Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 100

Văn bản gốc(Tây Tạng)

Trang 13 / 23 (50.000 ký tự/trang)
སྐད་བསྟན་ཟིན་ཏོ།། །།བམ་པོ་བཞི་བཅུ་གསུམ་པ། གྲངས་ཅན་དག་ལས་གང་དག་མཁས་པར་རློམ་པ་དག་འདི་སྐད་ཅེས་ཟེར་ཏེ། འབྲས་བུ་མ་སྐྱེས་པ་དང་ཞིག་པ་དག་ཀྱང་ནུས་པའི་བདག་ཉིད་དུ་ཡོད་པས་དེའི་ཕྱིར་འབྲས་བུ་སྔ་ན་ཡོད་པ་ཞེས་

བྱའི། གསལ་བའི་བདག་ཉིད་དུ་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་གྲངས་ཅན་དག་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པར་གཞུང་འཛུགས་པའི་སྐབས་སྟོན་ཏེ། འདིར་དེ་དག་ན་རེ་འབྲས་བུ་མ་འོངས་པ་མ་སྐྱེས་པ་དང་འདས་པ་ཞིག་པ་དག་ཀྱང་ནུས་པའི་བདག་ཉིད་དུ་ཡོད་པས་དེའི་
ཕྱིར་འབྲས་བུ་སྔ་ན་ཡོད་པ་ཞེས་བྱའི། གསལ་བའི་བདག་ཉིད་དུ་ཡོད་པ་ནི་མ་ཡིན་ནོ་ཞེས་ཟེར་རོ། །རྒྱུས་འབྲས་བུ་བྱེད་དོ་ཞེས་བྱ་བ་ཡང་བྱེད་དོ་ཞེས་བྱ་བ་ལ་དོན་དུ་མ་ཡོད་པའི་ཕྱིར་སྒྲ་དེའི་དོན་ནི་རྒྱུ་འབྲས་བུའི་ངོ་བོ་ཉིད་དུ་འགྱུར་བ་ཡིན་པར་རྣམ་པར་བཤད་དོ་ཞེས་བྱ་བས་ནི་གྲངས་ཅན་དག་ན་རེ་རྒྱུས་འབྲས་བུ་སྐྱེད་པར་བྱེད་དོ་ཞེས་
བྱ་བ་ཡང་བྱེད་དོ་ཞེས་བྱ་བའི་སྒྲ་ནི་མེད་པ་གདོད་བྱེད་པ་དང་། ཡོད་པ་ཡང་ཁྱད་པར་དུ་བྱེད་པ་དང་། རྒྱུའི་དངོས་པོ་དེ་ཉིད་ཀྱིས་རང་གི་ངོ་བོ་ཉིད་སྤངས་ནས་འབྲས་བུའི་ངོ་བོ་ཉིད་དུ་གཞན་དུ་འགྱུར་བར་བྱེད་པ་ལ་སོགས་པ་དོན་དུ་མ་དག་ལ་འཇུག་སྟེ། སྐབས་འདིར་ནི་རྒྱུའི་དངོས་པོ་དེ་ཉིད་ཀྱིས་རང་གི་ངོ་བོ་ཉིད་
སྤངས་ནས་འབྲས་བུའི་ངོ་བོ་ཉིད་དུ་གཞན་དུ་འགྱུར་བར་བྱེད་པ་ཡིན་པས། སྒྲ་དེའི་དོན་ནི་རྒྱུ་འབྲས་བུའི་ངོ་བོ་ཉིད་དུ་འགྱུར་བ་ཡིན་པར་རྣམ་པར་བཤད་དོ་ཞེས་ཟེར་རོ། །ཅི་སྟེ་འབྲས་བུ་མ་སྐྱེས་པ་དང་། ཞིག་པ་དག་ཡོད་པར་ཅི་ལྟར་ཤེས་པར་བྱ་ཞེ་ན་ཞེས་བྱ་བ་ནི་གྲངས་ཅན་དག་གིས། སངས་རྒྱས་པ་
དག་གི་དོགས་པ་བསུ་བའི་ཚིག་ཡིན་ཏེ། ཅི་སྟེ་ཁྱེད་སངས་རྒྱས་པ་དག་ན་རེ་འབྲས་བུ་མ་འོངས་པ་མ་སྐྱེས་པ་དང་འདས་པ་ཞིག་པ་དག་ཡོད་པར་ཅི་ལྟར་ཤེས་པར་བྱ་ཞེས་ཟེར་ནའོ། །དེའི་ལན་དུ་ཁོ་བོ་ཅག་གིས་ཀྱང་ཚིག་ཙམ་གྱིས་འདས་པ་དང་མ་འོངས་པ་དག་ཡོད་པར་མི་འགྲུབ་ཀྱི་ཚད་མས་བསྒྲུབ་
དགོས་པས་དེའི་ཕྱིར། འབྲས་བུ་སྔ་ན་མེད་པ་དང་ཞིག་ནས་མེད་པ་དག་ནི་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ་དུས་ཀྱིས་བསྡུས་པའི་ཕྱིར་དང་ཞེས་བསྟན་པའི་ཕྱིར། དཔེར་ན་ད་ལྟར་གྱི་འབྲས་བུ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་
རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ད་ལྟར་གྱི་འབྲས་བུ་ནི་ད་ལྟར་གྱི་དུས་ཀྱིས་བསྡུས་པའི་ཕྱིར་དང་། ད་ལྟར་གྱི་ཞེས་བསྟན་པའི་ཕྱིར་ཡོད་པ་ཁོ་ནར་ཤེས་པར་བྱ་བ་དེ་བཞིན་དུ་འབྲས་བུ་སྔ་ན་མེད་པ་མ་འོངས་པ་ཞེས་བྱ་བ་དང་ཞིག་ནས་མེད་པ་འདས་པ་ཞེས་བྱ་བ་དག་ཀྱང་འདས་པའི་དུས་ཀྱིས་བསྡུས་པ་དང་།

མ་འོངས་པའི་དུས་ཀྱིས་བསྡུས་པའི་ཕྱིར་དང་། འདས་པའི་ཞེས་བསྟན་པ་དང་། མ་འོངས་པའི་ཞེས་བསྟན་པའི་ཕྱིར་ཡོད་པ་ཁོ་ནར་ཤེས་པར་བྱའོ། །གལ་ཏེ་འབྲས་བུ་སྐྱེས་པའི་དུས་ན་རྒྱུ་ཅི་ལྟར་མ་ཞིག་ཅེ་ན་ཞེས་བྱ་བ་ཡང་གྲངས་ཅན་དག་གིས། སངས་རྒྱས་པ་དག་གི་དོགས་པ་བསུ་བའི་ཚིག་ཡིན་ཏེ། ཁོ་
བོ་ཅག་གི་རྒྱུ་འབྲས་བུའི་ངོ་བོ་ཉིད་དུ་འགྱུར་བ་ཡིན་པར་རྣམ་པར་བཤད་པ་དེ་ལ་གལ་ཏེ། ཁྱེད་སངས་རྒྱས་པ་དག་ན་རེ་འབྲས་བུ་སྐྱེ་བའི་དུས་ན་རྒྱུ་ཅི་ལྟར་མ་ཞིག་པར་ཡོད་ཅེས་ཟེར་ནའོ། །དེའི་ལན་དུ་ཁོ་བོ་ཅག་གིས་ཀྱང་ཚིག་ཙམ་གྱིས་དེ་མི་འགྲུབ་ཀྱི་ཚད་མས་བསྒྲུབ་དགོས་པས་དེའི་ཕྱིར་རྒྱུ་ནི་འབྲས་བུ་སྐྱེ་
བའི་དུས་ན་མ་ཞིག་པ་ཁོ་ན་ཡིན་ཏེ། ངེས་པར་སྐྱེ་བའི་ཕྱིར་འབྲས་བུའི་བདག་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འབྲས་བུའི་བདག་ཉིད་ནི་རྒྱུ་ལས་ངེས་པར་གདོན་མི་ཟ་བ་ཁོ་
ནར་སྐྱེ་བའི་ཕྱིར་འབྲས་བུ་ཉིད་སྐྱེ་བའི་དུས་ན་འབྲས་བུ་ཉིད་མ་ཞིག་པ་ཁོ་ན་ཡིན་པ་དེ་བཞིན་དུ་རྒྱུའི་བདག་ཉིད་ཀྱང་འབྲས་བུའི་ངོ་བོ་ཉིད་དུ་ངེས་པར་གདོན་མི་ཟ་བ་ཁོ་ནར་སྐྱེ་བའི་ཕྱིར་འབྲས་བུ་སྐྱེ་བའི་དུས་ན་རྒྱུ་མ་ཞིག་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་ཤེས་པ་ལ་ལོག་པ་དང་མ་ལོག་པ་དང་ཐེ་ཚོམ་ཅན་གྱི་རྒྱུ་
ཡིན་པའི་ཕྱིར་དང་། གཞན་གྱི་དོན་ཉིད་ཡིན་པའི་ཕྱིར་དང་། ཤེས་པ་ཡོད་པ་ཉིད་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དག་གིས་ཀྱང་ཤེས་པར་བྱའོ་ཞེས་བྱ་བ་ནི་གྲངས་ཅན་དག་ན་རེ་འབྲས་བུ་སྐྱེ་བའི་དུས་ན་རྒྱུ་མ་ཞིག་པ་ཁོ་ན་ཡིན་པའི་གཏན་ཚིགས་ངེས་པར་སྐྱེ་བའི་ཕྱིར་ཞེས་བྱ་བ་ནི་མཚན་
ཉིད་ཀྱི་སྒྲའི་ཚུལ་ཉེ་བར་བཟུང་བའི་ཕྱིར་མཚོན་པ་ཙམ་དུ་ཟད་ཀྱི། དེ་བཞིན་དུ་རྒྱུ་ནི་འབྲས་བུ་སྐྱེ་བའི་དུས་ན་མ་ཞིག་པ་ཁོ་ན་ཡིན་ཏེ། ཤེས་པ་ལོག་པའི་རྒྱུ་ཡིན་པའི་ཕྱིར་དང་ཤེས་པ་མ་ལོག་པའི་རྒྱུ་ཡིན་པའི་ཕྱིར་དང་། ཤེས་པ་ཐེ་ཚོམ་ཅན་གྱི་རྒྱུ་ཡིན་པའི་ཕྱིར་དང་། གཞན་གྱི་དོན་ཉིད་ཡིན་པའི་ཕྱིར་དང་།
ཤེས་པ་ཡོད་པ་ཉིད་མ་ཡིན་པའི་ཕྱིར་འབྲས་བུའི་བདག་ཉིད་བཞིན་ནོ་ཞེས་ཀྱང་བརྗོད་པར་བྱའོ་ཞེས་ཟེར་རོ། ཡང་ན་རྒྱུ་འོ་མ་ཞེས་བྱ་བའི་སྐད་ཅིག་མ་ལས་འབྲས་བུ་ཞོ་ཞེས་བྱ་བའི་སྐད་ཅིག་མ་གཞན་ཉིད་མ་ཡིན་ཏེ། བ་ལས་བྱུང་བའི་ཕྱིར་དཔེར་ན་ཞོའི་བདག་ཉིད་བཞིན་ནོ་ཞེས་བྱ་བ་ནི་གྲངས་ཅན་དག་རྒྱུ་ལས་

འབྲས་བུ་གཞན་ཉིད་མ་ཡིན་པར་སྒྲུབ་པའི་ཚད་མ་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འབྲས་བུ་ཞོའི་བདག་ཉིད་ནི་བ་ལས་བྱུང་བའི་ཕྱིར་ཞོའི་བདག་ཉིད་ལས་གཞན་ཉིད་མ་ཡིན་
པ་དེ་བཞིན་དུ་རྒྱུ་འོ་མ་ཞེས་བྱའི་སྐད་ཅིག་མ་ཡང་བ་ལས་བྱུང་བའི་ཕྱིར་དེ་ལས་འབྲས་བུ་ཞོ་ཞེས་བྱ་བའི་སྐད་ཅིག་མ་གཞན་ཉིད་མ་ཡིན་ནོ། །ཡང་ན་འདས་པའི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་ལས་ད་ལྟར་གྱི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་གཞན་ཉིད་མ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་
ཡིན་པའི་ཕྱིར་ད་ལྟར་གྱི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་བཞིན་ནོ་ཞེས་བྱ་བ་ནི་སྔར་འོ་མ་དང་ཞོ་ཕྱོགས་སུ་བྱས་པས་ཕྱི་རོལ་གྱི་དངོས་པོའི་རྒྱུ་ལས་འབྲས་བུ་གཞན་ཉིད་མ་ཡིན་པར་བསྒྲུབས་པ་བརྣན་པའི་ཕྱིར་འདིར་འདས་པ་དང་ད་ལྟར་གྱི་རྣམ་པར་ཤེས་པ་ཕྱོགས་སུ་བྱས་ཏེ། ནང་གི་དངོས་པོའི་རྒྱུ་ལས་
འབྲས་བུ་གཞན་ཉིད་མ་ཡིན་པར་བསྒྲུབ་པའི་ཚད་མ་བསྟན་པ་ཡིན་ཏེ། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །གལ་ཏེ་རྒྱུ་ཐ་དད་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དག་གིས་མ་ངེས་པ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་གྲངས་ཅན་དག་གིས། སངས་རྒྱས་པའི་དོགས་པ་བསུ་བའི་ཚིག་ཡིན་ཏེ། གལ་ཏེ་ཁྱེད་སངས་
རྒྱས་པ་དག་ན་རེ་ཅི་རེ་ཞིག་མིག་གི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རྒྱུད་ཐ་མི་དད་པའི་འདས་པའི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་ལས་ད་ལྟར་གྱི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་གཞན་ཉིད་མ་ཡིན་པ་ལྟ་བུར་འགྱུར་རམ། འོན་ཏེ་མིག་གི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རྒྱུད་ཐ་དད་པའི་འདས་
པའི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་ལས་ད་ལྟར་གྱི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་གཞན་ཉིད་ཡིན་པ་ལྟ་བུར་འགྱུར་བ་མ་ངེས་པས། དེས་ན་གྲངས་ཅན་དག་གི་གཏན་ཚིགས་མིག་གི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་ཞེས་བྱ་བ་དེའི་དོན་མ་ངེས་པ་ཉིད་དོ་ཞེས་ཟེར་ནའོ། །དེ་སྐད་ཅེས་ཟེར་ན་དེའི་ལན་དུ་ཁོ་བོ་ཅག་
གྲངས་ཅན་དག་ཀྱང་འདི་སྐད་ཅེས། དེ་དག་ཀྱང་ཕྱོགས་ཀྱི་ཁོངས་སུ་གཏོགས་པ་ཉིད་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། རྒྱུད་ཐ་དད་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དེ་དག་ཀྱང་ཁོ་བོ་ཅག་གི་ཕྱོགས་གཞན་ཉིད་མ་ཡིན་པ་ཞེས་བྱ་བའི་ཁོངས་སུ་གཏོགས་པ་ཉིད་ཡིན་པའི་ཕྱིར་ཁོ་བོ་ཅག་གི་གཏན་

ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་མེད་དོ། འདི་ལྟར་སྙིང་སྟོབས་དང་རྡུལ་དང་མུན་པ་དག་ནི་བརྟག་པ་དང་ཐམས་ཅད་དུ་སོང་བའི་ཕྱིར་ཐམས་ཅད་ཀྱང་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་རྒྱུད་ཐ་དད་པ་མེད་པའི་ཕྱིར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདི་མན་ཆད་འགྲེལ་པ་བྱེད་པ་ཉིད་ཀྱིས་ཕྱོགས་སྔ་མའི་གཞུང་སུན་འབྱིན་
པ་སྟོན་ཏེ། དེ་ལ་རེ་ཞིག་སྔར་གྲངས་ཅན་དག་གིས་རྒྱུ་ནི་འབྲས་བུ་སྐྱེ་བའི་དུས་ནམ་ཞིག་པ་ཁོ་ན་ཡིན་ཏེ། ངེས་པར་སྐྱེ་བའི་ཕྱིར་འབྲས་བུའི་བདག་ཉིད་བཞིན་ནོ་ཞེས་གང་སྨྲས་པ་དེ་སུན་དབྱུང་བའི་ཕྱིར་འདིར་ཡང་འདས་པའི་རྒྱུ་ཕྱོགས་སུ་བྱེད་ན་ནི་གཞི་མ་གྲུབ་པ་ལ་སོགས་པའི་སྐྱོན་ཡོད་དོ་ཞེས་བྱ་བ་སྨྲས་ཏེ། འདི་ན་
འབྲས་བུ་སྐྱེས་པས་རྒྱུ་ཞེས་ཐ་སྙད་གདགས་པ་ཡིན་ལ། འབྲས་བུ་སྐྱེས་པ་དེའི་ཚེ་ན་རྒྱུ་འདས་པ་ཡིན་པས་འདས་པའི་རྒྱུ་སྟེ། འབྲས་བུ་སྐྱེ་བའི་དུས་ན་མ་ཞིག་པ་ཁོ་ན་ཡིན་ཏེ་ཞེས་ཕྱོགས་སུ་བྱེད་ན་ནི་གཏན་ཚིགས་ཀྱི་གཞི་མ་གྲུབ་པའི་སྐྱོན་ཡོད་དེ། རྒྱུ་འདས་པ་དེ་ནི་ཞིག་ནས་མེད་པ་ཡིན་པས་ཁྱོད་ཀྱིས་དེ་
མ་ཞིག་པར་བསྒྲུབ་པའི་གཏན་ཚིགས་ངེས་པར་སྐྱེ་བའི་ཕྱིར་ཞེས་གང་སྨྲས་པ་དེའི་མ་གྲུབ་པའི་སྐྱོན་ཡོད་པས་མི་རུང་ངོ་། །ད་ལྟར་གྱི་རྒྱུ་ཕྱོགས་སུ་བྱེད་ན་ནི་དཔེ་མེད་དེ། དེའི་འབྲས་བུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་ཅི་སྟེ་འབྲས་བུ་མ་སྐྱེས་པའི་ཚེ་ན་རྒྱུ་མ་འདས་པ་ད་ལྟར་ཡོད་པ་དེ་འབྲས་བུ་སྐྱེ་བའི་དུས་ན་མ་
ཞིག་པ་ཁོ་ན་ཡིན་ཏེ་ཞེས་ཕྱོགས་སུ་བྱེད་ན་ནི་དཔེ་མ་གྲུབ་པའི་སྐྱོན་ཡོད་དེ། ད་ལྟར་གྱི་རྒྱུ་དེ་ཡོད་པའི་དུས་ན་དེའི་འབྲས་བུ་མ་གྲུབ་པའི་ཕྱིར་ཁྱོད་ཀྱི་དེ་མ་ཞིག་པར་བསྒྲུབ་པའི་དཔེ་འབྲས་བུའི་བདག་ཉིད་བཞིན་ནོ་ཞེས་གང་སྨྲས་པ་དེ་མ་གྲུབ་པའི་སྐྱོན་ཡོད་པས་མི་རུང་ངོ་། །འབྲས་བུ་གཞན་མ་ཡིན་པ་གང་ཡིན་པ་དེ་
ཡང་དེའི་རྒྱུ་མ་ཡིན་ཏེ། གཞན་མ་ཡིན་པའི་ཕྱིར་རང་གི་བདག་ཉིད་བཞིན་པས་གཞན་མ་ཡིན་པ་ཉིད་དུ་རྗེས་སུ་དཔོག་པའི་དམ་བཅས་པ་ལ་རྒྱུ་རྒྱུ་མ་ཡིན་པ་ཉིད་ཀྱིས་དེའི་རྒྱུ་ཉིད་བསལ་བའི་ཕྱིར་ཆོས་ཅན་གྱི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བས་ནི་སྔར་གྲངས་ཅན་དག་གིས། ཡང་ན་རྒྱུ་
འོ་མ་ཞེས་བྱ་བའི་སྐད་ཅིག་མ་ལས་འབྲས་བུ་ཞོ་ཞེས་བྱ་བའི་སྐད་ཅིག་མ་གཞན་ཉིད་མ་ཡིན་ཏེ། བ་ལས་བྱུང་བའི་ཕྱིར་དཔེར་ན་ཞོའི་བདག་ཉིད་བཞིན་ནོ། །ཡང་ན་འདས་པའི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་ལས་ད་ལྟར་གྱི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་གཞན་ཉིད་མ་ཡིན་

ཏེ། མིག་གི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་ད་ལྟར་གྱི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་བཞིན་ནོ་ཞེས་གང་སྨྲས་པ་དེ་སུན་འབྱིན་པར་བྱེད་དེ། ཁྱེད་རྒྱུ་ལས་འབྲས་བུ་གཞན་ཉིད་མ་ཡིན་པར་འདོད་པ་དེས་ན་ས་བོན་དེ་ཡང་མྱུ་གུ་དེའི་རྒྱུ་མ་ཡིན་ཏེ། གཞན་མ་ཡིན་པའི་དཔེར་ན་མྱུ་
གུའི་རང་གི་བདག་ཉིད་བཞིན་དུ་འགྱུར་བས། དེས་ན་ཁྱེད་རྒྱུ་ལས་འབྲས་བུ་གཞན་མ་ཡིན་པ་ཉིད་རྗེས་སུ་དཔོག་པའི་དམ་བཅས་པ་ལ་རྒྱུ་དང་འབྲས་བུ་གཞན་མ་ཡིན་པར་གྱུར་པས། རྒྱུ་གང་ཡིན་པ་དེ་འབྲས་བུའི་རྒྱུ་མ་ཡིན་པ་ཉིད་ཀྱིས་དེའི་རྒྱུ་ཉིད་བསལ་བའི་ཕྱིར་གཞན་ཉིད་མ་ཡིན་པར་བསྒྲུབ་པའི་ཆོས་ཅན་
རྒྱུ་དང་འབྲས་བུ་ཞེས་བྱ་བའི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་པས་མི་རུང་ངོ་། །མ་ཞིག་པ་ཞེས་བྱ་བའི་དོན་ཀྱང་གང་ཡིན་ཞེས་བྱ་བ་ནི་ཁྱེད་གྲངས་ཅན་དག་གི་རྒྱུ་ནི་འབྲས་བུ་སྐྱེ་བའི་དུས་ན་མ་ཞིག་པ་ཁོ་ན་ཡིན་ཏེ་ཞེས་གང་སྨྲས་པ་དེའི་དོན་ཀྱང་གང་ཡིན་ཞེས་དྲི་བའི་ཚིག་ཡིན་ནོ། །གལ་ཏེ་རང་བཞིན་གྱིས་བག་ལ་ཞ་བོའོ་
ཞེ་ན་ནི་དཔེ་མེད་དོ་ཞེས་བྱ་བ་ནི་གལ་ཏེ་གྲངས་ཅན་དག་ན་རེ། འབྲས་བུ་སྐྱེ་བའི་དུས་ན་རྒྱུ་མ་ཞིག་པ་ཞེས་བྱ་བ་ནི་དེའི་དུས་ན་རྒྱུ་དེ་སྙིང་སྟོབས་དང་རྡུལ་དང་མུན་པ་ཞེས་བྱ་བའི་ཡོན་ཏན་ཆ་མཉམ་པའི་རང་བཞིན་གྱིས་བག་ལ་ཞ་ཞིང་འདུག་གི་མེད་པར་གྱུར་པ་མ་ཡིན་པས་མ་ཞིག་པ་ཡིན་ནོ་ཞེ་ན། ད་ལྟ་ན་རྒྱུ་དེ་འབྲས་བུ་སྐྱེ་བའི་
དུས་ན་རང་བཞིན་གྱིས་བག་ལ་ཞ་ཞིང་འདུག་གི་ཞིག་པ་མ་ཡིན་ཏེ། དཔེར་ན་ཆེ་གེ་མོ་ཞིག་བཞིན་ནོ་ཞེས་བྱ་བའི་དཔེ་མེད་པས་མི་རུང་ངོ་། །གལ་ཏེ་མི་གསལ་བའོ་ཞེ་ན་ཡང་སྐྱོན་དེ་ཉིད་དོ་ཞེས་བྱ་བ་ནི་གལ་ཏེ་གྲངས་ཅན་དག་ན་རེ་འབྲས་བུ་སྐྱེ་བའི་དུས་ན་རྒྱུ་མ་ཞིག་པ་ཞེས་བྱ་བ་དེ་མི་གསལ་བ་ཡིན་ནོ་ཞེ་ན་ཡང་དཔེ་མེད་
པའི་སྐྱོན་དེ་ཉིད་དུ་འགྱུར་ཏེ། མི་གསལ་བ་ནི་བག་ལ་ཞ་བ་ཡིན་ལ། གསལ་བ་ནི་བག་ལ་མ་ཞ་བ་ཡིན་ཏེ། དཔེར་ན་ཆེ་གེ་མོ་ཞིག་བཞིན་ནོ་ཞེས་བྱ་བའི་དཔེ་མེད་པའི་ཕྱིར་དེ་ཡང་མི་རུང་ངོ་། །ཞིག་པ་དང་སྔ་ན་མེད་པ་དག་ཡོད་པར་རྟོག་པ་ལ་ནི་དཔེ་མེད་པ་དང་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་བྱ་བས་ནི་སྔར་
གྲངས་ཅན་དག་གིས་འབྲས་བུ་སྔ་ན་མེད་པ་དང་ཞིག་ནས་མེད་པ་དག་ནི་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ། དུས་ཀྱིས་བསྡུས་པའི་ཕྱིར་དང་། འི་ཞེས་བསྟན་པའི་ཕྱིར་དཔེར་ན་ད་ལྟར་གྱི་འབྲས་བུ་བཞིན་ནོ་ཞེས་གང་སྨྲས་པ་དེ་སུན་འབྱིན་པར་བྱེད་དེ། ཞིག་ནས་མེད་པ་དང་སྔ་ན་མེད་པ་ཡིན་ན་དེ་གཉིས་ད་ལྟར་གྱི་

འབྲས་བུ་མ་ཡིན་པས། ཁྱེད་ཀྱི་དཔེ་ད་ལྟར་གྱི་འབྲས་བུ་བཞིན་ནོ་ཞེས་བྱ་བ་མེད་པས་མི་རུང་བ་དང་གཞན་ཡང་ཞིག་ནས་མེད་པ་དང་སྔ་ན་མེད་པ་ཞེས་སྔར་ཁས་བླངས་ལ་ད་ནི་དེ་གཉིས་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ་ཞེས་ཟེར་བ་ནི་རང་གི་ཁས་བླངས་པས་གནོད་པས་མི་རུང་ངོ་། །གལ་ཏེ་ད་ལྟར་ཡིན་ནོ་ཞེས། ད་ལྟར་
ཉིད་དུ་རྗེས་སུ་དཔོག་པའི་དམ་བཅས་པ་ལ་རྒྱུ་མ་ཡིན་པ་ཉིད་ཀྱིས་རྒྱུ་ཉིད་བསལ་བའི་ཕྱིར་ཆོས་ཅན་གྱི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བ་ནི་གལ་ཏེ་གྲངས་ཅན་དག་ན་རེ་འབྲས་བུ་སྐྱེ་བའི་དུས་ན་རྒྱུ་མ་ཞིག་པའི་དཔེ་ནི་ད་ལྟར་ཡིན་ཏེ། དཔེར་ན་ད་ལྟར་གྱི་འབྲས་བུ་མ་ཞིག་པར་ཡོད་པ་དེ་བཞིན་དུ་འབྲས་བུ་
སྐྱེ་བའི་དུས་ན་རྒྱུ་མ་ཞིག་པ་ཁོ་ནར་ཡོད་དོ་ཞེས་ཟེར་ན། དེ་ལྟ་ན་གྲངས་ཅན་དག་རྒྱུ་དང་འབྲས་བུ་གཞན་མ་ཡིན་པ་ཉིད་དུ་སྨྲ་བ་རྒྱུ་མ་ཞིག་པ་ད་ལྟར་ཉིད་ཡིན་པར་རྗེས་སུ་དཔོག་པའི་དམ་བཅས་པ་ལ་ད་ལྟར་ནི་འབྲས་བུའི་བདག་ཉིད་ཡིན་པས་རྒྱུ་མ་ཡིན་པ་ཉིད་ཀྱིས་རྒྱུ་ཉིད་རྒྱུ་མ་ཡིན་པར་བསལ་བའི་ཕྱིར་འབྲས་
བུ་སྐྱེ་བའི་དུས་ན་རྒྱུ་མ་ཞིག་པ་ཁོ་ན་ཡིན་ཏེ་ཞེས་སྒྲུབ་པའི་ཆོས་ཅན་རྒྱུ་ཞེས་བྱ་བའི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་པས་མི་རུང་ངོ་། །ད་ལྟར་གྱི་འབྲས་བུ་ཡང་རྫས་སུ་ཡོད་པ་ཉིད་དུ་མི་འགྲུབ་སྟེ་མ་སྐྱེས་པའི་ཕྱིར་རོ། །དེ་ཡོད་པ་ཉིད་དུ་མ་གྲུབ་པའི་ཕྱིར་དཔེ་མེད་དོ་ཞེས་བྱ་བས་ནི་སྔར་གྲངས་ཅན་དག་གིས་འབྲས་བུ་
སྔ་ན་མེད་པ་དང་ཞིག་ནས་མེད་པ་དག་ནི་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ། དུས་ཀྱིས་བསྡུས་པའི་ཕྱིར་དང་། འི་ཞེས་བསྟན་པའི་ཕྱིར་དཔེར་ན་ད་ལྟར་གྱི་འབྲས་བུ་བཞིན་ནོ་ཞེས་གང་སྨྲས་པའི་དཔེ་ད་ལྟར་གྱི་འབྲས་བུ་བཞིན་ནོ་ཞེས་བྱ་བ་དེ་རྫས་སུ་ཡོད་པར་མི་འགྲུབ་པར། །སུན་འབྱིན་པར་སྟོན་ཏེ་ད་ལྟར་གྱི་
འབྲས་བུ་ཡང་མ་སྐྱེས་པའི་ཕྱིར་རྫས་སུ་ཡོད་པ་ཉིད་དུ་མི་འགྲུབ་པའི་ཕྱིར་ཕ་རོལ་པོ་དག་གི་དཔེ་ད་ལྟར་གྱི་འབྲས་བུ་བཞིན་ནོ་ཞེས་བྱ་བ་དེ་མེད་པས་མི་རུང་ངོ་། །འདིས་དུས་ཀྱིས་བསྡུས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་གཉིས་ལ་ཡང་སྐྱོན་གྱིས་ལན་བཏབ་པ་ཡིན་ནོ་ཞེས་བྱ་བ་ནི་ད་ལྟར་གྱི་
འབྲས་བུ་རྫས་སུ་ཡོད་པ་ཉིད་དུ་མ་གྲུབ་པ་འདིས། སྔར་གྲངས་ཅན་དག་གིས་འབྲས་བུ་སྔ་ན་མེད་པ་དང་ཞིག་ནས་མེད་པ་དག་ནི་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ། དུས་ཀྱིས་བསྡུས་པའི་ཕྱིར་དང་། འི་ཞེས་བསྟན་པའི་ཕྱིར་ཞེས་གང་སྨྲས་པའི་གཏན་ཚིགས་དེ་གཉིས་ལ་ཡང་ད་ལྟར་གྱི་འབྲས་བུ་རྫས་སུ་ཡོད་

