Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 94

Văn bản gốc(Tây Tạng)

Trang 19 / 21 (50.000 ký tự/trang)
འགྱུར་ཞེས་བྱ་བ་ལ་སོགས་པ་སྟེ། ཡོན་ཏན་ཐམས་ཅད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་སོ། །
སངས་རྒྱས་ཀྱི་ཞིང་དང་ཡོན་ཏན་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་མཇུག་གོ་ཞེས་བྱ་བའོ། །འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་འདི་སྟོང་པ་ཉིད་བསྟན་པའི་གཙོ་བོ་སྟེ། གང་གི་ཕྱིར་ཡང་དང་ཡང་དུ་རྣམ་པ་མང་པོས་འདིར་སྟོང་པ་ཉིད་ཁོ་ན་མདོ་རྫོགས་པའི་བར་དུ་
བསྟན་པ་ཡིན་ནོ། །གལ་ཏེ་འདི་ཞར་ལ་འབྱུང་བར་འགྱུར་ན་ལན་ཅིག་དགག་པ་ཙམ་བྱེད་པར་འགྱུར་རོ། །ཆེན་མོ་རྣམས་ལས་ནི་སྟོང་པ་ཉིད་རྣམ་པ་བཅུ་དྲུག་བསྟན་ཏེ་ནང་སྟོང་པ་ཉིད་དང་ཕྱི་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པའོ། །དེ་རྣམས་འདིར་ཅིའི་ཕྱིར་བསྟན་པ་མ་ཡིན་ཞེ་ན།
བསྟན་པ་ཁོ་ན་སྟེ་འོན་ཀྱང་མིང་གཞན་གྱིས་སོ། །མིང་གཞན་ཞེས་བྱ་བ་འདི་ཡང་གང་ཡིན་ཞེ་ན། དོན་གཞན་གྱི་ངག་དོན་གཙོ་བོ་ཉིད་ཀྱིས་སྐབས་སུ་བབ་པའི་མིང་ནི་བསྟན་པ་སྟེ་བརྗོད་པའོ། །དེ་བརྗོད་པ་གཙོ་བོའི་ངག་གི་ཡན་ལག་ཉིད་ཀྱིས་བསྟན་པའི་ཉི་ཚེ་བའི་ངག་དོན་ཉིད་ཀྱིས་ཞེས་
བྱ་བའི་དོན་ཏོ། །ཅི་ལྟར་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་ཏེ། རབ་འབྱོར་ཁྱོད་སྤོབས་པར་བྱོས་ཤིག་ཅེས་བྱ་བ་ནས་ཅི་སྲིད་དུ་བཅོམ་ལྡན་འདས་བདག་གིས་བྱང་ཆུབ་སེམས་དཔའ་མ་འཚལ་མ་དམིགས་ན་བྱང་ཆུབ་སེམས་དཔའ་གང་ཞིག་གང་ལ་

གདམས་པར་བགྱི་ཞེས་བྱ་བ་ནས་འདིའི་གདམས་པ་དང་རྗེས་སུ་བསྟན་པ་ལགས་སོ་ཞེས་བྱ་བའི་ངག་གིས་ངེས་པར་འབྱུང་བའི་གདམས་ངག་བཙོབོ་ཉིད་དུ་གསུངས་སོ། །གང་ཞིག་ཡང་འདི་ཉིད་དུ་གསུངས་པ། བྱང་ཆུབ་སེམས་དཔའ་མ་
དམིགས་ཞེས་བྱ་བ་དེས་ནང་སྟོང་པ་ཉིད་དོ། །དེ་བཞིན་དུ་སྟོང་པ་ཉིད་གཞན་རྣམས་ལ་ཡང་རྟོགས་པར་བྱའོ། །ཇི་སྐད་དུ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱིས་གསུངས་པ། རྣམ་པ་བཅུ་དྲུག་རབ་དབྱེ་བས། །གོ་རིམས་ཅི་ལྟར་སྟོང་ཉིད་ཀྱི། །བརྒྱད་སྟོང་པ་ལས་
བསྟན་པ་ནི། །མིང་གཞན་གྱིས་ནི་ཤེས་པར་བྱ། །ཞེས་བྱ་བའོ། །འོན་ཏེ་སྟོང་པ་ཉིད་ཅེས་བྱ་བ་ནི་གཅིག་པུ་ཁོ་ན་སྟེ། གང་ལ་ཆོས་ཐམས་ཅད་གཉིས་སུ་མེད་པ་ཉིད་ཀྱིས་གཅིག་པར་འགྱུར་རོ། །དེ་བས་ན་ཅི་ལྟར་དེ་ཉིད་ཀྱི་རྣམ་པ་མང་པོར་དབྱེ་བ་ཡིན་ཞེ་ན། བདེན་ཏེ།
བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ལ་བྱེད་པ་ལ་སོགས་པའི་དབྱེ་བས་རྣམ་པ་མང་དུ་ཐ་དད་པར་འགྱུར་ཏེ་རང་གི་ངོ་བོས་ནི་མ་ཡིན་ནོ། །འདིར་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཡིད་ལ་བྱེད་པ་ལ་རབ་ཏུ་སྦྱར་བར་གྱུར་པ་ནི་འདི་ལྟར་བསམ་པར་བྱེད་དེ་གལ་ཏེ་ཆོས་རྣམས་ཐམས་ཅད་
