Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 100
Văn bản gốc(Tây Tạng)
Trang 14 / 23 (50.000 ký tự/trang)
ང་དག་གི་དང་པོར་ལྟ་བ་དང་ཉན་པ་བསྟན་པ་དག་གོ་ཞེས་ཚིག་རྣམ་པར་སྦྱར་རོ་ཞེས་བྱ་བ་ནི་སྣོམ་པ་དང་མྱོང་བར་བྱེད་པ་དང་རེག་པར་བྱེད་པ་དང་ཡིད་ཅེས་བྱ་བ་གང་དག་གི་དང་པོ་ལྟ་ བ་དང་ཉན་པ་བསྟན་པ་དེ་དག་ནི། ལྟ་དང་ཉན་ལ་སོགས་པ་དང་། །ཞེས་བྱ་བ་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་ཏེ། དེས་དབང་པོ་དྲུག་ཅར་བསྡུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཚོར་ཞེས་བྱ་བ་ནི་ཚོར་བའོ་ཞེས་བྱ་བ་ནི་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བ་ཡིན་ནོ། །སོགས་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དང་རེག་པ་དང་ཡིད་ ལ་བྱེད་པ་དང་སེམས་པ་ལ་སོགས་པ་གང་དག་གི་དང་པོར་ཚོར་བ་བསྟན་པ་དག་གོ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བའི་ཚོགས་གང་དག་གི་དང་པོར་ཚོར་བ་བསྟན་པ་དེ་དག་ནི་ཚོར་སོགས་ཞེས་བྱ་བ་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་ཏེ་དེས་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་བསྡུས་སོ་ཞེས་བྱ་ བའི་ཐ་ཚིག་གོ། །དང་ཞེས་བྱ་བའི་སྒྲ་ནི་ཀུན་བསྡུ་བའི་དོན་ཏོ་ཞེས་བྱ་བ་ནི་སྨྲས་པ་དང་མ་སྨྲས་པ་ཀུན་བསྡུ་བའི་དོན་ཏེ། སྨྲས་པ་ནི་ལྟ་བ་དང་ཉན་པ་དང་ཚོར་བའོ། །མ་སྨྲས་པ་ནི་དབང་པོ་དང་སེམས་དང་སེམས་ལས་བྱུང་བ་ལྷག་མ་རྣམས་ཏེ། དེ་དག་ཀུན་འདིར་བསྡུ་བའི་དོན་ཏོ། །ཡང་ཞེས་བྱ་བའི་སྒྲ་ནི་ཡིད་ཆེས་ པའི་དོན་ཏོ་ཞེས་བྱ་བ་ནི་དབང་པོ་དང་སེམས་དང་སེམས་ལས་བྱུང་བ་ལྷག་མ་འདིར་བསྡུ་བ་དག་ཀྱང་འདིའི་ཁོངས་སུ་གཏོགས་པ་ཡིན་པར་ཡིད་ཆེས་པའི་དོན་ཏོ། །དབང་བྱས་པ་ཞེས་བྱ་བའི་སྒྲ་ནི་དབང་དུ་བྱས་པ་ལ་འཇུག་པའི་དོན་ཏོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་ཕྱེད་གོང་མ་འདི་ནི་དབང་ པོ་དང་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་བསྡུ་བའི་དབང་དུ་བྱས་པ་ཡིན་པས་དེ་ལ་འཇུག་པའི་དོན་ཏེ། དེས་ན་ཚིག་ལེའུར་བྱས་པའི་ཕྱེད་གོང་མ་འདིས་དབང་པོ་དྲུག་དང་རྣམ་པར་ཤེས་པ་དྲུག་དང་སེམས་དང་སེམས་ལས་བྱུང་བ་མང་པོ་པ་ཐམས་ཅད་བསྡུས་སོ་ཞེས་བྱ་བའི་ཐ་ཚིག་གོ། ། དེའི་ཕྱིར་ལྟ་བ་ལ་སོགས་པ་དེ་དག་ཉེ་བར་ལེན་པ་པོ་གང་གི་ཡིན་པའི་ལྟ་བ་ལ་སོགས་པ་དང་། ཚོར་བ་ལ་སོགས་པ་དེ་དག་གི་སྔ་རོལ་ན་ཉེ་བར་ལེན་པ་པོ་དེ་ཡོད་དོ་ཞེས་ཁ་ཅིག་སྨྲ་སྟེ་ཞེས་བྱ་བ་ནི་ལྟ་བ་ལ་སོགས་པ་དབང་པོ་དྲུག་དང་། རྣམ་པར་ཤེས་པ་དྲུག་དང་། སེམས་ལས་བྱུང་བ་ས་མང་པོ་པ་ཐམས་ཅད་ནི་ཉེ་ བར་བླང་བ་ཡིན་ལ། བདག་སྔ་ན་གནས་པ་ཞེས་བྱ་བ་གང་ཟག་ནི་ཉེ་བར་ལེན་པ་པོ་ཡིན་པས་དེའི་ཕྱིར་ལྟ་བ་ལ་སོགས་པ་ཉེ་བར་བླང་བ་དེ་དག་གང་ཟག་ཉེ་བར་ལེན་པ་པོ་གང་གི་ཉེ་བར་བླང་བ་ཡིན་པའི་ལྟ་བ་ལ་སོགས་པ་ཉེ་བར་བླང་བ་དེ་དག་གི་སྔ་རོལ་ན་གང་ཟག་ཉེ་བར་ལེན་པ་པོ་དེ་ཡོད་དོ་ཞེས་ཁ་ཅིག་སྨྲ་སྟེ་ཞེས་བྱ་ བར་སྦྱར་རོ། །ཁ་ཅིག་ཅེས་བྱ་བ་ནི་རང་གི་སྡེ་པ་ཐམས་ཅད་ཀྱིས་དེ་ལྟར་ཁས་མ་བླངས་པའི་ཕྱིར་གནས་མའི་བུའི་སྡེ་པ་དག་སྟེ། དེ་དག་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྟོན་ཏོ་ཞེས་བྱ་བས་ནི་ཉེ་བར་བླང་བའི་སྔ་རོལ་ན་ཉེ་བར་ལེན་པ་པོ་ཡོད་དོ་ཞེས་ཁ་ཅིག་སྨྲ་བ་ནི་རང་གི་སྡེ་པ་ཐམས་ཅད་མ་ཡིན་གྱི། ཉན་ཐོས་གནས་ མའི་བུའི་སྡེ་པ་དག་དེ་སྐད་ཅེས་ཟེར་རོ་ཞེས་བྱ་བར་བསྟན་ཏོ། །དེ་ནི་ཕ་རོལ་པོས་དམ་བཅས་པ་ཉེ་བར་གཞག་པ་ཡིན་ནོ་ཞེས་བྱ་བ་ནི་ཉེ་བར་ལེན་པ་པོ་ཉེ་བར་བླང་བའི་སྔ་རོལ་ན་ཡོད་དོ་ཞེས་ཟེར་བ་དེ་ནི་ཕྱོགས་སྔ་མ་སྨྲ་བ་དག་གི་དམ་བཅས་པ་ཉེ་བར་གཞག་པ་སྟེ་ཕྱོགས་ཡིན་ནོ། །སྒྲུབ་པའི་ཆོས་དང་། དཔེས་རྗེས་སུ་ དཔག་པ་ནི་འོག་ནས་སྟོན་ཏོ། །དེ་དག་འདི་སྐད་ཅེས་ཟེར་ཏེ། འདི་ལྟར་ཉེ་བར་ལེན་པ་པོ་གནས་ན་ཉེ་བར་བླང་བ་དེ་དག་ཤེས་པར་བྱར་རུང་སྟེ། དེ་ལ་ལྟོས་ནས་དེ་དག་འབྱུང་བའི་ཕྱིར་རོ་ཞེས་བྱ་བས་ནི་རྗེས་སུ་འགྲོ་བའི་སྒོ་ནས་ཉེ་བར་སྦྱར་བའི་སྦྱོར་བ་བསྟན་ཏེ། དེས་ནི་སྒྲུབ་པའི་ཆོས་སྟོན་ཏོ། །གཞན་དུ་དམ་བཅས་ན། དངོས་པོ་ ཡོད་པ་མ་ཡིན་ན། །ལྟ་ལ་སོགས་པ་ཅི་ལྟར་འགྱུར། །ཞེས་བྱ་བས་ནི་ལྡོག་པའི་སྒོ་ནས་ཉེ་བར་སྦྱར་བའི་སྦྱོར་བ་བསྟན་ཏེ། དེས་ནི་ཆོས་མཐུན་པའི་དཔེ་སྟོན་ཏོ། །དེས་ན། དེ་ཕྱིར་དེ་དག་སྔ་རོལ་ན། །དངོས་པོ་གནས་པ་དེ་ཡོད་དོ། །ཞེས་བྱ་བ་ནི་མཇུག་བསྡུ་བའི་ཚིག་ཡིན་ནོ་ཞེས་བྱ་བ་ནི་དམ་བཅས་པ་ཉེ་བར་གཞག་པའི་ མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། །དེ་ལྟ་བས་ན་སྔ་མ་བཞིན་དུ་གཏན་ཚིགས་དང་དཔེ་མངོན་པས་རྗེས་སུ་དཔག་པ་ནི་ཞེས་བྱ་བ་ནི་ཅི་ལྟར་སྔར་དོན་དམ་པར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཡོད་པ་ཁོ་ན་ཡིན་ཏེ་ཞེས་དམ་བཅས་པ་ལ་གཏན་ཚིགས་དང་དཔེ་དག་ཡོད་པ་དེ་བཞིན་དུ་འདིར་ཉེ་བར་ལེན་པ་པོ་ཉེ་ བར་བླང་བའི་སྔ་རོལ་ན་ཡོད་པར་དམ་བཅས་པ་ལ་ཡང་རྗེས་སུ་འགྲོ་བའི་སྒོ་ནས་ཉེ་བར་སྦྱར་བའི་སྦྱོར་བ་བསྟན་པས་ནི་ཉེ་བར་ལེན་པ་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་མངོན་ལ་ལྡོག་པའི་སྒོ་ནས་ཉེ་བར་སྦྱར་བའི་སྦྱོར་བ་བསྟན་པས་ནི་དཔེར་ན་སབ་མ་མཁན་རྩི་རྐྱང་ལ་སོགས་པ་དག་གི་སྔ་རོལ་ན་གནས་པ་ཡོད་པ་བཞིན་ ནོ་ཞེས་བྱ་བའི་དཔེ་མངོན་པས་འདིར་རྗེས་སུ་དཔག་པ་ནི་འདི་ལྟར་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །ཉེ་བར་ལེན་པ་པོ་དེ་ལྟ་བ་ལ་སོགས་པའི་སྔ་རོལ་ན་གནས་པ་ཡོད་དེ་ཉེ་བར་ལེན་པ་པོ་ཡིན་པའི་ཕྱིར་རོ། །འདི་ན་གང་ཉེ་བར་ལེན་པ་པོ་ཡིན་པ་དེ་ནི་ཉེ་བར་བླང་བ་དག་གི་སྔ་རོལ་ན་གནས་པ་ཁོ་ན་ཡིན་ཏེ། དཔེར་ན་སབ་མ་མཁན་རྩི་ རྐྱང་ལ་སོགས་པ་དག་གི་སྔ་རོལ་ན་གནས་པ་ཡོད་པ་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་གང་ཉེ་བར་ལེན་པ་པོ་ཡིན་པ་དེ་ནི་ཉེ་བར་བླང་བ་དག་གི་སྔ་ རོལ་ན་གནས་པ་ཁོ་ན་ཡིན་པས། དཔེར་ན་སབ་མ་མཁན་ནི་ཉེ་བར་ལེན་པ་པོ་ཡིན་པའི་ཕྱིར་རྩི་རྐྱང་ལ་སོགས་པ་ཉེ་བར་བླང་བ་དག་པའི་སྔ་རོལ་ན་གནས་པ་ཡིན་པ་དེ་བཞིན་དུ་གང་ཟག་ཉེ་བར་ལེན་པ་པོ་དེ་ཡང་ཉེ་བར་ལེན་པ་པོ་ཡིན་པའི་ཕྱིར་ལྟ་བ་ལ་སོགས་པ་ཉེ་བར་བླང་བ་དག་གི་སྔ་རོལ་ན་གནས་པ་ཁོ་ན་ཡིན་ནོ་འདིར་གལ་ ཏེ་དབུ་མ་དག་ན་རེ་ཁྱོད་ཀྱིས་གང་ཟག་ཉེ་བར་ལེན་པ་པོ་ཕྱོགས་སུ་བྱས་པས་དེ་ཁོ་བོ་ཅག་ལ་མ་གྲུབ་པའི་ཕྱིར་ཁྱེད་ཀྱི་གཏན་ཚིགས་གང་ཡང་རུང་བ་ལ་མ་གྲུབ་པ་དང་། གཞི་མ་གྲུབ་པའི་སྐྱོན་དུ་འགྱུར་རོ་ཞེས་ཟེར་བ་བསལ་བའི་ཕྱིར། ཡང་ན་ལྟ་བ་དང་ཉན་པ་ལ་སོགས་པ་ཉེ་བར་བླང་བ་དག་ནི་ཉེ་བར་ལེན་པ་པོ་སྔ་ན་ གནས་པ་དང་ལྡན་པར་ཤེས་པར་བྱ་སྟེ། ཉེ་བར་བླང་བ་ཡིན་པའི་ཕྱིར་དཔེར་ན་རྩི་རྐྱང་ལ་སོགས་པ་བཞིན་ནོ་ཞེས་བྱ་བས་ཉེ་བར་བླང་བ་ཕྱོགས་སུ་བྱས་པའི་རྗེས་སུ་དཔག་པ་གཞན་བསྟན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྩི་ཀྱང་ལ་སོགས་པ་དག་ནི་ཉེ་བར་བླང་བ་ཡིན་པའི་ཕྱིར་ཉེ་བར་ལེན་པ་པོ་སབ་མ་མཁན་སྔ་ན་གནས་པ་དང་ལྡན་པར་ཤེས་པར་བྱ་བ་དེ་བཞིན་དུ། ལྟ་བ་དང་ཉན་པ་ལ་སོགས་པ་དག་ཀྱང་ཉེ་བར་བླང་བ་ཡིན་པའི་ཕྱིར་ཉེ་བར་ལེན་པ་པོ་གང་ཟག་སྔ་ན་གནས་པ་དང་ལྡན་པར་ཤེས་པར་བྱ་སྟེ། དེའི་ཕྱིར་ཉེ་བར་བླང་བ་ཉེ་བར་ལེན་པར་བྱེད་པ་ཉིད་ཀྱིས་ཉེ་བར་ལེན་པ་པོ་ཉེ་བར་ལེན་པ་པོ་ཞེས་གྲགས་པར་འགྱུར་ཞིང་ཉེ་བར་ལེན་པ་པོས་ཉེ་བར་བླང་བ་ཉིད་ཀྱིས་ཀྱང་ཉེ་བར་བླང་བ་ཉེ་བར་བླང་བ་ཞེས་གྲགས་པར་འགྱུར་བས་གཉི་ག་འགྲུབ་པོ་ཞེས་བྱ་བ་དག་ནི་རྗེས་སུ་དཔག་པ་སྔ་མ་གཉིས་ཀྱི་མཇུག་བསྡུ་བ་ཡིན་ཏེ། གོ་ རིམས་བཞིན་དུ་སྦྱར་རོ། །དེས་ན་ཁོ་བོ་ཅག་གིས་དོན་དམ་པར་ཕུང་པོ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་བརྟེན་ནས་ཉེ་བར་ལེན་པ་པོ་དང་། ཉེ་བར་བླང་བ་བསྟན་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་ཉམས་པ་མེད་དོ་ཞེས་བྱ་བ་ནི་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་ཉེ་བར་ལེན་པ་པོ་ དང་ཉེ་བར་བླང་བ་ཡོད་པས་གྲུབ་པ་དེས་ན་ཁོ་བོ་ཅག་གིས་སྔར་བྱེད་པ་པོ་དང་ལས་བརྟག་པའི་རབ་ཏུ་བྱེད་པའི་དང་པོར་དེ་སྐད་ཅེས་དམ་བཅས་པ་དེ་ཉམས་པ་མེད་དོ་ཞེས་ཟེར་ཏེ། དེ་ནི་ཕྱོགས་སྔ་མ་ཉེ་བར་གཞག་པ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། ལྟ་དང་ཉན་ལ་ སོགས་པ་དང་། །ཚོར་ལ་སོགས་པ་ཉིད་ཀྱི་ནི། །སྔ་རོལ་དངོས་པོ་གང་གནས་པ། །དེ་ནི་གང་གིས་གདགས་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ཉིད་བསྟན་པའི་ཕྱིར་ལྟ་བ་ལ་སོགས་པ་དང་ཚོར་བ་ལ་སོགས་པ་དང་མེད་ན་གང་དག་ལ་བརྟེན་ནས་འདི་ཉེ་བར་ལེན་པ་པོའོ་ཞེས་ཉེ་བར་འདོགས་པར་བྱེད་པའི་ ཉེ་བར་བླང་བ་གཞན་འགའ་ཡང་མེད་དོ་ཞེས་བྱ་བ་སྨྲས་ཏེ། ལྟ་བ་ལ་སོགས་པ་ཉེ་བར་བླང་བ་དག་ལ་བརྟེན་ནས་བདག་སྔ་ན་གནས་པ་དེ་ཉེ་བར་ལེན་པ་པོ་ཡིན་ནོ་ཞེས་ཉེ་བར་གདགས་པ་ཡིན་ན། ལྟ་བ་ལ་སོགས་པ་དག་མེད་པའི་སྔ་རོལ་ན་གང་དག་ལ་བརྟེན་ནས་འདི་ཉེ་བར་ལེན་པའོ་ཞེས་བྱ་བར་འདོགས་པར་བྱེད་པའི་ ཉེ་བར་བླང་བ་གཞན་འགའ་ཡང་མེད་དོ། །དེ་ཉིད་བྱེ་བྲག་ཏུ་བསྟན་པའི་ཕྱིར་ཐ་སྙད་ཀྱི་དུས་སུ་ལྟ་བ་ལ་སོགས་པ་དག་ཉིད་ཀྱིས་དེ་གདགས་པར་བྱ་བ་ཡིན་ན་ལྟ་བ་ལ་སོགས་པ་དེ་དག་ཀྱང་སྐྱེ་བའི་སྔ་རོལ་ན་མེད་དེ་དེ་དག་མེད་ན་དེ་དག་གིས་གདགས་པར་བྱ་ཞེས་བྱ་བ་སྨྲས་སོ། །འདོགས་པ་མེད་ན་གདགས་ པ་ཡང་མེད་པའི་དཔེ་བསྟན་པའི་ཕྱིར་དེའི་ཚེ་ཉེ་བར་བླང་བ་དག་མེད་ན་དེ་ཡང་མེད་དེ། ཤིང་ད་བ་ལ་སོགས་པ་དག་མེད་ན་ནགས་ཚལ་ཡང་མེད་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །ཡང་ན། ལྟ་དང་ཉན་ལ་སོགས་པ་དང་། །ཚོར་བ་ལ་སོགས་ཉིད་ཀྱི་ནི། །སྔ་རོལ་དངོས་པོ་གང་གནས་པ། །དེ་ནི་གང་གིས་ གདགས་པར་བྱ། །ཉེ་བར་བླང་བ་ལ་བརྟེན་ནས་ཉེ་བར་ལེན་པ་པོ་གདགས་པར་བྱ་བ་ཉིད་དོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བའི་ཚིག་ལེའུར་བྱས་པའི་རྣམ་པར་བཤད་པ་གཉིས་པ་འདིས་ནི་ལྟ་བ་ལ་སོགས་པ་ཉེ་བར་བླང་བ་དག་ལ་བརྟེན་ནས་ཉེ་བར་ལེན་པ་པོ་དེ་གདགས་པར་བྱ་བ་ཉིད་ཡིན་པས་གང་ཐ་སྙད་དུ་བརྟེན་ནས་གདགས་པ་དེ་ནི་ དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་པ་སྟོན་ཏོ། །དེ་ལྟར་ན་འདིས་ནི་ཉེ་བར་ལེན་པ་པོའི་ཆོས་བརྟེན་ནས་གདགས་པར་བྱ་བ་ཉིད་བསྟན་ཏོ་ཞེས་བྱ་བས་ནི་ཆོས་ཅན་ཉེ་བར་ལེན་པ་པོ་དེ་ལྟ་བ་ལ་སོགས་པ་ཉེ་བར་བླང་བ་དག་གི་སྔ་རོལ་ན་མེད་པར་བསྒྲུབས་པའི་ཕྱོགས་ཀྱི་ཆོས་ནི་བརྟེན་ནས་གདགས་པར་བྱ་བ་ཉིད་ཡིན་ པར་བསྟན་ཏོ། །དེའི་ཕྱིར། སྔ་མ་བཞིན་དུ་ཡན་ལག་ལྷག་མ་མངོན་པས་འདིར་རྗེས་སུ་དཔག་པ་ནི་འདི་ལྟར་བྱ་སྟེ་ཞེས་བྱ་བར་སྦྱར་ཏེ། སྒྲུབ་པའི་ཆོས་དང་དཔེ་མངོན་པས་སོ། །ཉེ་བར་ལེན་པ་པོ་དེ་ལྟ་བ་ལ་སོགས་པ་ཉེ་བར་བླང་བ་དག་གི་སྔ་རོལ་ན་མེད་དེ། གདགས་པར་བྱ་བ་ཡིན་པའི་ཕྱིར་དཔེར་ན་སྣམ་བུ་རྒྱུ་སྤུན་དག་གི་སྔ་རོལ་ ན་མེད་པ་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྣམ་བུ་ནི་རྒྱུ་སྤུན་དག་ལ་བརྟེན་ནས་གདགས་པར་བྱ་བ་ཡིན་པའི་ཕྱིར་རྒྱུ་སྤུན་དག་གི་སྔ་རོལ་ན་མེད་པ་དེ་བཞིན་དུ་ཉེ་བར་ལེན་པ་པོ་དེ་ཉེ་བར་བླང་བ་དག་ལ་བརྟེན་ནས་གདགས་པར་བྱ་བ་ཡིན་ པའི་ཕྱིར་ཉེ་བར་བླང་བ་དག་གི་སྔ་རོལ་ན་མེད་དོ། །དེས་ན་ཉེ་བར་ལེན་པ་པོ་མ་གྲུབ་པའི་ཕྱིར་གཏན་ཚིགས་དེ་ཉིད་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་ནམ། དོན་འགལ་བ་ཉིད་ཀྱི་སྐྱོན་ཡོད་དོ་ཞེས་བྱ་བ་ལ་སོགས་པ་ནི་འཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་ཉེ་བར་ལེན་པ་པོ་མ་གྲུབ་པའི་ཕྱིར་གནས་མའི་བུའི་སྡེ་པ་ དག་གི་རྗེས་སུ་དཔག་པ་རྣམ་གཉིས་ཅི་སྐད་སྨྲས་པའི་གཏན་ཚིགས་ཀྱི་དོན་དེ་དག་དོན་དམ་པར་སྒྲུབ་ན་ནི་མ་གྲུབ་པའི་སྐྱོན་ཆགས་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་སྒྲུབ་ན་ནི་དོན་འགལ་བ་ཉིད་ཀྱི་སྐྱོན་ཆགས་པ་ཡིན་ནོ། །དོན་དམ་པར་སབ་མ་མཁན་དང་རྩི་རྐྱང་ལ་སོགས་པ་དག་ཀྱང་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་ཉིད་དུ་ མ་གྲུབ་པའི་ཕྱིར་དཔེ་ཡང་མེད་དོ་ཞེས་བྱ་བས་ནི་གནས་མའི་བུའི་སྡེ་པ་དག་གི་དཔེ་སབ་མ་མཁན་དང་རྩི་རྐྱང་ལ་སོགས་པ་དག་བཞིན་ནོ་ཞེས་བྱ་བ་མ་གྲུབ་པར་བསྟན་ཏོ། །ཡང་གནས་མའི་བུའི་སྡེ་པ་དག་ལས་ཁ་ཅིག་ཕྱིར་ཟློག་པར་བྱེད་དེ་ཞེས་བྱ་བ་ནི་དེ་དག་ལས་གང་དག་རྗེས་སུ་དཔག་པ་མེད་པར་ ལུང་ཙམ་གྱིས་གང་ཟག་ཡོད་པ་ཉིད་དུ་ཞུགས་པ་དེ་དག་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་དེ་དག་ན་རེ། ལུང་ལས་ཉེ་བར་ལེན་པ་པོ་ལྷར་གྱུར་པ་སྔ་ན་གནས་པ་ཡོད་པ་ལྷར་འགྱུར་བའི་ལས་ཡོངས་སུ་ཟད་པས་མི་ལ་སོགས་པའི་ཕུང་པོ་ཉེ་བར་བླང་བའི་ཉེ་བར་ལེན་པ་པོ་ཉིད་དུ་འགྱུར་བར་གྲགས་ པས་རྗེས་སུ་དཔག་པས་ཉེ་བར་ལེན་པ་པོ་མེད་པ་ཉིད་དུ་བསྟན་པ་ཁོ་བོ་ཅག་མི་འདོད་དེ་ཞེས་ཟེར་ཏེ། དེ་དག་ན་རེ་ལུང་ལས་ཉེ་བར་ལེན་པ་པོ་སྔོན་ལྷར་གྱུར་པ་སྔ་ན་གནས་པ་ཡོད་པ་ལྷར་གྱུར་པའི་ལས་ཡོངས་སུ་ཟད་པས་མི་དང་དུད་འགྲོ་དང་ཡི་དགས་དང་སེམས་ཅན་དམྱལ་བའི་ཕུང་པོ་ཉེ་བར་བླང་བའི་ཉེ་བར་ ལེན་པ་པོ་ཉིད་དུ་འགྱུར་བར་གྲགས་ཏེ། དེ་ལྟར་ཡང་ལུང་ལས་ང་ཉིད་དེའི་ཚེ་དེའི་དུས་ན་ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་ཏོ་ཞེས་གསུངས་པས་ཁྱེད་དབུ་མ་པས་ཉེ་བར་ལེན་པ་པོ་སྔ་ན་གནས་པ་མེད་པར་བསྟན་པ་དེ་ཁོ་བོ་ཅག་མི་འདོད་དོ་ཞེས་ཟེར་རོ། །དོན་དེ་ཉིད་བསལ་བར་བྱ་བའི་ཕྱིར་སློབ་དཔོན་བྷཏྟྲི་ཧ་རིས་རྗེས་སུ་ དཔག་པ་སུན་ཕྱུང་བའི་ཁུངས་བསྟན་པའི་ཕྱིར། ལོང་བ་རྐང་པའི་ཚོད་དཔག་གིས། །ཉམ་ངའི་ལམ་དུ་རྒྱུག་པ་ལྟར། །རྗེས་སུ་དཔག་པ་གཙོར་འཛིན་པ། །རྣམ་པར་ལྟུང་བ་མི་དཀའོ། །ཞེས་བྱ་བ་ལྟ་བུར་འགྱུར་རོ་ཞེ་ན་ཞེས་བྱ་བ་སྨྲས་ཏེ། དཔེར་ན་ལོང་བ་རྐང་པའི་ཚོད་དཔག་གིས་ལམ་བདེ་བ་སྤངས་ཏེ་ཉམ་ ངའི་ལམ་དུ་རྒྱུག་པ་ཤིང་ལ་སོགས་པ་དག་གིས་བརྡོས་པ་ལ་རྡེག་འཆའ་ཞིང་རྣམ་པར་ལྟུང་བ་མི་དཀའ་བ་དེ་བཞིན་དུ། ཡིད་ཆེས་པའི་ལུང་སྤངས་པ་རྗེས་སུ་དཔག་པའི་ཚོད་དཔག་གིས་རྟོག་གེ་སྐམ་པོའི་ལམ་དུ་རྒྱུག་པ་དག་ཀྱང་ཚེ་འདི་ལ་ཡང་འཁྲུལ་པའི་གནོད་པར་འགྱུར་ལ། ཚེ་ཕྱི་མ་ལ་ཡང་འབྲས་བུ་མི་འདོད་པར་ རྣམ་པར་ལྟུང་བར་འགྱུར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྒྲུབ་པ་དེ་ནི་གང་ཟག་ཡོད་པ་ཉིད་དུ་སྒྲུབ་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལྷ་ཡང་ལྷའི་ཉེ་བར་བླང་བ་དག་ཉིད་ལ་བརྟེན་ནས་ལྷ་ཉིད་དུ་གདགས་པར་བྱ་བ་ ཡིན་པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། ཁྱེད་ཉེ་བར་ལེན་པ་པོ་ལྷར་གྱུར་པ་སྔ་ན་གནས་པ་ཡོད་པ་ལྷར་གྱུར་པའི་ལས་ཡོངས་སུ་ཟད་པས་མི་ལ་སོགས་པའི་ཕུང་པོ་ཉེ་བར་བླང་བའི་ཉེ་བར་ལེན་པ་པོ་ཉིད་དུ་འགྱུར་བར་འདོད་པ་དེ་ནི་ལྷ་ཉིད་ཀྱི་ལྟ་བ་ལ་སོགས་པ་ཉེ་བར་བླང་བ་དག་གི་ཉེ་བར་ལེན་པ་པོ་ཉིད་ཡིན་གྱི། མི་ལ་སོགས་ པའི་ལྟ་བ་ལ་སོགས་པ་ཉེ་བར་བླང་བ་དག་གི་ཉེ་བར་ལེན་པ་པོ་ཉིད་མ་ཡིན་ཏེ། རྒྱུད་ཐ་དད་པ་དང་དུས་ཐ་དད་པའི་ཕྱིར་རོ། །དེས་ན་ཉེ་བར་བླང་བ་དག་གི་སྔ་རོལ་ན་ཉེ་བར་ལེན་པ་པོ་མེད་དོ། །གཞན་ཡང་རྐང་པའི་ཚོད་དཔག་ནི་མི་མཐུན་པའི་ཕྱོགས་ལ་ཡང་ཡོད་པས་རྗེས་སུ་དཔག་པ་ཉིད་དུ་མ་གྲུབ་པའི་ཕྱིར་ཡང་དེ་ནི་ རིགས་པ་མ་ཡིན་ཏེ། ཁྱེད་ན་རེ། ལོང་བ་རྐང་པའི་ཚོད་དཔག་གིས། །ཉམ་ངའི་ལམ་དུ་རྒྱུག་པ་ལྟར། །རྗེས་སུ་དཔག་པ་གཙོར་འཛིན་པ། །རྣམ་པར་ལྟུང་བ་མི་དཀའོ། །ཞེས་ཟེར་བའི་རྐང་པའི་ཚོད་དཔག་ནི་མི་མཐུན་པའི་ཕྱོགས་ལམ་ཉམ་ང་བར་འགྲོ་བ་ཡང་ཡོད་ཀྱི། ཁོ་བོའི་རྗེས་སུ་དཔག་པ་ནི་མི་མཐུན་ པའི་ཕྱོགས་ནོར་བ་དག་ཏུ་འགྲོ་བ་མེད་པས་དེས་ན་རེ་ཞིག་རྐང་པའི་ཚོད་དཔག་མི་མཐུན་པའི་ཕྱོགས་ལམ་ཉམ་ང་བ་དག་ཏུ་འགྲོ་བ་ལྟ་བུར་འགྱུར་རམ། འོན་ཏེ་ལུང་སྒྲུབ་པའི་རྗེས་སུ་དཔག་པ་མི་མཐུན་པའི་ཕྱོགས་ནོར་བ་དག་ཏུ་མི་འགྲོ་བ་ལྟ་བུར་འགྱུར་བ་མ་ངེས་པས་ཁྱོད་ཀྱི་དཔེ་དེ་མ་ངེས་པས་དེས་ན་རྐང་པའི་ཚོད་དཔག་པ་ ལྟ་བུ་གང་མི་མཐུན་པའི་ཕྱོགས་ལ་ཡོད་པ་དེ་ནི་རྗེས་སུ་དཔག་པ་ཉིད་ཡིན་པར་མ་གྲུབ་པ་ལ་ལུང་སྒྲུབ་པའི་རྗེས་སུ་དཔག་པ་ལྟ་བུ་གང་མི་མཐུན་པའི་ཕྱོགས་ལ་མེད་པ་དེ་ཡང་རྐང་པའི་ཚོད་དཔག་པ་ལྟ་བུ་ཉིད་ཡིན་པར་མ་གྲུབ་པས་དེ་ནི་རིགས་པ་མ་ཡིན་ནོ། །གཞན་ཡང་། རྗེས་སུ་དཔག་པ་ལྟར་སྣང་བ་གཙོར་འཛིན་པ་ནི་ལྟུང་ བར་འགྱུར་བའི་ཕྱིར་ཡང་དེ་ནི་རིགས་པ་མ་ཡིན་ཏེ། སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་རྗེས་སུ་དཔག་པའི་གསལ་བ་དང་དེ་ཁོ་ན་དག་བསྟན་པ་འདི་ནི་ནོར་བ་མེད་པའི་ཕྱིར་དེ་དག་གཙོར་འཛིན་པ་དག་ལྟུང་བར་མི་འགྱུར་གྱི། གཞན་དག་གི་རྗེས་སུ་དཔག་པ་ལྟར་སྣང་བ་བསྟན་པ་གཙོར་འཛིན་པ་དག་ནི་ལྟུང་བར་འགྱུར་བའི་ཕྱིར་ཡང་ ཁྱེད་ཀྱི་སྒྲུབ་པ་དེ་རིགས་པ་མ་ཡིན་ནོ། །གཞན་ཡང་། ལུང་སྤྱི་ཡིན་པས་ཐེ་ཚོམ་སྐྱེ་བའི་ཕྱིར་ཡང་དེ་ཉིད་ལས་ངེས་པར་གཟུང་བ་མི་རིགས་ཏེ་ཞེས་བྱ་བས་ནི་བཅོམ་ལྡན་འདས་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་དཔལ་གྱི་མགུར་ནས་གསུངས་པའི་ལུང་ནི་སྤྱི་ཡིན་པས་དེས་ན་ཁྱེད་ལ་གང་ཟག་ཡོད་དོ་ཞེས་གསུངས་པ་ཡང་ལུང་ གཅིག་ཡིན་ལ། དེང་ལ་གང་ཟག་མེད་དོ་ཞེས་གསུངས་པ་ཡང་ལུང་གཉིས་པ་ཡིན་པས་དེ་ལ་ཐེ་ཚོམ་སྐྱེ་བའི་ཕྱིར་ལུང་དེ་ཉིད་ལས་གང་ཟག་ཡོད་པའམ་མེད་པ་ངེས་པར་གཟུང་བ་མི་རིགས་ཏེ། ལུང་དེ་སྒྲུབ་པའི་རྗེས་སུ་དཔག་པ་ལས་ངེས་པར་གཟུང་བར་རིགས་སོ་ཞེས་སྟོན་ཏོ། །དེའི་ཕྱིར་ལུང་དང་ རྗེས་སུ་དཔག་པ་གཉིས་དོན་ཐ་དད་པ་མ་ཡིན་ལ། རྗེས་སུ་དཔག་པས་གང་ཟག་མེད་པར་བསྟན་པའི་ཕྱིར། ལུང་ནི་རྗེས་སུ་དཔག་པ་ལས་དོན་ཐ་དད་པ་མ་ཡིན་པར་གཟུང་བར་བྱ་སྟེ། མངོན་སུམ་མ་ཡིན་པའི་དོན་རྟོགས་པའི་རྒྱུ་ཡིན་པའི་ཕྱིར་དཔེར་ན་རྗེས་སུ་དཔག་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྗེས་སུ་དཔག་པའི་རང་གི་བདག་ཉིད་ནི་མངོན་སུམ་མ་ཡིན་པའི་དོན་རྟོགས་པའི་རྒྱུ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ལས་དོན་ཐ་དད་པ་མ་ཡིན་པ་དེ་བཞིན་དུ་ལུང་ཡང་མངོན་སུམ་མ་ ཡིན་པའི་དོན་རྟོགས་པའི་རྒྱུ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ལས་དོན་ཐ་དད་པ་མ་ཡིན་ནོ། །དེས་ན་སྔར་ཁོ་བོས་ཉེ་བར་ལེན་པ་པོ་དེ་ལྟ་བ་ལ་སོགས་པ་ཉེ་བར་བླང་བ་དག་གི་སྔ་རོལ་ན་མེད་དེ། གདགས་པར་བྱ་བ་ཡིན་པའི་ཕྱིར་དཔེར་ན་སྣམ་བུ་རྒྱུ་སྤུན་དག་གི་སྔ་རོལ་ན་མེད་པ་བཞིན་ནོ་ཞེས་རྗེས་སུ་དཔག་པ་བསྟན་པ་ དེའི་དོན་གྲུབ་པར་ཤེས་པར་བྱའོ། །ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པས་ནི་གནས་མའི་བུའི་སྡེ་པ་དག་ལས་ཁ་ཅིག་རྗེས་སུ་དཔག་པ་ལ་ཞེ་སྡང་པ་དག་དབུ་མ་པས་ལུང་དང་། རྗེས་སུ་དཔག་པ་དོན་ཐ་དད་པ་མ་ཡིན་པར་བསྟན་པ་དེ་ལ་འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡོད་པར་སྒྲུབ་པའི་རྗེས་སུ་དཔག་པ་སྟོན་ཏོ། ། དེའི་ཕྱིར་དེ་དག་ན་རེ་ལུང་གི་རྗེས་སུ་དཔག་པ་ལས་དོན་ཐ་དད་པ་ཁོ་ན་ཡིན་ཏེ། དེ་ལས་ཡུལ་ཐ་དད་པའི་ཕྱིར་དཔེར་ན་མངོན་སུམ་བཞིན་ནོ་ཞེས་ཟེར་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མངོན་སུམ་ནི་རྗེས་སུ་དཔག་ པ་དེ་ལས་ཡུལ་ཐ་དད་པའི་ཕྱིར་རྗེས་སུ་དཔག་པ་ལས་དོན་ཐ་དད་པ་ཁོ་ན་ཡིན་པ་དེ་བཞིན་དུ་ལུང་ཡང་རྗེས་སུ་དཔག་པ་དེ་ལས་ཡུལ་ཐ་དད་པའི་ཕྱིར་རྗེས་སུ་དཔག་པ་ལས་དོན་ཐ་དད་པ་ཁོ་ན་ཡིན་ནོ། །དེ་ཉིད་བརྣན་པ་དང་ཚད་མའི་འབྲས་བུ་བསྟན་པའི་ཕྱིར། དེ་ལྟར་ཡང་རྗེས་སུ་དཔག་པ་ནི་དབང་པོས་གཟུང་བའི་དོན་ གྱི་ཡུལ་ཅན་ཡིན་ལ་སྒྲའི་མཚན་ཉིད་ཀྱི་ཚད་མའི་དབང་པོ་ལས་འདས་པ་མཐོ་རིས་དང་བྱང་གྲོལ་གྱི་ཡུལ་ཅན་ཡིན་པས་དེའི་ཕྱིར་ལུང་ནི་རྗེས་སུ་དཔག་པ་ལས་དོན་ཐ་དད་པ་ཁོ་ན་ཡིན་ནོ་ཞེ་ན་ཞེས་བྱ་བ་སྨྲས་ཏེ། ལུང་དང་རྗེས་སུ་དཔག་པ་གཉིས་དོན་ཐ་དད་པ་ཁོ་ན་ཡིན་པར་ཅི་མངོན་ཞེ་ན། རྗེས་སུ་དཔག་པ་ནི་དབང་པོས་ གཟུང་བའི་རྟགས་དུ་བའི་དོན་གྱི་རྟགས་ཅན་མེ་རྗེས་སུ་དཔོག་པ་ལ་སོགས་པའི་ཡུལ་ཅན་ཡིན་ལ། སྒྲའི་མཚན་ཉིད་ཀྱི་ཚད་མ་ཞེས་བྱ་བ་ལུང་གི་དབང་པོའི་སྤྱོད་ཡུལ་ལས་འདས་པའི་མཐོ་རིས་དང་མྱ་ངན་ལས་འདས་པ་བྱེ་བྲག་ཏུ་རྟོགས་པའི་ཡུལ་ཅན་ཡིན་པས་དེ་གཉིས་དོན་ཐ་དད་པ་ཁོ་ན་ཡིན་པ་ལས་ཁྱེད་དབུ་མ་པས་ དེ་གཉིས་དོན་ཐ་དད་པ་མ་ཡིན་པར་བསྟན་པ་ལ་འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡོད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ལུང་ནི་རྗེས་སུ་དཔག་པ་ལས་ཡུལ་ཐ་དད་པ་ཉིད་མ་ཡིན་ཏེ། རྒྱུའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་མཐོ་རིས་རྗེས་སུ་དཔག་པར་བྱ་བའི་ ཕྱིར་དང་། རྒྱུ་བཅད་པ་ལས་སྐྱེ་བ་མེད་པའི་མཚན་ཉིད་བྱང་གྲོལ་རྗེས་སུ་དཔག་པར་བྱ་བའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ཁྱེད་ན་རེ་སྒྲའི་མཚན་ཉིད་ཀྱི་ཚད་མ་ནི་དབང་པོ་ལས་འདས་པ་མཐོ་རིས་དང་བྱང་གྲོལ་གྱི་ཡུལ་ཅན་ཡིན་པས་ཞེས་ཟེར་བ་དེ་ནི་རྗེས་སུ་དཔག་པའི་ཡུལ་ཡང་ཡིན་པས་ དོན་ཐ་དད་པ་མ་ཡིན་ཏེ། འདི་ལྟར་ལུང་ལས་རྒྱུའི་ཁྱད་པར་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་འཇུག་པ་ལས་འབྲས་བུའི་ཁྱད་པར་འདོད་པ་ན་སྤྱོད་པའི་མཐོ་རིས་འཐོབ་པ་དང་། རྒྱུའི་ཁྱད་པར་བསམ་གཏན་བཞི་སྐྱེད་པར་བྱེད་པ་ལས་འབྲས་བུའི་ཁྱད་པར་གཟུགས་ན་སྤྱོད་པའི་མཐོ་རིས་འཐོབ་པ་དང་། རྒྱུའི་ཁྱད་ པར་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྐྱེད་པར་བྱེད་པ་ལས་འབྲས་བུའི་ཁྱད་པར་གཟུགས་མེད་པ་ན་སྤྱོད་པའི་མཐོ་རིས་འཐོབ་པར་གསུངས་པ་དེ་དག་ཀྱང་རྒྱུའི་ཁྱད་པར་དེ་དག་གིས་འབྲས་བུའི་ཁྱད་པར་དེ་དག་འཐོབ་པར་རྗེས་སུ་དཔག་པར་བྱ་བ་ཡིན་ལ། ལུང་ལས་རྒྱུ་ལས་དང་ཉོན་མོངས་པ་བཅད་པ་ལས་འབྲས་ བུ་སྐྱེ་བ་མེད་པའི་མཚན་ཉིད་ཀྱི་མྱ་ངན་ལས་འདས་པ་འཐོབ་པར་གསུངས་པ་དེ་ཡང་རྒྱུའི་ཁྱད་པར་དེ་འབྲས་བུའི་ཁྱད་པར་དེ་འཐོབ་པར་རྗེས་སུ་དཔག་པར་བྱ་བ་ཡིན་པའི་ཕྱིར་ཁྱེད་ཀྱི་གཏན་ཚིགས་དེ་ལས་ཡུལ་ཐ་དད་པའི་ཕྱིར་ཞེས་བྱ་བ་དེའི་དོན་མ་གྲུབ་པ་ཉིད་ཡིན་པས། ཁོ་བོས་ལུང་དང་རྗེས་སུ་དཔག་པ་གཉིས་ཡུལ་ཐ་ དད་པ་ཉིད་མ་ཡིན་པར་བསྟན་པ་ལ་འགལ་བ་འཁྲུལ་པ་མེད་པའི་གནོད་པ་མེད་དོ། །ཡང་ན་མཐོ་རིས་དང་ཐར་པ་ཡོད་དོ་ཞེས་བྱ་བ་དེ་བཞིན་གཤེགས་པའི་ལུང་གང་ཡིན་པ་དེ་ནི་དོན་ཅི་ལྟ་བ་བཞིན་ཏེ། དེ་བརྗོད་པའི་ཕྱིར་དེའི་ཚིག་བཞིན་པས་རྗེས་སུ་དཔག་པ་ཁོ་ནས་མཐོ་རིས་ལ་སོགས་པ་རྟོགས་པའི་ ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་སྐྱོན་དེ་ཉིད་དུ་འགྱུར་བས་ཞེས་བྱ་བས་ནི་དེ་བཞིན་གཤེགས་པས་མཐོ་རིས་དང་ཐར་པ་ཡོད་དོ་ཞེས་གསུངས་པའི་ལུང་གང་ཡིན་པ་དེ་ཡང་རྗེས་སུ་དཔག་པའི་སྒོ་ནས་གཞན་དག་གིས་དེ་དོན་ཅི་ལྟ་བ་བཞིན་ཡིན་པར་རྟོགས་པའི་ཕྱིར་ལུང་དང་རྗེས་སུ་དཔག་པ་དོན་ཐ་དད་པ་མ་ཡིན་པར་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་དེ་བཞིན་གཤེགས་པས་མཐོ་རིས་དང་ཐར་པ་ཡོད་དོ་ཞེས་གསུངས་པ་དེའི་ཚིག་ནི་མཐོ་རིས་དང་ཐར་པ་ཞེས་བྱ་བའི་དོན་དེ་བརྗོད་པ་ཡིན་པའི་ཕྱིར་དོན་ཅི་ལྟ་བ་བཞིན་ཡིན་ པར་རྗེས་སུ་དཔག་པར་བྱ་བ་དེ་བཞིན་དུ་དེ་བཞིན་གཤེགས་པས་མཐོ་རིས་དང་ཐར་པ་ཡོད་དོ་ཞེས་གསུངས་པའི་ལུང་གང་ཡིན་པ་དེ་ཡང་མཐོ་རིས་དང་ཐར་པ་ཞེས་བྱ་བའི་དོན་དེ་བརྗོད་པ་ཡིན་པའི་ཕྱིར་དོན་ཅི་ལྟ་བ་བཞིན་ཡིན་པར་རྗེས་སུ་དཔག་པར་བྱ་བ་ཡིན་པས། རྗེས་སུ་དཔག་པ་ཁོ་ནས་མཐོ་རིས་དང་བྱང་གྲོལ་ལ་སོགས་ པ་གཞན་གྱིས་རྟོགས་པའི་ཕྱིར་ལུང་དང་རྗེས་སུ་དཔག་པ་གཉིས་དང་ཐ་དད་པ་མ་ཡིན་པས་ཁྱོད་ཀྱི་གཏན་ཚིགས་དེ་ལས་ཡུལ་ཐ་དད་པའི་ཕྱིར་ཞེས་བྱ་བ་དེའི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་ཉིད་དུ་འགྱུར་རོ། །དེའི་ཕྱིར་དེ་ནི་རྗེས་སུ་དཔག་པ་ལ་སྡང་བར་སྟོན་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། དེ་ལྟར་ལུང་དང་རྗེས་སུ་ དཔག་པ་གཉིས་དོན་ཐ་དད་པ་མ་ཡིན་པས་གནས་མའི་བུའི་སྡེ་པ་དག་ན་རེ། །ལུང་ལས་ཉེ་བར་ལེན་པ་པོ་ལྷར་གྱུར་པ་སྔ་ན་གནས་པ་ཡོད་པ་ལྷར་འགྱུར་བའི་ལས་ཡོངས་སུ་ཟད་པས་མི་ལ་སོགས་པའི་ཕུང་པོ་ཉེ་བར་བླང་བའི་ཉེ་བར་ལེན་པ་པོ་ཉིད་དུ་འགྱུར་བ་གྲགས་པས་རྗེས་སུ་དཔག་པས་ཉེ་བར་ལེན་པ་པོ་མེད་པ་ཉིད་དུ་བསྟན་ པ་ཁོ་བོ་ཅག་མི་འདོད་དེ། ལོང་བ་རྐང་པའི་ཚོད་དཔག་གིས། །ཉམ་ངའི་ལམ་དུ་རྒྱུག་པ་ལྟར། །རྗེས་སུ་དཔག་པ་གཙོར་འཛིན་པ། །རྣམ་པར་ལྟུང་བ་མི་དཀའ་འོ། །ཞེས་བྱ་བ་ལྟ་བུར་འགྱུར་རོ་ཞེས་ཟེར་བ་དེ་ནི་རྗེས་སུ་དཔག་པ་ལ་སྡང་བར་སྟོན་པའི་ཚིག་ཙམ་དུ་ཟད་ཀྱི། དེས་རྗེས་སུ་དཔག་པ་སུན་འབྱིན་པ་ནི་མ་ཡིན་ནོ་ཞེས་ བྱ་བའི་ཐ་ཚིག་གོ། །ཡང་གཞན་ཡང་ཁྱོད་འདོད་པ་ལྟར། །ལྟ་ལ་སོགས་པ་མེད་པར་ཡང་། །གལ་ཏེ་དེ་ནི་གནས་གྱུར་ན། །དེ་མེད་པར་ཡང་དེ་དག་ནི། །ཡོད་པར་འགྱུར་བར་ཐེ་ཚོམ་མེད། །ལྟ་བ་ལ་སོགས་པ་དག་སྟེ། ལྟ་བ་ལ་སོགས་པ་དག་ཉེ་བར་ལེན་པ་པོ་ལ་མི་ལྟོས་པ་ཉེ་བར་བླང་བ་ཉིད་དུ་སྒྲུབ་པའི་ཕྱིར་རོ་ཞེས་བྱ་བར་ དགོངས་སོ་ཞེས་བྱ་བས་ནི་སྔར་དབུ་མ་པས། ལྟ་དང་ཉན་ལ་སོགས་པ་དང་། །ཚོར་བ་ལ་སོགས་ཉིད་ཀྱི་ནི། །སྔ་རོལ་དངོས་པོ་གང་གནས་པ། །དེ་ནི་གང་གིས་གདགས་པར་བྱ། །ཞེས་བཤད་པས་བརྒལ་ཞིང་བརྟག་པར་བྱས་པ་ཡང་ཕ་རོལ་པོས་དེའི་གལ་མི་བཟོད་པས་སྐབས་འདིར་གལ་ཏེ་འདི་སྐད་ཅེས་དངོས་པོ་ དེ་ནི་ལྟ་བ་ལ་སོགས་པ་དག་མེད་པ་ཡང་རང་ཉིད་ཀྱིས་རབ་ཏུ་གྲུབ་པར་ཡོད་དོ་ཞེས་ཟེར་ན། དེའི་ལན་དུ་ཚིག་ལེའུར་བྱས་པ་འདི་བཤད་དོ་ཞེས་བྱ་བར་སྦྱར་ཏེ། ལྟ་བ་ལ་སོགས་པ་དག་མེད་པར་ཡང་གལ་ཏེ་དངོས་པོ་དེ་རང་ཉིད་ཀྱིས་རབ་ཏུ་གྲུབ་ཅིང་གནས་པ་ཡོད་དོ་ཞེས་བརྗོད་ན། དངོས་པོ་དེ་མེད་པར་ཡང་ལྟ་ བ་ལ་སོགས་པ་དེ་དག་རང་ཉིད་ཀྱིས་རབ་ཏུ་གྲུབ་ཅིང་གནས་པ་ཡོད་པར་འགྱུར་བར་ཐེ་ཚོམ་མེད་དེ། ཁྱོད་ལྟ་བ་ལ་སོགས་པ་དག་མེད་པར་ཡང་དངོས་པོ་དེ་སྔ་ན་གནས་པ་ཡོད་པར་འདོད་པས། དེ་ལྟ་ན་དངོས་པོ་དེ་སྔ་ན་གནས་པ་མེད་པར་ལྟ་བ་ལ་སོགས་པ་དེ་དག་ཡོད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་དགོངས་ སོ་དེ་དག་གཅིག་མེད་པར་གཅིག་འབྱུང་ན་ནི་འདི་ལྟ་སྟེ་ལྟ་བ་ལ་སོགས་པ་ཉེ་བར་བླང་བའི་ཆོས་འདི་དག་ནི་ཉེ་བར་ལེན་པ་པོ་ལྷས་བྱིན་ཞེས་བྱ་བ་འདིའོ། །ཉེ་བར་ལེན་པ་པོ་ལྷས་བྱིན་ཞེས་བྱ་བ་འདི་ཡང་ཉེ་བར་བླང་བ་འདི་དག་གིའོ་ཞེས་བྱ་བའི་རིམ་པ་དེ་མི་སྲིད་པར་འགྱུར་བ་ཞིག་ན། རིམ་པ་དེ་ནི་གདོན་མི་ཟ་བ་ཁོ་ནར་ འདོད་པར་བྱ་དགོས་སོ་ཞེས་བྱ་བས་ནི་དེ་གཉིས་གཅིག་ལ་གཅིག་ལྟོས་ཏེ་གདགས་པ་ཡིན་པས་ཐ་སྙད་པ་ཡིན་གྱི་དོན་དམ་པ་པ་མ་ཡིན་པར་བསྟན་ཏོ། །ཅིའི་ཕྱིར་ལྟོས་ཏེ་གདགས་པའི་རིམ་པ་དེ་ཁས་བླང་བར་བྱ་བ་བསྟན་པའི་ཕྱིར། ཅིའི་ཕྱིར་ཞེ་ན། འདི་ལྟར། ཅི་ཡིས་གང་ཞིག་གསལ་བར་བྱེད། །གང་གིས་ཅི་ཞིག་གསལ་བར་བྱེད། ། ཅེས་བྱ་བ་ལ་སོགས་པའི་ཕྱིར་ཏེ་ཞེས་བྱ་བ་སྨྲས་སོ། །དེ་དག་གི་ཚིག་གི་དོན་བསྟན་པའི་ཕྱིར་ཅི་ཡིས་ཞེས་བྱ་བ་ནི་ལྟ་བ་ལ་སོགས་པ་དག་ལ་གང་ཡང་རུང་བས་སོ། །གང་ཞིག་ཅེས་བྱ་བ་ནི་ལྟ་བ་པོ་དང་ཉན་པ་པོ་ལ་སོགས་པའོ། །གསལ་བར་བྱེད་ཅེས་བྱ་བ་ནི་མངོན་པར་བྱེད་པའོ། །གང་གིས་ཞེས་བྱ་བ་ནི་ལྟ་བ་པོ་དང་ཉན་པ་པོ་ལ་ སོགས་པས་སོ། །ཅི་ཞིག་ཅེས་བྱ་བ་ནི། ལྟ་བ་ལ་སོགས་པ་དག་ལས་གང་ཡང་རུང་བའོ། །གསལ་བར་བྱེད་ཅེས་བྱ་བ་ནི་ལྟ་བ་པོ་དང་ཉན་པ་པོ་ལ་སོགས་པ་འདིའི་ལྟ་བ་དང་ཉན་པ་ལ་སོགས་པ་ནི་འདིའོ་ཞེས་མངོན་པར་བྱེད་པའོ་ཞེས་བྱ་བ་སྨྲས་ཏེ། དེ་དག་གིས་ནི་དེ་དག་གཅིག་ལ་གཅིག་ལྟོས་ཏེ་གདགས་པ་ བསྟན་ཏོ། །དེ་ལྟར་གཅིག་ལ་གཅིག་ལྟོས་པས་ཉེ་བར་བླང་བ་དང་ལེན་པ་པོ་དག་ཐ་སྙད་པར་གྲུབ་པ་ཡིན་གྱི་དོན་དམ་པ་པ་ནི་མ་ཡིན་ནོ་ཞེས་བྱ་བས་ནི་དེ་དག་ཀུན་རྫོབ་ཏུ་ཐ་སྙད་གདགས་པ་ཙམ་དུ་ཟད་ཀྱི་དོན་དམ་པར་ཡོད་པ་མ་ཡིན་པར་བསྟན་ཏོ། །གལ་ཏེ་ལྟོས་པ་ཅན་ཡིན་ཡང་ལྟོས་པ་ངེས་ པས་དོན་དམ་པ་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་དེ་ལྟར་ཁྱེད་དབུ་མ་པས་ལྟོས་པ་ཅན་ཡིན་པར་ཁས་བླངས་པས། དེས་ན་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་ཕན་ཚུན་ལྟོས་པ་ངེས་པས་གྲུབ་པ་དེ་ཉིད་དོན་དམ་པར་ཡང་ཡོད་པ་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེའི་ལན་དུ་ ལྟོས་པ་ངེས་པ་མི་སྲིད་པར་བསྟན་པའི་ཕྱིར་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། གང་ལ་ལྟོས་ནས་ཉེ་བར་བླང་བ་འགྲུབ་པར་འགྱུར་བའི་དངོས་པོ་ཉེ་བར་བླང་བ་ལ་མི་ལྟོས་པར་སྔ་ནས་ཉེ་བར་ལེན་པ་པོ་ཉིད་དུ་གྲུབ་པ་ཅུང་ཟད་ཀྱང་མེད་ལ། གང་ལ་ལྟོས་ནས་ཉེ་བར་ལེན་པ་པོ་འགྲུབ་པར་འགྱུར་བའི་ ཉེ་བར་བླང་བ་ཡང་ཉེ་བར་ལེན་པ་པོ་ལ་མི་ལྟོས་པར་སྔ་ནས་ཉེ་བར་བླང་བའི་བདག་ཉིད་དུ་གྲུབ་པ་མེད་དེ། དེ་མེད་ན་གང་ལ་ལྟོས་ནས་ཉེ་བར་བླང་བར་འགྱུར་བའི་ཉེ་བར་བླང་བ་ནི་ནམ་ཡང་། དེ་ལ་ལྟོས་ནས་ཉེ་བར་བླང་བར་མི་འགྱུར་ཞིང་ཉེ་བར་བླང་བ་མ་ཡིན་པ་གང་ལ་ལྟོས་ནས་ཉེ་བར་ལེན་པ་པོ་འགྱུར་ བའི་ཉེ་བར་ལེན་པ་པོ་ཡང་ནམ་ཡང་དེ་ལ་ལྟོས་ནས་ཉེ་བར་ལེན་པ་པོ་མ་ཡིན་པ་ལྟོས་པས་ངེས་པ་ཡང་སྲིད་པར་དཀའོ་ཞེས་བྱ་བ་སྨྲས་ཏེ། ལྟོས་པ་ངེས་པ་ཞེས་བྱ་བ་ནི་ཉེ་བར་ལེན་པ་པོ་ལ་མ་ལྟོས་པའི་སྔ་རོལ་ན། ཉེ་བར་བླང་བ་ཞེས་བྱ་བ་རང་ཉིད་ཀྱིས་གྲུབ་པ་དང་། ཉེ་བར་བླང་བ་ལ་མ་ལྟོས་པའི་ སྔ་རོལ་ན་ཉེ་བར་ལེན་པ་པོ་ཞེས་བྱ་བ་རང་ཉིད་ཀྱིས་གྲུབ་པ་དུས་གཅིག་ན་བ་ལང་གི་རྭ་བཞིན་དུ་ཡོད་པ་ལ་བྱ་གྲང་ན། འདིར་ཉེ་བར་བླང་བ་དང་ཉེ་བར་ལེན་པ་པོ་དག་ནི་གཅིག་གི་སྔ་རོལ་ན་གཅིག་མེད་པས་ངོ་བོ་ཉིད་ཀྱིས་གྲུབ་པས་མེད་པའི་ཕྱིར་ཐ་སྙད་པ་ཡིན་གྱི་དོན་དམ་པ་པ་མ་ཡིན་ནོ། ། དེ་ཉིད་བསྟན་པའི་ཕྱིར། ཅི་མེད་གང་ཞིག་ག་ལ་ཡོད། །གང་མེད་ཅི་ཞིག་ག་ལ་ཡོད། །ཉེ་བར་བླང་བ་ཅི་ཞིག་པོ། །མེད་ན་ཉེ་བར་ལེན་པ་པོ། །གང་ཞིག་ཡོད་པོ་ག་ལ་ཡོད། །ཉེ་བར་ལེན་པ་པོ་གང་ཞིག་པོ་མེད་ན་ཉེ་བར་བླང་བ་ཅི་ཞིག་པོ་ཡང་ག་ལ་ཡོད་དེ། དེ་ལྟར་དེ་མེད་པའི་ཕྱིར་གཏན་ཚིགས་ཀྱི་ སྐྱོན་དེ་ཉིད་མ་ཉམས་སོ་ཞེས་བྱ་བ་སྨྲས་ཏེ། ཉེ་བར་བླང་བ་སྔ་མ་མེད་ན་གང་ལ་ལྟོས་ནས་ཉེ་བར་ལེན་པ་པོར་འགྱུར། ཉེ་བར་ལེན་པ་པོ་སྔ་ན་མེད་ན་ཡང་གང་ལ་ལྟོས་ནས་ཉེ་བར་བླང་བར་འགྱུར་ཏེ། ལྟོས་པ་དེ་མེད་པའི་ཕྱིར་སྔར་གནས་མའི་བུའི་སྡེ་པ་དག་གི་ཉེ་བར་ལེན་པ་པོ་དེ་ལྟ་བ་ལ་སོགས་པའི་སྔ་རོལ་ ན་གནས་པ་ཡོད་དེ། ཉེ་བར་ལེན་པ་པོ་ཡིན་པའི་ཕྱིར་དཔེར་ན་སབ་མ་མཁན་རྩི་རྐྱང་ལ་སོགས་པ་དག་གི་སྔ་རོལ་ན་གནས་པ་ཡོད་པ་བཞིན་ནོ་ཞེས་བྱ་བ་དང་། ཡང་ན་ལྟ་བ་དང་ཉན་པ་ལ་སོགས་པ་ཉེ་བར་བླང་བ་དག་ནི་ཉེ་བར་ལེན་པ་པོ་སྔ་ན་གནས་པ་དང་ལྡན་པར་ཤེས་པར་བྱ་སྟེ། ཉེ་བར་བླང་བ་ཡིན་པའི་ ཕྱིར་དཔེར་ན་རྩི་རྐྱང་ལ་སོགས་པ་བཞིན་ནོ་ཞེས་རྗེས་སུ་དཔག་པ་རྣམ་གཉིས་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པར་བསྟན་པའི་སྐྱོན་དེ་ཉིད་མ་ཉམས་པར་སོ་ན་གནས་སོ། །ཡང་གནས་མའི་བུའི་སྡེ་པ་དག་ཕྱིར་གློག་པར་བྱེད་དེ་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོ་དག་ལྟ་བ་ལ་སོགས་པ་ཅི་ཞིག་ པོ་ཐམས་ཅད་ཀྱི་སྔ་རོལ་ན་དངོས་པོ་གང་ཞིག་པོ་ཡོད་པར་མི་འདོད་ཀྱི། ལྟ་བ་ལ་སོགས་པ་ཉེ་བར་བླང་བ་རེ་རེའི་སྔ་རོལ་ན་དངོས་པོ་ཉེ་བར་ལེན་པ་པོ་དེ་ཡོད་ཅིང་། ལྟ་བ་ལ་སོགས་པ་གཞན་དང་གཞན་གྱི་དུས་གཞན་དང་གཞན་གྱི་ཚེ་ན་གསལ་བར་བྱེད་དོ་ཞེས་ཟེར་བའི་གཞུང་སྟོན་ཏོ། །དེའི་ཕྱིར་དེ་དག་ ན་རེ། ཁྱོད་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་གང་ཞིག་གནས་པ་ཡོད་དོ་ཞེས་རྣམ་པར་བརྟགས་ནས་རང་གི་རྣམ་པར་རྟོག་པའི་རང་བཟོས་ཉེ་བར་སྦྱར་བའི་ཚིག་གི་དོན་ལ་སྐྱོན་འདོགས་པ་དེས་ཅི་བྱ་ཞེས་ཟེར་ཏེ། གལ་ཏེ་ཁོ་བོ་ཅག་གི་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་གང་ཟག་དེ་ ཡོད་པར་ཁས་བླངས་ན་ནི་དེའི་ཚེ་ཁྱོད་ཀྱིས་ཉེ་བར་བླང་བ་མེད་པར་ཉེ་བར་ལེན་པ་པོ་སྔ་ན་གནས་པ་པོ་ཡོད་པར་མི་འཐད་ལ། ཉེ་བར་ལེན་པ་པོ་མེད་པར་ཡང་ཉེ་བར་བླང་བ་ཡོད་པར་མི་འཐད་དོ་ཞེས་སྨྲ་བར་རིགས་ན། ཁོ་བོ་ཅག་དེ་སྐད་མི་ཟེར་བ་ལ་ཁྱོད་དེ་སྐད་སྨྲ་བར་མི་རིགས་སོ་ཞེས་བྱ་བའི་ཐ་ ཚིག་གོ། །འོ་ན་ཅི་ལྟར་འདོད་ཅེ་ན། དེའི་ཕྱིར་ཁོ་བོ་ཅག་ནི། ལྟ་ལ་སོགས་པ་ཐམས་ཅད་ཀྱི། །སྔ་རོལ་གང་ཞིག་ཡོད་པ་མིན། །ཞེས་སྨྲའོ་ཞེས་བྱ་བ་སྨྲས་ཏེ། ལྟ་བ་ལ་སོགས་པ་རེ་རེའི་སྔ་རོལ་ན་དེ་ཡོད་པར་འདོད་དོ། །དེ་ཉིད་བསྟན་པའི་ཕྱིར་འོ་ན་ཅི་ལྟ་བུ་ཞེ་ན། ལྟ་ བ་ལ་སོགས་པ་རེ་རེའི་སྔ་རོལ་ན་ཡོད་དེ། ལྟ་བ་ལ་སོགས་པ་གཞན་དག་གིས། གཞན་གྱི་ཚེ་ན་གསལ་བར་བྱེད་དེ། ལྟ་བ་དང་ཉན་པ་དང་སྣོམ་པ་དང་མྱོང་བར་བྱེད་པ་དང་ལུས་དང་ཚོར་བ་ལ་སོགས་པ་དག་ལས་ལྟ་བའམ་ཉན་པའམ་སྣོམ་པ་ལ་སོགས་པ་གཞན་དག་གིས་གཞན་གྱི་ཚེ་ན་འདི་ནི་ལྟ་ བ་པོའོ། །འདི་ནི་ཉན་པ་པོའོ་འདི་སྣོམ་པ་པོའོ་ཞེས་བྱ་བ་ལ་སོགས་པ་གསལ་བར་བྱེད་དོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཚེ་གང་ཟག་དེ་ལྟ་བ་དང་ལྡན་པ་དེའི་ཚེ་ན་ལྟ་བ་པོ་ཞེས་བྱ་ཞིང་། ལྟ་བ་ཡང་དེའི་ཉེ་བར་བླང་བ་ཞེས་བྱ་བ་ལ། དེའི་ཚེ་ན་གང་ཟག་དེ་ཉན་པ་ལ་སོགས་པ་ལྷག་མ་གཞན་དག་གི་སྔ་རོལ་ན་ གནས་པ་ཡང་ཡིན་པས། དེས་ཕྱིས་ཉན་པ་ལ་སོགས་པ་དག་ཉེ་བར་ལེན་པར་ཡང་བྱེད་དོ། །དེ་བཞིན་དུ་གང་གི་ཚེ་གང་ཟག་དེ་ཉན་པ་དང་ལྡན་པ་དེའི་ཚེ་ན་ཉན་པ་པོ་ཞེས་བྱ་ཞིང་ཉན་པ་ཡང་དེའི་ཉེ་བར་བླང་བ་ཞེས་བྱ་ལ། དེའི་ཚེ་ན་གང་ཟག་དེ་ལྟ་བ་ལ་སོགས་པ་ལྷག་མ་གཞན་དག་གི་སྔ་རོལ་ན་གནས་པ་ གང་ཡིན་པས། དེས་ཕྱིས་ལྟ་བ་ལ་སོགས་པ་དག་ཉེ་བར་ལེན་པར་ཡང་བྱེད་དོ། །ལྷག་མ་རྣམས་ལ་ཡང་ཚུལ་དེ་བཞིན་དུ་ཅི་རིགས་པར་སྦྱར་ཏེ། ལྟ་བ་ལ་སོགས་པ་རེ་རེའི་སྔ་རོལ་ན་གང་ཟག་གནས་པ་དེ་ལྟ་བ་ལ་སོགས་པ་གཞན་དང་གཞན་གྱིས་དུས་གཞན་གྱི་ཚེ་ན་འདི་ལྟ་བ་པོ་ཉན་པ་པོ་དང་། ཚོར་བ་པོ་ཞེས་ གསལ་བར་བྱེད་པས། དེ་ནི་ལྟ་བ་ལ་སོགས་པ་དག་གི་སྔ་རོལ་ན་མེད་པ་ཡང་མ་ཡིན་ལ་གསལ་བར་བྱེད་པ་མེད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ལྟ་བའམ་ཉན་པ་ལ་སོགས་པ་དག་གི་སྔ་རོལ་ན་གནས་པ་དེ་དེ་ལས་གཞན་པའི་ཉེ་བར་བླང་བ་ལ་ལྟོས་པས་ཉེ་བར་ལེན་པ་པོ་ཉིད་དུ་འགྲུབ་པའི་ཕྱིར་གཏན་ ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མེད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། རེ་ཞིག་དེ་ནི་ཕྱོགས་སྔ་མ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། ལྟ་ལ་སོགས་པ་ཐམས་ཅད་ཀྱི། །སྔ་རོལ་གལ་ཏེ་ཡོད་མིན་ན། །ལྟ་ལ་སོགས་པ་རེ་རེ་ཡི། །སྔ་རོལ་དེ་ནི་ཅི་ལྟར་ ཡོད། །གང་གི་ཕྱིར་དེ་ལྟ་བའམ་ཉན་པ་ལ་སོགས་པ་དག་གི་སྔ་རོལ་ན་ཡོད་པར་འདོད་ན་དེ་ལ་མི་ལྟོས་པའི་ཉེ་བར་བླང་བ་དེ་ཡང་ཉེ་བར་བླང་བ་ཉིད་དུ་མི་འགྲུབ་ལ། དེ་ལ་མ་ལྟོས་པའི་ཉེ་བར་ལེན་པ་པོ་དེ་ཡང་ཉེ་བར་ལེན་པ་པོ་ཉིད་དུ་མི་འགྲུབ་པོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ ཏེ། གང་གི་ཚེ་དེ་ལྟ་བ་དང་ལྡན་པ་དེའི་ཚེ་ན་ཉན་པ་ལ་སོགས་པ་ལྷག་མ་རྣམས་ཀྱི་ཉེ་བར་ལེན་པ་པོ་ཡང་མ་ཡིན་ལ། ཉན་པ་ལ་སོགས་པ་ལྷག་མ་རྣམས་ཀྱང་དེའི་ཉེ་བར་བླང་བ་མ་ཡིན་པས་དེའི་ཕྱིར་ཉེ་བར་བླང་བ་དག་གི་སྔ་རོལ་ན་ཉེ་བར་ལེན་པ་པོ་མེད་དོ། །ལྷག་མ་རྣམས་ལ་ཡང་ དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །དེ་ལྟ་བས་ན་རྗེས་སུ་དཔག་པ་ལས་ཉེ་བར་བླང་བ་རེ་རེའི་སྔ་རོལ་ན་ཡང་ཉེ་བར་ལེན་པ་པོ་ཡོད་པར་སྔ་མ་བཞིན་དུ་མི་འགྲུབ་པོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ནོ།། །།བམ་པོ་བཞི་བཅུ་ལྔ་པ། ཡང་གཞན་ཡང་འདི་ལ་ཉེ་བར་ལེན་པ་པོ་ཡོད་པར་ སྨྲ་བ་རྣམས་ལྟ་བ་པོ་གང་ཁོ་ན་ཡིན་པ་དེ་ཉིད་ཉན་པ་པོ་དང་ཚོར་བ་པོ་ཡང་ཡིན་ནོ་ཞེའམ། གཞན་ཡིན་ནོ་ཞེས་ཁས་ལེན་པར་འགྱུར་གྲང་ན་ཞེས་བྱ་བ་ལ་སོགས་པས་ནི་གལ་ཏེ་གཉིས་སུ་བརྟག་པ་གཉི་གར་ཡང་མི་འཐད་པར་སྟོན་ཏོ། །དེ་ལ་བརྟག་པ་དང་པོ་མི་འཐད་པར་བསྟན་པའི་ཕྱིར། གལ་ ཏེ་རེ་རེའི་སྔ་རོལ་ན། །ལྟ་པོ་དེ་ཉིད་ཉན་པོ་དེ། །ཚོར་བ་པོ་ཡང་དེ་ཉིད་འགྱུར། །ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ལྟ་བ་ལ་སོགས་པ་རེ་རེའི་སྔ་རོལ་ན་ཉེ་བར་ལེན་པ་པོ་གཅིག་པུ་ཞིག་ཡོད་པར་གྱུར་ན་གང་གི་ཚེ་དེ་ལྟ་བ་དང་ལྡན་པ་དེའི་ཚེ་ན་ནི་ལྟ་བ་པོ་ཞེས་བྱ། གང་གི་ཚེ་དེ་ཉན་པ་དང་ལྡན་པ་དེའི་ ཚེ་ན་ཡང་ཉན་པ་པོ་ཞེས་བྱ། གང་གི་ཚེ་དེ་ཚོར་བ་དང་ལྡན་པ་དེའི་ཚེ་ན་ཡང་ཚོར་བ་པོ་ཞེས་བྱ་ཞིང་། ཡུལ་རེ་རེ་འཛིན་པའི་དུས་ན་དབང་པོ་གང་དང་གང་ནས་སྦྱོར་བར་བྱེད་པ་དེ་དང་དེ་ཉེ་བར་ལེན་པས་དེའི་ཕྱིར་ལྟ་བ་པོ་གང་ཁོ་ན་ཡིན་པ་དེ་ཉིད་ཉན་པ་པོ་དང་ཚོར་བ་པོ་ཡང་ཡིན་ནོ་ཞེས་ཟེར་རོ། ། དེ་ཉིད་ཀྱི་ཚུལ་བསྟན་པའི་ཕྱིར་ཅི་ལྟར་མུ་སྟེགས་ཅན་དག་ན་རེ་དེའི་ལྟ་བ་པོ་དེའི་ལུས་དང་དབང་པོའི་གནས་རྩྭ་དང་འཇིམ་པ་ལྟ་བུ་དག་ནི་འཕེལ་བ་དང་འགྲིབ་པའི་ཆོས་ཅན་ཡིན་ནོ་ཞེས་ཟེར་བ་ལྟར་འདོད་ན་ཞེས་བྱ་བ་སྨྲས་ཏེ། དེ་ནི་མུ་སྟེགས་ཅན་དག་ན་རེ་བདག་ནི་བརྟག་པ་ གཅིག་པུ་ཁྱབ་པ་ཡིན་ལ། དེའི་ལུས་དང་དབང་པོའི་གནས་ཤེས་པ་མེད་པ་རྩྭ་དང་འཇིམ་པ་ལྟ་བུ་དག་ནི་འཕེལ་བ་དང་འགྲིབ་པའི་ཆོས་ཅན་ཡིན་ཏེ། འགྲོ་བ་ནི་འགྲོ་བ་གཞན་དུ་འཕོ་བའི་དུས་ན་ལུས་དང་དབང་པོ་རྣམས་ནི་ཁ་ཅིག་ནི་སྐྱེ་ཁ་ཅིག་ནི་འཇིག་གང་ ཟག་ནི་བདག་གི་དངོས་པོ་ཡིན་པས་དང་པོ་སྐྱེ་བ་ཡང་མེད་ལ། ཐ་མ་འཇིག་པ་ཡང་མེད་དོ་ཞེས་ཟེར་བ་ལྟ་བུར་ཁྱེད་གནས་མའི་བུའི་སྡེ་པ་པ་དག་ཀྱང་དེ་ལྟར་འདོད་མོད་ཅེས་ཕ་རོལ་པོས་གཞུང་བསྣན་པ་ཡིན་ནོ། །དེ་མི་འཐད་པར་བསྟན་པའི་ཕྱིར་དེ་ཡང་རྣམ་པ་དེ་ལྟ་བུར་མ་གྲགས་ པས་ད་ནི་དེ་ལྟར་མི་རིགས་སོ་ཞེས་བྱ་བ་སྨྲས་ཏེ། མུ་སྟེགས་ཅན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཞེས་བྱ་བར་དགོངས་སོ། །ཡང་ན། གལ་ཏེ་རེ་རེའི་སྔ་རོལ་ན། །ལྟ་པོ་དེ་ཉིད་ཉན་པོ་དེ། །ཚོར་བ་པོ་ཡང་དེ་ཉིད་འགྱུར། །ཞེས་བྱ་བ་ལ་སོགས་པས་ནི་ལྟ་བ་པོ་གང་ཁོ་ན་ཡིན་ པ་དེ་ཉིད་ཉན་པ་པོ་དང་ཚོར་བ་པོ་ཡང་ཡིན་པར་རྟོག་པ་ལ། གང་གི་ཚེ་དེ་ལྟ་བ་དང་ལྡན་པ་དེའི་ཚེ་ན་ཉན་པ་ལ་སོགས་པ་དག་གི་སྔ་ན་ཡོད་པ་ཡིན་ལ། གང་གི་ཚེ་དེ་ཉན་པ་དང་ལྡན་པ་དེའི་ཚེ་ན་ལྟ་བ་ལ་སོགས་པ་དག་ནི་སྔ་རོལ་ན་ཡོད་པ་ཡིན་ཞིང་། ལྷག་མ་རྣམས་ལ་ཡང་དེ་ བཞིན་པས་སྔ་ན་ཡོད་དོ་ཞེས་ཐ་སྙད་གདགས་སུ་རུང་བ་ཡང་དེ་ཉིད་ལྟ་བ་པོ་ཡང་ཡིན་ཉན་པ་པོ་དང་ཚོར་བ་པོ་ཡང་ཡིན་ནོ་ཞེས་བྱར་མི་རུང་བར་སྟོན་ཏོ། །ཅི་ལྟར་མི་རུང་ཞེ་ན། དེའི་ཕྱིར་གཅིག་པུ་རྫས་སུ་ཡོད་དུ་ཟིན་ཀྱང་སྐད་ཅིག་ལས་ལྷག་པར་མི་གནས་པའི་ཕྱིར་ཐ་སྙད་དུ་ཡང་ལྟ་བ་པོ་ དང་ཉན་པ་པོ་དང་ཚོར་བ་པོ་ཉིད་ཡིན་པར་མི་སྲིད་དེ། གཅིག་པུ་འཐད་པ་མེད་པ་རེ་རེའི་སྔ་རོལ་ན་ཡོད་པར་ག་ལ་རིགས་ཏེ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་གང་ཟག་དེ་གཅིག་པུ་རྟག་པ་ཞིག་ཡིན་ན་ནི་དེ་ཉིད་ལྟ་བ་པོ་དང་ཉན་པ་པོ་དང་ཚོར་བ་པོ་ཡང་ཡིན་ནོ་ཞེས་བྱར་རུང་གྲང་ན། འུ་བུ་ཅག་སངས་རྒྱས་པ་ཆོས་ཐམས་ཅད་སྐད་ཅིག་མར་སྨྲ་བ་ལ་གང་ཟག་དེ་རྟག་པར་མ་གྲུབ་པས་དེ་སྐད་བྱར་མི་རུང་ངོ་། །དེ་ཉིད་བརྣན་པའི་ཕྱིར། དེའི་ཕྱིར་དེ་ནི་དེ་ལྟར་མི་རིགས་སོ་ཞེས་གསུངས་སོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཅི་ཞིག་ཅེ་ན་ཞེས་བྱ་བ་ནི་དེ་ནི་དེ་ ལྟར་མི་རིགས་སོ་ཞེས་བྱ་བ་དེ་ཅི་ཞིག་དེ་ལྟར་མི་རིགས་ཞེས་འདྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ། དེ་གཅིག་ཉིད་དུ་སྟེ་ཞེས་བྱ་བ་སྨྲས་ཏེ། བདག་དེ་གཅིག་ཉིད་དུ་མི་རིགས་སོ། །ཅིའི་ཕྱིར་མི་རིགས་ཤེ་ན། དེའི་ཕྱིར་དམ་བཅས་པའི་སྐྱོན་གྱིས་སྐྱོན་ཆགས་པའི་ཕྱིར་རོ་ཞེས་བྱ་ བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། ཁྱེད་ཀྱིས། ལྟ་བ་པོ་ཡང་དེ་ཉིད་ཡིན། །ཉན་པ་པོ་དང་ཚོར་བ་པོ་ཡང་དེ་ཉིད་ཡིན་ནོ་ཞེས་དམ་བཅས་པའི་སྐྱོན་གྱིས་ན་ལྟ་བ་དང་ཉན་པ་ལ་སོགས་པ་མཚན་ཉིད་མི་འདྲ་བ་དང་། གནས་སྐབས་ཐ་དད་པས་དེ་དག་གཅིག་པ་ཉིད་དུ་མི་འགྲུབ་པའི་སྐྱོན་ ཆགས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །གཅིག་པ་ཉིད་མ་ཡིན་པར་བསྒྲུབ་པའི་ཚད་མ་བསྟན་པའི་ཕྱིར་དོན་དམ་པར་ཉན་པ་པོ་ནི་ལྟ་བ་པོ་ལས་གཞན་མ་ཡིན་པ་མ་ཡིན་ཏེ། ཉན་པ་པོ་ཡིན་པའི་ཕྱིར་དཔེར་ན་རྒྱུད་ཐ་དད་པའི་ཉན་པ་པོ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མཆོད་སྦྱིན་གྱི་རྒྱུད་ཀྱི་ཉན་པ་པོ་ནི་ཉན་པ་པོ་ཡིན་པའི་ཕྱིར་ལྷས་བྱིན་གྱི་རྒྱུད་ཀྱི་ལྟ་བ་པོ་ལས་གཞན་ཡིན་པ་དེ་བཞིན་དུ་ལྷས་བྱིན་གྱི་རྒྱུད་ཀྱི་ཉན་པ་པོ་ཡང་ཉན་པ་པོ་ཡིན་པའི་ ཕྱིར་ལྷས་བྱིན་གྱི་རྒྱུད་ཀྱི་ལྟ་བ་པོ་ལས་གཞན་ཡིན་ནོ། །ཉན་པ་པོ་ཉིད་ལ་སོགས་པ་གཞན་ཉིད་དུ་རྗེས་སུ་དཔོག་པས་གཞན་མ་ཡིན་པ་ཉིད་བསལ་བའི་ཕྱིར་དམ་བཅས་པ་ལ་ཆོས་ཅན་གྱི་རང་གི་ངོ་བོ་བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བ་ནི་སྔ་མ་བརྣན་པའི་ཚིག་ཡིན་ཏེ། ཕ་རོལ་པོ་དག་ཉེ་བར་ལེན་པ་ པོ་དེ་ལྟ་བ་ལ་སོགས་པ་རེ་རེའི་སྔ་རོལ་ན་ཡོད་པར་འདོད་པ་ནི་ལྟ་བ་དང་ཉན་པ་ལ་སོགས་པ་མཚན་ཉིད་མི་འདྲ་བ་དང་གནས་སྐབས་ཐ་དད་པས་དེ་ནི་དོན་གྱིས་ན་ཉན་པ་པོ་ཉིད་ལ་སོགས་པ་གཞན་ཉིད་དུ་རྗེས་སུ་དཔོག་པ་ཡིན་པས་དེས་ལྟ་བ་པོ་དང་ཉན་པ་པོ་དང་། ཚོར་བ་པོ་དག་ གཞན་མ་ཡིན་ཞིང་གཅིག་པ་ཉིད་དུ་འདོད་པ་བསལ་བའི་ཕྱིར་ཕ་རོལ་པོ་དག་གི་དམ་བཅས་པ་དེ་ལ་ཆོས་ཅན་ཉེ་བར་ལེན་པ་པོ་དེའི་རང་གི་ངོ་བོ་གཅིག་པ་ཉིད་བསལ་ཞིང་ཐ་དད་པར་གྱུར་པའི་སྐྱོན་ཡོད་པས་ལྟ་བ་པོ་གང་ཁོ་ན་ཡིན་པ་དེ་ཉིད་ཉན་པ་པོ་དང་། ཚོར་བ་པོ་ཡང་ཡིན་ནོ་ཞེས་བྱ་ བར་རྟོག་པ་དེ་མི་འཐད་དོ། །ད་ནི་གཅིག་པ་ཉིད་དུ་རྗེས་སུ་དཔོག་པ་ལ་ལྟ་བ་པོ་ཡང་མིག་ལ་མི་ལྟོས་པའི་སྐྱོན་ཡོད་པར་བསྟན་པའི་ཕྱིར་ལྟ་བ་པོ་ཡང་གཟུགས་དམིགས་པར་བྱ་བའི་ཕྱིར་མིག་ལ་ལྟོས་པར་མི་བྱེད་དེ། ཉན་པ་པོ་ལས་གཞན་མ་ཡིན་པའི་ཕྱིར་དཔེར་ན་ ཉན་པ་པོ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཉན་པ་པོ་ནི་ཉན་པ་པོ་ལས་གཞན་མ་ཡིན་པའི་ཕྱིར་གཟུགས་དམིགས་པར་བྱ་བའི་ཕྱིར་མིག་ལ་ ལྟོས་པར་མི་བྱེད་པ་དེ་བཞིན་དུ་ལྟ་བ་པོ་དང་ཉན་པ་པོ་ལས་གཞན་མ་ཡིན་པའི་ཕྱིར་གཟུགས་དམིགས་པར་བྱ་བའི་ཕྱིར་མིག་ལ་ལྟོས་པར་མི་བྱེད་དོ། །ལྟ་བ་པོ་ཉན་པ་པོ་ལས་གཞན་མ་ཡིན་པ་ཉིད་དུ་རྗེས་སུ་དཔོག་པས་གཟུགས་དམིགས་པར་བྱ་བའི་ཕྱིར་མིག་ལ་ལྟོས་པར་མི་བྱེད་པ་ ཉིད་ཀྱིས་དེ་བསལ་བའི་ཕྱིར་དམ་བཅས་པ་ལ་ཆོས་ཅན་གྱི་ཁྱད་པར་བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བ་ཡང་སྔ་མ་བསྣན་པའི་ཚིག་ཡིན་ཏེ། ཕ་རོལ་པོ་དག་ལྟ་བ་པོ་དང་ཉན་པ་པོ་དང་ཚོར་བ་པོ་དག་གཅིག་པ་ཉིད་དུ་འདོད་པ་ནི་གཞན་མ་ཡིན་པ་ཉིད་དུ་རྗེས་སུ་དཔོག་པ་ཡིན་པས་དེས་ན་ ལྟ་བ་པོ་ཡང་ཉན་པ་པོ་ལས་གཞན་མ་ཡིན་པས། ཅི་ལྟར་ཉན་པ་པོ་གཟུགས་དམིགས་པར་བྱ་བའི་ཕྱིར་མིག་ལ་ལྟོས་པར་མི་བྱེད་པ་དེ་བཞིན་དུ་ལྟ་བ་པོ་ཡང་གཟུགས་དམིགས་པར་བྱ་བའི་ཕྱིར་མིག་ལ་ལྟོས་པར་མི་བྱེད་པ་ཉིད་ཀྱིས་མིག་ལ་ལྟོས་པ་དེ་བསལ་བའི་ཕྱིར་ཕ་རོལ་པོ་དག་ གིས་དམ་བཅས་པ་དེ་ལ། ཆོས་ཅན་ལྟ་བ་པོ་དེའི་ཁྱད་པར་གཟུགས་དམིགས་པར་བྱ་བའི་ཕྱིར་མིག་ལ་ལྟོས་པ་བསལ་ཞིང་མིག་ལ་མི་ལྟོས་པའི་སྐྱོན་ཡོད་པས་རྗེས་སུ་དཔག་པ་གཉིས་པ་དེའི་ཕྱིར་ཡང་ལྟ་བ་པོ་གང་ཁོ་ན་ཡིན་པ་དེ་ཉིད་ཉན་པ་པོ་དང་ཚོར་བ་པོ་ཡང་ཡིན་ནོ་ཞེས་བྱ་བར་རྟོག་ པ་དེ་མི་འཐད་དོ། །དེ་ནི་དེ་ལྟར་མི་རིགས་སོ་ཞེས་བྱ་བ་འདི་ལ་གཞན་དག་ནི་འདི་སྐད་ཅེས་གལ་ཏེ་དེ་ལྟ་བ་ལ་སོགས་པ་རེ་རེའི་སྔ་རོལ་ན་ཡོད་པར་འགྱུར་ན་དེ་ལྟ་ན་ལྟ་བ་པོ་ཡང་དེ་ཉིད་ཡིན་ལ། ཉན་པ་པོ་ཡང་དེ་ཉིད་ཡིན་ཚོར་བ་པོ་ཡང་དེ་ཉིད་ཡིན་པར་འགྱུར་ཏེ། དེ་དེ་ལྟར་མི་ རིགས་སོ། །ཅིའི་ཕྱིར་ཞེ་ན། སྐྱེས་བུ་སྐར་ཁུང་ཐ་དད་པར་འགྲོ་བ་བཞིན་དུ་བདག་དབང་པོ་གཞན་དུ་འགྲོ་བར་ཐལ་བར་འགྱུར་བའི་ཕྱིར་ཏེ། བདག་ནི་དབང་པོ་གཞན་གང་དུ་ཡང་འགྲོ་བར་མི་འདོད་དོ་ཞེས་ཟེར་རོ་ཞེས་བྱ་བ་ནི། གལ་ཏེ་རེ་རེའི་སྔ་རོལ་ན། །ལྟ་བ་པོ་དེ་ཉིད་ཉན་པོ་དེ། ། ཚོར་བ་པོ་ཡང་དེ་ཉིད་འགྱུར། །དེ་ནི་དེ་ལྟར་མི་རིགས་སོ། །ཞེས་བྱ་བའི་སྐབས་འདི་ལ་འགྲེལ་པ་བྱེད་པ་གནས་བརྟན་བུད་དྷ་པཱ་ལི་ཏ་ནི་དེ་སྐད་ཅེས་རྣམ་པར་བཤད་པ་བྱེད་དོ་ཞེས་བྱ་བར་སྦྱར་རོ། །ཁ་ཅིག་ན་རེ་དེ་ནི་ཐལ་བའི་སྐྱོན་དུ་འགྱུར་བར་མི་རིགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་འགྲེལ་ པ་བྱེད་པ་ཉིད་ཀྱིས་གནས་བརྟན་བུད་དྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་མི་རིགས་པར་སུན་འབྱིན་པ་སྟོན་ཏེ། སྐྱེས་བུ་སྐར་ཁུང་ཐ་དད་པར་འགྲོ་བ་བཞིན་དུ་བདག་དབང་པོ་གཞན་དུ་འགྲོ་བར་ཐལ་བར་འགྱུར་བའི་ཕྱིར་ཏེ་ཞེས་བྱ་བ་དེ་ཕ་རོལ་པོ་ལ་སྐྱོན་དེར་ཐལ་བར་མི་འགྱུར་རོ་ཞེས་སྟོན་ཏོ། ། ཅིའི་ཕྱིར་ཞེ་ན། ཕ་རོལ་པོ་དག་གི་གཞུང་ལས་མིག་ལ་སོགས་པ་བྱེད་པ་དེ་དང་དེ་ནས་སྐྱེས་པ་གཟུགས་ལ་སོགས་པ་དམིགས་པའི་བློ་དག་བདག་ཐམས་ཅད་དུ་སོང་བའི་ཕྱོགས་སུ་འདུ་བས་ལྟ་བ་པོ་ལ་སོགས་པ་དབང་པོ་གཞན་དུ་འགྲོ་བ་མེད་པར་ཡང་གྲུབ་པའི་ཕྱིར་སྐྱོན་དེར་ཐལ་བར་མི་ འགྱུར་ཏེ། གནས་མའི་བུའི་སྡེ་པ་དག་གི་གཞུང་ལས་མིག་ལ་སོགས་པ་དབང་པོ་གང་དང་གང་ནས་གཟུགས་དམིགས་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེས་པ་དེ་དང་དེ་དག་ཉེ་བར་ལེན་པ་པོའི་བདག་ཐམས་ཅད་དུ་སོང་བ་སྔ་ན་གནས་པའི་ཕྱོགས་སུ་འདུ་ཞིང་དེས་ཡུལ་ཉམས་ སུ་མྱོང་བར་འདོད་པས། ལྟ་བ་པོ་ལ་སོགས་པ་དབང་པོ་གཞན་དུ་འགྲོ་བ་མེད་པར་ཡང་འགྲུབ་པའི་ཕྱིར་གནས་བརྟན་བུད་དྷ་པཱ་ལི་ཏས་སྐྱེས་བུ་སྐར་ཁུང་ཐ་དད་པར་འགྲོ་བ་བཞིན་དུ། བདག་དབང་པོ་གཞན་དུ་འགྲོ་བར་ཐལ་བར་འགྱུར་བའི་ཕྱིར་ཏེ་ཞེས་བཤད་པ་དེར་མི་འགྱུར་རོ། ། གཞན་ཡང་གྲངས་ཅན་དག་གི་གཞུང་ལས་ཀྱང་རྣ་བ་ལ་སོགས་པའི་འཇུག་པ་སྒྲ་ལ་སོགས་པར་སྣང་བ་དག་ཡོད་ན་རྣ་བ་ལ་སོགས་པ་སྣང་བའི་ནང་གི་བྱེད་པ་ཡོད་ཅིང་ཤེས་པ་ཡོད་པར་སྣང་བའི་གཟུགས་བརྙན་འཆར་བས་ཕན་འདོགས་པར་བྱེད་པའི་ཕྱིར་ལྟ་བ་ལ་སོགས་པ་དབང་ པོ་གཞན་དུ་འགྲོ་བ་མེད་པར་ཡང་འགྲུབ་པ་ཞེས་འབྱུང་བའི་ཕྱིར་དེ་དག་ལ་ཡང་སྐྱོན་དེར་ཐལ་བར་མི་འགྱུར་ཏེ། གྲངས་ཅན་དག་གི་གཞུང་ལས་སྒྲ་ཐོས་པ་ལ་སོགས་པ་ན་རྣ་བ་ལ་སོགས་པའི་འཇུག་པ་ཞེས་བྱ་བ་རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་སྒྲ་ལ་སོགས་པའི་རྣམ་པར་སྣང་བ་དག་ སྐྱེའོ། །དེའི་འོག་ཏུ་རྣ་བ་ལ་སོགས་པའི་འཇུག་པའི་རྣམ་པར་སྣང་བ་ནང་གི་བྱེད་པ་ཞེས་བྱ་བ་བློ་སྐྱེའོ། །དེའི་འོག་ཏུ་དཔེར་ན་གཟུགས་ལ་བརྟེན་ནས་གཟུགས་བརྙན་འབྱུང་བ་དང་འདྲ་བར་ནང་གི་བྱེ་བྲག་གི་ངོ་བོ་ཉིད་ཅི་འདྲ་བ་དེ་ཁོ་ན་འདྲ་བར་ཤེས་པ་ཡོད་པ་ཞེས་བྱ་བ་སྐྱེས་བུ་སྐྱེ་ཞིང་དེས་ཡུལ་གྱི་ལོངས་ སྤྱོད་ཉམས་སུ་མྱོང་བར་བྱེད་པས། ལྟ་བ་པོ་ལ་སོགས་པ་དབང་པོ་གཞན་དུ་འགྲོ་བ་མེད་པར་ཡང་འགྲུབ་པའི་ཕྱིར་གནས་བརྟན་བུད་དྷ་པཱ་ལི་ཏས་བཤད་པའི་སྐྱོན་དེར་ཐལ་བར་མི་འགྱུར་རོ། །གཞན་ཡང་གྲངས་ཅན་དག་ལས་ཁ་ཅིག་གི་གཞུང་ལས། འགྱུར་བས་ལྟ་བ་པོ་དང་ ཉན་པ་པོ་ཉིད་ལ་སོགས་པ་དག་འགྲུབ་པས་བདག་ཐམས་ཅད་དུ་སོང་བ་ལ་དབང་པོ་གཞན་གྱི་ཕྱོགས་སུ་འགྲོ་བ་མེད་པའི་ཕྱིར་ལྟ་བ་ལ་སོགས་པ་དབང་པོ་གཞན་དུ་འགྲོ་བ་མེད་པར་ཡང་འགྲུབ་པོ་ཞེས་འབྱུང་བའི་ཕྱིར་ཡང་དེ་དག་ལ་སྐྱོན་དེར་ཐལ་བར་མི་འགྱུར་ཏེ། དེ་དག་གི་གཞུང་ ལས་ཡུལ་དམིགས་ནས་དབང་པོའི་འཇུག་པ་ཡུལ་གྱི་རྣམ་པར་འགྱུར་རོ། །འཇུག་པ་དམིགས་ནས་ནང་གི་བྱེད་པ་དེའི་རྣམ་པར་འགྱུར་ཞིང་སྐྱེས་བུ་ཡང་ནང་གི་བྱེད་པའི་རྣམ་པར་འགྱུར་བས་བདག་ཐམས་ཅད་དུ་སོང་བ་དེ་ལ་དབང་པོ་གཞན་གྱི་ཕྱོགས་སུ་འགྲོ་བ་མེད་པའི་ཕྱིར་གནས་བརྟན་ བུད་དྷ་པཱ་ལི་ཏས་བཤད་པ་དེ་རིགས་པ་མ་ཡིན་ནོ་ཞེས་འགྲེལ་པ་བྱེད་པ་ཉིད་ཟེར་རོ། །དེའི་ཕྱིར་དེ་ལྟར་རེ་རེའི་སྔ་རོལ་ན་ཡོད་པ་ཉིད་མི་འཐད་པས་གཏན་ཚིགས་ཀྱི་སྐྱོན་དེ་ཉིད་མ་ཉམས་སོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། ལྟ་བ་ལ་སོགས་པ་རེ་རེའི་སྔ་རོལ་ན་ཉེ་བར་ལེན་པ་ པོ་ཡོད་པ་ཉིད་མི་འཐད་པས་ཉེ་བར་ལེན་པ་པོ་ཡོད་པར་སྨྲ་བའི་གཏན་ཚིགས་མ་གྲུབ་པའི་སྐྱོན་དེ་ཉིད་མ་ཉམས་སོ། །སྐྱེས་བུར་སྨྲ་བ་གང་དག་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལས་གཞན་པའི་སྐྱེས་བུ་དེ་ཉིད་ལྟ་བ་པོ་དང་ཉན་པ་པོ་དང་སེམས་པ་པོ་ཡིན་པར་སྨྲ་ བ་དེ་དག་ཀྱང་དེ་བཞིན་དུ་དགག་པར་བྱའོ་ཞེས་བྱ་བས་ནི་སྐྱེས་བུར་སྨྲ་བ་དེ་དག་གི་གཞུང་དགག་པ་ཡང་སྔར། དོན་དམ་པར་ཉན་པ་པོ་ནི་ལྟ་བ་པོ་ལས་གཞན་མ་ཡིན་པ་མ་ཡིན་ཏེ། ཉན་པ་པོ་ཡིན་པའི་ཕྱིར་དཔེར་ན་རྒྱུད་ཐ་དད་པའི་ཉན་པ་པོ་བཞིན་ནོ། །ཉན་པ་པོ་ཉིད་ལ་སོགས་པ་ གཞན་ཉིད་དུ་རྗེས་སུ་དཔོག་པ་ལས་གཞན་མ་ཡིན་པ་ཉིད་བསལ་བའི་ཕྱིར་དམ་བཅས་པ་ལ་ཆོས་ཅན་གྱི་རང་གི་ངོ་བོ་བསལ་བའི་སྐྱོན་ཡོད་དོ། །ལྟ་བ་པོ་ཡང་གཟུགས་དམིགས་པར་བྱ་བའི་ཕྱིར་མིག་ལ་ལྟོས་པར་མི་བྱེད་དེ། ཉན་པ་པོ་ལས་གཞན་མ་ཡིན་པའི་ཕྱིར་དཔེར་ན་ཉན་ པ་པོ་བཞིན་ནོ། །ལྟ་བ་པོ་ཉན་པ་པོ་ལས་གཞན་མ་ཡིན་པ་ཉིད་དུ་རྗེས་སུ་དཔོག་པས་གཟུགས་དམིགས་པར་བྱ་བའི་ཕྱིར་མིག་ལ་ལྟོས་པར་མི་བྱེད་པ་ཉིད་ཀྱིས་དེ་བསལ་བའི་ཕྱིར་དམ་བཅས་པ་ཆོས་ཅན་གྱི་ཁྱད་པར་བསལ་བའི་སྐྱོན་ཡོད་དོ་ཞེས་ཅི་སྐད་བསྟན་པ་དེ་བཞིན་དུ་དགག་པར་ བྱའོ། །ཡང་ན་ལྟ་བ་པོ་ཉིད་ལ་སོགས་པ་དག་མི་འཐད་པར་ནི་སྐྱེ་མཆེད་བརྟག་པར་བསྟན་ཟིན་པས་ཡང་བསྟན་མི་དགོས་སོ་ཞེས་བྱ་བས་ནི་དེ་དགག་པ་དེར་བསྟན་ཟིན་པས་ཡང་བཟླས་མི་དགོས་སོ་ཞེས་བསྟན་ཏོ། །གལ་ཏེ་བདག་ཁས་མ་བླངས་པའི་ཕྱིར་དེའི་ཁྱད་པར་བསལ་བའི་ ཕྱིར་དེ་ཕྱོགས་སུ་བྱེད་པ་མི་རིགས་སོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་རིགས་པའི་མཚན་ཉིད་ལས་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པའི་ཆོས་ཅན་ཁས་བླངས་ནས་དེ་ལ་བསྒྲུབ་པར་བྱ་བ་ཆོས་བསྒྲུབ་པར་བྱའོ་ཞེས་འབྱུང་བས། ཁྱེད་དབུ་མ་པས་བདག་ཡོད་པར་ཁས་ མ་བླངས་པའི་ཕྱིར་དེའི་ཁྱད་པར་གཅིག་པ་ཉིད་ལ་སོགས་པ་དག་བསལ་བའི་ཕྱིར་བདག་དེ་ཕྱོགས་སུ་བྱེད་པ་ཅི་ལྟར་རིགས་ཞེས་ཟེར་བ་ཡིན་ནོ། །དེའི་ལན་དུ། སྤྱི་དང་དམིགས་ཀྱིས་མ་བསལ་བ་མཛད་པའི་མཐའ་གཞན་ལས་ཡོངས་སུ་བཟུང་བ་ཐ་སྙད་དུ་ ཁས་བླངས་པ་ཕྱོགས་སུ་བྱས་ཏེ། དེའི་ཁྱད་པར་མ་གྲགས་པ་སེལ་བས་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོས་ཕུང་པོ་ལྔ་དག་ལ་ཁོ་བོ་ཅག་ལ་རྣམ་པར་ཤེས་པ་ཞེས་གྲགས་པ་དང་ཁྱེད་ལ་བདག་ཅེས་གྲགས་པ་སྤྱི་ཐ་སྙད་དུ་ཁས་བླངས་པ་ཕྱོགས་སུ་བྱས་ཏེ་དེའི་ ཁྱད་པར་ཁོ་བོ་ཅག་ལ་མ་གྲགས་པ་བདག་ཅེ་འམ་གཅིག་པ་ཉིད་ཅེས་བྱ་བ་ལ་སོགས་པ་སེལ་བས་སྐྱོན་མེད་དོ། །གཞན་ཡང་རྒོལ་བ་དང་ཕྱིར་རྒོལ་བའི་ཕྱོགས་དམིགས་ཀྱིས་མ་བསལ་བ་གྲུབ་པའི་མཐའི་ལོ་རྒྱུས་གཞན་ལས་ཡོངས་སུ་བཟུང་བའི་བདག་ དང་ཉེ་བར་ལེན་པ་པོ་ཞེས་བྱ་བར་གྲགས་པ་ཐ་སྙད་དུ་ཁས་བླངས་པ་ཕྱོགས་སུ་བྱས་ཏེ། བདག་དེའི་ཁྱད་པར་གཅིག་པ་ཉིད་ལ་སོགས་པ་སེལ་བས་ཁོ་བོའི་ཕྱོགས་ལ་སྐྱོན་མེད་དོ། །དེ་ལྟར་རེ་ཞིག་ལྟ་བ་པོ་གང་ཁོ་ན་ཡིན་པ་དེ་ཉིད་ཉན་པ་པོ་དང་ཚོར་བ་པོ་ཡང་ཡིན་པར་མི་ འཐད་པར་བརྟག་པ་དང་པོར་བསྟན་ཟིན་ཏོ། །ད་ནི་ལྟ་བ་པོ་དང་ཉན་པ་པོ་དང་ཚོར་བ་པོ་དག་གཞན་ཡིན་པར་རྟོག་པ་མི་འཐད་པར་བརྟག་པ་གཉིས་པར་བསྟན་པའི་ཕྱིར། ཅི་སྟེ་ཉེ་བར་ལེན་པ་པོ་ཡོད་པར་སྨྲ་བ་དག་ཇི་སྐད་བསྟན་པའི་སྐྱོན་ཡོངས་སུ་སྤང་བར་འདོད་པས་ལྟ་བ་པོ་ཡང་གཞན་ ཉན་པ་པོ་ཡང་གཞན། ཚོར་བ་པོ་ཡང་གཞན་ཡིན་པར་རྟོག་ན་དེ་ལྟ་ན་ཡང་། གལ་ཏེ་ལྟ་པོ་གཞན་ཉིད་ལ། །ཉན་པ་པོ་གཞན་ཚོར་གཞན་ན། །ཞེས་བྱ་བར་ཡོངས་སུ་རྟོགས་པས་ཅིར་འགྱུར་ཞེ་ན། ལྟ་པོའི་ཚེ་ན་ཉན་པོ་ཡོད། །ཅེས་བྱ་བར་འགྱུར་རོ་ཞེས་སྨྲས་སོ། །ལན་ འགའ་སྟེ་ཞེས་བྱ་བ་ནི་གང་གི་ཚེ་ཡུལ་ཉེ་བར་གྱུར་པའི་ཚེ་ནའོ། །ཅིའི་ཕྱིར་ལྟ་བ་པོ་ཡོད་པའི་ཚེ་ན་ཉན་པ་པོ་ཡང་ཡོད་པར་འགྱུར་རོ་ཞེ་ན། དེའི་ཕྱིར་གཞན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཚིག་གི་ལྷག་མའོ་ཞེས་བྱ་བ་སྨྲས་སོ། །གཞན་ཡིན་ན་གང་གི་ཚེ་ཡུལ་ཉེ་བར་གྱུར་པ་ དེའི་ཚེ་ན་ལྟ་བ་པོ་ཡོད་པའི་ཚེ་ཉན་པ་པོ་ཡང་ཡོད་པར་འགྱུར་བའི་འཐད་པ་བསྟན་པའི་ཕྱིར། འདི་ན་གང་ཞིག་གང་ལས་གཞན་ཡིན་པར་ཤེས་པ་དེ་ནི་ལན་འགའ་དེ་ཡོད་ན་ཡོད་པར་འགྱུར་ཏེ། དཔེར་ན་བུམ་པ་ཡོད་ན་ཁམ་ཕོར་ཡོད་པ་བཞིན་ནོ། །དེ་བཞིན་དུ་ཉན་པ་པོ་ཡང་ལྟ་ བ་པོ་ལས་གཞན་ཡིན་ན་ལྟ་བ་པོ་ཡོད་པའི་ཚེ་ན་ཉན་པ་པོ་ཡང་ཡོད་པར་འགྱུར་ཞིང་། ཉན་པ་པོ་ཅི་ལྟ་བ་བཞིན་དུ་སྣོམ་པ་པོ་དང་མྱོང་བ་པོ་དང་རེག་པ་པོ་དང་སེམས་པ་པོ་དག་ཀྱང་དེ་བཞིན་ནོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་གྱུར་ན་སྐྱོན་ཅི་ཡོད་ཅེ་ན། དེའི་ཕྱིར་དེས་ན། བདག་ཀྱང་མང་ པོ་ཉིད་དུ་འགྱུར། །ཞེས་བྱ་བ་སྨྲས་སོ། །རྒྱུད་སོ་སོ་ལའོ་ཞེས་བྱ་བ་ནི་སེམས་ཅན་སྤྱིའི་རྒྱུད་ལ་བདག་མང་པོར་འགྱུར་བ་ལ་སྐྱོན་མེད་པར་བསྟན་པའི་ཕྱིར་ཏེ། གཅིག་གི་རྒྱུད་ལ་བདག་མང་པོར་འགྱུར་བའི་སྐྱོན་དུ་འགྱུར་བའོ། །དེ་ལྟར་ནི་མི་འདོད་པས་དེའི་ཕྱིར་དོན་དམ་ པར་རྒྱུད་ཐ་དད་པ་དག་གི་ལྟ་བ་པོ་དང་ཉན་པ་པོ་དང་སྣོམ་པ་པོ་ལ་སོགས་པ་དག་གཞན་ཉིད་ཡིན་པར་མི་འཐད་དོ་ཞེས་བྱ་བ་ནི་དམ་བཅའ་བ་ཉེ་བར་གཞག་པའོ། །དེ་ཉིད་ཀྱི་རྗེས་སུ་དཔག་པར་བསྟན་པའི་ཕྱིར་འདིར་ཡང་སྐབས་ཀྱི་དོན་ལ་ཕན་པ་ཉིད་ཀྱི་རྗེས་སུ་དཔག་པ་མཚོན་ པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྐབས་ཀྱི་དོན་ནི་ལྟ་བ་པོ་དང་ཉན་པ་པོ་ལ་སོགས་པ་དག་གིས་གཞན་ཉིད་དགག་པའོ། །དེ་ལ་ཕན་པ་ཉིད་ནི་རྗེས་སུ་དཔག་པ་སྟེ་ངེས་སོ། །ཉེ་བར་ལེན་པ་པོ་ལྷས་བྱིན་གྱི་ཉན་པ་པོ་ནི་ལྟ་བ་པོ་ལས་གཞན་མ་ཡིན་ཏེ། རྒྱུ་དང་ འབྲས་བུར་འགྲེལ་པའི་ཉེ་བར་ལེན་པ་པོ་ཡིན་པའི་ཕྱིར་དཔེར་ན་ལྟ་བ་པོའི་རང་གི་བདག་ཉིད་བཞིན་པས་གཞན་ཉིད་དུ་སྨྲ་བ་རྣམས་ལ་རྗེས་སུ་དཔག་པས་གནོད་དོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་མཇུག་བསྡུ་ བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ལྟ་བ་པོའི་རང་གི་བདག་ཉིད་ནི་སྐད་ཅིག་མ་སྔ་མ་དང་ཕྱི་མ་རྒྱུ་དང་འབྲས་བུར་འབྲེལ་པའི་ཉེ་བར་ལེན་པ་པོ་ཡིན་པའི་ཕྱིར་ལྟ་བ་པོའི་རང་གི་བདག་ཉིད་ལས་གཞན་མ་ཡིན་པ་དེ་བཞིན་དུ་ཉེ་བར་ལེན་པ་པོ་ལྷས་བྱིན་གྱི་ཉན་པ་པོ་ཡང་སྐད་ ཅིག་མ་སྔ་མ་དང་ཕྱི་མ་རྒྱུ་དང་འབྲས་བུར་འབྲེལ་བའི་ཉེ་བར་ལེན་པ་པོ་ཡིན་པའི་ཕྱིར་ལྟ་བ་པོ་ལས་གཞན་མ་ཡིན་ནོ། །འདིར་ཅིའི་ཕྱིར་རྒྱུ་དང་འབྲས་བུར་འབྲེལ་པ་ཞེས་བྱ་བ་དང་། ཉེ་བར་ལེན་པ་པོ་ཡིན་པའི་ཕྱིར་ཞེས་བྱ་བ་གཏན་ཚིགས་ཀྱི་ཁྱད་པར་གཉིས་སྨོས་ཤེ་ན། གལ་ཏེ་ཉེ་བར་ལེན་པ་པོ་ཡིན་པའི་ཕྱིར་ཞེས་བྱ་བ་འབའ་ཞིག་སྨོས་ན། རྒྱུད་ཐ་དད་པའི་ཉེ་བར་ལེན་པ་པོ་བཞིན་ནོ་ཞེས་བྱ་བར་ཡང་འགྱུར་བས། དེས་ན་ཅི་རེ་ཞིག་རྒྱུད་ཐ་དད་པའི་ཉེ་བར་ལེན་པ་པོ་བཞིན་དུ་གཞན་ཉིད་ཡིན་པར་འགྱུར་རམ། འོན་ཏེ་ལྟ་བ་པོའི་རང་གི་བདག་ ཉིད་བཞིན་དུ་གཞན་ཉིད་མ་ཡིན་པར་འགྱུར་བ་མ་ངེས་པར་འགྱུར་བས་དེའི་ཕྱིར་རྒྱུ་དང་འབྲས་བུར་འབྲེལ་བའི་ཕྱིར་ཁྱད་པར་སྨོས་ཏེ། དེས་ན་རྒྱུད་ཐ་དད་པའི་ཉེ་བར་ལེན་པ་པོ་ཉིད་འདིར་གཏན་ཚིགས་སུ་བཟུང་ངོ་། །རྗེས་སུ་དཔག་པ་དེས་ན་གཞན་ཉིད་དུ་སྨྲ་བ་རྣམས་ ལ་དམ་བཅས་པ་ཉམས་པའི་གནོད་པར་འགྱུར་བས་ལྟ་བ་པོ་དང་ཉན་པ་པོ་ལ་སོགས་པ་དག་གཞན་ཉིད་མ་ཡིན་ནོ། །ཡང་ན། ལྟ་པོའི་ཚེ་ན་ཉན་པོ་ཡོད། །ཅེས་བྱ་བ་ནི་ལྟ་བ་པོ་ལ་བརྟེན་ནས་ཉན་པ་པོ་འབྱུང་བར་འགྱུར་རོ་ཞེས་པའི་དོན་ཏོ་ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པའི་ ཕྱེད་འོག་མ་འདི་རྣམ་པ་གཞན་དུ་བཤད་པ་སྟོན་ཏེ། དཔེར་ན་ས་བོན་ལ་བརྟེན་ནས་མྱུ་གུ་འབྱུང་བར་འགྱུར་བ་དེ་བཞིན་དུ་ལྟ་བ་པོ་ལ་བརྟེན་ནས་ཉན་པ་པོ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་དུ་དགོངས་པ་ཡིན་ནོ། །དེ་ལྟར་གྱུར་ན་སྐྱོན་ཅི་ཡོད་ཅེ་ན། དེའི་ཕྱིར་དེ་ལྟར་ན། བདག་ཀྱང་ མང་པོ་ཉིད་དུ་འགྱུར། །འདས་པ་ལ་སོགས་པའི་དུས་ཐ་དད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་རྒྱུ་ས་བོན་ཞེས་བྱ་བ་ནི་འདས་པའི་དུས་སུ་འབྱུང་ལ། འབྲས་བུ་མྱུ་གུ་ཞེས་བྱ་བ་ནི་ད་ལྟར་གྱི་དུས་སུ་འབྱུང་བས་རྒྱུ་དང་འབྲས་བུའི་དུས་ཐ་དད་པའི་ཕྱིར་བདག་ཉིད་མང་པོ་ཉིད་ དུ་འགྱུར་བ་དེ་བཞིན་དུ་ལྟ་བ་པོ་ནི་འདས་པའི་དུས་སུ་འབྱུང་ལ། ཉན་པ་པོ་ནི་ད་ལྟར་གྱི་དུས་སུ་འབྱུང་བས་དུས་ཐ་དད་པའི་ཕྱིར་བདག་མང་པོ་ཉིད་དུ་ཐལ་བའི་སྐྱོན་དུ་འགྱུར་རོ། །དེ་ལྟར་གྱུར་ན་འདིར་ཡང་ཕྱིར་སྨྲ་བར་ནུས་ཏེ་ཞེས་བྱ་བས་ནི་དེ་ལྟར་བརྟེན་ནས་འབྱུང་ཞིང་བདག་མང་པོ་ ཉིད་དུ་གྱུར་ན། འདིར་ཡང་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་དགག་པའི་རྗེས་སུ་དཔག་པ་སྨྲ་བར་ནུས་ཏེ་ཞེས་སྟོན་ཏོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར་དོན་དམ་པར་ཉེ་བར་ལེན་པ་པོ་ནི་ཉེ་བར་ལེན་པ་པོའི་ངོ་བོ་ཉིད་མ་ཡིན་ཏེ། བརྟེན་ནས་འབྱུང་བའི་ཕྱིར་དཔེར་ན་ཉེ་བར་ ལེན་པ་པོའི་བདག་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ལྟ་བ་ལ་སོགས་པ་ཉེ་བར་བླང་བའི་བདག་ཉིད་དག་ནི་བརྟེན་ནས་འབྱུང་བའི་ཕྱིར་ཉེ་བར་ལེན་པ་ པོའི་ངོ་བོ་ཉིད་མ་ཡིན་པ་དེ་བཞིན་དུ། ལྟ་བ་པོ་ལ་སོགས་པ་ཉེ་བར་ལེན་པ་པོ་དག་ཀྱང་བརྟེན་ནས་འབྱུང་བའི་ཕྱིར་ཉེ་བར་ལེན་པ་པོའི་ངོ་བོ་ཉིད་མ་ཡིན་ཏེ། དེས་ནི་ཉེ་བར་ལེན་པ་པོའི་དགག་པ་བསྟན་ཏོ། །དོན་དམ་པར་ལྷས་བྱིན་གྱི་ལྟ་བ་ལ་སོགས་པ་ནི་ཉེ་བར་ལེན་པ་པོ་ལྷས་བྱིན་ཞེས་བྱ་ བའི་ཉེ་བར་བླང་བ་མ་ཡིན་ཏེ། ལྟ་བ་ལ་སོགས་པ་ཡིན་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་ལྟ་བ་ལ་སོགས་པའི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མཆོད་སྦྱིན་གྱི་ལྟ་བ་ ལ་སོགས་པའི་བདག་ཉིད་ནི་ལྟ་བ་ལ་སོགས་པ་ཡིན་པའི་ཕྱིར་ཉེ་བར་ལེན་པ་པོ་ལྷས་བྱིན་ཞེས་བྱ་བ་ཉེ་བར་བླང་བ་མ་ཡིན་པ་དེ་བཞིན་དུ། ལྷས་བྱིན་གྱི་ལྟ་བ་ལ་སོགས་པ་ཡང་ལྟ་བ་ལ་སོགས་པ་ཡིན་པའི་ཕྱིར་ཉེ་བར་ལེན་པ་པོ་ལྷས་བྱིན་ཞེས་བྱ་བའི་ཉེ་བར་བླང་བ་མ་ཡིན་ཏེ། དེས་ནི་ཉེ་བར་ བླང་བ་དགག་པ་བསྟན་ཏོ། །དེ་ལྟར་ཉེ་བར་ལེན་པ་པོ་ཉིད་དང་ཉེ་བར་བླང་བ་ཉིད་མ་གྲུབ་པའི་ཕྱིར་ཡང་ཅི་སྐད་སྨྲས་པའི་སྐྱོན་དང་མ་བྲལ་ལོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། ཉེ་བར་ལེན་པ་པོ་ཡོད་པར་སྨྲ་བ་དག་གི་གཏན་ཚིགས་མ་གྲུབ་པའི་སྐྱོན་ཅི་སྐད་སྨྲས་པ་དེ་ ཉིད་སོ་ན་གནས་སོ། །གལ་ཏེ་ཉེ་བར་ལེན་པ་པོ་ནི་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ། ཁོ་བོ་ཅག་གི་གཞུང་ལས་ཉེ་བར་ལེན་པ་པོ་བདག་སྔ་ན་གནས་པ་ནི་ཕུང་པོ་དང་གཅིག་པ་ཉིད་དང་། ཐ་དད་པ་ཉིད་དུ་བརྗོད་པར་ བྱ་བ་མ་ཡིན་པའི་ཕྱིར་ཁྱེད་ཀྱི་གཅིག་པ་ཉིད་དང་ཐ་དད་པ་ཉིད་ཀྱི་ཕྱོགས་སུན་ཕྱུང་བའི་སྐྱོན་དེ་དག་ཁོ་བོ་ཅག་གི་ཕྱོགས་ལ་མེད་དོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། བདག་གི་ཡིན་པར་བརྗོད་པའི་ཕྱིར་སྐྱོན་མེད་པ་མ་ཡིན་ནོ་ཞེས་ བྱ་བ་སྨྲས་ཏེ། ཁྱེད་ཀྱི་གཞུང་ལས་རྣམ་པར་ཤེས་པ་བདག་གི་ཡིན་ཏེ་བྲན་དང་འདྲའོ་ཞེས་བྱ་བ་ལ་སོགས་པས་གཞན་ཉིད་ལ་ཕྱོགས་པར་བརྗོད་པའི་ཕྱིར་སྐྱོན་མེད་པ་མ་ཡིན་ནོ། །ཡང་ན་གང་དག་བདག་ལྟ་བ་པོ་ལ་སོགས་པར་བརྗོད་པ་དག་ཕུང་པོ་ལས་གཞན་པ་ཉིད་དུ་སྟོན་པ་དེ་དག་གི་ཕྱོགས་ལ་ ལྟ་པོའི་ཚེ་ན་ཉན་པོ་ཡོད། །ཅེས་བྱ་བའི་ཚིག་གི་ལྷག་མ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་གང་དག་ཉེ་བར་ལེན་པ་པོ་བདག་དེ་ཕུང་པོ་ལས་གཞན་པ་ཉིད་དུ་སྟོན་པ་དེ་དག་གི་ཕྱོགས་ལ་ཡང་ལྟ་བ་པོ་ཡོད་པའི་ཚེ་ན་ཉན་པ་པོ་ཡང་ཡོད་པར་འགྱུར་བས། དེས་ན་བདག་མང་པོ་ ཉིད་དུ་ཐལ་བར་འགྱུར་བའི་སྐྱོན་ཡོད་པས་མི་རུང་བར་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་འདི་ལ་ལྟ་བར་བྱེད་པས་ལྟ་བ་པོ་དེ་གཟུགས་དམིགས་པ་དང་ལྡན་པ་ཡིན་པ་ལ། དེ་ནི་སྒྲ་དམིགས་པ་དང་མི་ལྡན་ཏེ། གཅིག་ལ་ངོ་བོ་ཉིད་གཉིས་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ལྟ་བ་ པོ་གང་ཁོ་ན་ཡིན་པ་ཉིད་ཉན་པ་པོ་དང་ཚོར་བ་པོ་མ་ཡིན་པར་སྟོན་ཏོ། །དེ་ལྟ་ན་ལྟ་བ་པོ་དང་ཉན་པ་པོ་དག་གཞན་ཉིད་དུ་འགྱུར་བས་ལྟ་བ་པོ་ཡོད་པའི་ཚེ་ན་ཉན་པ་པོ་ཡང་ཡོད་པའི་སྐྱོན་དུ་འགྱུར་བས་བདག་མང་པོ་ཉིད་དུ་ཐལ་བར་འགྱུར་བར་བསྟན་པའི་ཕྱིར། ལྟ་པོའི་ཚེ་ན་ཉན་པོ་ཡོད། །ཅེས་བྱ་ བ་དེ་བཞིན་དུ་སྣོམ་པ་པོ་དང་མྱོང་བ་པོ་དང་རེག་པ་པོ་དང་སེམས་པ་པོ་དག་ཀྱང་ཡོད་པར་གྱུར་ན་ཅིར་འགྱུར་ཞེ་ན། བདག་ཀྱང་མང་པོ་ཉིད་དུ་འགྱུར། །ལུས་དང་དབང་པོའི་ཚོགས་གཅིག་ལའམ། རྒྱུ་དང་འབྲས་བུའི་ཚོགས་གཅིག་ལ་ཟ་བ་པོ་ཞེས་བྱ་བའི་བདག་མང་པོ་ཉིད་དུ་འགྱུར་ཏེ་ ཞེས་བྱ་བ་སྨྲས་སོ། །དེ་ཡང་མི་འདོད་པས་ཞེས་བྱ་བས་ནི་རྒྱུད་གཅིག་ལ་བདག་མང་པོ་ཉིད་དུ་འགྱུར་བ་དེ་ཡང་མི་འདོད་པས་དེའི་ཕྱིར་གང་དག་བདག་ལྟ་བ་པོ་ལ་སོགས་པར་བརྗོད་པ་དག་ཕུང་པོ་ལས་གཞན་པ་ཉིད་དུ་སྟོན་པ་དེ་དག་གིས་བདག་གཅིག་པུ་རྟག་པ་ཁྱབ་པར་འདོད་པ་དེ་མི་འགྲུབ་ པོ་ཞེས་སྟོན་ཏོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར་དེའི་ཕྱིར་བདག་ནི་གཅིག་པ་ཉིད་དུ་མི་འགྲུབ་སྟེ། དམིགས་པ་ཐ་དད་པའི་ཕྱིར་རྒྱུད་དུ་མའི་ལྟ་བ་པོ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་ དུ་སྦྱར་ཏེ། དཔེར་ན་རྒྱུད་དུ་མའི་ལྟ་བ་པོ་དག་ནི་དམིགས་པ་ཐ་དད་པའི་ཕྱིར་གཅིག་པ་ཉིད་དུ་མི་འགྲུབ་པ་དེ་བཞིན་དུ་ཕུང་པོ་ལས་གཞན་པའི་བདག་དེ་ཡོད་ལྟ་བ་ལ་སོགས་པའི་དམིགས་པ་ཐ་དད་པའི་ཕྱིར་གཅིག་པ་ཉིད་དུ་མི་འགྲུབ་སྟེ། ཕུང་པོ་ལས་གཞན་པའི་བདག་མེད་དོ། །དེས་ན་ ལྟ་བ་ལ་སོགས་པའི་ཉེ་བར་ལེན་པ་པོ་གཞན་ཉིད་དུ་རྟོག་པ་ཡང་མི་འཐད་དེ་གཞི་མ་གྲུབ་པའི་ཕྱིར་རོ། །ཉེ་བར་ལེན་པ་པོ་ཡོད་པར་སྨྲ་བ་གཞན་དག་འདི་སྐད་ཅེས་ཟེར་ཏེ། འདི་ལ་བཅོམ་ལྡན་འདས་ཀྱིས་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་གསུངས་པ་དེ་ལ་གཟུགས་ནི་འབྱུང་བ་ཆེན་པོ་བཞི་པོ་དག་ཡིན་ པས་དེའི་ཕྱིར་འབྱུང་བ་ཆེན་པོའི་རྐྱེན་གྱིས་སྐྱེ་མཆེད་དྲུག་འབྱུང་ལ། འབྱུང་བ་དེ་དག་ཀྱང་ཉེ་བར་ལེན་པ་པོའི་ཉེ་བར་བླང་བ་ཡིན་པས་དེའི་ཕྱིར་ཉེ་བར་ལེན་པ་པོ་ཡིན་པར་གྱུར་པ་ལྟ་བ་ལ་སོགས་པ་སྐྱེ་མཆེད་དྲུག་དང་ལྡན་པ་སྔ་ན་གནས་པའི་རིམ་གྱིས་ཚོར་བ་ལ་སོགས་པ་དག་འབྱུང་བ་ནི་དེ་བཞིན་གཤེགས་པའི་ཚུལ་ ཡིན་ན། ཁྱེད་ཀྱིས་ཉེ་བར་ལེན་པ་པོ་དེ་ལྟ་བ་ལ་སོགས་པ་ཉེ་བར་བླང་བ་དག་གི་སྔ་རོལ་ན་མེད་དེ། གདགས་པར་བྱ་བ་ཡིན་པའི་ཕྱིར་དཔེར་ན་སྣམ་བུ་རྒྱུ་སྤུན་དག་གི་སྔ་རོལ་ན་མེད་པ་བཞིན་ནོ་ཞེས་བརྗོད་པས་ཚུལ་དེ་དང་འགལ་བར་བྱེད་པས་དེའི་ཕྱིར་ཕྱོགས་སྔ་མ་ལ་གནོད་པས་གནོད་པར་གྱུར་པའི་ཕྱིར་ དེ་ནི་ལེགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་ཉེ་བར་ལེན་པ་པོ་ཡོད་པར་སྨྲ་བ་དག་ལྟ་བ་ལ་སོགས་པ་སྐྱེ་མཆེད་རྣམས་ཀྱི་སྔ་རོལ་ན་ཉེ་བར་ལེན་པ་པོ་ཡོད་པར་མ་གྲུབ་པ་དང་། འདིར་ལུང་ལས་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་གསུངས་ལ། གཟུགས་ནི་འབྱུང་བ་ཆེན་པོ་བཞི་པོ་དག་ཡིན་པས་སྐྱེ་མཆེད་ རྣམས་ཀྱི་སྔ་རོལ་ན་འབྱུང་བ་རྣམས་ཡོད་ལ། འབྱུང་བ་རྣམས་ཀྱི་སྔ་རོལ་ན་འབྱུང་བ་ཉེ་བར་ལེན་པ་པོ་བདག་ཅེས་བྱ་བ་ཡོད་ཅེས་པ་ནི་དེ་བཞིན་གཤེགས་པའི་གསུང་རབ་ཀྱི་ཚུལ་ཡིན་ན། ཁྱེད་ཀྱིས་སྔར་རྗེས་སུ་དཔག་པ་ཅི་སྐད་བསྟན་པ་དག་གི་ཉེ་བར་ལེན་པ་པོ་སྔ་ན་མེད་པར་བསྒྲུབས་པ་ནི། གསུང་རབ་ཀྱི་ ཚུལ་དང་འགལ་བས་ལེགས་པ་མ་ཡིན་ནོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། ལྟ་དང་ཉན་ལ་སོགས་པ་དང་། །ཚོར་བ་དག་ལ་སོགས་པ་ཡང་། །གང་ལས་འགྱུར་བའི་འབྱུང་དེ་ལའང་། །དེ་ནི་ཡོད་པ་མ་ཡིན་ནོ། །རྫས་སུ་ ཡོད་པ་ཉེ་བར་ལེན་པ་པོ་ཉིད་དུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ལྟ་བ་ལ་སོགས་པ་སྐྱེ་མཆེད་རྣམས་རྐྱེན་གང་དག་ལས་འབྱུང་བར་འགྱུར་བའི་འབྱུང་བ་ཆེན་པོ་དེ་དག་ལ་ཡང་ཉེ་བར་ལེན་པ་པོ་སྔ་ན་གནས་པ་དེ་ཡོད་པ་མ་ཡིན་ཏེ། ཉེ་བར་ལེན་པ་པོ་རྫས་སུ་ཡོད་པར་འདོད་པ་དེ་ཉེ་བར་ ལེན་པ་པོ་ཉིད་དུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །འོ་ན་ཅི་ལྟ་བུ་ཡིན་ཞེ་ན་ཞེས་བྱ་བ་ནི། འོ་ན་ལུང་ལས་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་གསུངས་པ་དེའི་ཚུལ་ཅི་ལྟ་བུ་ཡིན་ཞེ་ན་ཞེས་འདྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ། ཐ་སྙད་དུ་མིང་དང་གཟུགས་ དང་དེ་ལ་བརྟེན་ནས་ཉེ་བར་ལེན་པ་པོ་ཉིད་དུ་གདགས་པར་ཟད་ཀྱི། དོན་དམ་པར་ཉེ་བར་ལེན་པ་པོ་རྫས་སུ་ཡོད་པའི་མིང་དང་གཟུགས་ཀྱི་གནས་སྐབས་ཁས་མ་བླངས་པའི་ཕྱིར་ཕྱོགས་སྔ་མ་ལ་གནོད་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། ངེད་དབུ་མ་པས་ཀུན་རྫོབ་ཀྱི་ཐ་སྙད་དུ་མིང་དང་གཟུགས་སུ་གདགས་ པ་དང་། མིང་དང་གཟུགས་དེ་ལ་བརྟེན་ནས་དེའི་ཉེ་བར་ལེན་པ་པོ་ཉིད་དུ་གདགས་པར་ཁས་བླངས་པར་ཟད་ཀྱི། དོན་དམ་པར་ཉེ་བར་ལེན་པ་པོ་རྫས་སུ་ཡོད་པ་སྔ་ན་གནས་པའི་ཉེ་བར་བླང་བ་མིང་དང་གཟུགས་ཀྱི་གནས་སྐབས་ཀྱི་འབྱུང་བ་ཆེན་པོ་རྣམས་ཡིན་པར་ཁས་མ་བླངས་པའི་ཕྱིར་ཁོ་ བོ་ཅག་ལ་ཕྱོགས་སྔ་མ་དང་འགལ་བའི་གནོད་པ་མེད་དོ། །དེས་ནི་ཉེ་བར་ལེན་པ་པོ་རྫས་སུ་ཡོད་པ་ཉིད་དུ་འདོད་པ་མ་གྲུབ་པའི་ཕྱིར་འབྱུང་བ་དག་ལ་ཡང་དེ་ཡོད་པ་མ་ཡིན་པར་བསྟན་ཏོ། །ཡང་ན། ལྟ་དང་ཉན་ལ་སོགས་པ་དང་། །ཚོར་བ་དག་ལ་སོགས་པ་ཡང་། །གང་ལས་འགྱུར་བའི་ འབྱུང་དེ་ལའང་། །དེ་ནི་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ནི་དེ་དག་གི་ཉེ་བར་ལེན་པ་པོ་ཉིད་དུ་གྲུབ་པ་ཞེས་བྱ་བའི་ཚིག་གི་ལྷག་མའོ་ཞེས་བྱ་བ་ནི་ལྟ་བ་ལ་སོགས་པ་སྐྱེ་མཆེད་རྣམས་རྐྱེན་གང་དག་ལས་འབྱུང་བར་འགྱུར་བའི་འབྱུང་བ་ཆེན་པོ་དེ་དག་ལ་ཡང་དེ་ནི་ཡོད་པ་མ་ཡིན་ནོ་ཞེས་གསུངས་ན་དེ་ དག་ལ་ཅི་ཞིག་ཡོད་པ་མ་ཡིན་ཞེ་ན། འབྱུང་བ་དེ་དག་ལ་དེ་དག་གི་ཉེ་བར་ལེན་པ་པོ་ཉིད་དུ་གྲུབ་པའི་བདག་སྔ་ན་གནས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། དེས་ནི་འབྱུང་བ་དག་གི་སྔ་རོལ་ན་དེ་དག་ཉེ་བར་ལེན་པ་པོའི་བདག་མེད་དོ་ཞེས་བསྟན་ཏོ། །གལ་ཏེ་འབྱུང་བ་ཉེ་བར་ བླང་བའི་ཉེ་བར་ལེན་པ་པོ་དེ་ཅི་ལྟར་ལྟ་བ་ལ་སོགས་པའི་ཉེ་བར་ལེན་པ་པོ་ཉིད་དུ་མི་འགྲུབ་ཅེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་གསུངས་པས་གཟུགས་ནི་འབྱུང་བ་ཆེན་པོ་བཞི་པོ་དག་ཡིན་ལ། དེ་དག་ཉེ་བར་ལེན་པའི་ བདག་སྔ་ན་གནས་པ་ཡང་ཡོད་པས་འབྱུང་བ་ཉེ་བར་བླང་བའི་ཉེ་བར་ལེན་པ་པོ་དེ་ཅི་ལྟར་ལྟ་བ་ལ་སོགས་པ་སྐྱེ་མཆེད་རྣམས་ཀྱི་ཉེ་བར་ལེན་པ་པོ་ཉིད་དུ་མི་འགྲུབ་ཅེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། འབྱུང་བ་ཉེ་བར་བླང་བ་ཉེ་བར་ལེན་པའི་ཉེ་བར་ལེན་པ་ པོ་ནི་ལྟ་བ་ལ་སོགས་པ་ཉེ་བར་བླང་བ་དག་ཉེ་བར་ལེན་པར་བྱེད་པར་མི་རིགས་ཏེ། དེ་དག་ལས་གཞན་ཉེ་བར་ལེན་པ་ཡིན་པའི་ཕྱིར་རྒྱུད་ཐ་དད་པའི་འབྱུང་བ་ཉེ་བར་བླང་བའི་ཉེ་བར་ལེན་པ་པོ་བཞིན་ནོ་ཞེས་རྗེས་སུ་དཔག་པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མཆོད་སྦྱིན་གྱི་འབྱུང་བ་ཉེ་བར་བླང་བའི་ཉེ་བར་ལེན་པ་པོ་ནི་ལྟ་བ་ལ་སོགས་པ་དེ་དག་ལས་གཞན་པའི་འབྱུང་བ་ཉེ་བར་ལེན་པ་ཡིན་པའི་ཕྱིར་ལྷས་བྱིན་གྱི་ལྟ་བ་ལ་སོགས་པ་ཉེ་བར་བླང་བ་དག་ཉེ་བར་ལེན་པར་བྱེད་པར་མི་རིགས་པ་ དེ་བཞིན་དུ་ལྷས་བྱིན་གྱི་འབྱུང་བ་ཉེ་བར་བླང་བ་ཉེ་བར་ལེན་པའི་ཉེ་བར་ལེན་པ་པོ་ཡང་། ལྟ་བ་ལ་སོགས་པ་དེ་དག་ལས་གཞན་པའི་འབྱུང་བ་ཉེ་བར་ལེན་པ་ཡིན་པའི་ཕྱིར་ལྟ་བ་ལ་སོགས་པ་ཉེ་བར་བླང་བ་དག་ཉེ་བར་ལེན་པར་བྱེད་པར་མི་རིགས་སོ། །འབྱུང་བ་ཉེ་བར་བླང་བའི་དུས་ན་ལྟ་བ་ལ་ སོགས་པ་དག་ཉེ་བར་བླང་བ་མ་ཡིན་པའི་ཕྱིར་དང་། ལྟ་བ་ལ་སོགས་པ་དག་ཉེ་བར་བླང་བའི་དུས་ན་ཡང་འབྱུང་བ་ཉེ་བར་བླང་བ་དག་ཉེ་བར་བླང་བ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་བསྟན་མ་ཐག་པའི་གཏན་ཚིགས་ཀྱི་དོན་གཞན་མ་ཡིན་ཏེ། དེའི་ཕྱིར་ཡང་འབྱུང་བ་ཉེ་བར་བླང་བའི་ཉེ་བར་ ལེན་པ་པོ་དེ་ལྟ་བ་ལ་སོགས་པའི་ཉེ་བར་ལེན་པ་པོ་ཉིད་དུ་མི་འགྲུབ་པོ། །གལ་ཏེ་གང་གི་ཚེ། ལྟ་དང་ཉན་ལ་སོགས་པ་དང་། །ཚོར་བ་དག་ལ་སོགས་པ་ཡང་། །ཉེ་བར་བླང་བ་དག་ཡིན་པ་དེའི་ཚེ་ན་ཉེ་བར་ལེན་པ་པོ་ཞེས་སྨྲའོ་ཞེ་ན་ཞེས་བྱ་བ་ནི། ཕ་རོལ་པོ་དག་ན་རེ་གང་གི་ཚེ་ལྟ་བ་ལ་སོགས་པ་སྐྱེ་མཆེད་རྣམས་ཉེ་བར་བླང་བ་ ཡིན་པ་དེའི་ཚེ་ན་དེ་དག་ཉེ་བར་ལེན་པའི་བདག་དེ་ཉེ་བར་ལེན་པ་པོ་ཡིན་ནོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། ལྟ་བ་ལ་སོགས་པ་དག་ཉེ་བར་བླང་བ་ཡིན་པའི་ཚེ་ན་ཡང་ལྟ་བ་ལ་སོགས་པ་དག་འདུས་པ་ཙམ་དུ་ཟད་པའི་ཕྱིར་རྫས་སུ་ཡོད་པ་མ་ཡིན་ ནོ་ཞེས་བྱ་བ་སྨྲས་ཏེ། ལྟ་བ་ལ་སོགས་པ་ཉེ་བར་བླང་བ་ཡིན་པར་ལུང་ལས་གསུངས་པ་ནི་འབྱུང་བ་ཆེན་པོ་ལ་སོགས་པ་འདུས་པ་ཙམ་དུ་ཟད་པའི་ཕྱིར་རྫས་སུ་ཡོད་པ་མ་ཡིན་པས་དེ་དག་ཉེ་བར་ལེན་པའི་བདག་སྔ་ན་གནས་པ་ཡང་ཡོད་པ་མ་ཡིན་ཏེ། སྔར། ཅི་མེད་གང་ཞིག་ག་ལ་ཡོད། །གང་མེད་ཅི་ ཞིག་ག་ལ་ཡོད། །ཅེས་བཤད་པ་ཉིད་ཀྱིས་དེའི་ལན་བཏབ་པ་ཡིན་ནོ། །གལ་ཏེ་ཅི་ལྟར་འདོད་པ་དེ་བཞིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་ལྟ་བ་ལ་སོགས་པ་ཉེ་བར་ལེན་པའི་བདག་སྔ་ན་མེད་ཀྱང་ལྟ་བ་ལ་སོགས་པ་ཉེ་བར་བླང་བ་དག་ནི་རྫས་སུ་ཡོད་པ་ཉིད་ཡིན་ནོ་ཞེས་ཟེར་བ་ཡི