པར་མ་གྲུབ་པས་ད་ལྟར་གྱི་དུས་ཀྱིས་བསྡུས་པའི་ཕྱིར་ཞེས་བྱ་བ་ཡང་མི་འགྲུབ་ལ་ད་ལྟར་གྱི་ཞེས་བསྟན་པའི་ཕྱིར་ཞེས་བྱ་བ་ཡང་མི་འགྲུབ་པར་གཏན་ཚིགས་ཀྱི་སྐྱོན་གྱིས་ལན་བཏབ་པ་ཡིན་ནོ། །དེ་བཞིན་དུ་གཞན་ཉིད་ཀྱི་ཕྱོགས་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་སྔར་
གྲངས་ཅན་དག་གིས་རྒྱུ་འོ་མ་ཞེས་བྱ་བའི་སྐད་ཅིག་མ་ལས་འབྲས་བུ་ཞོ་ཞེས་བྱ་བའི་སྐད་ཅིག་མ་གཞན་ཉིད་མ་ཡིན་ཏེ། བ་ལས་བྱུང་བའི་ཕྱིར་དཔེར་ན་ཞོའི་བདག་ཉིད་བཞིན་ནོ། །ཡང་ན་འདས་པའི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་ལས་ད་ལྟར་གྱི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་གཞན་པ་ཉིད་མ་
ཡིན་ཏེ། མིག་གི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་ད་ལྟར་གྱི་མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་བཞིན་ནོ་ཞེས་གང་སྨྲས་པ་དེ་སུན་དབྱུང་བའི་ལན་དུ། དབུ་མ་པས་འབྲས་བུ་གཞན་མ་ཡིན་པ་གང་ཡིན་པ་དེ་ཡང་དེའི་རྒྱུ་མ་ཡིན་ཏེ། གཞན་མ་ཡིན་པའི་ཕྱིར་རང་གི་བདག་ཉིད་བཞིན་པས་གཞན་མ་ཡིན་པ་ཉིད་
དུ་རྗེས་སུ་དཔོག་པའི་དམ་བཅས་པ་ལ་རྒྱུ་རྒྱུ་མ་ཡིན་པ་ཉིད་ཀྱིས་དེའི་རྒྱུ་ཉིད་བསལ་བའི་ཕྱིར་ཆོས་ཅན་གྱི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་དོ་ཞེས་བཤད་པ་དེ་བཞིན་དུ། འདིར་བྱེ་བྲག་པ་ལ་སོགས་པ་དག་རྒྱུ་དང་འབྲས་བུ་གཞན་ཉིད་དུ་འདོད་པའི་ཕྱོགས་ལ་ཡང་སུན་དབྱུང་བའི་ལན་འདིར་ཡང་འདས་པའི་རྒྱུ་ཕྱོགས་
སུ་བྱེད་ན་ནི་གཞི་མ་གྲུབ་པ་ལ་སོགས་པའི་སྐྱོན་ཡོད་དོ། །ད་ལྟར་གྱི་རྒྱུ་ཕྱོགས་སུ་བྱེད་ན་ནི་དཔེ་མེད་དེ། དེའི་འབྲས་བུ་མ་གྲུབ་པའི་ཕྱིར་རོ་ཞེས་ཅི་རིགས་པར་བརྗོད་པར་བྱ་བ་ཡིན་ནོ། །དེ་ལྟར་རེ་ཞིག་རྒྱུ་ཡིན་པར་གྱུར་པ་འབྲས་བུ་ཡིན་པར་གྱུར་པ་མི་བྱེད་པར་བསྟན་ཏོ་ཞེས་བྱ་བ་ཅི་ལྟར་སྔར་བྱེད་པ་པོ་ཡིན་པར་གྱུར་པ་
ལས་ཡིན་པར་གྱུར་པ་མི་བྱེད་པར་བསྟན་པ་དེ་བཞིན་དུ་འདིར་ཡང་རྒྱུ་ཡིན་པར་འབྲས་བུ་ཡིན་པར་གྱུར་པ་མི་བྱེད་པར་བསྟན་ཏོ། །ད་ནི་ཐ་སྙད་དུ་ཡང་རྒྱུ་མ་ཡིན་པར་གྱུར་པ་འབྲས་བུ་མ་ཡིན་པར་གྱུར་པ་མི་བྱེད་དེ། མེད་པའི་ཕྱིར་དཔེར་ན་རུས་སྦལ་གྱི་སྤུ་དག་དེའི་གོས་མི་བྱེད་པ་བཞིན་ནོ་ཞེས་བྱ་བ་ཡང་ཅི་ལྟར་
སྔར་བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་མི་བྱེད་པར་བསྟན་པ་དེ་བཞིན་དུ་འདིར་ཡང་རྒྱུ་མ་ཡིན་པར་གྱུར་པ་འབྲས་བུ་མ་ཡིན་པར་གྱུར་པ་མི་བྱེད་པར་བསྟན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་

ན་རུས་སྦལ་གྱི་སྤུ་དག་ནི་མེད་པའི་ཕྱིར་དེའི་གོས་མི་བྱེད་པ་དེ་བཞིན་དུ་རྒྱུ་མ་ཡིན་པར་གྱུར་པ་ཡང་མེད་པའི་ཕྱིར་འབྲས་བུ་མ་ཡིན་པར་གྱུར་པ་མི་བྱེད་དོ། །དེ་བཞིན་དུ་འབྲས་བུ་ལ་ཡང་རྒྱུ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་ནོ་ཞེས་དམ་བཅས་པ་ལ་ཁྱད་པར་ཡོད་པར་ཟད་ཀྱི་སྦྱོར་བའི་ཡན་ལག་ལྷག་མ་དག་ནི་སྔ་མ་བཞིན་ནོ་ཞེས་
བྱ་བ་ཡང་། ཅི་ལྟར་སྔར་ལས་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། ལས་མ་ཡིན་པར་གྱུར་པ་བྱེད་པ་པོ་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བསྟན་པ་དེ་བཞིན་དུ། འདིར་ཡང་འབྲས་བུ་ཡིན་པར་གྱུར་པ་རྒྱུ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། འབྲས་བུ་མ་ཡིན་པར་གྱུར་པ་རྒྱུ་མ་ཡིན་
པར་གྱུར་པའི་བྱ་བ་མ་ཡིན་པར་བསྟན་ཏོ། །རྣམ་པ་གཉིས་སུ་སྨྲ་བ་དག་གི་ཕྱོགས་ལ་ཡང་གཉི་གའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བ་ཡང་སྔར་ཅི་ལྟར་བྱེད་པ་པོ་ཡིན་པ་དང་། མ་ཡིན་པར་གྱུར་པ་ལས་ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་ཡིན་པ་དང་མ་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་
པའི་བྱ་བ་མ་ཡིན་པར་བསྟན་པ་དེ་བཞིན་དུ་འདིར་ཡང་རྒྱུ་ཡིན་པ་དང་མ་ཡིན་པར་གྱུར་པ། འབྲས་བུ་ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། འབྲས་བུ་ཡིན་པ་དང་མ་ཡིན་པར་གྱུར་པ། རྒྱུ་ཡིན་པ་དང་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་བསྟན་ཏེ། དེ་ཡང་རྣམ་པ་གཉིས་སུ་སྨྲ་བ་ཕྱོགས་ཀྱི་གོས་ཅན་དག་ན་
རེ་རྒྱུ་ཡང་གསེར་གྱི་བདག་ཉིད་དུ་ནི་ཡིན་པར་གྱུར་པ་ཡིན་ལ། སོལ་བ་ལ་སོགས་པའི་བདག་ཉིད་དུ་ནི་མ་ཡིན་པར་གྱུར་པ་ཡིན། འབྲས་བུ་ཡང་གསེར་གྱི་བདག་ཉིད་དུ་ནི་ཡིན་པར་གྱུར་པ་ཡིན་སོར་གདུབ་ལ་སོགས་པ་དབྱིབས་ཀྱི་བདག་ཉིད་དུ་ནི་མ་ཡིན་པར་གྱུར་པ་བཞིན་ནོ་ཞེས་ཟེར་བས། དེ་ལ་ཡང་གསེར་གྱི་རྒྱུ་
ཡིན་པར་གྱུར་པ་ནི་གསེར་གྱི་འབྲས་བུ་ཡིན་པར་གྱུར་པ་མི་བྱེད་དེ་རྒྱུ་ཡིན་པའི་ཕྱིར་དཔེར་ན་རྒྱུ་སྤུན་བཞིན་ནོ། །རྒྱུ་མ་ཡིན་པར་གྱུར་པ་ཡང་འབྲས་བུ་མ་ཡིན་པར་གྱུར་པ་མི་བྱེད་དེ་ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་འཇིམ་པ་བཞིན་ནོ། །དེ་བཞིན་དུ་འབྲས་བུ་ཡིན་པར་གྱུར་པ་ཡང་རྒྱུ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་
ཏེ། འབྲས་བུ་ཡིན་པའི་ཕྱིར་དཔེར་ན་སྣམ་བུ་བཞིན་ནོ། །འབྲས་བུ་མ་ཡིན་པར་གྱུར་པ་ཡང་རྒྱུ་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་གཉི་གའི་སྐྱོན་དུ་འགྱུར་བར་བརྗོད་པར་བྱའོ། །དེ་ལྟར་རེ་ཞིག་ཕྱོགས་མཐུན་པ་གསུམ་ལ་བརྟེན་པའི་

རྒྱུ་དང་འབྲས་བུ་དགག་པ་བསྟན་ཏོ། །ད་ནི་ཅི་ལྟར་སྔར་བྱེད་པ་པོ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ལས་མ་ཡིན་པར་གྱུར་པ་བྱེད་པ་པོ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བསྟན་པ་དེ་བཞིན་དུ་འདིར་ཡང་རྒྱུ་ཡིན་པར་གྱུར་པ་འབྲས་བུ་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། འབྲས་
བུ་མ་ཡིན་པར་གྱུར་པ་རྒྱུ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བསྟན་པ་དག་གི་ཕྱོགས་སྔ་མ་ཉེ་བར་གཞག་པ་བསྟན་པའི་ཕྱིར། རང་གི་སྡེ་པ་བྱེ་བྲག་ཏུ་སྨྲ་བ་དག་ན་རེ་རྒྱུ་ཡིན་པར་གྱུར་པ་འབྲས་བུ་མ་ཡིན་པར་གྱུར་པ་དེ་བྱེད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །བྱེ་བྲག་ཏུ་སྨྲ་བ་དག་གི་རྗེས་སུ་དཔག་པ་བསྟན་
པའི་ཕྱིར་འབྲས་བུ་མ་སྐྱེས་པ་ནི་མ་ཡིན་པར་གྱུར་པ་སྟེ། གཟུང་དུ་མེད་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ནམ་མཁའི་མེ་ཏོག་ནི་གཟུང་དུ་མེད་པའི་ཕྱིར་
མ་ཡིན་པར་གྱུར་པ་ཡིན་པ་དེ་བཞིན་དུ་འབྲས་བུ་མ་སྐྱེས་པ་ཡང་གཟུང་དུ་མེད་པའི་ཕྱིར་མ་ཡིན་པར་གྱུར་པ་སྟེ། དེ་རྒྱུ་ཡིན་པར་གྱུར་པས་བྱེད་དོ་ཞེས་ཟེར་ན་སྐྱེས་པ་ལ་ནི་རྒྱུའི་ནུས་པ་ཉིད་མེད་ཀྱི་མ་སྐྱེས་པ་ལ་དེ་ཡོད་པས་འབྲས་བུ་མ་ཡིན་པར་གྱུར་པ་ཉིད་དོ་ཞེས་བྱ་བས་ནི་འབྲས་བུ་མ་ཡིན་པར་གྱུར་པ་ཞེས་བྱ་བ་
ནི་འབྲས་བུ་སྔ་ན་མེད་པ་ད་དུང་མ་སྐྱེས་པ་ཡིན་པར་སྟོན་ཏེ། འབྲས་བུ་སྔ་ན་ཡོད་པ་སྐྱེས་ཟིན་པ་ཡིན་ན་ནི་དེ་ལ་རྒྱུའི་བྱ་བ་ཉིད་མེད་པ་ཞིག་ན་རྒྱུའི་བྱ་བ་ཡོད་པ་ལས་ན་འབྲས་བུ་ནི་སྔ་ན་མེད་ཅིང་མ་སྐྱེས་པ་ཡིན་པར་མངོན་པས། དེ་ནི་འབྲས་བུ་མ་ཡིན་པར་གྱུར་པ་ཉིད་ཅེས་བྱ་སྟེ། དེ་རྒྱུ་ཡིན་པར་གྱུར་པས་སྐྱེད་པར་བྱེད་དོ་
ཞེས་ཟེར་རོ། །ཅི་སྟེ་མེད་པར་འདྲ་བ་ལ་རི་བོང་གི་རྭ་ནི་མི་སྐྱེ་ལ་འབྲས་བུ་སྐྱེ་བར་འགྱུར་བ་ལ་ཁྱད་པར་ཅི་ཡོད་ཅེ་ན་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་པ་དག་གིས་དབུ་མ་པའི་དོགས་པ་བསུ་བའི་ཚིག་ཡིན་ཏེ། ཅི་སྟེ་དབུ་མ་པ་དག་འདི་སྐད་ཅེས་རི་བོང་གི་རྭ་དང་འབྲས་བུ་སྔ་ན་མེད་པ་གཉི་ག་ཡང་མེད་པར་འདྲ་བ་ལས་རི་བོང་གི་
རྭ་ནི་རྒྱུ་ཡིན་པར་གྱུར་པས་མི་བྱེད་ལ་འབྲས་བུ་སྔ་ན་མེད་པ་ནི་རྒྱུ་ཡིན་པར་གྱུར་པས་བྱེད་པ་ལ་ཁྱད་པར་ཅི་ཡོད་ཅེས་ཟེར་ནའོ། །དེའི་ལན་དུ་བྱེ་བྲག་ཏུ་སྨྲ་བ་དག་གིས་རི་བོང་གི་རྭ་ནི་རྒྱུ་མེད་པའི་ཕྱིར་མི་སྐྱེ་ལ་འབྲས་བུ་ནི་དེ་ལྟ་མ་ཡིན་པས་དེ་ལྟར་རྒྱུ་ཡོད་པའི་ཕྱིར་འབྲས་བུ་མེད་པ་སྐྱེའོ་ཞེས་བྱ་བ་སྨྲས་ཏེ། དེ་གཉིས་སྔ་ན་

མེད་པར་འདྲ་མོད་ཀྱི་རི་བོང་གི་རྭ་ལ་ནི་རྒྱུ་མེད་པའི་ཕྱིར་མི་སྐྱེ་ལ་འབྲས་བུ་ལ་ནི་རྒྱུ་ཡོད་པས་སྐྱེ་བའི་ཕྱིར་འབྲས་བུ་སྔ་ན་མེད་པ་རྒྱུས་སྐྱེད་པར་བྱེད་དོ། །ཡང་ན་འབྲས་བུ་མེད་པ་ཉིད་ནི་སྐྱེའི་འབྲས་བུ་མ་ཡིན་པ་ནི་མི་སྐྱེ་བས་གང་སྐྱེ་བ་དེ་ནི་མེད་པ་ཉིད་དོ་ཞེས་ངེས་པར་གཟུང་བར་བྱའོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་དག་
འབྲས་བུ་སྔ་ན་མེད་པ་ནི་རྒྱུས་སྐྱེད་པར་བྱེད་ཀྱི། རི་བོང་གི་རྭ་ལྟ་བུ་འབྲས་བུ་མ་ཡིན་པ་གཏན་མེད་པ་ནི་རྒྱུས་སྐྱེད་པར་མི་བྱེད་པས། དེའི་ཕྱིར་འབྲས་བུ་གང་སྐྱེ་བ་དེ་ནི་སྔ་ན་མེད་པ་ཉིད་ཡིན་ལ་དེ་རྒྱུས་སྐྱེས་པ་ནི་རྒྱུ་ཡིན་པར་གྱུར་པ་འབྲས་བུ་མ་ཡིན་པར་གྱུར་པ་བྱེད་པ་ཡིན་ནོ་ཞེས་ངེས་པར་གཟུང་བར་བྱའོ་ཞེས་
ཟེར་བ་ཡིན་ནོ། །དེའི་ཕྱིར་གང་དག་ན་རེ་མེད་པ་ནི་མི་སྐྱེ་སྟེ་མེད་པའི་ཕྱིར་དཔེར་ན་རི་བོང་གི་རྭ་བཞིན་ནོ་ཞེས་ཟེར་བ་དེ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་ད་ལྟར་འབྲས་བུ་ནི་སྔ་ན་མེད་ཀྱང་སྐྱེའི། འབྲས་བུ་མ་ཡིན་པ་རི་བོང་གི་རྭ་ལྟ་བུ་གཏན་མེད་པ་ནི་མི་སྐྱེ་བ་དེའི་ཕྱིར་དབུ་མ་པ་དག་ན་རེ་མེད་པ་ནི་མི་སྐྱེ་སྟེ། མེད་པའི་ཕྱིར་
དཔེར་ན་རི་བོང་གི་རྭ་བཞིན་ནོ་ཞེས་ཟེར་བ་དེ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་པས་མི་རུང་སྟེ། ཁོ་བོ་ཅག་གི་ཕྱོགས་ལ་ཡང་རི་བོང་གི་རྭ་ལྟ་བུ་གཏན་མེད་པ་ནི་མི་སྐྱེ་བར་གྲུབ་པའི་ཕྱིར་རོ། །དཔེ་ཡང་མེད་དོ། འབྲས་བུ་ཉིད་ཡིན་ན་མེད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ནམ་མཁའི་མེ་ཏོག་ལ་རྗེས་སུ་འགྲོ་བ་མེད་པའི་
ཕྱིར་རོ་ཞེས་བྱ་བས་ནི་དབུ་མ་པས་མེད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེ་འབྲས་བུ་རྒྱུ་ལ་སྔ་ན་མེད་པ་མི་སྐྱེ་བའི་གཏན་ཚིགས་ཡིན་པར་སྒྲུབ་ན་ནི་དེའི་དཔེ་ནམ་མཁའི་མེ་ཏོག་ལས་བླངས་པ་དེ་མི་རུང་སྟེ། ནམ་མཁའི་མེ་ཏོག་ནི་འབྲས་བུ་མ་ཡིན་པས་གཏན་ཚིགས་མི་སྐྱེ་བའི་ཕྱིར་དེ་ལ་འབྲས་བུ་སྔ་ན་མེད་
པ་མི་སྐྱེ་བ་ཞེས་བྱ་བའི་ཆོས་ཀྱིས་སྟོང་པའི་ཕྱིར་རོ། །ཡང་ན་སྐྱེ་བའི་སྔོན་རོལ་ན་མེད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཡོངས་སུ་འཛིན་ན་ནི་དཔེ་མེད་དེ་རི་བོང་གི་རྭ་ལ་དེ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡང་ན་དབུ་མ་པས་མེད་པ་ནི་མི་སྐྱེ་སྟེ། མེད་པའི་ཕྱིར་དཔེར་ན་རི་བོང་གི་རྭ་བཞིན་ནོ་ཞེས་སྨྲས་
པའི་གཏན་ཚིགས་མེད་པའི་ཕྱིར་ཞེས་བྱ་བ་དེ་འབྲས་བུ་སྐྱེ་བའི་སྔ་རོལ་ན་མེད་པའི་ཕྱིར་ཞེས་བྱ་བར་སྒྲུབ་ན་ནི་དཔེ་མེད་དེ། རི་བོང་གི་རྭ་ལ་སྐྱེ་བའི་སྔ་རོལ་ན་མེད་ཅིང་ཕྱིས་སྐྱེ་བར་འགྱུར་བ་དེ་མེད་པའི་ཕྱིར་རོ། །གཏན་མེད་པ་གཏན་ཚིགས་ཉིད་དུ་བརྗོད་ན་ནི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ནི་གལ་ཏེ་