མེད་པ་སྟོང་པ་ཉིད་ཡིན་ན། བདག་ཉིད་བདག་གི་མགོན་པོ་སྟེ། །བདག་ཉིད་ཀྱིས་ནི་བྱས་པའི་ལས། །ཞེས་བྱ་བ་ལ་སོགས་པ་རྣམས་ལ་བདག་ཅེས་བྱ་བ་གང་ཡིན་ཞེས་བསམ་པར་བྱེད་ཅིང་། དང་པོ་ནང་གི་ཆོས་རྣམས་གང་ཞིག་གཟུགས་དང་ཚོར་བ་ལ་སོགས་པ་དེ་རྣམས་
བཟུང་ནས་བསམ་ཞིང་བདག་ཅེས་བྱ་བའི་སྒྲའི་བརྗོད་པར་བྱ་བ་དངོས་པོ་ཅུང་ཟད་དོན་དམ་པར་མཐོང་བ་མ་ཡིན་ནོ། །འདི་ལྟར་གང་གི་ཕྱིར་ཟབ་པོ་བདག་ཅེས་བྱ་བ་ཕྱི་རོལ་པ་རྣམས་སྨྲ་བ་དེའི་དོན་དུ་གང་ཟག་མེད་པ་ཉིད་བསམ་པར་བྱའོ། །གང་ཞིག་ནང་གི་སྐྱེ་མཆེད་ཟབ་པོ་ཞེས་
བྱ་བ་འདིར་མོས་པ་རྣམས་དེའི་དོན་དུ་ནང་གི་སྐྱེ་མཆེད་རྣམས་ལ་མེད་པ་ཉིད་བསམ་པར་བྱེད་དེ་དེ་གཉི་གའི་དོན་དུ་ནང་སྟོང་པ་ཉིད་དོ། །དེ་ལ་མིག་ནི་བདག་དང་བདག་གི་བས་སྟོང་ངོ་། །དེ་བཞིན་དུ་རྣ་བ་ཞེས་བྱ་བ་ལ་སོགས་པས་གང་ཟག་གི་བདག་མེད་པའི་སྒོ་ནས་སྟོང་པ་ཉིད་འགའ་

ཞིག་ཏུ་བསྟན་པ་སྟེ། འགའ་ཞིག་ཏུ་མིག་ནི་མིག་གིས་སྟོང་། རྣ་བ་ནི་རྣ་བས་སྟོང་ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་བདག་མེད་པའི་སྒོ་ནས་དེའི་ཕྱིར་གཉི་ག་ལྟར་བཤད་པར་བྱའོ། །དེ་ལ་མིག་ལ་བརྟག་པ་རྣམ་པ་བཞི་སྟེ། མིག་ཉིད་བདག་སྟེ་ཞེས་བྱ་བ་དང་། བདག་ནི་མིག་
དང་ལྡན་པ་ཞེས་བྱ་བ་དང་མིག་ལ་བདག་ཅེས་བྱ་བ་དང་། བདག་ལ་མིག་ཅེས་བྱ་བའོ། །མིག་ཉིད་བདག་ཅེས་བྱ་བ་འདི་ནི་མིག་ལ་བདག་ཏུ་འཛིན་པའོ། །བདག་ནི་མིག་དང་ལྡན་ཞེས་བྱ་བ་ལ་སོགས་པ་གསུམ་ནི་མིག་ལ་བདག་གི་བར་འཛིན་པའོ། །དེ་ལ་འདི་རྣམས་འཛིན་པ་
རྣམ་པ་བཞི་པོ་མིག་ལ་མི་དམིགས་པའི་རྣམ་པ་དང་ཅི་ལྟ་བ་བཞིན་དུ་ཤེས་པས་སྡངས་ཏེ། ཡང་དག་པར་རབ་ཏུ་ཤེས་ཤིང་མིག་ནི་བདག་དང་བདག་གི་བས་སྟོང་ངོ་ཞེས་བྱ་བ་ཅི་ལྟ་བ་བཞིན་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་བཞིན་དུ་རྣ་བ་ལ་སོགས་པ་རྣམས་ལ་ཡང་ཞེས་བྱ་བ་འདི་ནི་གང་ཟག་གི་
བདག་མེད་པའི་སྒོ་ནས་ནང་སྟོང་པ་ཉིད་དོ། །ཆོས་ཀྱི་བདག་མེད་པའི་སྒོ་ནས་མིག་ནི་རྣམ་པ་གསུམ་སྟེ། ཀུན་བརྟགས་ཀྱི་མིག་དང་། རྣམ་པར་རྟོག་པའི་མིག་དང་། ཆོས་ཉིད་ཀྱི་མིག་ཅེས་བྱ་བའོ། །དེ་ལ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་རྣམ་པས་འཛིན་པའི་མིག་ཅེས་བྱ་བའི་
དངོས་པོ་ཀུན་དུ་བརྟགས་པའི་མིག་གོ། །དེ་ཉིད་ཀྱི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་བདག་ཉིད་ཀྱིས་རྣམ་པར་གནས་པའི་མིག་གི་རྣམ་པར་སྣང་བ་ནི་རྣམ་པར་རྟོག་པའི་མིག་གོ། །དེ་ཉིད་ཀྱི་བརྗོད་པར་བྱ་བའི་རྣམ་པ་དང་བྲལ་བ་དང་མིག་གི་རྣམ་པར་སྣང་བ་དང་བྲལ་བའི་ཕྱིར་སོ་
སོ་རང་གིས་རིག་པར་བྱ་བ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་ཆོས་ཉིད་ཀྱི་མིག་ཅེས་བྱ་བར་བརྗོད་དོ། །དེ་ལ་མིག་ནི་མིག་གིས་སྟོང་ངོ་ཞེས་བྱ་བ་སྟེ། མིག་ཅེས་བྱ་བ་ནི་ཆོས་ཉིད་ཀྱི་མིག་གོ། །མིག་གི་ཞེས་བྱ་བ་ནི་ཀུན་བརྟགས་དང་རྣམ་པར་རྟོག་པའི་མིག་གིས་སོ། །སྟོང་
