངས་སོ། །སྐྱེ་བ་ལ་སོགས་པ་དག་རིམ་གྱིས་འབྱུང་བ་ཉིད་དུ་ཁས་ལེན་ན་ཡང་ འདི་ལྟར་དངོས་པོ་མ་སྐྱེས་པ་ལ་ནི་སྐྱེ་བ་དང་གནས་པ་དང་འཇིག་པ་དག་མེད་པས་འདུས་བྱས་ཀྱི་མཚན་ཉིད་བྱ་བའི་མཐུ་མེད་དོ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པ་དག་རིམ་གྱིས་འབྱུང་བ་ཉིད་དུ་ཁས་ལེན་ན་ཡང་འདི་ལྟར་རེ་ཞིག་དངོས་པོ་མ་སྐྱེས་པ་ལ་སྐྱེ་བ་དང་གནས་པ་དང་འཇིག་པ་དག་མེད་པས་དེ་དག་རིམ་ གྱིས་མི་འབྱུང་སྟེ། འདི་ལྟར་སྐྱེ་བ་ལ་སོགས་པ་དག་ནི་དངོས་པོ་ལ་བརྟེན་པ་ཡིན་ཏེ། བུམ་པའི་སྐྱེ་བ་དང་གནས་པ་དང་འཇིག་པ་ཞེས་བྱ་ན། བུམ་པ་དེ་མ་སྐྱེས་པ་ལ་ནི་སྐྱེ་བ་ལ་སོགས་པ་དག་མེད་པས་དེ་དག་སོ་སོས་བུམ་པ་མ་སྐྱེས་པའི་མཚན་ཉིད་བྱ་བར་མི་ནུས་སོ། །འགགས་པ་ལ་ཡང་མཚན་ཉིད་ཀྱི་ གཞི་མེད་པའི་ཕྱིར་སྐྱེ་བ་དང་གནས་པ་དང་འཇིག་པ་དག་མེད་པས་འདུས་བྱས་ཀྱི་མཚན་ཉིད་བྱ་བའི་མཐུ་མེད་དོ་ཞེས་བྱ་བ་ནི་དངོས་པོ་འགགས་པ་ལ་ཡང་སྐྱེ་བ་དང་གནས་པ་དང་འཇིག་པ་མེད་པས་དེ་དག་རིམ་གྱིས་མི་འབྱུང་སྟེ་འདི་ལྟར་འགགས་པ་ཞེས་བྱ་བ་ནི་ཞིག་ཅིང་མེད་པ་ཡིན་པས་མཚན་ཉིད་ཀྱི་གཞི་མེད་ པའི་ཕྱིར་དེ་ལ་སྐྱེ་བ་ལ་སོགས་པ་དག་མེད་པས་དེ་དག་སོ་སོས་དངོས་པོ་འགགས་པའི་མཚན་ཉིད་བྱ་བར་མི་ནུས་སོ། །སྐྱེས་པ་ལ་ནི་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དངོས་པོ་ལ་སྐྱེས་པ་དང་མ་འགགས་པ་ལ་ཡང་སྐྱེ་བ་ལ་སོགས་པ་དག་རིམ་གྱིས་མི་འབྱུང་སྟེ། འདི་ལྟར་བུམ་པའི་དངོས་པོ་སྐྱེས་པ་དང་མ་འགགས་ པ་ལ་ནི་ཡང་སྐྱེ་བ་མེད་པའི་ཕྱིར་གནས་པ་དང་འཇིག་པ་མེད་པས་དེ་དག་སོ་སོས་འདུས་བྱས་ཀྱི་མཚན་ཉིད་བྱ་བར་མི་ནུས་སོ། །གནས་པ་ལ་ནི་འགག་པ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ནི་དངོས་པོ་གནས་པ་ལ་ཡང་སྐྱེ་བ་ལ་སོགས་པ་དག་རིམ་གྱིས་མི་འབྱུང་སྟེ། འདི་ལྟར་བུམ་པའི་དངོས་ པོ་གནས་པ་ལ་ནི་འགག་པ་མི་སྲིད་པའི་ཕྱིར་སྐྱེ་བ་དང་གནས་པར་འགྱུར་བ་ཡང་མེད་པས་དེ་དག་སོ་སོས་འདུས་བྱས་ཀྱི་མཚན་ཉིད་བྱ་བར་མི་ནུས་སོ། །འདིར་གཞན་དག་ན་རེ་དེ་ལྟར་ཁྱོད་ཀྱིས་གནས་པ་ལ་ནི་འགག་པ་མི་སྲིད་པའི་ཕྱིར་རོ་ཞེས་སྨྲས་པས་དེ་ལ་འགག་པ་མི་སྲིད་ཀྱང་བླ་སྟེ། གནས་པའི་ མཚན་ཉིད་ཡོད་པར་ཁས་བླངས་པས་མཚན་ཉིད་གཞན་ཡང་ཡོད་པར་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། གནས་པ་ནི་མི་རྟག་པ་ཉིད་དང་རྗེས་སུ་འབྲེལ་པའི་ཕྱིར་ཏེ་ཞེས་བྱ་བ་སྨྲས་ཏེ། དངོས་པོ་གནས་པའི་དུས་ན་ཡང་གནས་པའི་ མཚན་ཉིད་མེད་དེ་མི་རྟག་པ་ཉིད་དང་རྗེས་སུ་འབྲེལ་པའི་ཕྱིར་རོ། །དེ་ཉིད་ཁུངས་བསྟན་པའི་ཕྱིར་དེ་ལྟར་ཡང་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་འཕགས་པ་ལྷས་དབུ་མའི་ཚིག་ལེའུར་བྱས་པ་བརྒྱ་པ་ལས་གསུངས་པ་གཞུང་འོག་མ་དག་བསྟན་ཏོ། །གནས་མེད་དངོས་པོ་ག་ལ་ཡོད། །ཅེས་བྱ་བ་ནི་གནས་ པ་མེད་པ་དངོས་པོ་ཉིད་ཀྱང་ག་ལ་ཡོད་དེ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །མི་རྟག་པས་ན་ག་ལ་གནས། །ཞེས་བྱ་བ་ནི་གནས་པ་ཡང་མི་རྟག་པ་ཉིད་དང་རྗེས་སུ་འབྲེལ་པས་ན་ག་ལ་ཡོད་དེ་མེད་དོ། །གལ་ཏེ་དང་པོ་གནས་གྱུར་ན། །ཐ་མར་རྙིངས་པར་མི་འགྱུར་རོ། །ཞེས་བྱ་བ་ནི་གལ་ཏེ་དང་པོ་ཉིད་ནས་མི་ རྟག་པ་ཉིད་མེད་དེ་གནས་པར་གྱུར་ན་ནི་དེས་ན་ཐ་མར་ཡང་རྙིངས་པར་མི་འགྱུར་བ་ཞིག་ན་དེ་ལྟར་མ་ཡིན་ཏེ་དང་པོ་ནས་མི་རྟག་པས་རྟག་པ་མེད་པར་བསྟན་ཏོ། །གལ་ཏེ་དེ་ལྟར་ན་མི་རྟག་པ་ཉིད་ཡོད་དོ་ཞེ་ན། དེའི་ལན་དུ། གལ་ཏེ་ཁོར་ཟུག་མི་རྟག་ཡོད། །ཁོར་ཟུག་གནས་པར་མི་འགྱུར་རོ། །ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཁོར་ཟུག་ཏུ་མི་རྟག་པ་ཡོད་ན་ཁོར་ཟུག་ཏུ་གནས་པར་ཡེ་མི་འགྱུར་བ་ཞིག་ན་དེ་ལྟ་མ་ཡིན་པས་མི་རྟག་པ་ཡང་མེད་དོ། །གལ་ཏེ་དེ་ལྟ་ན་རྟག་པ་ཉིད་ཡོད་དོ་ཞེ་ན། དེའི་ལན་དུ། ཡང་ན་རྟག་པར་གྱུར་པ་ལས། །ཕྱིས་ནི་མི་རྟག་པར་ཡང་འགྱུར། །ཞེས་བྱ་བ་སྨྲས་ཏེ་རྟག་པ་ཉིད་ཡོད་ན་ད་ལྟར་མི་རྟག་ པ་སྣང་བས་དང་པོ་རྟག་པར་གྱུར་པ་ལས་ཕྱིས་མི་རྟག་པར་འགྱུར་བའི་སྐྱོན་དུ་འགྱུར་བས་རྟག་པ་ཡང་མེད་དོ། །ཅི་སྟེ་མི་རྟག་པ་ཉིད་དང་དངོས་པོ་སྔ་ཕྱི་མེད་དེ་ལྷན་ཅིག་ཉིད་དུ་རྟོག་ན་དེ་ཡང་མི་རུང་བར་བསྟན་པའི་ཕྱིར། གལ་ཏེ་དངོས་པོ་མི་རྟག་དང་། །ལྷན་ཅིག་གནས་པར་ཡོད་གྱུར་ན། །མི་རྟག་ལོག་པར་འགྱུར་ བའམ། །ཡང་ན་གནས་པ་བརྫུན་པར་འགྱུར། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལྟར་རེ་ཞིག་རྟག་པ་སྔ་མ་ཤོས་བསྟན་ཟིན་ཏོ། །ད་ནི་བརྟག་པ་ཕྱི་མ་ཤོས་བསྟན་པའི་ཕྱིར་ཅི་སྟེ་སྐྱེ་བ་ལ་སོགས་པ་དག་འདུས་པ་འདུས་བྱས་ཀྱི་མཚན་ཉིད་དུ་འདོད་ན་དེ་ལྟ་ན་ཡང་། འདུས་པ་ཡིན་ན་ཡང་། གཅིག་ལ་ དུས་གཅིག་ཅི་ལྟར་རུང་། དེ་དག་འདུས་པ་འདུས་བྱས་ཀྱི་དངོས་པོ་གཅིག་ལ་དུས་གཅིག་ན་མེད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྐྱེ་བ་ལ་སོགས་པ་གསུམ་པོ་དག་འདུས་པ་ཡང་འདུས་བྱས་ཀྱི་མཚན་ཉིད་མ་ཡིན་པར་སྟོན་ཏོ། །གལ་ཏེ་དེ་ཅི་ལྟར་ངེས་པར་གཟུང་བར་བྱ་ཞེ་ན་ ཞེས་བྱ་བ་ནི་ཕ་རོལ་པོ་དག་འདྲི་བའི་ཚིག་ཡིན་ནོ། །དེ་བསྟན་པའི་ཕྱིར། འདི་ལྟར་སྐྱེས་པ་དང་གནས་པ་དང་ཞིག་པ་ཤིན་ཏུ་མི་མཐུན་པ་ཉིད་དག་དངོས་པོ་གང་ཡང་རུང་བ་ཅིག་ལ་དུས་གཅིག་ཏུ་འབྱུང་བར་ནི་སེམས་བདེ་བར་གནས་པ་དག་གིས་བརྟག་པར་མི་རིགས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དངོས་ པོ་གཅིག་ལ་དུས་གཅིག་ཏུ་དེ་གསུམ་འབྱུང་བ་ནི་སྨྱོས་པ་དང་གདོན་གྱིས་བརླམས་པ་མ་གཏོགས་པ་སེམས་བདེ་བར་གནས་པ་དག་གིས་བརྟག་པར་མི་རིགས་པའི་ཕྱིར་དེ་ནི་མི་རུང་ངོ་། །མདོ་སྡེ་པ་དག་གིས་སྨྲས་པ་རྒྱུ་དང་རྐྱེན་སོ་སོར་ངེས་པའི་མཐུ་ལས་འབྱུང་བའི་རྒྱུད་ལ་དུས་གཅིག་ཁོ་ནར་དངོས་པོ་ སྐྱེ་བར་འདོད་པ་མ་བྱུང་བ་ལས་འབྱུང་བ་གང་ཡིན་པ་དེ་ནི་སྐྱེ་བ་ཡིན་ལ། སྐད་ཅིག་མ་སྔ་མའི་རྒྱུད་ཀྱིས་ངེས་པར་གནས་པ་ཡིན། སྐད་ཅིག་མ་སྔ་མ་དང་མཚན་ཉིད་མི་འདྲ་བ་ཉིད་ནི་རྒ་བ་ཡིན། བྱུང་ནས་བྲལ་བ་ནི་འཇིག་པ་ཡིན་པས་དེ་ལྟར་ལྟོས་པ་ངེས་པས་སྐྱེ་བ་ལ་སོགས་པ་དག་འདུས་པའི་མཚན་ ཉིད་སྐད་ཅིག་མ་གཅིག་ལ་དུས་གཅིག་ན་ཡོད་པས་སྒྲུབ་པ་དེ་ཁོ་བོ་ཅག་ལ་མི་གནོད་དོ་ཞེས་བྱ་བ་ནི་འདིར་མདོ་སྡེ་པ་དག་ན་རེ་དངོས་པོ་རྒྱུ་དང་རྐྱེན་སོ་སོར་ངེས་པའི་མཐུ་ལས་འབྱུང་བའི་རྒྱུད་གཅིག་ལ་འདུས་བྱས་ཀྱི་མཚན་ཉིད་བཞི་པོ་དག་སྐད་ཅིག་མ་གཅིག་ལ་དུས་གཅིག་ཁོ་ནར་ཡོད་པས་ཁྱེད་དབུ་མ་ པ་ན་རེ་འདི་ལྟར་སྐྱེས་པ་དང་གནས་པ་དང་ཞིག་པ་ཤིན་ཏུ་མི་མཐུན་པ་ཉིད་དག་དངོས་པོ་གང་ཡང་རུང་བ་ཅིག་ལ་དུས་གཅིག་ཏུ་འབྱུང་བར་ནི་སེམས་བདེ་བར་གནས་པ་དག་གིས་བརྟག་པར་མི་རིགས་པའི་ཕྱིར་རོ་ཞེས་སྨྲས་པའི་སྒྲུབ་པ་དེ་ཁོ་བོ་ཅག་ལ་མི་གནོད་དོ་ཞེས་ཟེར་ བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལྟར་ཡོངས་སུ་རྟོག་ན་ཡང་། རྒྱུད་རྫས་སུ་མེད་པའི་ཕྱིར་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མདོ་སྡེ་པ་ཁྱེད་དེ་ལྟར་ཡོངས་སུ་རྟོག་ན་ཁྱེད་ཀྱིས་ཀྱང་དེ་མི་རུང་བར་ཤེས་པའི་རིགས་ཏེ། འདི་ལྟར་གལ་ཏེ་དངོས་པོ་ རྫས་སུ་གྱུར་པ་འབའ་ཞིག་ཡོད་ན་ནི་དེས་ན་དེའི་རྒྱུད་གཅིག་ལ་སྐྱེ་བ་ལ་སོགས་པ་དག་བརྟག་ཏུ་ཡང་རུང་གྲང་ན། ཁྱེད་ནི་སྐད་ཅིག་མར་སྨྲ་བ་ཡིན་པས་རྒྱུད་རྫས་སུ་མེད་པའི་ཕྱིར་ཇི་ལྟར་མཚན་ཉིད་གསུམ་པོ་དག་རྒྱུད་གཅིག་ལ་དུས་གཅིག་ཏུ་འབྱུང་བར་རིགས་ཏེ་མི་རིགས་སོ། །ལྟོས་པས་སྐྱེ་ བ་དང་གནས་པ་ལ་སོགས་པ་རྣམ་པར་རྟོག་པའི་ཕྱིར་མཚན་ཉིད་གསུམ་པོ་དག་ཐ་སྙད་པ་ཡིན་གྱི་དོན་དམ་པ་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཡང་ན་སྐྱེ་བའི་གནས་སྐབས་ལ་ལྟོས་ནས་སྐྱེ་བར་རྟོག་ཅིང་སྐྱེས་པ་ལ་ལྟོས་ནས་གནས་པ་རྟོག་ལ། གནས་པ་ལ་ལྟོས་ནས་འཇིག་པར་རྟོག་ན་དེ་ལྟ་ན་ལྟོས་པས་སྐྱེ་བ་ དང་གནས་པ་ལ་སོགས་པར་རྣམ་པར་རྟོག་པའི་ཕྱིར་མཚན་ཉིད་གསུམ་པོ་དག་ཐ་སྙད་པ་ཡིན་གྱི་དོན་དམ་པ་པ་མ་ཡིན་ཏེ། དཔེར་ན་ཐུང་ངུ་ལ་ལྟོས་ནས་རིང་པོ་བཞིན་ནོ། །ཅིའི་ཕྱིར་དོན་དམ་པ་པ་མ་ཡིན་ཞེ་ན། དེའི་ཕྱིར་གནས་པའི་དུས་ན་ཡང་དེ་དང་མི་མཐུན་པ་འཇིག་པ་མེད་པའི་ཕྱིར་ཞེས་བྱ་བ་ སྨྲས་ཏེ། སྐྱེ་བའི་དུས་དང་གནས་པའི་དུས་ན་ཡང་དེ་གཉིས་དང་མི་མཐུན་པ་འཇིག་པ་མེད་ལ། འཇིག་པའི་དུས་ན་ཡང་དེ་དང་མི་མཐུན་པ་སྐྱེ་བ་དང་གནས་པ་གཉིས་མེད་པས་དེའི་ཕྱིར་མཚན་ཉིད་གསུམ་པོ་དག་ཅིག་ལ་དུས་གཅིག་ན་མེད་དོ། །དེ་ཡང་སྐྱོན་སྔར་བསྟན་པ་ལས་འདའ་བར་མི་ འགྱུར་རོ་ཞེས་བྱ་བ་ནི་འཇུག་བསྡུ་བ་ཡིན་ཏེ། མདོ་སྡེ་པ་དག་གིས་ཡོངས་སུ་བརྟགས་པ་དེ་ཡང་ངོ་། །བྱེ་བྲག་ཏུ་སྨྲ་བ་དག་ན་རེ་དངོས་པོ་སྔོན་མ་བྱུང་བ་ལས་བདག་ཉིད་ཐོབ་པ་ནི་སྐྱེ་བ་ཡིན་ལ། སྐྱེ་བ་གནས་པ་ནི་གནས་པ་ཡིན། གནས་པ་རྙིངས་པ་ཉིད་ནི་རྒ་བ་ཡིན། རྒས་པ་འགག་པ་ འཇིག་པ་ཡིན་པས་སྐྱེ་བ་ལ་སོགས་པ་དག་རིམ་གྱིས་འབྱུང་བ་ཉིད་འདུས་བྱས་ཉིད་ལས་འཁྲུལ་པ་མེད་པའི་ཕྱིར་དེ་དག་མཚན་ཉིད་དུ་གྲུབ་པས། སྐྱེ་བ་ལ་སོགས་གསུམ་སོ་སོས། །འདུས་བྱས་མཚན་ཉིད་བྱ་བར་ནི། །ནུས་མིན། ཞེས་སྨྲས་པ་ནི་རིགས་པ་མ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་འདིར་ བྱེ་བྲག་ཏུ་སྨྲ་བ་དག་ན་རེ་འདུས་བྱས་ཀྱི་མཚན་ཉིད་བཞི་པོ་དག་སྐད་ཅིག་མ་རེ་རེ་ལ་རིམ་གྱིས་འབྱུང་བ་ཉིད་མཚན་ཉིད་ཀྱི་གཞི་འདུས་བྱས་ལས་མཚན་ཉིད་ཡིན་པར་འཁྲུལ་པ་མེད་པའི་ཕྱིར་དེ་དག་མཚན་ཉིད་ཉིད་དུ་གྲུབ་པས། དབུ་མ་པས་སྐྱེ་བ་ལ་སོགས་པ་གསུམ་པོ་དག་སོ་སོས་འདུས་བྱས་ཀྱི་ མཚན་ཉིད་བྱ་བར་མི་ནུས་སོ་ཞེས་སྨྲས་པ་དེ་རིགས་པ་མ་ཡིན་ནོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་མཚན་ཉིད་ཅེས་བྱ་བ་ནི་མཚན་ཉིད་ཀྱི་གཞི་གང་ཡིན་པ་ལས་ནམ་ཡང་འཁྲུལ་པར་མི་བྱ་སྟེ། དཔེར་ན་སྲ་བ་ཉིད་ས་ལས་ འཁྲུལ་པར་མི་འགྱུར་བ་དང་། སྐྱེས་བུ་ཆེན་པོའི་མཚན་དག་སྐྱེས་བུ་ཆེན་པོ་ལས་འཁྲུལ་པར་མི་འགྱུར་བ་ལྟ་བུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཡང་འཇིག་རྟེན་གྲགས་པའི་ཚུལ་ནི་དེ་ལྟ་བུ་ཡིན་ན། ཁྱེད་ཀྱིས་མཚན་ཉིད་བཞི་པོ་དག་སྐད་ཅིག་མ་རེ་རེ་ལ་རིམ་གྱིས་འབྱུང་བར་སྨོས་པས་སྐད་ ཅིག་མ་གཅིག་ལ་མཚན་ཉིད་ཀྱི་གཞི་གང་བྱུང་བ་དེ་ལ་མཚན་ཉིད་གཞན་མེད་པས་དེ་དག་མཚན་ཉིད་ཀྱི་གཞི་ལས་འཁྲུལ་པ་ཡོད་པའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་མ་ཡིན་པས་ཁྱེད་ཀྱི་སྒྲུབ་པ་དེ་ནི་རིགས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར་དོན་དམ་པར་སྐྱེ་བ་ལ་སོགས་པ་དག་ནི་ དངོས་པོ་རྣམས་ཀྱི་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་མི་རུང་སྟེ། རིམ་གྱིས་འབྱུང་བའི་ཕྱིར་དཔེར་ན་འཇིམ་པ་དང་གོང་བུ་དང་སྨྱད་པ་དང་གླེབས་པ་དང་བཅུམ་པའི་གནས་སྐབས་ཀྱི་ཁྱད་པར་དག་བུམ་པའི་འདུས་བྱས་ཀྱི་མཚན་ཉིད་ཉིད་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འཇིམ་པ་ལ་སོགས་པའི་གནས་སྐབས་ཀྱི་ཁྱད་པར་དག་ནི་རིམ་གྱིས་འབྱུང་བའི་ཕྱིར་བུམ་པའི་འདུས་བྱས་ཀྱི་མཚན་ཉིད་ཉིད་མ་ཡིན་ཏེ། འདི་ལྟར་བུམ་པ་ནི་དང་པོ་འཇིམ་པའི་གནས་སྐབས་ ཡིན་ལ། དེའི་འོག་ཏུ་འཇིམ་པ་ལས་མཆོད་རྟེན་འདྲ་བར་གོང་བུར་བྱེད་དོ། །དེའི་འོག་ཏུ་གོང་བུ་ལས་སྤྱི་བོ་ལག་པས་སྨྱད་དེ་ཞི་བའི་མཚན་འདྲ་བར་བྱེད་དོ། །དེའི་འོག་ཏུ་སྨྱད་པ་དེའི་སྟེང་ནས་གླེབས་ཏེ་གདུགས་འདྲ་བར་བྱེད་དོ། །དེའི་འོག་ཏུ་གླེབས་པ་དེ་ལས་དཀྱིལ་དུ་ ལག་པ་བཅུག་སྟེ་ཁ་བཅུམ་ནས་སྦྱང་འདྲ་བར་བྱེད་དེ་འཇིམ་པ་ལ་སོགས་པའི་གནས་སྐབས་ཀྱི་ཁྱད་པར་དེ་དག་རིམ་གྱིས་འབྱུང་བའི་ཕྱིར་བུམ་པའི་འདུས་བྱས་ཀྱི་མཚན་ཉིད་ཉིད་མ་ཡིན་པ་དེ་བཞིན་དུ་སྐྱེ་བ་ལ་སོགས་པ་དག་ཀྱང་རིམ་གྱིས་འབྱུང་བའི་ཕྱིར་དངོས་པོ་རྣམས་ཀྱི་འདུས་བྱས་ཀྱི་མཚན་ ཉིད་ཡིན་པར་མི་རུང་ངོ་། །སྐྱེ་བ་ལ་སོགས་པ་དག་ནི་འཁྲུལ་པ་མེད་དེ། འདུས་མ་བྱས་ལ་དེ་དག་མེད་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་འདིར་བྱེ་བྲག་ཏུ་སྨྲ་བ་དག་ཡང་སྐྱེ་བ་ལ་སོགས་པ་དག་རིམ་གྱིས་འབྱུང་ཡང་མཚན་ཉིད་ཀྱི་གཞི་འདུས་བྱས་ལ་འཁྲུལ་པ་མེད་པའི་ཕྱིར་མཚན་ཉིད་ཉིད་ཡིན་པར་སྒྲུབ་ པའི་ཚིག་ཡིན་ཏེ་དེ་དག་ན་རེ་ཁྱེད་དབུ་མ་པས་སྐྱེ་བ་ལ་སོགས་པ་དག་འདུས་བྱས་ལས་འཁྲུལ་པ་ཡོད་པས་དེ་དག་མཚན་ཉིད་མ་ཡིན་ནོ་ཞེས་སྨྲས་པ་ནི་དེ་ལྟ་མ་ཡིན་ཏེ། གལ་ཏེ་སྐྱེ་བ་ལ་སོགས་པ་དེ་དག་འདུས་མ་བྱས་ཀྱི་ཕྱོགས་ལ་ཡང་ཡོད་ན་ནི་དེས་ན་དེ་དག་འདུས་བྱས་ལས་འཁྲུལ་པ་ཡོད་པའི་ ཕྱིར་འདུས་བྱས་ཀྱི་མཚན་ཉིད་ཉིད་མ་ཡིན་ནོ་ཞེས་སྨྲ་བར་ཡང་རིགས་པ་ཞིག་ན། སྐྱེ་བ་ལ་སོགས་པ་དེ་དག་ནི་འདུས་མ་བྱས་ཀྱི་ཕྱོགས་ལ་མེད་པའི་ཕྱིར་དེས་ན་དེ་དག་འདུས་བྱས་ལས་འཁྲུལ་པ་མེད་པས་རིམ་གྱིས་འབྱུང་ཡང་འདུས་བྱས་ཀྱི་མཚན་ཉིད་ཉིད་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ ཟེར་བའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་ཉེ་བར་བརྟགས་པ་ཡིན་གྱི་དོན་དམ་པར་ཡོད་པ་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྐྱེ་བ་ལ་སོགས་པ་དག་འདུས་མ་བྱས་ལ་མེད་དུ་ཟིན་ཀྱང་གལ་ཏེ་དངོས་པོ་གཅིག་གི་རྒྱུད་ལ་དུས་གཅིག་ན་གསུམ་ཆར་ཡོད་ན་ནི་དེས་ན་དེ་དག་འདུས་བྱས་ ལ་འཁྲུལ་པ་མེད་དོ་ཞེས་བརྗོད་པར་རིགས་ཤིང་དེ་དག་འདུས་བྱས་ཀྱི་མཚན་ཉིད་ཉིད་ཡིན་པར་ཡང་འགྱུར་གྲང་ན་དེ་ལྟ་མ་ཡིན་པ་དེ་དག་འདུས་བྱས་ལས་འཁྲུལ་པ་ཡོད་པའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་མ་ཡིན་ནོ། །ཅི་སྟེ་འདུས་མ་བྱས་ལ་དེ་དག་མེད་པའི་ཕྱིར་འདུས་བྱས་ལ་རིམ་གྱིས་འབྱུང་ ཡང་མཚན་ཉིད་ཉིད་ཡིན་པར་རྟོག་ན་ནི་ཉེ་བར་བརྟགས་པ་ཡིན་གྱི་དོན་དམ་པར་ཡོད་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་བཀག་པའི་ཕྱིར་དང་མ་སྐྱེས་པ་ལ་གནས་པ་དང་འཇིག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །སྐྱེ་བའི་དུས་ན་ཡང་གནས་པ་མེད་པ་དང་འཇིག་པ་མེད་པའི་བདག་ ཉིད་དེ་དག་ནི་དེ་དག་གི་བདག་ཉིད་མ་ཡིན་པས་དེ་དག་དང་མི་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྐྱེ་བའི་དུས་ན་ཡང་སྐྱེ་བ་གནས་པ་དང་འཇིག་པ་མེད་པའི་བདག་ཉིད་ཅན་ནི་གནས་པ་དང་འཇིག་པ་དེ་དག་གི་བདག་ཉིད་མ་ཡིན་པ་སྐྱེ་བ་དེ་གནས་པ་དང་འཇིག་པ་དེ་དག་དང་མི་ལྡན་པའི་ཕྱིར་དེ་ དག་འདུས་བྱས་ཀྱི་མཚན་ཉིད་མ་ཡིན་ནོ། །ཕྱིས་འབྱུང་བའི་ཚུལ་གྱིས་དེ་དག་གི་བདག་ཉིད་ཅན་ཉིད་དུ་རྟོག་ན་ཡང་ཐ་སྙད་ཙམ་དུ་ཟད་པས་ཅི་སྐད་བསྟན་པའི་སྐྱོན་ལྡོག་པ་མེད་དོ་ཞེས་བྱ་བ་ནི་འདུས་བྱས་ལ་མཚན་ཉིད་གསུམ་ད་ལྟར་མེད་ཀྱང་། ཕྱིས་འབྱུང་བའི་ཚུལ་གྱིས་མཚན་ཉིད་ གསུམ་པོ་དེ་དག་གི་བདག་ཉིད་ཅན་ཉིད་དུ་རྟོག་ན་ཡང་ཐ་སྙད་ཙམ་དུ་ཟད་པས་དེ་དག་འདུས་བྱས་ཀྱི་མཚན་ཉིད་མ་ཡིན་པར་བསྟན་པའི་སྐྱོན་ལྡོག་པ་མེད་དོ། །དེའི་ཕྱིར་དེ་ལྟར་སྐྱེ་བ་ལ་སོགས་པ་དག་སོ་སོ་དང་འདུས་པ་འདུས་བྱས་ཀྱི་མཚན་ཉིད་ཉིད་དུ་མ་གྲུབ་པའི་ཕྱིར་གཏན་ཚིགས་ཀྱི་ སྐྱོན་དེ་ཉིད་མ་ལྡོག་གོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་མཚན་ཉིད་ཡོད་པར་མ་གྲུབ་པའི་ཕྱིར་ཕ་རོལ་པོ་དག་གིས་སྔར་དོན་དམ་པར་འདུས་བྱས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་འདུས་བྱས་ཀྱི་ངོ་བོ་ཉིད་དག་ཡོད་པ་ཁོ་ནར་གཟུང་བར་བྱ་སྟེ། སྐྱེ་ བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་དག་དང་ལྡན་པའི་ཕྱིར་རོ་ཞེས་སྨྲས་པའི་གཏན་ཚིགས་དེ་མ་གྲུབ་པར་སྔར་བསྟན་པའི་སྐྱོན་དེ་ཉིད་མ་ལྡོག་པར་སོ་ན་གནས་སོ། །ཡང་གཞན་ཡང་ཞེས་བྱ་བས་ནི་སྐྱེ་བ་ལ་སོགས་པ་གང་དག་འདུས་བྱས་ཀྱི་མཚན་ཉིད་དུས་བསྟན་པ་དེ་དག་ལ་འདུས་བྱས་ ཀྱི་མཚན་ཉིད་གཞན་ཞིག་ཡོད་དམ་འོན་ཏེ་མེད་ཅེས་གལ་ཏེ་གཉིས་སུ་བརྟག་པ་སྟོན་ཏོ། །དེ་ལ་བརྟག་པ་དང་པོ་བསྟན་པའི་ཕྱིར། །སྐྱེ་དང་གནས་དང་འཇིག་རྣམས་ལ། །འདུས་བྱས་མཚན་ཉིད་གཞན་ཞིག་ནི། །གལ་ཏེ་ཡོད་ན་ཐུག་པ་མེད། །དེ་ལ་ཡང་གཞན་ཞིག་ཡོད་ཅིང་དེ་ལ་ཡང་ གཞན་ཡོད་དེ་ཐུག་པ་མེད་པར་འགྱུར་བས་དེ་ནི་མི་འདོད་དེ་སྐྱེ་བ་ལ་སོགས་པ་དང་ལྡན་པར་འདོད་པར་མི་བྱའོ་ཞེས་བྱ་བ་སྨྲས་སོ། །བརྟག་པ་ཕྱི་མ་ཤོས་བསྟན་པའི་ཕྱིར། ཅི་སྟེ་དེ་ལྟར་གྱུར་པ་འདོད། །ཅེས་ཟེར་ན། དེ་ལ་ཡང་དེ་ཉིད་བཟླས་པར་བྱ་སྟེ། མེད་ན་དེ་དག་ འདུས་བྱས་མིན། །ཞེས་བྱ་བ་སྨྲས་ཏེ་ཅི་སྟེ་ཐུག་པ་མེད་པར་གྱུར་ན་མི་རུང་ངོ་སྙམ་ནས་དེ་དག་ལ་འདུས་བྱས་ཀྱི་མཚན་ཉིད་གཞན་མེད་པར་སེམས་ན་དེ་དག་འདུས་བྱས་མ་ཡིན་པར་འགྱུར་ཏེ། འདུས་བྱས་མ་ཡིན་ན་འདུས་བྱས་ཀྱི་མཚན་ཉིད་དུ་ཡང་མི་འགྱུར་རོ། །ཅི་སྟེ་སྐྱེ་བ་ལ་སོགས་པ་དག་འདུས་ བྱས་ཉིད་ཡིན་པར་ཡང་འདོད་ལ། ཐུག་པ་མེད་པ་ཉིད་དུ་ཡང་མི་འགྱུར་ཏེ་སྐྱེ་བ་ལ་སོགས་པ་དག་གིས་འདུས་བྱས་ཉིད་དུ་མཚོན་པར་བྱེད་པ་ནི་འདུས་བྱས་ཀྱི་མཚན་ཉིད་དེ། དཔེར་ན་བཀྲ་ཤིས་པ་དང་མི་ཤིས་པའི་མཚན་ཉིད་བཞིན་དུ་འདུས་བྱས་ཀྱི་མཚན་ཉིད་གཞན་མེད་པས་ཐུག་པ་དང་གནས་ པ་དང་མུ་ཐུག་དེ་མེད་པར་ཡང་མི་འགྱུར་རོ་ཞེ་ན་ཞེས་བྱ་བ་ནི། ཕ་རོལ་པོ་དག་ན་རེ་སྐྱེ་བ་ལ་སོགས་པ་དག་ལ་མཚན་ཉིད་གཞན་མེད་པས་ཐུག་པ་མེད་པར་ཡང་མི་འགྱུར་ལ་དེ་དག་ཉིད་ཀྱིས་འདུས་བྱས་མཚོན་པར་བྱེད་པས་མཚན་ཉིད་ཀྱང་ཡིན་ཏེ། དཔེར་ན་བཀྲ་ཤིས་པའི་མཚན་འཁོར་ལོ་ལ་ སོགས་པ་དང་བཀྲ་མི་ཤིས་པའི་མཚན་དག་མཚན་གཞན་མེད་པར་ཐུག་པ་མེད་པར་ཡང་མི་འགྱུར་ལ་དེ་དག་ཉིད་ཀྱིས་མཚན་ཉིད་ཀྱི་གཞི་མཚོན་པར་བྱེད་པས་མཚན་ཉིད་བྱེད་པ་ཡིན་པ་བཞིན་ནོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་ སྔར་ཇི་ལྟར་དོན་དམ་པར་སྐྱེ་བ་ལ་སོགས་པ་འདུས་བྱས་ཉིད་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་མི་འདོད་དེ། འདུས་བྱས་ཡིན་པའི་ཕྱིར་དཔེར་ན་མཚན་ཉིད་ཀྱི་གཞི་བཞིན་ནོ་ཞེས་བསྟན་པ་བཞིན་དུ་སྐྱེ་བ་ལ་སོགས་པ་དག་ཀྱང་དེ་དང་འདྲ་བས་དེའི་ཕྱིར་དོན་དམ་པར་སྐྱེ་བ་ལ་སོགས་པ་དག་ འདུས་བྱས་ཡིན་པར་འདོད་པར་མི་བྱའོ་ཞེས་སྨྲས་སོ། །འོ་ན་སྐྱེ་བ་ལ་སོགས་པ་དག་ལ་མཚན་ཉིད་གཞན་མེད་པས་འདུས་བྱས་ཀྱང་མ་ཡིན་ཞིང་ཐུག་པ་མེད་པར་ཡང་མི་འགྱུར་ལ་དེ་དག་ཉིད་ཀྱིས་འདུས་བྱས་མཚོན་པར་བྱེད་པས་མཚན་ཉིད་ཀྱང་ཡིན་ནོ་ཞེས་ཟེར་བ་དེའི་ལན་དུ། སྐྱེ་བ་ལ་སོགས་པ་དག་ འདུས་མ་བྱས་ཡིན་ན་ཡང་འདུས་བྱས་ཀྱི་མཚན་ཉིད་ཉིད་དུ་མི་རུང་སྟེ། འདི་ལྟར་དེའི་ལན་ཀྱང་འདིར། །མེད་ན་དེ་དག་འདུས་བྱས་མིན། །ཞེས་བྱ་བས་བཏབ་ཟིན་ཏོ་ཞེས་བྱ་བ་སྨྲས་སོ། །དེའི་ཕྱིར་ཡང་། ཇི་སྐད་བསྟན་པའི་སྐྱོན་ལྡོག་མེད་དོ་ཞེས་བྱ་བ་ན་མཇུག་བསྡུ་བ་ཡིན་ཏེ། བརྟག་པ་གཉི་ གའི་སྒོ་ནས་མཚན་ཉིད་ཡོད་པར་མ་གྲུབ་པས་ཕ་རོལ་པོའི་གཏན་ཚིགས་མ་གྲུབ་པའི་སྐྱོན་སྔར་བསྟན་པ་ཉིད་ལྡོག་པ་མེད་དེ་སོ་ན་གནས་སོ།། །།བམ་པོ་སུམ་ཅུ་བརྒྱད་པ། འདིར་གནས་མ་བུའི་སྡེ་པ་དག་གིས་སྨྲས་པ། སྐྱེ་བ་དང་གནས་པ་དང་འཇིག་པ་དག་འདུས་བྱས་ཀྱང་ ཡིན་ལ་ཐུག་པ་མེད་པར་ཡང་ཐལ་བར་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཉན་ཐོས་གནས་མ་བུའི་སྡེ་པ་དག་ན་རེ་སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་དག་ལ་ཉེ་བའི་མཚན་ཉིད་གཞན་ཡང་ཡོད་ལ་དེ་དག་གཅིག་གིས་གཅིག་ལ་བྱ་བ་བྱེད་པས་ཐུག་པ་མེད་པར་ཡང་ཐལ་བར་མི་འགྱུར་རོ་ ཞེས་ཟེར་བའི་གཞུང་སྟོན་ཏོ། །གནས་མ་བུའི་སྡེ་པ་དག་ཅེས་བྱ་བ་ནི་སྔོན་ཀུན་དུ་རྒྱུ་གནས་པ་ཞེས་བྱ་བ་ཞིག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་དེས་སློབ་མ་རྣམས་ལ་གང་ཟག་ཏུ་སྨྲ་བའི་ཚུལ་བདག་ཏུ་སྨྲ་བ་དང་འདྲ་བ་དག་བསྟན་པ་དེ་དག་ལ་གང་དག་མ་བཞིན་དུ་སེམས་པ་དེ་དག་ གནས་མ་བུའི་སྡེ་པ་དག་ཅེས་བྱའོ། །དེ་དག་གི་གཞུང་བསྟན་པའི་ཕྱིར་གལ་ཏེ་ཇི་ལྟར་ཞེ་ན། གང་གི་ཕྱིར་འདི་ལ་ཆོས་ནི་བདག་ཉིད་དང་བཅོ་ལྔ་སྐྱེ་སྟེ། ཆོས་དེ་དང་། དེའི་སྐྱེ་བ་དང་། དེའི་གནས་པ་དང་། དེའི་འཇིག་པ་དང་། དེའི་ལྡན་པ་དང་། དེའི་གནས་པ་ལས་གཞན་དུ་འགྱུར་བ་ཉིད་ དང་། འདིར་གལ་ཏེ་ཆོས་དེ་དཀར་པོ་ཡིན་ན་དེའི་ཡང་དག་པའི་རྣམ་པར་གྲོལ་བའམ། ཅི་སྟེ་ནག་པོ་ཡིན་ན་ལོག་པའི་རྣམ་པར་གྲོལ་བ་དང་། གལ་ཏེ་ཆོས་དེ་ངེས་པར་འབྱུང་བ་ཡིན་ན་དེའི་ངེས་པར་འབྱུང་བ་ཉིད་དམ། ཅི་སྟེ་ངེས་པར་འབྱུང་བ་མ་ཡིན་ན་ངེས་པར་འབྱུང་བ་མ་ཡིན་པ་ཉིད་སྐྱེ་སྟེ། དེ་ དག་ནི་འཁོར་ཞེས་བྱའོ། །ད་ནི་སྐྱེ་བའི་སྐྱེ་བ་དང་གནས་པའི་གནས་པ་དང་འཇིག་པའི་འཇིག་པ་དང་ལྡན་པའི་ལྡན་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་ཉིད་ཀྱི་གནས་པ་ལས་གཞན་དུ་འགྱུར་བ་ཉིད་དང་། ཡང་དག་པའི་རྣམ་པར་གྲོལ་བའི་ཡང་དག་པའི་རྣམ་པར་གྲོལ་བའམ་ལོག་པའི་རྣམ་པར་གྲོལ་བའི་ ལོག་པའི་རྣམ་པར་གྲོལ་བ་དང་། ངེས་པར་འབྱུང་བ་ཉིད་ཀྱི་ངེས་པར་འབྱུང་བ་ཉིད་དམ་ངེས་པར་འབྱུང་བ་མ་ཡིན་པ་ཉིད་ཀྱི་ངེས་པར་འབྱུང་བ་མ་ཡིན་པ་ཉིད་ཀྱང་སྐྱེ་སྟེ། དེ་དག་ནི་འཁོར་གྱི་འཁོར་ཞེས་བྱ་སྟེ་དེ་ལྟར་ཆོས་བདག་ཉིད་དང་བཅོ་ལྔ་སྐྱེའོ། །དེ་ལ་རྩ་བའི་སྐྱེ་བས་ནི་བདག་ ཉིད་མ་གཏོགས་པར་ཆོས་བཅུ་བཞི་སྐྱེད་པར་བྱེད་དོ། །སྐྱེ་བའི་སྐྱེ་བས་ནི་རྩ་བའི་སྐྱེ་བ་དེ་འབའ་ཞིག་སྐྱེད་པར་བྱེད་དོ། །གནས་པ་ལ་སོགས་པ་དག་ཀྱང་དེ་བཞིན་པས་ཐུག་པ་མེད་པར་ཐལ་བར་མི་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལ་རྣམ་པར་ཤེས་པ་ལ་སོགས་པ་ཆོས་རྣམས་ལས་ཆོས་གང་ཡང་ རུང་བ་ཞིག་སྐྱེ་བ་ན་དེ་བདག་ཉིད་དང་བཅོ་ལྔ་པོ་དེ་དག་སྐད་ཅིག་མ་གཅིག་ལ་སྐྱེ་སྟེ། ཆོས་དེ་ནི་གཙོ་བོ་ཡིན་ལ་དེའི་སྐྱེ་བ་ལ་སོགས་པ་རྩ་བ་བདུན་ནི་དེའི་འཁོར་ཡིན། སྐྱེ་བའི་སྐྱེ་བ་ལ་སོགས་པ་བདུན་ནི་འཁོར་དེ་དག་གི་འཁོར་ཡིན་ནོ། །དེ་ལ་རྩ་བའི་སྐྱེ་བས་ནི་བདག་ཉིད་མ་གཏོགས་པར་ཆོས་ དེ་དང་། དེའི་འཁོར་དྲུག་དང་། འཁོར་གྱི་འཁོར་བདུན་ཏེ། ཆོས་བཅུ་བཞི་པོ་ཅི་སྐད་བསྟན་པ་དག་སྐྱེད་པར་བྱེད་དོ། །སྐྱེ་བའི་སྐྱེ་བས་ནི་རྩ་བའི་སྐྱེ་བ་དེ་འབའ་ཞིག་སྐྱེད་པར་བྱེད་དེ། དེ་ལྟར་མཚན་ཉིད་དང་ཉེ་བའི་མཚན་ཉིད་དག་གཅིག་གིས་གཅིག་སྐྱེད་པར་བྱེད་པས་མཚན་ཉིད་ཀྱང་ཡིན་ལ་ཐུག་ པ་མེད་པར་ཐལ་བར་ཡང་མི་འགྱུར་རོ། །དེ་བཞིན་དུ་ཆོས་གང་ཡང་རུང་བ་ཞིག་གནས་པ་ན་ཡང་བདག་ཉིད་དང་བཅོ་ལྔ་གནས་ལ་འཇིག་པ་ན་ཡང་བདག་ཉིད་དང་བཅོ་ལྔ་འཇིག །ལྡན་པ་ན་ཡང་བདག་ཉིད་དང་བཅོ་ལྔ་ལྡན། རྒ་བ་ན་ཡང་བདག་ཉིད་དང་བཅོ་ལྔ་རྒ། རྣམ་པར་གྲོལ་བ་ན་ཡང་ བདག་ཉིད་དང་བཅོ་ལྔ་གྲོལ། ངེས་པར་འབྱུང་བ་ན་ཡང་བདག་ཉིད་དང་བཅོ་ལྔ་འབྱུང་སྟེ། དེ་དག་ལ་ཡང་རྩ་བའི་གནས་པས་ནི་བདག་ཉིད་མ་གཏོགས་པར་ཆོས་དེ་དང་དེའི་འཁོར་དྲུག་དང་། འཁོར་གྱི་འཁོར་བདུན་ཏེ་ཆོས་བཅུ་བཞི་གནས་པར་བྱེད་ལ། གནས་པའི་གནས་པས་ནི་རྩ་བའི་ གནས་པ་དེ་འབའ་ཞིག་གནས་པར་བྱེད་དོ། །རྩ་བའི་འཇིག་པས་ཀྱང་བདག་ཉིད་མ་གཏོགས་པར་ཆོས་བཅུ་བཞི་པོ་དེ་དག་འཇིག་པར་བྱེད་ལ། འཇིག་པའི་འཇིག་པས་ནི་རྩ་བའི་འཇིག་པ་དེ་འབའ་ཞིག་འཇིག་པར་བྱེད་དོ། །རྩ་བའི་ལྡན་པས་ཀྱང་བདག་ཉིད་མ་གཏོགས་པར་ཆོས་བཅུ་བཞི་ལྡན་ པར་བྱེད་ལ། ལྡན་པའི་ལྡན་པས་ནི་རྩ་བའི་ལྡན་པ་འབའ་ཞིག་ལྡན་པར་བྱེད་དོ། །རྩ་བའི་རྒ་བས་ཀྱང་བདག་ཉིད་མ་གཏོགས་པར་ཆོས་བཅུ་བཞི་པོ་དེ་དག་རྒ་བར་བྱེད་ལ། རྒ་བའི་རྒ་བས་ནི་རྩ་བའི་རྒ་བ་དེ་འབའ་ཞིག་རྒ་བར་བྱེད་དོ། །རྩ་བའི་རྣམ་པར་གྲོལ་བས་ཀྱང་བདག་ཉིད་མ་གཏོགས་པར་ཆོས་ བཅུ་བཞི་པོ་དེ་དག་རྣམ་པར་གྲོལ་བར་བྱེད་ལ། རྣམ་པར་གྲོལ་བའི་རྣམ་པར་གྲོལ་བས་ནི་རྩ་བའི་རྣམ་པར་གྲོལ་བ་དེ་འབའ་ཞིག་རྣམ་པར་གྲོལ་བར་བྱེད་དོ། །རྩ་བའི་ངེས་པར་འབྱུང་བས་ཀྱང་བདག་ཉིད་མ་གཏོགས་པར་ཆོས་བཅུ་བཞི་པོ་དེ་དག་ངེས་པར་འབྱུང་བར་བྱེད་ལ། ངེས་པར་ འབྱུང་བའི་ངེས་པར་འབྱུང་བས་ནི་རྩ་བའི་ངེས་པར་འབྱུང་བ་དེ་འབའ་ཞིག་ངེས་པར་འབྱུང་བར་བྱེད་དོ། །དེ་ལྟར་ན་སྐྱེ་བ་ལ་སོགས་པ་བདུན་པོ་དག་རེ་རེ་ལ་ཆོས་བཅོ་ལྔ་བཅོ་ལྔ་སྐྱེ་བ་དང་གནས་པ་དང་འཇིག་པ་དང་། ལྡན་པ་དང་། རྒ་བ་དང་། རྣམ་པར་གྲོལ་བ་དང་། ངེས་པར་འབྱུང་བར་ འགྱུར་བ་དག་སྤྱིར་བསྡོམས་ན་སྐད་ཅིག་མ་གཅིག་ལ་ཆོས་བརྒྱ་རྩ་ལྔ་ལྷན་ཅིག་ན་ཡོད་པར་འདོད་དོ། །ཕྱོགས་སྔ་མ་དེའི་ཚིག་ལེའུར་བྱས་པ་ནི། །སྐྱེ་བའི་སྐྱེ་བས་རྩ་བ་ཡིན། །སྐྱེ་བ་འབའ་ཞིག་སྐྱེད་པར་བྱེད། །རྩ་བའི་སྐྱེ་བས་སྐྱེ་བ་ཡི། །སྐྱེ་བའང་སྐྱེད་པར་བྱེད་པ་ཡིན། །ཞེས་བྱ་བ་སྟེ་ཞེས་བྱ་བ་ནི་ སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་ཕ་རོལ་པོ་དག་གིས་ཕྱོགས་སྔ་མ་ཅི་སྐད་སྨྲས་པ་དེ་བསྡུ་བ་མཛད་ནས་ཚིག་ལེའུར་བྱས་པ་འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ། །དེའི་ཚིག་གི་དོན་བསྟན་པའི་ཕྱིར་སྐྱེ་བའི་སྐྱེ་བས་ནི་རྩ་བའི་སྐྱེ་བ་འབའ་ཞིག་སྐྱེད་པར་བྱེད