དབུ་མ་པའི་གཏན་ཚིགས་མེད་པའི་ཕྱིར་ཞེས་བྱ་བ་དེ་གཏན་མེད་པའི་ཕྱིར་ཞེས་བྱ་བར་སྒྲུབ་ན་ནི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དེ། རྒྱུ་ལ་འབྲས་བུ་སྔ་ན་མེད་པ་དེ་རི་བོང་གི་རྭ་བཞིན་དུ་གཏན་མེད་པ་མ་ཡིན་པའི་ཕྱིར་རོ། །སྣམ་བུ་སྔ་ན་མེད་པ་ཉིད་སྐྱེ་བར་མཐོང་སྟེ། མཐོང་བ་ལས་ལྷག་པའི་ཚད་མ་
གཞན་མེད་པས་དེས་ན་འབྲས་བུ་སྔ་ན་མེད་པ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་དག་ན་རེ་ད་ལྟར་འཇིག་རྟེན་ན་སྣམ་བུ་སྔ་ན་མེད་པ་ཉིད་རྒྱུ་སྤུན་ལས་ཕྱིས་འབྱུང་བར་མཐོང་སྟེ། མཐོང་བ་ནི་མངོན་སུམ་གྱི་ཚད་མ་ཡིན་པ་དེས་ན་འབྲས་བུ་སྔ་ན་མེད་པ་རྒྱུས་སྐྱེད་པས་རྒྱུ་ཡིན་པར་གྱུར་པ་འབྲས་བུ་མ་ཡིན་པར་
གྱུར་པ་བྱེད་པ་དང་། འབྲས་བུ་མ་ཡིན་པར་གྱུར་པ་རྒྱུ་ཡིན་པར་གྱུར་པའི་བྱ་བ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་ཕྱོགས་སྔ་མ་དེ་དག་སུན་དབྱུང་ཞིང་རྒྱུ་ཡིན་པར་གྱུར་པ་འབྲས་བུ་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། འབྲས་བུ་མ་ཡིན་པར་གྱུར་པ་རྒྱུ་ཡིན་པར་གྱུར་པའི་
བྱ་བ་མ་ཡིན་པར་བསྟན་པའི་ཕྱིར། འདིར་བཤད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ་རེ་ཞིག་སྔར་བྱེ་བྲག་ཏུ་སྨྲ་བ་དག་གིས་འབྲས་བུ་མ་སྐྱེས་པ་ནི་མ་ཡིན་པར་གྱུར་པ་སྟེ། གཟུང་དུ་མེད་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་གང་སྨྲས་པའི་གཏན་ཚིགས་གཟུང་དུ་མེད་པའི་ཕྱིར་ཞེས་བྱ་བ་དེའི་དོན་མ་
གྲུབ་པ་ཉིད་དང་། མ་ངེས་པ་ཉིད་ཀྱི་སྐྱོན་ཡོད་པར་བསྟན་པའི་ཕྱིར། ཁྱེད་ཅག་གཏན་ཚིགས་ཉིད་དུ་འདོད་པ་གཟུང་དུ་མེད་པའི་ཕྱིར་ཞེས་བྱ་བ་དེའི་དོན་གང་ཡིན། མངོན་སུམ་དང་རྗེས་སུ་དཔག་པ་དང་། ཚད་མ་ཐམས་ཅད་ཀྱིས་གཟུང་དུ་མེད་པའི་ཕྱིར་ཞེས་བྱ་བར་རྟོག་ན་ནི་རྣམ་པ་ཐམས་ཅད་དུ་གཏན་ཚིགས་ཀྱི་
དོན་མ་གྲུབ་པ་ཉིད་དང་། གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་ཀྱི་སྐྱོན་ཡོད་པས་རྗེས་སུ་དཔག་པ་དེས་འབྲས་བུ་མ་སྐྱེས་པ་ནི་མ་ཡིན་པར་གྱུར་པ་སྟེ་ཞེས་བསྟན་པར་མི་ནུས་སོ་ཞེས་བྱ་བ་སྨྲས་ཏེ། མངོན་སུམ་གྱིས་གཟུང་དུ་མེད་པའི་ཕྱིར་ཞེས་བྱ་བར་སྒྲུབ་ན་ནི་དོན་མ་གྲུབ་པ་ཉིད་དེ་མིག་གི་དབང་པོ་དང་ཡུལ་དང་དུས་
དང་རང་བཞིན་གྱིས་བསྐལ་པ་ལ་སོགས་པའི་དངོས་པོ་མངོན་སུམ་གྱིས་གཟུང་དུ་མེད་པ་དག་ཀྱང་མེད་པ་མ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པས་གཟུང་དུ་མེད་པའི་ཕྱིར་ཞེས་བྱ་བར་སྒྲུབ་ན་ནི་དོན་མ་ངེས་པ་ཉིད་དེ། སྤྲིན་ཆགས་པ་ལས་ཆར་འབབ་པར་རྗེས་སུ་དཔག་པ་ལ་ཆར་པ་གཟུང་དུ་མེད་ཀྱང་མེད་པ་མ་

ཡིན་པ་ལྟ་བུར་འགྱུར་རམ། འོན་ཏེ་རི་བོང་གི་རྭ་གཏན་མེད་པར་རྗེས་སུ་དཔག་པ་ལ་གཟུང་དུ་མེད་པའི་ཕྱིར་གཏན་མེད་པ་ལྟ་བུར་གྱུར་པ་མ་ངེས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་གཟུང་དུ་མེད་པའི་ཕྱིར་ཞེས་བྱ་བའི་རྗེས་སུ་དཔག་པ་དེས་འབྲས་བུ་མ་སྐྱེས་པ་སྔ་ན་མེད་པ་རྒྱུ་ཡོད་པས་བྱེད་དོ་ཞེས་བསྟན་པར་མི་
ནུས་སོ། །འབྲས་བུ་མེད་པ་ཉིད་ནི་སྐྱེའི། འབྲས་བུ་མ་ཡིན་པ་ནི་མི་སྐྱེ་བས་གང་སྐྱེ་བ་དེ་ནི་མེད་པ་ཉིད་དོ་ཞེས་ངེས་པར་གཟུང་བར་བྱའོ་ཞེས་སྨྲས་པ་དེ་ལ་ཡང་འབྲས་བུ་མེད་པ་མི་སྐྱེ་བར་བསྟན་ཟིན་པའི་ཕྱིར་དང་། མེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་སྤྱིར་སྦྱར་བའི་ཕྱིར་དང་དེའི་དཔེ་ཡང་དེ་བཞིན་དུ་གྲུབ་པའི་
ཕྱིར་གྲུབ་པ་ལ་སྒྲུབ་པ་ཡང་མ་ཡིན་ལ། དཔེ་མེད་པ་དང་གཏན་ཚིགས་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བས་ནི་སྔར་བྱེ་བྲག་ཏུ་སྨྲ་བ་དག་གིས། ཡང་ན་འབྲས་བུ་མེད་པ་ཉིད་ནི་སྐྱེ་བའི་འབྲས་བུ་མ་ཡིན་པ་ནི་མི་སྐྱེ་བས་གང་སྐྱེ་བ་དེ་ནི་མེད་པ་ཉིད་དོ་ཞེས་ངེས་པར་གཟུང་བར་བྱའོ། །དེའི་ཕྱིར་གང་དག་ན་རེ་མེད་པ་
ནི་མི་སྐྱེ་སྟེ། མེད་པའི་ཕྱིར་དཔེར་ན་རི་བོང་གི་རྭ་བཞིན་ནོ་ཞེས་ཟེར་བ་དེ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །དཔེ་ཡང་མེད་དེ། འབྲས་བུ་ཉིད་ཡིན་ན་མེད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ནམ་མཁའི་མེ་ཏོག་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་དག་སུན་འབྱིན་པར་བྱེད་དེ། བྱེ་བྲག་ཏུ་སྨྲ་བ་
དག་ན་རེ་འབྲས་བུ་སྔ་ན་མེད་པ་ཉིད་ནི་སྐྱེ་བའི་འབྲས་བུ་མ་ཡིན་རི་བོང་གི་རྭ་ལྟ་བུ་གཏན་མེད་པ་ནི་མི་སྐྱེའོ་ཞེས་ཟེར་བའི་འབྲས་བུ་སྔ་ན་མེད་པ་དེ་ཡང་མི་སྐྱེ་བར་ཁོ་བོས་སྔར་རྐྱེན་བརྟག་པའི་སྐབས་སུ་བཀག་ཟིན་པའི་ཕྱིར་དང་། ཁོ་བོའི་གཏན་ཚིགས་མེད་པའི་ཕྱིར་ཞེས་བྱ་བ་དེ་ཡང་སྔ་ན་མེད་པའི་ཕྱིར་རམ། གཏན་
མེད་པའི་ཕྱིར་མི་སྐྱེའོ་ཞེས་བྱེ་བྲག་ཏུ་མ་ཕྱེ་བར་མེད་པའི་ཕྱིར་ཞེས་སྤྱིར་སྦྱར་བའི་ཕྱིར་དང་། ཁོ་བོའི་དཔེ་རི་བོང་གི་རྭ་བཞིན་ནོ་ཞེས་བྱ་བ་དེ་ཡང་མེད་པ་ཐམས་ཅད་མི་སྐྱེ་བའི་དཔེར་སྤྱིར་འགྲུབ་པའི་ཕྱིར་དེ་དག་ཁྱེད་ལ་མ་གྲུབ་པས་ཁོ་བོ་གྲུབ་པ་ལ་སྒྲུབ་པ་ཡང་མ་ཡིན་ལ། ཁོ་བོའི་དཔེ་དང་གཏན་ཚིགས་མེད་པ་ཡང་མ་
ཡིན་ནོ། །གཞན་ཡང་དོན་དམ་པར་འབྲས་བུ་ཞོ་ཞེས་བྱ་བ་ནི་འོ་མ་ལས་མི་འབྱུང་བར་ཤེས་པར་བྱ་སྟེ། རྒྱུ་ལ་ལྟོས་པའི་ཕྱིར་དཔེར་ན་བུམ་པ་སྐྱེ་བར་མི་རིགས་པ་བཞིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་འབྲས་བུ་སྔ་ན་མེད་པ་རྒྱུས་མི་བྱེད་པ་ཚད་མ་གཞན་གྱིས་བསྒྲུབ་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་

བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུམ་པ་ནི་རྒྱུ་འཇིམ་པ་ལ་ལྟོས་པའི་ཕྱིར་འོ་མ་ལས་མི་འབྱུང་བ་དེ་བཞིན་དུ་ཞོ་ཡང་རྒྱུ་འོ་མ་ལ་ལྟོས་པའི་ཕྱིར་འོ་མ་ལས་མི་འབྱུང་ངོ་། །འདིར་གཞན་དག་ན་རེ་བྱེད་པའི་རྒྱུས་འོ་མ་ཡང་བུམ་པ་སྐྱེ་བ་ལ་གེགས་
མི་བྱེད་པའི་ཕྱིར་བུམ་པའི་རྒྱུ་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་སྐྱེ་བ་ནི་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འོ་མ་ལས་བུམ་པ་སྐྱེ་བ་ནི་འཇིག་རྟེན་གྱི་མངོན་སུམ་དང་འགལ་བས་དེ་ལྟར་རྟོག་པ་ནི་དོན་མེད་པ་ཉིད་དུ་འགྱུར་བའི་
ཕྱིར་མི་རུང་ངོ་། །ཡང་ན་དོན་དམ་པར་སྨྲ་བར་འདོད་པའི་ཞོ་ནི་སྨྲ་བར་འདོད་པའི་འོ་མའི་རྒྱུ་ཅན་མ་ཡིན་པར་ཤེས་པར་བྱ་སྟེ། ཞོ་ཡིན་པའི་ཕྱིར་དཔེར་ན་དེ་ལས་གཞན་པ་བཞིན་ཞེས་བྱ་བ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་
ན་སྣོད་ཆེན་པོ་ན་འདུག་པའི་ཞོ་ནི་ཞོ་ཡིན་པའི་ཕྱིར་སྣོད་ཆུང་ངུ་ན་འདུག་པའི་འོ་མའི་རྒྱུ་ཅན་མ་ཡིན་པ་དེ་བཞིན་དུ་འབྲས་བུ་སྔ་ན་མེད་པའི་ཞོ་ཡང་འབྲས་བུ་སྔ་ན་མེད་པའི་ཞོ་ཡིན་པའི་ཕྱིར་འོ་མའི་རྒྱུ་ཅན་མ་ཡིན་ནོ། །དེ་བཞིན་དུ་བྱས་པ་ཉིད་དང་། ཆུད་ཟ་བ་ཉིད་དང་། རྐྱེན་གྱི་དབྱེ་བས་ཐ་དད་པ་ཉིད་དང་། རྒྱུ་དང་
ལྡན་པ་ཉིད་ཅེས་བྱ་བ་ལ་སོགས་པའི་གཏན་ཚིགས་དག་ཀྱང་རྒྱས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་འབྲས་བུ་སྔ་ན་མེད་པ་རྒྱུས་མི་བྱེད་པའི་གཏན་ཚིགས་རྒྱུ་ལ་ལྟོས་པའི་ཕྱིར་དང་། ཞོ་ཡིན་པའི་ཕྱིར་ཞེས་བྱ་བ་གཉིས་ནི་མཚན་ཉིད་ཀྱི་སྒྲའི་ཚུལ་ཉེ་བར་གཟུང་བའི་ཕྱིར་མཚོན་པ་ཙམ་དུ་ཟད་ཀྱི། འདིར་ཞོ་ནི་འོ་མའི་རྒྱུ་ཅན་
མ་ཡིན་ཏེ། བྱས་པ་ཉིད་དང་། ཆུད་ཟ་བ་ཉིད་དང་། རྐྱེན་གྱི་དབྱེ་བས་ཐ་དད་པ་ཉིད་དང་། རྒྱུ་དང་ལྡན་པ་ཉིད་ལ་སོགས་པ་དག་གི་ཕྱིར་དཔེར་ན་དེ་ལས་གཞན་པ་བཞིན་ནོ་ཞེས་རྗེས་སུ་དཔག་པ་རྒྱས་པར་བརྗོད་པར་བྱ་བ་ཡིན་ནོ། །མེད་པར་འདྲ་བ་ལས་འབྲས་བུ་ནི་རྒྱུ་ཡོད་པའི་ཕྱིར་སྐྱེ་ལ། རི་བོང་གི་རྭ་ནི་རྒྱུ་མེད་པའི་ཕྱིར་མི་སྐྱེའོ་ཞེས་
གང་སྨྲས་པ་དེ་ཡང་བཟང་པོ་མ་ཡིན་ཏེ་ཞེས་བྱ་བས་ནི་སྔར་བྱེ་བྲག་ཏུ་སྨྲ་བ་དག་གིས་རི་བོང་གི་རྭ་ནི་རྒྱུ་མེད་པའི་ཕྱིར་མི་སྐྱེ་ལ་འབྲས་བུ་ནི་དེ་ལྟ་མ་ཡིན་པས་དེ་ལྟར་རྒྱུ་ཡོད་པའི་ཕྱིར་འབྲས་བུ་མེད་པ་སྐྱེའོ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་པར་སྟོན་ཏོ། །དེའི་ཚད་མ་བསྟན་པའི་ཕྱིར་དོན་དམ་པར་གང་གི་རྒྱུར་གང་འདོད་པ་དེ་ནི་དེའི་རྒྱུ་མ་