ངོ་ཞེས་བྱ་བ་ནི་རྣམ་པར་བྲལ་བ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྣ་བ་ནི་རྣ་བས་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་རྣམས་ལ་ཡང་སྦྱར་བར་བྱའོ། །འོན་ཏེ་དོན་དམ་པ་ནི་བརྗོད་པར་བྱ་བ་མ་ཡིན་པ་མིག་གི་ངོ་བོ་ཉིད་ནི་མ་ཡིན་ནོ། །གལ་ཏེ་མིག་གི་ངོ་བོ་ཉིད་དུ་གྱུར་ན་བརྗོད་པར་བྱ་བ་ཉིད་དུ་འགྱུར་

རོ། །དེ་བས་ན་ཅིའི་ཕྱིར་ཆོས་ཉིད་ཀྱི་མིག་ཅེས་བྱ་བ་བརྗོད་པ་ཡིན་ཞེ་ན། འདི་ནི་བདེན་ཏེ། དེ་ལྟ་ན་ཡང་གང་ཞིག་མིག་ལ་སོགས་པ་དང་གཟུགས་དང་སྒྲ་ལ་སོགས་པ་འདུ་བྱེད་ཀྱི་ཆོས་རྣམས་ཀྱི་ཡོངས་སུ་གྱུར་པའི་རྣམ་པ་འདི་ཆ་དང་བྲལ་བ་རྣམ་པ་
གཅིག་པ་ཡང་དེ་གང་གི་ཚེ་རབ་ཏུ་སྟོན་པའི་དོན་དུ་རྣམ་པར་འབྱེད་པས་བརྗོད་པར་འདོད་པ་ཡིན་ན། དེའི་ཚེ་འགྲོ་བ་གཞན་མེད་པའི་ཕྱིར་གཟུགས་ཀྱི་དེ་བཞིན་ཉིད་དང་སྒྲའི་དེ་བཞིན་ཉིད་དང་དྲིའི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་ཉིད་ཀྱི་སྒྲ་རྣམས་ཀྱིས་སོ་སོར་བྱས་ནས་བསྟན་
པ་ཡིན་གྱི་དེ་བཞིན་ཉིད་དེ་ནི་དེའི་རྣམ་པ་ཅན་དང་དེས་བརྗོད་པ་མ་ཡིན་ནོ། །དེ་ལྟར་ན་གང་ཞིག་འདི་ཆོས་ཉིད་ཀྱི་མིག་ལ་སོགས་པ་དེ་ནི་ནང་གི་བདག་ཉིད་ཀྱི་མིག་ལ་སོགས་པའི་སྐྱེ་མཆེད་ཀྱི་རང་བཞིན་དང་བྲལ་བ་ནང་སྟོང་པ་ཉིད་ཅེས་བྱ་བར་བརྗོད་དོ། །དེ་ལྟར་ནང་གི་དངོས་པོ་རྣམས་ལ་རྣམ་པ་གཉིས་
ཀྱང་ཟ་བ་པོའི་འཛིན་པ་ལོག་པར་འགྱུར་རོ། །བཅོམ་ལྡན་འདས་མ་འདི་ལ་ནི། ཅི་སྐད་དུ་གསུངས་པ། བདག་བྱང་ཆུབ་སེམས་དཔའ་མི་དམིགས་ཤིང་ཞེས་བྱ་བ་དེ་ཉིད་ཀྱིས་ནང་སྟོང་པ་ཉིད་བསྟན་ཏེ། བྱང་ཆུབ་སེམས་དཔའ་བདག་གི་ངོ་བོ་དང་གཟུགས་ལ་སོགས་པའི་རང་བཞིན་མ་མཐོང་
བའི་ཕྱིར་རོ། །ཅི་སྐད་དུ་གསུངས་པ། བྱང་ཆུབ་སེམས་དཔའ་མི་མཐོང་སྟེ། །གང་ཞིག་བདག་ཅེས་ཐུབ་པས་གསུངས། །ནང་གི་དངོས་པོ་ཟ་བ་པོའི། །དེ་ནི་སྟོང་ཉིད་བརྗོད་པ་ཡིན། །ཞེས་བྱ་བའོ། །སླར་ཕྱིའི་དངོས་པོ་རྣམས་ལ་བཟའ་བར་འཛིན་པ་ལོག་པའི་དོན་དུ་ཕྱི་སྟོང་པ་ཉིད་རྣམ་པར་
གཞག་པ་ཡིན་ནོ། །བཟའ་བར་འཛིན་པ་ཡང་གཟུགས་ལ་སོགས་པ་རྣམས་ལ་ཕྱི་རོལ་པ་རྣམས་ཀྱི་བདག་གི་བའི་ལྟ་བ་དང་། ཆོས་འདི་ལ་སྤྱོད་པ་རྣམས་ཀྱི་ཡུལ་ཉིད་ཀྱི་རྣམ་པར་རྟོག་པས་སོ། །དེ་ལ་སྔ་མ་ལོག་པའི་དོན་དུ་གཟུགས་ནི་སྟོང་སྟེ་བདག་དང་བདག་གི་བས་ཞེས་བྱ་བའོ། །གཉིས་
པ་ལོག་པའི་དོན་དུ་གཟུགས་ནི་གཟུགས་ཀྱིས་སྟོང་སྒྲ་ནི་སྒྲས་སྟོང་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུའོ། །དེ་ལྟར་ན་ཕྱི་རོལ་གྱི་ཡུལ་རྣམས་ལ་བདག་དང་བདག་གི་བ་དང་བྲལ་བ་དེ་རྣམས་ཉིད་ཀྱི་གཟུགས་དང་ཆོས་ཉིད་ཀྱི་རྣམ་པ་དང་བྲལ་བ་ནི་ཕྱི་སྟོང་པ་ཉིད་ཅེས་བྱ་བར་བརྗོད་དོ། །བཅོམ་

ལྡན་འདས་མ་འདི་ལ་གཟུགས་ཉིད་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་རྣམ་པར་བྲལ་བ་ཞེས་བྱ་བ་གང་ཞིག་གསུངས་པ་དེས་འདི་བསྟན་ཏོ། །ཕུང་པོ་རྣམ་པར་གཞག་པ་ལ་ནི་དབང་པོ་ལྔ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཞེས་བྱ་བ་དང་། གཟུགས་དང་། སྒྲ་དང་།
དྲི་དང་། རོ་དང་། རེག་བྱ་ཞེས་པའི་ཡུལ་རྣམ་པ་ལྔ་ནི་གཟུགས་སུ་བྱ་བ་སོ་སོར་འཇོམས་པས་ན་གཟུགས་ཞེས་བྱ་བ་བརྗོད་པ་ཡིན་ནོ། །དེ་ལ་ནང་གི་གཟུགས་ལ་སོགས་པ་རྣམས་ལ་ནང་སྟོང་པ་ཉིད་ཁོ་ནའོ། །མིག་གིས་གཟུང་བར་བྱ་བའི་གཟུགས་དང་རྣ་བ་ལ་སོགས་པས་གཟུང་བར་
བྱ་བའི་སྒྲ་ལ་སོགས་པ་རྣམས་མེད་པ་ནི་ཕྱི་སྟོང་པ་ཉིད་དོ། །ཅི་སྐད་དུ་གསུངས་པ། གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས། །སྟོང་པ་ཞེས་བྱ་བ་རྗོད་པས་སླར། །ཕྱི་ཡི་སྐྱེ་མཆེད་རྣམས་འདིར་ནི། །བཟའ་བྱ་རྣམས་ནི་དགག་པར་མཛད། །དེ་ལྟར་ནང་དང་ཕྱིའི་ཟ་བ་པོ་དང་
བཟའ་བའི་རྣམ་པར་རྟོག་པ་སྤངས་ནས། ནང་དང་ཕྱིའི་སྐྱེ་མཆེད་འདུས་པའི་བདག་ཉིད་ཀྱི་ལུས་ལ་ཡང་བདག་དང་བདག་གི་བར་ལྟ་བ་སྤངས་པའི་ཕྱིར་གང་ཞིག་འདི་ནང་དང་ཕྱིའི་སྐྱེ་མཆེད་རྣམས་ཀྱི་ཚོགས་པ་དེ་ཡང་བདག་དང་བདག་གི་པའི་ངོ་བོས་སྟོང་པ་ཞེས་བསམ་པར་བྱེད་པ་
འདི་ནི་ཕྱི་ནང་སྟོང་པ་ཉིད་དོ། །སླར་འདི་ལྟར་བསམ་པར་བྱེད་དེ་གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཡིན་ན་ཅི་ལྟར་བརྟན་པ་དང་གཡོ་བ་ལ་སོགས་པའི་འགྲོ་བ་འདི་ཅི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་སླར་འདི་ལྟར་ངེས་པར་བྱེད་དེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ཆོས་གང་
ཡང་ཡོད་པ་མ་ཡིན་ཏེ། འོན་ཀྱང་མེད་པར་གྱུར་པ་ཉིད་ཀྱི་ཆོས་རྣམས་འདི་ཅི་སྲིད་དུ་ཅི་ལྟ་བ་བཞིན་དུ་མཐོང་བའི་མངོན་པར་རྟོགས་པ་མེད་པ་དེ་སྲིད་དུ་ལས་དང་ཉོན་མོངས་པ་ཡོངས་སུ་སྨིན་པའི་བདག་ཉིད་ཀྱིས་ཡོངས་སུ་གྱུར་པ་ཐོག་མ་མེད་པའི་རྒྱུ་འབྲས་ཀྱི་ངོ་བོས་འཇུག་པ་ཡིན་ནོ། །ལས་དང་
ཉོན་མོངས་པའི་རྣམ་པར་སྨིན་པ་དེ་རྣམས་ཀྱང་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྟོང་པ་ཡིན་ནོ། །དེ་ལྟར་ན་སྟོང་པའི་ཆོས་རྣམས་ལ་སྟོང་པ་ཉིད་ཀྱི་རྒྱུ་འབྲས་ཀྱི་བདག་ཉིད་ཀྱིས་འཇུག་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་བརྗོད་དོ། །ཅི་ལྟར་སྒྱུ་མ་མཁན་པོས་སྒྱུ་མའི་སྔགས་ཀྱིས་

སེམས་ཅན་རྣམས་ཀྱི་ལྟ་བ་བཅིངས་ནས་གླང་པོ་ཆེ་ལ་སོགས་པ་རྣམས་བསྟན་པར་བྱེད་དེ། མིག་བཅིངས་པ་དེ་རྣམས་ལ་སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་དེ་རྣམས་རང་གི་སྣང་བའི་རྣམ་པར་ཤེས་པ་སྐྱེད་པ་ལ་རྐྱེན་དུ་འགྱུར་རོ། །རྣམ་
པར་ཤེས་པ་དེ་རྣམས་ཀྱང་སྒྱུ་མའི་གླང་པོ་ལ་སོགས་པ་དེ་རྣམས་ལ་མཐོང་བ་ཡིན་ནོ། །གླང་པོ་ཆེ་ལ་སོགས་པ་དེ་རྣམས་དང་རྣམ་པར་ཤེས་པ་རྣམས་ལ་རྒྱུ་འབྲས་ཀྱི་ངོ་བོས་འཇུག་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བརྗོད་པ་ཡིན་ནོ། །འདི་རྣམས་གསུམ་ལ་ཡང་