ཡིན་པར་ཤེས་པར་བྱར་ནུས་ཏེ་སྐྱེ་བའི་སྔ་རོལ་ན་མེད་པའི་ཕྱིར་དཔེར་ན་རི་བོང་གི་རྭའམ་དེ་ལས་གཞན་པ་བཞིན་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རི་བོང་གི་རྭ་གཏན་མེད་པའམ། དེ་ལས་
གཞན་པ་འབྲས་བུ་སྔ་ན་མེད་པའི་རྒྱུ་དག་ནི་འབྲས་བུ་སྐྱེ་བའི་སྔ་རོལ་ན་མེད་པའི་ཕྱིར་ཕྱི་ནང་གི་དངོས་པོ་གང་གི་རྒྱུ་ཡང་མ་ཡིན་པ་དེ་བཞིན་དུ་འབྲས་བུ་སྔ་ན་མེད་པ་གང་གི་རྒྱུར་གང་འདོད་པ་དེ་ཡང་འབྲས་བུ་སྐྱེ་བའི་སྔ་རོལ་ན་མེད་པའི་ཕྱིར་དེའི་རྒྱུ་མ་ཡིན་པར་ཤེས་པར་བྱའོ། །གཞན་ཡང་གང་གི་ཚེ་འདི་སྐད་ཅེས་
སྐྱེ་བའི་སྔ་རོལ་ན་མེད་པ་གང་ཡིན་པ་དེ་ནི་སྐྱེ་བར་འགྱུར་རོ་ཞེས་དམ་བཅས་པ་ཁྱད་པར་ཅན་བྱས་པའི་ཕྱིར་འབྲས་བུ་ནི་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་སྐྱེ་བར་མི་འཐད་པ་དང་ལྡན་པ་མ་ཡིན་ནོ་ཞེས་དམ་འཆའ་བར་བྱེད་པ་དེའི་ཚེ་ན་ཡང་རྗེས་སུ་དཔག་པ་ཅི་སྐད་བསྟན་པ་ཉིད་ཀྱིས་དེ་བསལ་བའི་ཕྱིར། དེ་ནི་གྱི་
ན་ཟེར་བ་ཡིན་ནོ་ཞེས་བྱ་བ་ནི་དབུ་མ་པས་བྱེ་བྲག་ཏུ་སྨྲ་བ་དག་གི་གཞུང་ཉམས་པར་བྱ་བའི་ཚིག་ཡིན་ཏེ། བྱེ་བྲག་ཏུ་སྨྲ་བ་དག་འདི་སྐད་ཅེས། ཁོ་བོ་ཅག་གིས་མེད་པ་སྐྱེའོ་ཞེས་ཁྱད་པར་མེད་པར་དམ་བཅས་ཀྱི་སྐྱེ་བའི་སྔ་རོལ་ན་མེད་པ་གང་ཡིན་པ་དེ་ནི་སྐྱེ་བར་འགྱུར་རོ་ཞེས་དམ་བཅས་པ་ཁྱད་པར་ཅན་བྱས་
པའི་ཕྱིར་རི་བོང་གི་རྭ་ལྟ་བུ་གཏན་མེད་པ་ནི་སྐྱེ་བར་མི་འཐད་ཀྱི་འབྲས་བུ་སྐྱེ་བའི་སྔ་རོལ་ན་མེད་པ་ནི་སྐྱེ་བར་འགྱུར་རོ་ཞེས་དམ་འཆའ་བར་བྱེད་དོ་ཞེ་ན། དེ་ཡང་སྔར་དོན་དམ་པར་གང་གི་རྒྱུའང་འདོད་པ་དེ་ནི་དེའི་རྒྱུ་མ་ཡིན་པར་ཤེས་པར་བྱར་ནུས་ཏེ་སྐྱེ་བའི་སྔོན་རོལ་ན་མེད་པའི་ཕྱིར་དཔེར་ན་རི་བོང་གི་རྭའམ་དེ་
ལས་གཞན་པ་བཞིན་ནོ་ཞེས་རྗེས་སུ་དཔག་པ་ཅི་སྐད་བསྟན་པ་ཉིད་ཀྱིས་དེ་བསལ་ཟིན་པའི་ཕྱིར་དེ་ནི་གྱི་ན་ཟེར་བ་ཡིན་ནོ། །དོན་དམ་པར་ཞོ་ནི་འོ་མ་ལས་མི་འབྱུང་བར་ཤེས་པར་བྱ་སྟེ། སྐྱེ་བའི་སྔ་རོལ་ན་མེད་པའི་ཕྱིར་དཔེར་ན་དེ་ལས་གཞན་པ་བཞིན་པས་དེའི་ཕྱིར་དེ་ནི་བདག་ཉིད་དབུགས་འབྱིན་པར་བྱེད་པ་ཙམ་
དུ་ཟད་དོ་ཞེས་བྱ་བས་ནི་འབྲས་བུ་སྔ་ན་མེད་པ་རྒྱུས་མི་བྱེད་པར་ཚད་མས་བསྒྲུབ་པའི་མཇུག་བསྡུ་བ་དང་། ཕ་རོལ་པོའི་དམ་བཅས་པ་དེ་སྙིང་དགའ་བ་ཙམ་དུ་ཟད་དོ་ཞེས་བསྟན་ཏོ། །དེ་སྐད་ཅེས་སྔ་ན་མེད་པ་ཉིད་སྐྱེ་བར་མཐོང་སྟེ་ཞེས་གང་སྨྲས་པ་དེ་ཉིད་ཀྱང་ཅི་ཡང་དག་པར་ཡོད་པའམ། མེད་པའམ། ཡོད་

མེད་ཅིག་སྐྱེ་བར་འགྱུར་ཞེས་བརྟགས་ན། དེ་དག་ནི་རྣམ་པ་ཐམས་ཅད་དུ་མི་མཐོང་ངོ་ཞེས་བྱ་བ་ནི་སྔར་བྱེ་བྲག་ཏུ་སྨྲ་བ་དག་གིས་སྣམ་བུ་སྔ་ན་མེད་པ་ཉིད་སྐྱེ་བར་མཐོང་སྟེ། མཐོང་བ་ལས་ལྷག་པའི་ཚད་མ་གཞན་མེད་པ་དེས་ན་འབྲས་བུ་སྔ་ན་མེད་པ་ཡིན་ནོ་ཞེས་གང་སྨྲས་པ་དེ་སུན་དབྱུང་བའི་
ལན་ཡིན་ནོ། །དེ་ལྟ་བས་ན་མཁས་པ་རྣམས་ཀྱིས་ནི་བུམ་པ་ལ་སོགས་པ་དག་གི་སྐྱེ་བ་ནི་སྒྱུ་མའི་སྐྱེས་བུའི་སྐྱེ་བ་བཞིན་དུ་ཐ་སྙད་པ་ཡིན་གྱི་དོན་དམ་པ་མ་ཡིན་པར་ངེས་པར་ཤེས་ཏེ། མཐའ་གཉིས་ལ་མི་གནས་པའི་བློ་གྲོས་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བས་ནི་དབུ་མ་པས་འབྲས་བུ་སྔ་ན་མེད་པ་རྒྱུས་བྱེད་
པར་མི་འདོད་པའི་ཚུལ་བསྟན་ཏོ། །ཞར་ལ་བཤད་པས་ཆོག་གི་སྐབས་ཉིད་དཔྱད་པར་བྱའོ་ཞེས་བྱ་བས་ནི་བྱེ་བྲག་ཏུ་སྨྲ་བ་རྒྱུ་ཡིན་པར་གྱུར་པ་འབྲས་བུ་མ་ཡིན་པར་གྱུར་པ་བྱེད་པ་འབྲས་བུ་མ་ཡིན་པར་གྱུར་པ་རྒྱུ་ཡིན་པར་གྱུར་པའི་བྱ་བ་ཡིན་པར་འདོད་པ་མི་འཐད་པར་བསྒྲུབ་པའི་མཇུག་བསྡུ་བ་བསྟན་ཏོ། །
དེ་བཞིན་དུ་དེ་ལས་གཞན་པ་ཕྱོགས་མཐུན་པ་དག་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱ་བས་ནི་རྒྱུ་མ་ཡིན་པར་གྱུར་པ་འབྲས་བུ་ཡིན་པར་གྱུར་པ་མི་བྱེད་པ་དང་། འབྲས་བུ་ཡིན་པར་གྱུར་པ་རྒྱུ་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། རྒྱུ་ཡིན་པར་གྱུར་པ་འབྲས་བུ་ཡིན་པ་དང་མ་ཡིན་པར་གྱུར་པ་
མི་བྱེད་པ་དང་། འབྲས་བུ་ཡིན་པ་དང་མ་ཡིན་པར་གྱུར་པ་རྒྱུ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། རྒྱུ་མ་ཡིན་པར་གྱུར་པ་འབྲས་བུ་མ་ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། འབྲས་བུ་ཡིན་པ་དང་མ་ཡིན་པར་གྱུར་པ་རྒྱུ་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། རྒྱུ་ཡིན་པ་དང་མ་ཡིན་པར་གྱུར་པ་
འབྲས་བུ་ཡིན་པར་གྱུར་པ་མི་བྱེད་པ་དང་། འབྲས་བུ་ཡིན་པར་གྱུར་པ་རྒྱུ་ཡིན་པ་དང་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། རྒྱུ་ཡིན་པ་དང་མ་ཡིན་པར་གྱུར་པ་འབྲས་བུ་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། འབྲས་བུ་མ་ཡིན་པར་གྱུར་པ་རྒྱུ་ཡིན་པ་དང་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་ཞེས་བྱ་བ་ཕྱོགས་
མི་མཐུན་པ་ལྷག་མ་ལྔ་པོ་དག་ལ་ཡང་བྱེད་པ་པོ་དང་ལས་ཀྱི་སྐབས་སུ་བསྟན་པ་བཞིན་ཅི་རིགས་པར་བརྗོད་པར་བྱའོ། །དེ་ནི་བྱེ་བྲག་པ་དག་འདོད་པའི་ཡོན་ཏན་དང་། ཡོན་ཏན་ཅན་དགག་པའི་ཕྱིར་དེ་བཞིན་དུ་དོན་དམ་པར་སྨྲ་བར་འདོད་པའི་ཡོན་ཏན་ཡིན་པར་གྱུར་པ་དག་ཀྱང་བུམ་པ་ཞེས་བྱ་བ་དེའི་ཡོན་ཏན་ཅན་

ཡིན་པར་གྱུར་པ་རྩོམ་པར་མི་བྱེད་དེ། ཡོན་ཏན་ཅན་ལ་ལྟོས་པའི་ཕྱིར་དང་། ཐ་སྙད་གདགས་པའི་ཕྱིར་དཔེར་ན་དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེས་ནི་ཡོན་ཏན་ཡིན་པར་གྱུར་པ་ཡོན་ཏན་ཅན་ཡིན་པར་གྱུར་པ་མི་བྱེད་པར་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་།
སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྨྲ་བར་འདོད་པའི་ཡོན་ཏན་གཟུགས་དང་དྲི་དང་རོ་དང་རེག་པ་དེ་ལས་གཞན་པ་རྒྱུ་སྤུན་ལ་སོགས་པ་ནི་ཡོན་ཏན་ཅན་སྣམ་བུ་ལ་ལྟོས་པའི་ཕྱིར་དང་། རྒྱུ་སྤུན་ཞེས་ཐ་སྙད་གདགས་པའི་ཕྱིར། བུམ་པ་ཞེས་བྱ་བ་དེའི་ཡོན་ཏན་ཅན་
རྩོམ་པར་མི་བྱེད་པ་དེ་བཞིན་དུ། སྨྲ་བར་འདོད་པའི་ཡོན་ཏན་གཟུགས་དང་དྲི་དང་རོ་དང་རེག་པ་ཡིན་པར་གྱུར་པ་དག་ཀྱང་། ཡོན་ཏན་ཅན་བུམ་པ་ལ་ལྟོས་པའི་ཕྱིར་དང་ཡོན་ཏན་ཞེས་ཐ་སྙད་གདགས་པའི་ཕྱིར་བུམ་པ་ཞེས་བྱ་བ་དེའི་ཡོན་ཏན་ཅན་རྩོམ་པར་མི་བྱེད་དོ། །དེ་བཞིན་དུ་དོན་དམ་པར་སྨྲ་བར་འདོད་
པའི་ཡོན་ཏན་ཅན་ཡིན་པར་གྱུར་པ་སྣམ་བུ་ཞེས་བྱ་བའི་གཟུགས་གཞན་ཡང་ཡོན་ཏན་ཡིན་པར་གྱུར་པ་རྒྱུ་སྤུན་གྱི་གཟུགས་ལ་སོགས་པས་བརྩམས་པ་མ་ཡིན་ཏེ། ཡོན་ཏན་ལ་ལྟོས་པའི་ཕྱིར་དང་ཐ་སྙད་གདགས་པའི་ཕྱིར་དཔེར་ན་དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བས་ནི་ཡོན་ཏན་ཅན་ཡིན་པར་གྱུར་པ་ཡོན་ཏན་ཡིན་
པར་གྱུར་པའི་བྱ་བ་མ་ཡིན་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྨྲ་བར་འདོད་པའི་ཡོན་ཏན་ཅན་ཡིན་པར་གྱུར་པ་སྣམ་བུ་དེ་ལས་གཞན་པ་བུམ་པ་ནི་ཡོན་ཏན་འཇིམ་པ་ལ་ལྟོས་པའི་ཕྱིར་དང་། བུམ་པ་
ཞེས་ཐ་སྙད་གདགས་པའི་ཕྱིར་སྨྲ་བར་འདོད་པའི་ཡོན་ཏན་ཡིན་པར་གྱུར་པ་རྒྱུ་སྤུན་གྱི་གཟུགས་དང་དྲི་དང་རོ་དང་རེག་པས་བརྩམས་པ་མ་ཡིན་པ་དེ་བཞིན་དུ་སྨྲ་བར་འདོད་པའི་ཡོན་ཏན་ཅན་ཡིན་པར་གྱུར་པ་སྣམ་བུ་ཞེས་བྱ་བའི་གཟུགས་གཞན་ཡང་ཡོན་ཏན་རྒྱུ་སྤུན་ལ་ལྟོས་པའི་ཕྱིར་དང་། སྣམ་བུ་ཞེས་ཐ་སྙད་གདགས་
པའི་ཕྱིར་སྨྲ་བར་འདོད་པའི་ཡོན་ཏན་ཡིན་པར་གྱུར་པ་རྒྱུ་སྤུན་གྱི་གཟུགས་དང་དྲི་དང་རོ་དང་རེག་པས་བརྩམས་པ་མ་ཡིན་ནོ། །དེ་བཞིན་དུ་སྨྲ་བར་འདོད་པའི་བུམ་པ་ཡང་གཟུགས་ལ་སོགས་པ་འདུ་བའི་རྒྱུ་ཅན་མ་ཡིན་པར་ངེས་ཏེ། རྒྱུ་ལ་ལྟོས་པའི་ཕྱིར་དཔེར་ན་སྣམ་བུ་ལ་སོགས་པ་བཞིན་ནོ་ཞེས་བྱ་བས་ནི་བྱེ་