དོན་དམ་པར་ཡོད་པ་ཉིད་འབྱུང་བ་མ་ཡིན་ནོ། །དེ་བཞིན་དུ་བྱིས་པ་རྣམས་ལ་མ་རིག་པས་མཐོང་བ་བཅིངས་པ་ལས་དང་བཟོ་དང་ཀུན་བརྟགས་ཀྱི་ཆོས་རྣམས་སྒྱུ་མའི་གླང་པོ་ལ་སོགས་པ་རྣམས་ལྟར་མཐོང་བ་ཡིན་ནོ། །ཆོས་དེ་རྣམས་རང་གི་སྣང་བའི་རྣམ་པར་ཤེས་པ་སྐྱེད་
པ་ལ་རྐྱེན་དུ་འགྱུར་རོ། །རྣམ་པར་ཤེས་པ་དེ་རྣམས་ཆོས་དེ་རྣམས་ལ་མཐོང་བ་ཡིན་ནོ། །དེ་ལྟར་ན་ཀུན་བརྟགས་པའི་ཕྱི་རོལ་གྱི་ཆོས་རྣམས་ཀྱི་རྒྱུ་འབྲས་ཀྱི་ངོ་བོས་འཇུག་པའི་ཕྱིར་དོན་དམ་པར་ཡོད་པ་ཉིད་འབྱུང་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཆོས་རྣམས་རང་བཞིན་མེད་
པ་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་ཆོས་རྣམས་ཀྱི་མ་བཅོས་པ་ལྷན་ཅིག་སྐྱེས་པ་ལ་ལ་ཞིག་རང་བཞིན་ཡོད་པར་འགྱུར་ན་དེའི་ཚེ་དེ་རྣམས་རང་གི་བདག་ཉིད་ཀྱིས་འབྱུང་བར་འགྱུར་རོ། །རྒྱུ་དང་རྐྱེན་གཞན་དུ་གྱུར་པ་སྐྱེ་བའི་དོན་དུ་ལྟོས་པར་འགྱུར་བ་མ་ཡིན་ནོ། །ལྟོས་པ་
ཡང་ཡིན་ཏེ་དེ་བས་ན་དེ་རྣམས་ཀྱི་རང་བཞིན་ཡོད་པ་མ་ཡིན་ཏེ་ཞེས་རྟོགས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་ནི། རང་བཞིན་བཅས་པ་ཞེས་བྱ་བ། །སླར་ནི་ཅི་ལྟར་འབྱུང་བར་འགྱུར། །གང་ཕྱིར་རང་བཞིན་མ་བཅོས་པ། །གཞན་དུ་ལྟོས་པ་མེད་པའོ། །
ཞེས་བྱ་བ་ལྟ་བུའོ། །གང་གི་ཕྱིར་འདི་རྣམས་ཀྱི་རང་བཞིན་ཡོད་པ་མ་ཡིན་པ་དེ་ལྟ་བས་ན་འདི་རྣམས་རང་བཞིན་མེད་པ་ཞེས་བརྗོད་པ་ཡིན་ནོ། །གང་གི་ཕྱིར་རང་བཞིན་མེད་པ་དེ་ཉིད་ཀྱི་ཕྱིར་སྟོང་པའོ། །དེ་བས་ན་རང་བཞིན་མེད་པའི་དོན་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་

དང་སྟོང་པ་ཉིད་ཀྱི་དོན་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཞེས་བྱ་བ་བརྗོད་པ་ཡིན་ནོ། །ཅི་སྐད་དུ་གསུངས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་གང་། །སྟོང་ཉིད་དེ་ཉིད་ཁྱོད་ཀྱིས་འདོད། །ཅེས་བྱ་བའོ། །གང་གི་ཚེ་ཅི་ལྟ་བ་བཞིན་གྱི་མཐོང་བ་སྐྱེས་པའི་མ་རིག་པའི་སྔགས་ཀྱིས་
ཞུགས་པ་རབ་ཏུ་ཞི་བར་འགྱུར་ན་དེའི་ཚེ་གླང་པོ་ཆེ་ལ་སོགས་པ་དང་འདྲ་བའི་ཆོས་དེ་རྣམས་དང་དེས་འཛིན་པའི་རྣམ་པར་ཤེས་པའི་ཆོས་རྣམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་རང་ཉིད་ཀྱིས་ནུབ་པར་འགྱུར་རོ། །དེ་འདི་གནས་པར་གྱུར་པའི་སྣོད་ཀྱི་འཇིག་རྟེན་ལ་སོགས་
པ་རྣམས་ཀྱི་སྟོང་པ་ནི་ཆེན་པོ་སྟོང་པ་ཉིད་ཅེས་བྱ་བར་བརྗོད་དོ། །སླར་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་བསམ་པར་བྱེད་དེ། སྟོང་པ་ཉིད་ཅེས་བྱ་བ་ཆོས་ཀྱི་རྣམ་པས་ཅི་ཞིག་ཡོད་དམ་ཡང་ན་མེད་ཅེས་བྱ་བའོ། །བསམ་པར་བྱེད་ཅིང་དེའི་འདི་ལྟར་འགྱུར་རོ། །ཅི་ལྟར་
སུ་དག་གིས་དྲི་ཟའི་གྲོང་ཁྱེར་མཐོང་ནས་གྲོང་ཁྱེར་གྱི་བློ་སྐྱེས་པ་ཕྱིས་བཙལ་ནས་མཐོང་ཞིང་གྲོང་ཁྱེར་གྱི་བློ་ཉམས་པ་སྟེ། སྟོང་པའི་བློ་སྐྱེས་པ་དེར་སྟོང་པའི་བློ་སྐྱེས་པ་ལས་གྲོང་ཁྱེར་སྟོང་པ་ཞེས་བྱ་བ་དངོས་པོ་གཞན་ཅུང་ཟད་ཡོད་པ་ཞེས་སྨྲ་བར་ནུས་པ་མ་ཡིན་ནོ། །དེ་བཞིན་
དུ་འདིར་ཡང་བཏགས་པའི་གཟུགས་ལ་སོགས་པའི་ངོ་བོ་རྣམས་མཐོང་བ་ལས་ཆོས་ཀྱི་བློ་སྐྱེས་པ་ཕྱིས་ཅི་ལྟ་བ་བཞིན་པའི་ཡོངས་སུ་ཚོལ་བས་ཅི་ལྟ་བ་བཞིན་གྱི་ཡེ་ཤེས་ཀྱིས་མཐོང་བས་ཆོས་ཀྱི་བློ་ཉམས་པ་སྟོང་པའི་བློ་སྐྱེས་པ་དེ་ལྟར་ན་སྟོང་པ་ཉིད་ཅེས་བྱ་བ་ཆོས་གཞན་ཡོད་ཅེས་བྱ་
བ་སྨྲ་བར་ནུས་པ་མ་ཡིན་ནོ། །ཅི་སྐད་དུ་གསུངས་པ། ཀུན་བརྟགས་ཐམས་ཅད་སྤངས་པའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་པ་ནི། །གང་གི་དེ་ལ་ཡང་འཛིན་པ། །ཁྱེད་ཀྱི་དེ་ནི་ཆུད་ཟོས་པ། །ཞེས་བྱ་བའོ། །དེ་ལྟར་ན་སྟོང་པ་ཉིད་ནི་མེད་པ་ཞེས་བྱ་བ་བརྗོད་པར་བྱ་བ་
མ་ཡིན་ཏེ་གང་གི་ཕྱིར་ཆོས་རྣམས་ཐམས་ཅད་སྟོང་པ་དེའི་ཕྱིར་སྟོང་པ་ཉིད་ཡོད་ཅེས་བྱ་བ་ཡང་བརྗོད་པར་བྱ་བ་མ་ཡིན་ནོ། །གལ་ཏེ་སྤྱད་པར་གྱུར་པའི་སྟོང་པ་ཉིད་ཅེས་བྱ་བ་ཆོས་གཞན་ཅུང་ཟད་ཡོད་པ་མ་ཡིན་ཞེས་བྱ་བ་འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བའོ། །སྟོང་པ་

ཉིད་ནི་འདིར་མདོ་འདི་ལ་ཤེས་པ་གང་གིས་གཟུགས་ལ་སོགས་པ་དེ་སྟོང་པ་ཞེས་ཤེས་པ་དེས་ནང་གི་བདག་ཉིད་ཀྱི་རྣམ་པར་ཤེས་པའི་ཕུང་པོས་བསྡུས་པ་དེའི་སྟོང་པ་ཉིད་བརྗོད་པ་ཉིད་དེ། དེའི་ཕྱིར་དེ་ཉིད་ཀྱིས་བསྟན་པའོ། །འདིར་ནི་དོན་འདི་རྟོགས་
པར་བྱའོ། །སྟོང་པ་ཉིད་ཀྱང་ཀུན་ཏུ་བརྟགས་པ་དང་གཞན་དབང་གི་ངོ་བོ་དང་ཡོངས་སུ་གྲུབ་པ་ཞེས་བྱ་བ་རྣམ་པ་གསུམ་སྟེ། དེ་ལ་ཀུན་ཏུ་བརྟགས་པ་ནི་རི་བོང་གི་རྭ་དང་འདྲ་བ་ཐམས་ཅད་དུ་ཉེ་བར་སྦྱོར་བ་མ་ཡིན་ནོ། །གཟུང་བའི་ངོ་བོ་མ་ཡིན་པ་དང་འཛིན་པའི་རྣམ་པར་
རིག་པ་མ་ཡིན་ནོ། །ཡོངས་སུ་གྲུབ་པ་ནི་མཉམ་པས་མཉམ་པའི་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་ངོ་བོས་གནས་པའི་ཡེ་ཤེས་ཀྱི་རིག་པར་བྱ་བ་རྣམ་པ་ཐམས་ཅད་དུ་སངས་རྒྱས་རྣམས་ཉིད་ཀྱི་སྤྱོད་ཡུལ་ལོ། །འདིས་ནི་སྟོང་པ་ཉིད་བཅུ་དྲུག་གི་རྣམ་པ་བྱང་
ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་འདྲིས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །མངོན་དུ་བྱེད་པའི་ཡེ་ཤེས་ལ་ནི་ཆོས་ཐམས་ཅད་མི་དམིགས་པའི་རང་བཞིན་སྟོང་པ་ཉིད་གཅིག་ཁོ་ན་སྟེ། གཅིག་གམ་གཉིས་སམ་གསུམ་ལ་སོགས་པ་ནི་མ་ཡིན་ནོ། །ཆོས་ཐམས་
ཅད་མི་དམིགས་པ་བསྒོམ་པ་དེ་ཉིད་ཀྱི་འཕེལ་བར་བྱ་བའི་དོན་དུ་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་རྣམ་པ་རྣམས་ལྷག་མཐོང་གིས་མང་བར་བྱས་པའི་མཉམ་པར་མ་བཞག་པའི་ཡེ་ཤེས་ཀྱིས་སོ་སོར་རྟོགས་པར་བྱེད་དོ། །དེས་ཞི་གནས་ཞེས་བྱ་བའི་རྐྱེན་གྱི་རྣམ་པར་རྟོག་
པས་མངོན་དུ་བྱེད་པ་མ་ཡིན་ནོ། །སླར་ཞི་གནས་ཀྱང་ཅི་ཞིག་སྐྱེ་བར་མི་བྱེད་དམ་ཞེ་ན། སྙིང་རྗེས་འཁོར་བ་ཡོངས་སུ་མི་འདོར་བའི་བསམ་པས་སེམས་ཡིད་འབྱུང་བའི་ཕྱིར་རོ། །དེ་ནི་ཚོགས་ཡོངས་སུ་མ་རྫོགས་པས་ཡང་དག་པའི་མཐའ་མངོན་དུ་བྱེད་ཅིང་ཉན་ཐོས་
བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་བས་ན། ཕ་རོལ་ཕྱིན་པ་འདི་རྣམས་ཀུན། །ཀུན་རྫོབ་ཉིད་དུ་བསྐྲུན་པ་ནི། །ནམ་མཁའ་ལ་ནི་ས་བོན་ལྟར། །སྟོང་པ་ཉིད་ནི་མི་སྐྱེད་པའོ། །དེ་བས་ན། རྒྱལ་སྲས་འདི་ནི་ཡང་དག་མཐའ། །མངོན་དུ་བྱེད་པར་འགྱུར་

བ་སྟེ། །སྙིང་རྗེས་ཡོངས་སུ་འགེགས་བྱེད་པར། །གལ་ཏེ་འདི་ནི་མི་འགྱུར་ནའོ། །ཞེས་བྱ་བའོ། །འདི་ཉིད་ལས་གསུངས་པ། འདི་ནི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཡིན་གྱི་མངོན་དུ་བྱ་བའི་དུས་ནི་མ་ཡིན་ཞེས་བྱ་བའོ། །དེ་བས་ན་མཉམ་པར་བཞག་པ་ཉིད་ཀྱི་དམིགས་པ་ལ་སེམས་
ཉེ་བར་བཅིང་བར་བྱེད་ཅེས་བྱ་བའོ། །དེ་ལྟར་ཡོངས་སུ་འདྲིས་པ་ཤེས་པའི་དུས་ལ་ལྷག་མས་གཞན་དབང་གི་ངོ་བོ་ཉིད་སྟོང་པ་ཉིད་དང་གནས་པར་འགྱུར་བ་དེ་ཡང་རྣམ་པར་ཤེས་པའི་ངོ་བོ་ཉིད་ཅེས་བྱ་བའོ། །རྣམ་པར་ཤེས་པ་མེད་པ་ཉིད་ཀྱིས་དེ་མེད་པའོ། །རྣམ་པར་ཤེས་
པ་མེད་པ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ངོ་བོ་ཉིད་དང་བྲལ་བའོ་ཞེས་བྱ་བ་གསུངས་པ་ཉིད་དོ། །ཅི་སྐད་དུ། གང་གིས་དེ་མཐོང་གང་གསུངས་པ། །དེ་ནི་ནང་གི་ཞེས་བྱར་མེད། །ཅེས་བྱ་བའོ། །འདི་ནི་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ། །
སླར་བསམ་པར་བྱེད་དེ་ཅི་ཞིག་དོན་དམ་པའི་ཆོས་ཀྱང་མེད་དམ། གལ་ཏེ་དེ་སྟོང་པར་འགྱུར་ན་ཅི་ལྟར་དེའི་དོན་དམ་པ་ཉིད་དོ། །སངས་རྒྱས་རྣམས་ཀྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་དེ་ལ་ཅི་ལྟར་དམིགས། གལ་ཏེ་དེ་ནི་ཡོད་པར་འགྱུར་ན་དེ་བཞིན་དུ་ཆོས་རྣམས་ཐམས་ཅད་ཡོད་པ་ཞེས་
ཐོབ་པར་འགྱུར་ཞེ་ན། སླར་འདི་ལྟར་ངེས་པར་བྱེད་དེ། དོན་དམ་པ་ཞེས་བྱ་བ་ནི་ཆོས་འགའ་ཡང་ཡོད་པ་མ་ཡིན་ཏེ། གང་ཞིག་འདི་དེ་བཞིན་གཤེགས་པའི་སྙིང་པོའི་གྲུབ་པའི་གནས་སྐབས་དེ་ནི་ཆོས་ཀྱི་རང་བཞིན་མ་ཡིན་ཏེ། དེ་ནི་ཡོད་པ་ཞེས་བྱ་བ་སྨྲ་བར་མི་ནུས་སོ། །གང་
གི་ཕྱིར་དེ་ཡོངས་སུ་བརྟགས་པའི་གཟུང་བ་དང་འཛིན་པ་གཉིས་མེད་པའི་མཚན་ཉིད་རྣམ་པར་གཞག་པ་ཡིན་ནོ། །གང་གི་ཕྱིར་མེད་པའི་མཚན་ཉིད་ཡོད་པ་ཞེས་བྱ་བ་སྨྲ་བར་ནུས་པ་མ་ཡིན་ནོ། །དེ་ནི་མེད་པ་ཞེས་བྱ་བ་ཡང་སྨྲ་བར་མི་ནུས་ཏེ། གང་གི་ཕྱིར་གཉིས་དང་བྲལ་བའི་
ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་ཡོད་པ་ཞེས་བརྗོད་པ་ཡིན་ན་དངོས་པོའི་བདག་ཉིད་ཀྱིས་ཡོད་པ་ཞེས་ཐོབ་པའི་ཕྱིར་སྒྲོ་འདོགས་པའི་མཐར་འགྱུར་རོ། །འོན་ཏེ་མེད་པ་ཞེས་བརྗོད་པ་ཡིན་ཞེ་ན། རི་བོང་གི་རྭ་བཞིན་དུ་ཤིན་ཏུ་ཡང་མེད་པ་ཞེས་བྱ་བ་ཐོབ་པའི་ཕྱིར་

སྐུར་བ་འདེབས་པའི་མཐར་འགྱུར་རོ། །དེ་བས་ན་གཉི་ག་ལྟར་ཡང་བརྗོད་པར་མི་ནུས་པ་དེའི་ཕྱིར་མེད་པ་དང་འདྲ་བའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་དེ་ལ་དམིགས་ཞེས་བྱ་བ་གང་ཞིག་ཡང་བརྗོད་པ་དེ་ཡང་སངས་རྒྱས་རྣམས་ཀྱི་རྣམ་པར་