བྲག་པའི་གཞུང་ལས་འདུ་བ་ཅན་འདུ་བའི་བྱ་བ་ཡིན་པར་འདོད་པ་དགག་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྣམ་བུ་ལ་སོགས་པ་འདུ་བ་ཅན་དག་ནི་རང་གི་རྒྱུ་རྒྱུ་སྤུན་ལ་སོགས་པ་ལ་ལྟོས་
པའི་ཕྱིར་གཟུགས་དང་དྲི་དང་རོ་དང་རེག་པ་ཞེས་བྱ་བ་འདུ་བ་དག་གི་རྒྱུ་ཅན་མ་ཡིན་པ་ངེས་པ་དེ་བཞིན་དུ་སྨྲ་བར་འདོད་པའི་འདུ་བ་ཅན་བུམ་པ་ཡང་རང་གི་རྒྱུ་འཇིམ་པ་ལ་ལྟོས་པའི་ཕྱིར་གཟུགས་དང་དྲི་དང་རོ་དང་རེག་པ་ཞེས་བྱ་བ་འདུ་བ་དག་གི་རྒྱུ་ཅན་མ་ཡིན་པར་ངེས་སོ། །ཡང་ན་སྨྲ་བར་འདོད་པའི་གཟུགས་ལ་སོགས་པ་
ནི་བསམས་པའི་བུམ་པར་འདུ་བ་མ་ཡིན་ཏེ། ཡོན་ཏན་ཅན་ལ་ལྟོས་པའི་ཕྱིར་དཔེར་ན་དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བ་ནི་བྱེ་བྲག་པའི་གཞུང་ལས་འདུ་བ་ཅན་བྱེད་པར་འདོད་པ་དགག་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ།
དཔེར་ན་སྨྲ་བར་འདོད་པའི་འདུ་བ་གཟུགས་ལ་སོགས་པ་དེ་ལས་གཞན་པ་རྒྱུ་སྤུན་ལ་སོགས་པ་ནི་ཡོན་ཏན་ཅན་སྣམ་བུ་ལ་སོགས་པ་ལ་ལྟོས་པའི་ཕྱིར་འདུ་བ་ཅན་ཡིན་པར་བསམས་པའི་བུམ་པར་འདུ་བ་མ་ཡིན་པ་དེ་བཞིན་དུ་སྨྲ་བར་འདོད་པའི་འདུ་བ་གཟུགས་དང་དྲི་དང་རོ་དང་རེག་པ་ཞེས་བྱ་བ་དག་ཀྱང་། ཡོན་ཏན་ཅན་སྣམ་
བུ་ལ་སོགས་པ་ལ་ལྟོས་པའི་ཕྱིར་འདུ་བ་ཅན་ཡིན་པར་བསམས་པའི་བུམ་པར་འདུ་བ་མ་ཡིན་ནོ། །དེ་བཞིན་དུ་རྫས་ཉིད་དང་། རྒྱུ་ཅན་ཉིད་དང་། འབྲས་བུ་ཉིད་དང་། བརྗོད་པར་བྱ་བ་ཉིད་དང་། ཤེས་བྱ་ཉིད་ལ་སོགས་པའི་གཏན་ཚིགས་དག་གི་ཕྱིར་རོ་ཞེས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཡོན་ཏན་ཡིན་པར་གྱུར་པ་ཡོན་ཏན་
ཅན་ཡིན་པར་གྱུར་པ་མི་བྱེད་པ་དང་། ཡོན་ཏན་ཅན་ཡིན་པར་གྱུར་པ་ཡོན་ཏན་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། འདུ་བ་ཡིན་པར་གྱུར་པ་འདུ་བ་ཅན་ཡིན་པར་གྱུར་པ་མི་བྱེད་པ་དང་། འདུ་བ་ཅན་ཡིན་པར་གྱུར་པ་འདུ་བ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པར་བསྒྲུབ་པའི་གཏན་ཚིགས་ལྟོས་པའི་ཕྱིར་ཞེས་བྱ་བ་ལ་སོགས་
པ་སྔར་སྨོས་པ་དག་ནི་མཚན་ཉིད་ཀྱི་སྒྲའི་ཚུལ་ཉེ་བར་གཟུང་བའི་ཕྱིར་མཚོན་པ་ཙམ་དུ་ཟད་ཀྱི། གཏན་ཚིགས་འདི་དག་གི་ཕྱིར་ཡང་དེ་དག་གིས་དེ་དག་མི་བྱེད་པ་དང་། དེ་དག་གི་བྱ་བ་མ་ཡིན་པར་ཅི་རིགས་པར་བརྗོད་པར་བྱའོ། །ཡོན་ཏན་དང་ཡོན་ཏན་ཅན་མ་ཡིན་པར་གྱུར་པ་ལ་སོགས་པ་དག་གི་ཕྱོགས་ལ་

ཡང་དམ་བཅས་པ་ལ་ཁྱད་པར་ཡོད་པར་ཟད་ཀྱི་སྦྱོར་བའི་ཡན་ལག་ལྷག་མ་དག་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་ཕྱོགས་མཐུན་པ་གསུམ་དང་མི་མཐུན་པ་དྲུག་སྟེ་དགུ་ལས་དེ་ཡན་ཆད་དུ་ཕྱོགས་མཐུན་པ་དང་པོ་བསྟན་པའི་ལྷག་མ་བརྒྱད་པོ་དག་ཀྱང་སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་བ་ཡིན་ནོ། །འདི་ལྟར་སྦྱར་ཏེ།
ཡོན་ཏན་མ་ཡིན་པར་གྱུར་པ་ཡོན་ཏན་ཅན་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ཡོན་ཏན་ཅན་མ་ཡིན་པར་གྱུར་པ་ཡོན་ཏན་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། ཡོན་ཏན་ཡིན་པ་དང་མ་ཡིན་པར་གྱུར་པ་ཡོན་ཏན་ཅན་ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ཡོན་ཏན་ཅན་ཡིན་པ་དང་མ་ཡིན་པར་གྱུར་པ་
ཡོན་ཏན་ཡིན་པ་དང་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། ཡོན་ཏན་ཡིན་པར་གྱུར་པ་ཡོན་ཏན་ཅན་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ཡོན་ཏན་ཅན་མ་ཡིན་པར་གྱུར་པ་ཡོན་ཏན་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། ཡོན་ཏན་མ་ཡིན་པར་གྱུར་པ་ཡོན་ཏན་ཅན་ཡིན་པར་གྱུར་པ་མི་བྱེད་པ་དང་། ཡོན་
ཏན་ཅན་ཡིན་པར་གྱུར་པ་ཡོན་ཏན་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། ཡོན་ཏན་ཡིན་པར་གྱུར་པ་ཡོན་ཏན་ཅན་ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ཡོན་ཏན་ཅན་ཡིན་པ་དང་མ་ཡིན་པར་གྱུར་པ་ཡོན་ཏན་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། ཡོན་ཏན་མ་ཡིན་པར་གྱུར་པ་ཡོན་ཏན་ཅན་ཡིན་
པ་དང་མ་ཡིན་པར་གྱུར་པ་མི་བྱེད་པ་དང་། ཡོན་ཏན་ཅན་ཡིན་པ་དང་མ་ཡིན་པར་གྱུར་པ་ཡོན་ཏན་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། ཡོན་ཏན་ཡིན་པ་དང་མ་ཡིན་པར་གྱུར་པ་ཡོན་ཏན་ཅན་ཡིན་པར་གྱུར་པ་མི་བྱེད་པ་དང་། ཡོན་ཏན་ཅན་ཡིན་པར་གྱུར་པ་ཡོན་ཏན་ཡིན་པ་དང་མ་ཡིན་པར་གྱུར་པའི་བྱ་བ་
མ་ཡིན་པ་དང་། ཡོན་ཏན་ཡིན་པ་དང་མ་ཡིན་པར་གྱུར་པ་ཡོན་ཏན་ཅན་ཡིན་པར་གྱུར་པ་མི་བྱེད་པ་དང་། ཡོན་ཏན་མ་ཡིན་པར་གྱུར་པ་ཡོན་ཏན་ཡིན་པ་དང་མ་ཡིན་པར་གྱུར་པའི་བྱ་བ་མ་ཡིན་པ་དང་། འདུ་བ་དང་འདུ་བ་ཅན་གྱི་ཕྱོགས་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་བར་བྱའོ། །དེ་བཞིན་དུ་དོན་དམ་པར་
ལྐོག་ཤལ་སོགས་པ་མཚན་ཉིད་ཡིན་པར་གྱུར་པ་ཡང་བ་ལང་ཞེས་བྱ་བ་མཚན་ཉིད་ཀྱི་གཞི་ཡིན་པར་གྱུར་པ་མཚོན་པར་མི་བྱེད་པར་ཤེས་པར་བྱ་སྟེ། མཚན་ཉིད་ཀྱི་གཞི་ལ་ལྟོས་པའི་ཕྱིར་དཔེར་ན་རྟའི་མཚན་ཉིད་བཞིན་ནོ་ཞེས་བྱ་བས་ནི་མཚན་ཉིད་ཡིན་པར་གྱུར་པ་མཚན་ཉིད་ཀྱི་གཞི་ཡིན་པར་གྱུར་པ་མཚོན་

པར་མི་བྱེད་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྟའི་མཚན་ཉིད་ནི་མཚན་ཉིད་ཀྱི་གཞི་རྟ་ལ་ལྟོས་པའི་ཕྱིར་མཚན་ཉིད་ཀྱི་གཞི་བ་ལང་མཚོན་པར་མི་བྱེད་པ་དེ་བཞིན་དུ་བ་ལང་གི་མཚན་ཉིད་ཀྱང་མཚན་
ཉིད་ཀྱི་གཞི་བ་ལང་ལ་ལྟོས་པའི་ཕྱིར་བ་ལང་ལ་མཚོན་པར་མི་བྱེད་དོ། །དེ་བཞིན་དུ་དོན་དམ་པར་བ་ལང་གི་རྫས་ཀྱང་ལྐོག་ཤལ་སོགས་པ་མཚན་ཉིད་ཀྱི་གཞི་མ་ཡིན་ཏེ། མཚན་ཉིད་ལ་ལྟོས་པའི་ཕྱིར་དཔེར་ན་དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བས་ནི་མཚན་ཉིད་ཀྱི་གཞི་ཡིན་པར་གྱུར་པ་མཚན་ཉིད་ཡིན་པར་གྱུར་པའི་གཞི་མ་
ཡིན་པར་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བ་ལང་གི་རྫས་ལས་གཞན་པ་རྟའི་རྫས་ནི་རྟའི་མཚན་ཉིད་ལ་ལྟོས་པའི་ཕྱིར་ལྐོག་ཤལ་ལ་སོགས་པའི་མཚན་ཉིད་ཀྱི་གཞི་མ་ཡིན་པ་དེ་བཞིན་དུ་བ་ལང་གི་རྫས་
ཀྱང་བ་ལང་གི་མཚན་ཉིད་ལ་ལྟོས་པའི་ཕྱིར་ལྐོག་ཤལ་ལ་སོགས་པའི་མཚན་ཉིད་ཀྱི་གཞི་མ་ཡིན་ནོ། །དེ་བཞིན་དུ་ལྐོག་ཤལ་ལ་སོགས་པ་དག་བ་ལང་གི་རྫས་རྩོམ་པར་བྱེད་པ་མ་ཡིན་པ་དང་། བ་ལང་གི་རྫས་ཀྱང་ལྐོག་ཤལ་ལ་སོགས་པ་དག་གིས་བརྩམས་པ་མ་ཡིན་པར་ཡང་བརྗོད་པར་བྱའོ་ཞེས་བྱ་བས་ནི་དེས་དེ་མི་
བྱེད་པ་དང་། དེ་དེའི་བྱ་བ་མ་ཡིན་པར་བྱེད་པ་པོ་དང་། ལས་ཀྱི་མུ་དགུའི་ཚུལ་བཞིན་དུ་ཅི་རིགས་པར་སྦྱར་རོ། །དེ་བཞིན་དུ་ཕྱོགས་མཐུན་པ་དང་མི་མཐུན་པ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ནི་འདིར་ཡང་ཕྱོགས་མཐུན་པ་གསུམ་དང་། མི་མཐུན་པ་དྲུག་སྟེ་དགུ་ལས་དེ་ཡན་ཆད་དུ་ཕྱོགས་མཐུན་པ་དང་པོ་
བསྟན་པའི་ལྷག་མ་བརྒྱད་པོ་དག་ཀྱང་སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་བ་ཡིན་ནོ། །འདི་ལྟར་སྦྱར་ཏེ་མཚན་ཉིད་མ་ཡིན་པར་གྱུར་པ་མཚན་ཉིད་ཀྱི་གཞི་མ་ཡིན་པར་གྱུར་པ་མཚོན་པར་མི་བྱེད་པ་དང་། མཚན་ཉིད་ཀྱི་གཞི་མ་ཡིན་པར་གྱུར་པ་མཚན་ཉིད་མ་ཡིན་པར་གྱུར་པའི་མཚོན་པར་བྱ་བ་མ་ཡིན་པ་དང་། མཚན་
ཉིད་ཡིན་པ་དང་མ་ཡིན་པར་གྱུར་པའི་མཚན་ཉིད་ཀྱི་གཞི་ཡིན་པ་དང་མ་ཡིན་པར་གྱུར་པ་མཚོན་པར་མི་བྱེད་པ་དང་། མཚན་ཉིད་ཀྱི་གཞི་ཡིན་པ་དང་མ་ཡིན་པར་གྱུར་པ་མཚན་ཉིད་ཡིན་པ་དང་མ་ཡིན་པར་གྱུར་པའི་མཚོན་པར་བྱ་བ་མ་ཡིན་པ་དང་། མཚན་ཉིད་ཡིན་པར་གྱུར་པ་མཚན་ཉིད་ཀྱི་གཞི་མ་ཡིན་པར་

གྱུར་པ་མཚོན་པར་མི་བྱེད་པ་དང་། མཚན་ཉིད་ཀྱི་གཞི་མ་ཡིན་པར་གྱུར་པ་མཚན་ཉིད་ཡིན་པར་གྱུར་པའི་མཚོན་པར་བྱ་བ་མ་ཡིན་པ་དང་། མཚན་ཉིད་མ་ཡིན་པར་གྱུར་པའི་མཚན་ཉིད་ཀྱི་གཞི་ཡིན་པར་གྱུར་པ་མཚོན་པར་མི་བྱེད་པ་དང་། མཚན་ཉིད་ཀྱི་གཞི་ཡིན་པར་གྱུར་པ་མཚན་ཉིད་མ་ཡིན་པར་གྱུར་པའི་
མཚོན་པར་བྱ་བ་མ་ཡིན་པ་དང་། མཚན་ཉིད་ཡིན་པར་གྱུར་པ་མཚན་ཉིད་ཀྱི་གཞི་ཡིན་པ་དང་མ་ཡིན་པར་གྱུར་པ་མཚོན་པར་མི་བྱེད་པ་དང་། མཚན་ཉིད་ཀྱི་གཞི་ཡིན་པ་དང་མ་ཡིན་པར་གྱུར་པ་མཚན་ཉིད་ཡིན་པར་གྱུར་པའི་མཚོན་པར་བྱ་བ་མ་ཡིན་པ་དང་། མཚན་ཉིད་མ་ཡིན་པར་གྱུར་པ་མཚན་ཉིད་ཀྱི་གཞི་ཡིན་པ་དང་མ་
ཡིན་པར་གྱུར་པ་མཚོན་པར་མི་བྱེད་པ་དང་། མཚན་ཉིད་ཀྱི་གཞི་ཡིན་པ་དང་མ་ཡིན་པར་གྱུར་པ་མཚན་ཉིད་མ་ཡིན་པར་གྱུར་པའི་མཚོན་པར་བྱ་བ་མ་ཡིན་པ་དང་། མཚན་ཉིད་ཡིན་པ་དང་མ་ཡིན་པར་གྱུར་པ་མཚན་ཉིད་ཀྱི་གཞི་ཡིན་པར་གྱུར་པ་མཚོན་པར་མི་བྱེད་པ་དང་། མཚན་ཉིད་ཀྱི་གཞི་ཡིན་པར་གྱུར་པ་མཚན་
ཉིད་ཡིན་པ་དང་མ་ཡིན་པར་གྱུར་པའི་མཚོན་པར་བྱ་བ་མ་ཡིན་པ་དང་། མཚན་ཉིད་ཡིན་པ་དང་མ་ཡིན་པར་གྱུར་པ་མཚན་ཉིད་ཀྱི་གཞི་མ་ཡིན་པར་གྱུར་པ་མཚོན་པར་མི་བྱེད་པ་དང་། མཚན་ཉིད་ཀྱི་གཞི་མ་ཡིན་པར་གྱུར་པ་མཚན་ཉིད་ཡིན་པ་དང་མ་ཡིན་པར་གྱུར་པའི་མཚོན་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བར་སྦྱར་བར་
བྱའོ། །དེ་བཞིན་དུ་དོན་དམ་པར་ལག་པ་ལ་སོགས་པ་ཡན་ལག་ཡིན་པར་གྱུར་པ་དག་ཀྱང་ལྷས་བྱིན་ཞེས་བྱ་བ་ཡན་ལག་ཅན་ཡིན་པར་གྱུར་པ་རྩོམ་པར་བྱེད་པ་མ་ཡིན་ཏེ། ཡན་ལག་ཅན་ལ་ལྟོས་པའི་ཕྱིར་དཔེར་ན་རྩ་བ་དང་སྡོང་པོ་ལ་སོགས་པ་དག་བཞིན་ནོ་ཞེས་བྱ་བས་ནི་ཡན་ལག་ཡིན་པར་གྱུར་པ་ཡན་
ལག་ཅན་ཡིན་པར་གྱུར་པ་རྩོམ་པར་མི་བྱེད་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྩ་བ་དང་སྡོང་པོ་ལ་སོགས་པ་ཡན་ལག་དག་ནི་ཡན་ལག་ཅན་ཤིང་ལྗོན་པ་ལ་ལྟོས་པའི་ཕྱིར་ལྷས་བྱིན་ཞེས་བྱ་བ་ཡན་ལག་
ཅན་ཡིན་པར་གྱུར་པ་རྩོམ་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་ལག་པ་ལ་སོགས་པ་ཡན་ལག་ཡིན་པར་གྱུར་པ་དག་ཀྱང་ཡན་ལག་ཅན་ལུས་ལ་ལྟོས་པའི་ཕྱིར་ལྷས་བྱིན་ཞེས་བྱ་བ་ཡན་ལག་ཅན་ཡིན་པར་གྱུར་པ་རྩོམ་པར་བྱེད་པ་མ་ཡིན་ནོ།། །།བམ་པོ་བཞི་བཅུ་བཞི་པ། དེ་བཞིན་དུ་དོན་དམ་

པར་ལྷས་བྱིན་ཞེས་བྱ་བ་ཡན་ལག་ཅན་ཡིན་པར་གྱུར་པ་ཡང་ལག་པ་ལ་སོགས་པ་ཡན་ལག་ཡིན་པར་གྱུར་པ་དག་གིས་བརྩམས་པ་མ་ཡིན་ཏེ། ཡན་ལག་ལ་ལྟོས་པའི་ཕྱིར་དཔེར་ན་ཤིང་ལྗོན་པ་བཞིན་ནོ་ཞེས་བྱ་བ་ནི་ཡན་ལག་ཅན་ཡིན་པར་གྱུར་པ་ཡན་ལག་ཡིན་པར་གྱུར་པའི་བྱ་བ་མ་ཡིན་
པར་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཡན་ལག་ཅན་ཤིང་ལྗོན་པ་ནི་ཡན་ལག་རྩ་བ་དང་སྡོང་པོ་ལ་སོགས་པ་ལ་ལྟོས་པའི་ཕྱིར་ལག་པ་ལ་སོགས་པ་ཡན་ལག་ཡིན་པར་གྱུར་པ་དག་གིས་བརྩམས་པ་མ་
ཡིན་པ་དེ་བཞིན་དུ་ལྷས་བྱིན་ཞེས་བྱ་བ་ཡན་ལག་ཅན་ཡིན་པར་གྱུར་པ་ཡང་ཡན་ལག་རྐང་པ་ལ་སོགས་པ་ལ་ལྟོས་པའི་ཕྱིར། ལག་པ་ལ་སོགས་པའི་ཡན་ལག་ཡིན་པར་གྱུར་པ་དག་གིས་བརྩམས་པ་མ་ཡིན་ནོ། །ཡང་ན་སྨྲ་བར་འདོད་པའི་སོ་མ་ཤར་མ་ཞེས་བྱ་བ་ནི་ལག་པ་ལ་སོགས་པ་ཡན་ལག་དག་གིས་བརྩམས་
པ་མ་ཡིན་པར་གཟུང་བར་བྱ་སྟེ། ཡན་ལག་ལ་ལྟོས་པའི་ཕྱིར་དང་། ཡན་ལག་ཅན་ཡིན་པའི་ཕྱིར་དཔེར་ན་བྷ་བ་ཤར་མ་བཞིན་ནོ་ཞེས་བྱ་བས་ནི་རྒྱུད་ཐ་དད་པའི་ཡན་ལག་ཅན་རྒྱུད་ཐ་དད་པའི་ཡན་ལག་གི་བྱ་བ་མ་ཡིན་པར་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་
ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཡན་ལག་ཅན་རྒྱུད་ཐ་དད་པ་བྷ་བ་ཤར་མ་ནི་ཡན་ལག་ལ་ལྟོས་པའི་ཕྱིར་དང་ཡན་ལག་ཅན་ཡིན་པའི་ཕྱིར་རྒྱུད་ཐ་དད་པའི་ཡན་ལག་ལ་སོགས་པ་ཡན་ལག་གིས་བརྩམས་པ་མ་ཡིན་པ་དེ་བཞིན་དུ་ཡན་ལག་ཅན་རྒྱུད་ཐ་དད་པ་སོ་མ་ཤར་མ་ཡང་ཡན་ལག་ལ་ལྟོས་པའི་ཕྱིར་དང་
ཡན་ལག་ཅན་ཡིན་པའི་ཕྱིར་རྒྱུད་ཐ་དད་པའི་ལག་པ་ལ་སོགས་པ་ཡན་ལག་དག་གིས་བརྩམས་པ་མ་ཡིན་ནོ། །ཡང་ན་དོན་དམ་པར་སྨྲ་བར་འདོད་པའི་ལག་པ་ལ་སོགས་པ་ཡན་ལག་ནི་སོ་མ་ཤར་མ་ཞེས་བྱ་བ་ཡན་ལག་ཅན་རྩོམ་པར་བྱེད་པ་མ་ཡིན་པར་ཤེས་པར་བྱ་སྟེ། ཡན་ལག་ཅན་ལ་ལྟོས་པའི་ཕྱིར་དཔེར་ན་དེ་ལས་
གཞན་པ་བཞིན་ནོ་ཞེས་བྱ་བས་ནི་རྒྱུད་ཐ་དད་པའི་ཡན་ལག་ཅན་བྱེད་པ་མ་ཡིན་པར་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྒྱུད་ཐ་དད་པ་བྷ་བ་ཤར་མའི་ཡན་ལག་དག་ནི་ཡན་ལག་ཅན་ལ་ལྟོས་པའི་ཕྱིར་རྒྱུད་ཐ་དད་

པས་སོ་མ་ཤར་མ་ཞེས་བྱ་བ་ཡན་ལག་ཅན་རྩོམ་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་རྒྱུད་ཐ་དད་པ་སོ་མ་ཤར་མའི་ཡན་ལག་ཅན་དག་ཀྱང་ཡན་ལག་ཅན་ལ་ལྟོས་པའི་ཕྱིར་རྒྱུད་ཐ་དད་པ་བྷ་བ་ཤར་མ་ཞེས་བྱ་བ་ཡན་ལག་ཅན་རྩོམ་པར་བྱེད་པ་མ་ཡིན་ནོ། །འདིར་ཡང་དམ་བཅས་པའི་དོན་ལ་སོགས་པ་རྣམ་པར་བརྟག་པ་
རྒྱས་པར་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་འདིར་ཡང་ཕྱོགས་མཐུན་པ་གསུམ་དང་། མི་མཐུན་པ་དྲུག་སྟེ་དགུ་ལས་དེ་ཡན་ཆད་དུ་ཕྱོགས་མཐུན་པ་དང་པོ་བསྟན་པའི་ལྷག་མ་བརྒྱད་པོ་དག་ཀྱང་སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་བ་ཡིན་ནོ། །འདི་ལྟར་སྦྱར་ཏེ། ཡན་ལག་མ་ཡིན་པར་གྱུར་པ་ཡན་ལག་ཅན་མ་ཡིན་པར་
གྱུར་པ་རྩོམ་པར་མི་བྱེད་པ་དང་། ཡན་ལག་ཅན་མ་ཡིན་པར་གྱུར་པ་ཡན་ལག་མ་ཡིན་པར་གྱུར་པའི་བརྩམ་པར་བྱ་བ་མ་ཡིན་པ་དང་། ཡན་ལག་ཡིན་པ་དང་མ་ཡིན་པར་གྱུར་པ་ཡན་ལག་ཅན་ཡིན་པ་དང་མ་ཡིན་པར་གྱུར་པ་རྩོམ་པར་མི་བྱེད་པ་དང་། ཡན་ལག་ཅན་ཡིན་པ་དང་མ་ཡིན་པར་གྱུར་པ་ཡན་ལག་ཡིན་
པ་དང་མ་ཡིན་པར་གྱུར་པའི་བརྩམ་པར་བྱ་བ་མ་ཡིན་པ་དང་། ཡན་ལག་ཡིན་པར་གྱུར་པ་ཡན་ལག་ཅན་མ་ཡིན་པར་གྱུར་པ་རྩོམ་པར་མི་བྱེད་པ་དང་། ཡན་ལག་ཅན་མ་ཡིན་པར་གྱུར་པ་ཡན་ལག་ཡིན་པར་གྱུར་པའི་བརྩམ་པར་བྱ་བ་མ་ཡིན་པ་དང་། ཡན་ལག་མ་ཡིན་པར་གྱུར་པ་ཡན་ལག་ཅན་ཡིན་པར་གྱུར་པ་
རྩོམ་པར་མི་བྱེད་པ་དང་། ཡན་ལག་ཅན་ཡིན་པར་གྱུར་པ་ཡན་ལག་མ་ཡིན་པར་གྱུར་པའི་བརྩམ་པར་བྱ་བ་མ་ཡིན་པ་དང་། ཡན་ལག་ཡིན་པར་གྱུར་པ་ཡན་ལག་ཅན་ཡིན་པ་དང་མ་ཡིན་པར་གྱུར་པ་རྩོམ་པར་མི་བྱེད་པ་དང་། ཡན་ལག་ཅན་ཡིན་པ་དང་མ་ཡིན་པར་གྱུར་པ་ཡན་ལག་ཡིན་པར་གྱུར་པའི་བརྩམ་པར་
བྱ་བ་མ་ཡིན་པ་དང་། ཡན་ལག་མ་ཡིན་པར་གྱུར་པ་ཡན་ལག་ཅན་ཡིན་པ་དང་མ་ཡིན་པར་གྱུར་པ་རྩོམ་པར་མི་བྱེད་པ་དང་། ཡན་ལག་ཅན་ཡིན་པ་དང་མ་ཡིན་པར་གྱུར་པ་ཡན་ལག་མ་ཡིན་པར་གྱུར་པའི་བརྩམ་པར་བྱ་བ་མ་ཡིན་པ་དང་། ཡན་ལག་ཡིན་པ་དང་མ་ཡིན་པར་གྱུར་པ་ཡན་ལག་ཅན་ཡིན་པར་
གྱུར་པ་རྩོམ་པར་མི་བྱེད་པ་དང་། ཡན་ལག་ཅན་ཡིན་པར་གྱུར་པ་ཡན་ལག་ཡིན་པ་དང་མ་ཡིན་པར་གྱུར་པའི་བརྩམ་པར་བྱ་བ་མ་ཡིན་པ་དང་། ཡན་ལག་ཡིན་པ་དང་མ་ཡིན་པར་གྱུར་པ་ཡན་ལག་ཅན་མ་ཡིན་པར་གྱུར་པ་རྩོམ་པར་མི་བྱེད་པ་དང་། ཡན་ལག་ཅན་མ་ཡིན་པར་གྱུར་པ་ཡན་ལག་ཡིན་

པ་དང་མ་ཡིན་པར་གྱུར་པའི་བརྩམ་པར་བྱ་བ་མ་ཡིན་ནོ་ཞེས་སྦྱར་བར་བྱའོ། །ཡང་གཞན་ཡང་འདི་ལ་ཡན་ལག་ཅན་དེ་ཡན་ལག་དག་ལ་ཆ་ཤས་ཀྱིས་འཇུག་པར་འདོད་དམ། བདག་ཉིད་ཐམས་ཅད་ཀྱིས་འཇུག་པར་འདོད་ཅེས་བྱ་བས་ནི་ཡན་ལག་ཅན་ལྷས་བྱིན་ཞེས་བྱ་བ་དེ་ལག་པ་ལ་
སོགས་པ་ཡན་ལག་རེ་རེ་དག་ལ་ཆ་ཤས་རེ་རེས་འཇུག་པར་འདོད་དམ། ལག་པ་ལ་སོགས་པ་ཡན་ལག་རེ་རེ་ལ་བདག་ཉིད་ཐམས་ཅད་རྫོགས་པ་རེ་རེས་འཇུག་པར་འདོད་ཅེས་བརྟག་པ་རྣམ་པར་སྟོན་ཏོ། །དེ་ལ་བརྟག་པ་སྔ་མ་ལྟར་མི་འཐད་པར་བསྟན་པའི་ཕྱིར་དེ་ལ་གལ་ཏེ་བརྟག་པ་སྔ་མ་ལྟར་འདོད་
ན་ནི་ལྷས་བྱིན་ཞེས་བྱ་བ་ཡན་ལག་ཅན་གྱི་རྐང་པ་ལ་སོགས་པ་དག་དེའི་ཆ་ཤས་ལག་པའི་ཕྱོགས་ན་འདུག་པ་གང་ཡིན་པ་དེ་རྩོམ་པར་བྱེད་པ་མ་ཡིན་ཏེ། དེ་དག་ཏུ་མ་ཞུགས་པའི་ཕྱིར་དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་
ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ལྷས་བྱིན་ཞེས་བྱ་བ་ཡན་ལག་ཅན་དེའི་ཆ་ཤས་ཡན་ལག་ལག་པའི་ཕྱོགས་ན་འདུག་པ་གང་ཡིན་པ་དེ་ནི། སྣམ་བུའི་ཡན་ལག་རྒྱུ་སྤུན་ལ་སོགས་པ་དེ་དག་ཏུ་མ་ཞུགས་པའི་ཕྱིར་ཡན་ལག་རྒྱུ་སྤུན་ལ་སོགས་པ་དེ་དག་ལྷས་བྱིན་ཞེས་བྱ་བ་ཡན་ལག་ཅན་དེའི་
ཆ་ཤས་ཡན་ལག་ལག་པའི་ཕྱོགས་ན་འདུག་པ་གང་ཡིན་པ་དེ་རྩོམ་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་ལྷས་བྱིན་ཞེས་བྱ་བ་ཡན་ལག་ཅན་དེའི་ཆ་ཤས་ཡན་ལག་ལག་པའི་ཕྱོགས་ན་འདུག་པ་གང་ཡིན་པ་དེ། དེའི་ཡན་ལག་རྐང་པ་ལ་སོགས་པ་དེ་དག་ཏུ་ཡང་མ་ཞུགས་པའི་ཕྱིར་ཡན་ལག་རྐང་པ་ལ་སོགས་པ་དེ་དག་ཀྱང་
ལྷས་བྱིན་ཞེས་བྱ་བ་ཡན་ལག་ཅན་དེའི་ཆ་ཤས་ཡན་ལག་ལག་པའི་ཕྱོགས་ན་འདུག་པ་གང་ཡིན་པ་དེ་རྩོམ་པར་བྱེད་པ་མ་ཡིན་ནོ། །བརྟག་པ་ཕྱི་མ་ལྟར་འཐད་མི་འཐད་པར་བསྟན་པའི་ཕྱིར་ཅི་སྟེ་བརྟག་པ་ཕྱི་མ་ལྟར་འདོད་ན་ནི་ལྷས་བྱིན་ཞེས་བྱ་བ་ཡན་ལག་ཅན་གྱི་བདག་ཉིད་ལག་པའི་ཕྱོགས་ན་འདུག་པ་གང་ཡིན་པ་དེ་
དེའི་རྐང་པ་ལ་སོགས་པས་བརྩམས་པ་མ་ཡིན་ཏེ། དེ་དག་ཏུ་མ་ཞུགས་པའི་ཕྱིར་དཔེར་ན་བ་ལང་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བ་ལང་ལ་སོགས་པ་ཡན་ལག་ཅན་གྱི་

བདག་ཉིད་གང་ཡིན་པ་དེ་ནི་ལྷས་བྱིན་ཞེས་བྱ་བ་ཡན་ལག་ཅན་དེའི་ཡན་ལག་རྐང་པ་ལ་སོགས་པ་དེ་དག་ཏུ་མ་ཞུགས་པའི་ཕྱིར་བ་ལང་ལ་སོགས་པ་ཡན་ལག་ཅན་གྱི་བདག་ཉིད་གང་ཡིན་པ་དེ་ལྷས་བྱིན་ཞེས་བྱ་བ་ཡན་ལག་ཅན་དེའི་ཡན་ལག་རྐང་པ་ལ་སོགས་པས་བརྩམས་པ་མ་ཡིན་པ་དེ་བཞིན་དུ། ལྷས་བྱིན་ཞེས་བྱ་
བ་ཡན་ལག་ཅན་གྱི་བདག་ཉིད་ཡན་ལག་ལག་པའི་ཕྱོགས་ན་འདུག་པ་གང་ཡིན་པ་དེ་ཡང་ལྷས་བྱིན་ཞེས་བྱ་བ་ཡན་ལག་ཅན་དེའི་ཡན་ལག་རྐང་པ་ལ་སོགས་པ་དེ་དག་ཏུ་མ་ཞུགས་པའི་ཕྱིར་ལྷས་བྱིན་ཞེས་བྱ་བ་ཡན་ལག་ཅན་གྱི་བདག་ཉིད་ཡན་ལག་ལག་པའི་ཕྱོགས་ན་འདུག་པ་གང་ཡིན་པ་དེ་ལྷས་བྱིན་ཞེས་བྱ་བ་ཡན་
ལག་ཅན་དེའི་ཡན་ལག་རྐང་པ་ལ་སོགས་པས་བརྩམས་པ་མ་ཡིན་ནོ། །དེ་ལ་བརྟག་པ་སྔ་མ་ལ་ནི་ཡན་ལག་ཅན་ཆ་ཤས་དང་བཅས་པ་ཉིད་དུ་གྱུར་ལ། བརྟག་པ་ཕྱི་མ་ལ་ནི་ཡན་ལག་ཅན་མང་པོ་ཉིད་དུ་འགྱུར་བས་དེའི་ཕྱིར་དེ་ལ་མངོན་པར་ཞེན་པར་མི་བྱའོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་
ཏེ། ཡན་ལག་ཅན་དེ་ཡན་ལག་དག་ལ་ཆ་ཤས་ཀྱིས་འཇུག་པ་ཞེས་བྱ་བ་བརྟག་པ་སྔ་མ་ལ་ནི་ཡན་ལག་ཅན་ཆ་ཤས་དང་བཅས་པ་ཉིད་དུ་གྱུར་པས། བྱེ་བྲག་པ་དག་ཉིད་ཡན་ལག་ཅན་ཆ་ཤས་མེད་པ་ཉིད་དུ་འདོད་པ་དང་འགལ་ལ། ཡན་ལག་ཅན་དེ་ཡན་ལག་དག་ལ་བདག་ཉིད་ཐམས་ཅད་ཀྱིས་འཇུག་པ་ཞེས་བྱ་བ་བརྟག་
པ་ཕྱི་མ་ལ་ནི་ཡན་ལག་ཅན་མང་པོ་ཉིད་དུ་འགྱུར་བས་བྱེ་བྲག་པ་དག་ཉིད་ཡན་ལག་ཅན་གཅིག་ཉིད་དུ་འདོད་པ་དང་འགལ་བའི་ཕྱིར་བྱེ་བྲག་པ་དག་གིས་ཡན་ལག་དང་ཡན་ལག་ཅན་དེ་ལ་མངོན་པར་ཞེན་པར་མི་བྱའོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་ཕུང་པོ་ལ་སོགས་པ་དག་ཡོད་པ་ཉིད་དུ་བསྒྲུབ་པའི་ཕྱིར་
རབ་ཏུ་བྱེད་པའི་དང་པོར་གཏན་ཚིགས་སྨྲས་པའི་དོན་མ་གྲུབ་པ་ཉིད་དུ་བརྗོད་པས་བྱེད་པ་པོ་དང་ལས་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། བྱེད་པ་པོ་དང་ལས་བརྟག་པའི་རབ་ཏུ་བྱེད་པ་བརྒྱད་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་བུར་
ལྟ་བ་ནི་ཕ་རོལ་པོས་ཕུང་པོ་ལ་སོགས་པ་དག་ངོ་བོ་ཉིད་ཡོད་པ་ཉིད་དུ་བསྒྲུབ་པའི་ཕྱིར་རབ་ཏུ་བྱེད་པ་འདིའི་དང་པོར་དོན་དམ་པར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་བརྟེན་ནས་བྱེད་པ་པོ་དང་ལས་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་པའི་གཏན་

ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་བརྗོད་པས་བྱེད་པ་པོ་དང་ལས་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །བྱེད་པ་པོ་དང་ལས་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ལ་ཡོན་ཏན་ཅི་ཡོད་པ་བསྟན་པའི་ཕྱིར་དང་། བྱེད་པ་པོ་དང་ལས་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་
གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་བྱ་བ་བསལ་བའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱིས་ཀྱང་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་དག་ལས། ལུས་དང་ངག་དང་ཡིད་དག་གིས་མངོན་པར་འདུ་བྱེད་པ་མེད་པ་ནི་ཡང་དག་པའི་ལས་ཀྱི་མཐའ་འོ་ཞེས་བྱ་བ་
ལ་སོགས་པ་གསུངས་པ་དག་གྲུབ་པ་ཡིན་ཏེ། དེས་ནི་བྱེད་པ་པོ་དང་ལས་གཉི་ག་ངོ་བོ་ཉིད་མེད་པ་ཉིད་དུ་བསྒྲུབས་པའི་ཁུངས་བསྟན་ཏོ། །དེ་བཞིན་དུ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པའི་མདོ་ལས། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་
གཟུགས་ལ་བྱེད་པ་པོའམ་བྱེད་དུ་འཇུག་པ་པོ་མེད་དོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ་བྱེད་པ་པོའམ་བྱེད་དུ་འཇུག་པ་པོ་མེད་དོ། །གཟུགས་ལ་བྱེད་པ་པོའམ་བྱེད་དུ་འཇུག་པ་པོ་མེད་པ་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ་བྱེད་པ་པོའམ།
བྱེད་དུ་འཇུག་པ་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་གསུངས་པ་དང་། དེ་བཞིན་དུ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མ་བགྱིས་པའོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱེད་པ་པོ་དེ་དམིགས་སུ་མེད་
པའི་ཕྱིར་རོ་ཞེས་བྱ་བ་གསུངས་པ་དག་གྲུབ་པ་ཡིན་ཏེ། དེ་དག་གིས་ནི་བྱེད་པ་པོ་ངོ་བོ་ཉིད་མེད་པ་ཉིད་དུ་བསྒྲུབས་པའི་ཁུངས་བསྟན་ཏོ། །དེ་བཞིན་དུ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པའི་མདོ་ལས། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་
དགེ་བའམ་མི་དགེ་བ་མ་ཡིན་ནོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ཡང་དགེ་བའམ་མི་དགེ་བ་མ་ཡིན་ནོ། །གཟུགས་དགེ་བའམ་མི་དགེ་བ་མ་ཡིན་པ་གང་ཡིན་པ་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་དགེ་བའམ་མི་དགེ་བ་མ་ཡིན་པ་གང་ཡིན་

པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བས་ནི་ལས་ངོ་བོ་ཉིད་མེད་པ་ཉིད་དུ་བསྒྲུབས་པའི་ཁུངས་བསྟན་ཏོ། །དེ་ལྟར་ཡིད་ཆེས་པའི་ལུང་དེ་དག་གྲུབ་པ་ནི་བྱེད་པ་པོ་དང་ལས་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཡོན་ཏན་ཡིན་ཏེ། དེའི་ཕྱིར་ཁོ་བོས་རང་
གི་བསམ་པས་རྟོག་གེ་སྐམ་པོ་ཙམ་གྱིས་བྱེད་པ་པོ་དང་ལས་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་མ་ཡིན་ཏེ། འདི་ལྟར་ལུང་དེ་དག་ཀྱང་ཡོད་དོ། །གང་གི་ཕྱིར་དེ་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་ཡས་པ་དག་ལས་བྱེད་པ་པོ་དང་ལས་ལ་སོགས་པ་དག་ངོ་བོ་ཉིད་མེད་པ་ཉིད་དུ་གསུངས་པ་དེ་དག་འདིར་བསྟན་
བཅོས་འདིས་རབ་ཏུ་གྲུབ་པར་བསྒྲུབས་པ་ནི་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་མཁྱེན་རླབས་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས། བྱེད་པ་པོ་དང་ལས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བརྒྱད་པ་རྒྱ་ཆེར་འགྲེལ་པ་སློབ་དཔོན་སྤྱན་རས་གཟིགས་
བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ།། །།ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་དགུ་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་
དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་དང་གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དུ་བལྟ་སྟེ། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་པས་རྐྱེན་
བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམ་པའི་སྐབས་སུ་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་དམ་བཅའ་བ་མཛད་པས་འདིར་ཡང་སྔར་བསྟན་བཅོས་མཛད་པས་ཇི་ལྟར་དམ་བཅས་པ་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་དེ་སྐད་སྨྲས་ཏེ། སྟོང་པ་ཉིད་ནི་རང་གི་ཕྱོགས་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་
ནི་ཕྱིར་རྒོལ་བར་བྱེད་པའི་ཕྱོགས་ཡིན་ཏེ། འདི་ལྟ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་ཡིན་ནོ། །དེའི་ཁྱད་པར་ཞེས་བྱ་བ་ནི་ཕ་རོལ་པོས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཡོད་པ་ཉིད་དུ་བསྒྲུབ་པའི་ཕྱོགས་སྔ་མ་ཉེ་བར་གཞག་པ་འོག་ནས། ལྟ་དང་ཉན་ལ་སོགས་པ་དང་། །ཚོར་སོགས་དང་

ཡང་དབང་བྱས་པ། །གང་གི་ཡིན་པ་དེ་དག་གི །སྔ་རོལ་དེ་ཡོད་ཁ་ཅིག་སྨྲ། །དངོས་པོ་ཡོད་པ་མ་ཡིན་ན། །ལྟ་ལ་སོགས་པ་ཅི་ལྟར་འགྱུར། །དེ་ཕྱིར་དེ་དག་སྔ་རོལ་ན། །དངོས་པོ་གནས་པ་དེ་ཡོད་དོ། །ཞེས་བྱ་བ་ལ་སོགས་པ་གང་ཟག་ཡོད་པ་ཉིད་དུ་སྒྲུབ་པའི་གཏན་ཚིགས་ཉེ་བར་ལེན་པ་པོ་དང་ཉེ་
བར་བླང་བ་དག་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་དག་ཡིན་ནོ། །དེ་དགག་པས་ཞེས་བྱ་བ་ནི་དེ་དགག་པའི་དབང་དུ་བྱས་ནས་རབ་ཏུ་བྱེད་པ་དགུ་པ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་
གིས་རབ་ཏུ་བྱེད་པ་དགུ་པ་རྩོམ་ཞེས་བྱ་བ་སྨྲས་ཏེ། ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་བརྟག་པའི་རབ་ཏུ་བྱེད་པ་དགུ་པའི་གཞུང་འོག་ནས་འབྱུང་བ་འདིའི་དོན་ནི་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་པས་དེའི་དབང་དུ་བྱས་ནས་དེ་སྐད་སྨྲས་སོ། །རབ་ཏུ་བྱེད་པ་འདིའི་འབྲས་བུ་ནི་གང་
ཡིན། །རྣམ་པ་གང་གིས་ནི་འབྲས་བུ་དེ་འཐོབ་ཅེ་ན། ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ནི་དེའི་འབྲས་བུ་ཡིན་ལ། སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པའི་རྣམ་པས་ནི་འབྲས་བུ་དེ་འཐོབ་པས་དེའི་ཕྱིར་འགྲེལ་པ་བྱེད་པས་རབ་ཏུ་བྱེད་པའི་མཚམས་སྦྱར་བའི་སྐབས་
འདིར་ཐབས་དང་ཐབས་ལས་བྱུང་བའི་འབྲས་བུ་དང་པོ་ཁོ་ནར་བསྟན་ཏོ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཞེས་སྨོས་པ་དེ་ཉིད་བསྟན་པའི་ཕྱིར། རབ་ཏུ་བྱེད་པ་འདས་མ་ཐག་པར། དེ་བཞིན་ཉེར་ལེན་ཤེས་པར་བྱ། །ཞེས་སྨོས་པ་དེར། ཉེ་བར་ལེན་པ་པོ་ཡིན་པར་གྱུར་པ་དང་། མ་ཡིན་པར་གྱུར་པ་དང་། ཡིན་
པ་དང་མ་ཡིན་པར་གྱུར་པ་ཉེ་བར་བླང་བ་ཡིན་པར་གྱུར་པ་དང་མ་ཡིན་པར་གྱུར་པ་དང་ཡིན་པ་དང་མ་ཡིན་པར་གྱུར་པ་ཉེ་བར་ལེན་པར་མི་བྱེད་དོ་ཞེས་བཤད་པའི་ཕྱིར་འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རང་གི་སྡེ་པ་དག་དོན་དམ་པར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་
ཀྱིས་དེ་དག་ལ་བརྟེན་ནས་བྱེད་པ་པོ་དང་ལས་དག་བསྟན་པའི་ཕྱིར་རོ་ཞེས་ཟེར་བའི་གཏན་ཚིགས་སུན་དབྱུང་བའི་ཞར་ལ་བྱེད་པ་དང་ལས་བརྟག་པའི་རབ་ཏུ་བྱེད་པ་འདས་མ་ཐག་པར། དེ་བཞིན་ཉེར་ལེན་ཤེས་པར་བྱ། །ཞེས་སྨོས་པས་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་དགག་པའི་ཕྱོགས་རྣམ་པ་དགུས་དེ་དག་

བཀག་ཏུ་ཟིན་ཀྱང་དེ་དག་ལ་མངོན་པར་ཞེན་པ་རང་གི་སྡེ་པ་དག་ལས། གནས་མའི་བུའི་སྡེ་པ་དག་གིས་དེ་མི་བཟོད་པས་ཡང་དེ་དག་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར། ལྟ་དང་ཉན་ལ་སོགས་པ་དང་། །ཚོར་སོགས་དང་ཡང་དབང་བྱས་པ། །གང་གི་ཡིན་པ་དེ་དག་གི །སྔ་རོལ་དེ་ཡོད་ཁ་ཅིག་
སྨྲ། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ་ལྟ་ཞེས་བྱ་བ་ནི་འདིས་ལྟ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱེད་པ་བསྟན་པ་ཡིན་ཏེ། བྱེད་པ་པོ་བདག་སྔ་ན་གནས་པ་དེ་བྱེད་པ་མིག་འདིས་ལྟ་བར་བྱེད་པའི་ཕྱིར་མིག་ནི་ལྟ་བའོ་ཞེས་ཟེར་རོ། །ཉན་ཞེས་བྱ་བ་ལ་སོགས་པ་དག་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་ཉན་པ་
དང་སྣོམ་པ་དང་མྱོང་བར་བྱེད་པ་དང་རེག་པར་བྱེད་པ་དང་ཡིད་ཆེས་བྱ་བ་དག་ལ་ཡང་དེ་བཞིན་དུ་སྦྱར་རོ། །སོགས་པ་ཞེས་བྱ་བ་ནི་ག