མི་རྟོག་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ནི་ཅུང་ཟད་དམིགས་པར་བྱེད་པ་མ་ཡིན་ནོ། །འོན་ཀྱང་འཁོར་བ་ཐོག་མ་མེད་པ་ལ་སྔར་འཛིན་པའི་བདག་ཉིད་ཀྱིས་གོམས་པ་དེའི་ཚེ་ལ་ཡང་ཤེས་པ་པོའི་རང་བཞིན་གྱི་བདག་ཉིད་ལས་གཟུང་བ་མེད་ཀྱང་རང་གི་བདག་ཉིད་
འཛིན་བཞིན་དུ་འཇུག་པ་ཞེས་ཉེ་བར་བརྟགས་པ་ཡིན་ནོ། །འདི་ནི་དེ་མཉམ་པས་མཉམ་པའི་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་ངོ་བོ་ཞེས་བྱ་བའོ། །དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་ནི་དེ་ཉིད་ཅེས་བྱ་བ་སྟེ། མཉམ་པས་མཉམ་པ་ཞེས་བརྗོད་པ་ཡིན་ནོ། །འདི་ནི་འདི་ལྟར་
འཇུག་པ་སྟེ་དོན་དམ་པ་ཞེས་བྱ་བ་ཆོས་གཞན་ཡོད་པ་མ་ཡིན་པ་དེའི་ཕྱིར་འདི་ནི་དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བའོ། །ཅི་སྐད་དུ་གསུངས་པ། ཁྱོད་ཀྱི་ཅུང་ཟད་སྐྱེས་མ་ཡིན། །ཅུང་ཟད་འགག་པར་བྱེད་པ་ཡིན། །སྔ་མ་ཇི་ལྟར་དེ་བཞིན་ཕྱིས། །དེ་བཞིན་ཉིད་ནི་ཁྱོད་ཀྱིས་རྟོགས། །
འཕགས་པ་རྣམས་ཀྱིས་འདི་རྟེན་པ། །བསྒོམ་པ་ལ་ནི་མི་རྟེན་པས། །ཡེ་ཤེས་མཚན་མ་དང་བྲལ་བ། །རྣམ་པ་གང་གིས་ཡོད་མ་ཡིན། །བཅོམ་ལྡན་འདས་མ་འདི་ལ་ནི་ལྷའི་བུ་དག་ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ཅི་སྲིད་ཡང་དག་པར་རྫོགས་པའི་སངས་
རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ལྷའི་བུ་དག་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་བདག་སྨྲའོ་ཞེས་བྱ་བ་གང་ཞིག་གསུངས་པ་དེ་ཉིད་ཀྱིས་འདི་བསྟན་པ་ཡིན་ནོ། །ཅི་སྐད་དུ་གསུངས་པ། ཆོས་རྣམས་སོ་སོར་ཚོལ་བ་ནི། །རྟག་པ་ཞེས་སུ་བརྗོད་པ་
ཡིན། །དེ་བས་དོན་དམ་མེད་པ་སྟེ། །ཆོས་རྣམས་ཀྱི་ཞེས་གསུངས་པའོ། །ཅི་ལྟར་དོན་དམ་པའི་རྣམ་པས་མཐོང་བ་དེའི་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་དོ། །ཡང་བསམ་པར་བྱེད་དེ་གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན་འདུས་བྱས་ཀྱི་ཆོས་རྣམས་ཀྱང་སྟོང་པར་

འགྱུར་རོ། །དེ་ལྟར་ཡང་རིགས་པ་མ་ཡིན་ཏེ་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་གྲངས་མེད་གསུམ་གྱིས་རྙེད་པའི་ཡང་འདུས་བྱས་པ་ཉིད་ཀྱི་སྟོང་པ་ལ་བྱང་ཆུབ་ཉིད་མི་འགྱུར་རོ་ཞེ་ན། སླར་ངེས་པར་བྱེད་དེ་འདུས་བྱས་ཞེས་བྱ་བའི་ཆོས་གཞན་ཅུང་ཟད་ཡོད་པ་མ་
ཡིན་ཏེ། གལ་ཏེ་ཡོད་པར་འགྱུར་ན་འདུས་བྱས་ཞེས་བྱ་བ་ཉིད་དུ་མི་འགྱུར་རོ། །གང་གི་ཕྱིར་འདུས་བྱས་ཞེས་བྱ་བ་འདུས་བྱས་ནས་ཡང་དག་པར་འབྱུང་ཞིང་རྒྱུ་དང་རྐྱེན་རྣམས་ཀྱིས་བྱས་པའི་ཕྱིར་འདུས་བྱས་ཞེས་བརྗོད་དོ། །གལ་ཏེ་འདུས་བྱས་ཞེས་བྱ་བའི་ཆོས་འགའ་ཞིག་ཡོད་པར་
གྱུར་ན་དེ་ནི་གཞན་རྣམས་ཀྱིས་བྱས་པར་མི་འགྱུར་རོ། །གང་གི་ཕྱིར་དོན་དམ་པའི་ཆོས་གང་གིས་ཀྱང་བྱེད་མི་ནུས་སོ། །དེ་བས་ན་བྱིས་པ་རྣམས་ཀྱིས་ཡོངས་སུ་བརྟགས་པ་ལས་ཀུན་ནས་འབྱུང་བའི་ཕྱིར་དེ་ལྟ་བུར་གྱུར་པ་མིང་དེ་ལྟ་བུར་གྱུར་པས་བརྗོད་པ་ཡིན་ནོ། །སྐྱེ་བ་དང་
གནས་པ་དང་འཇིག་པ་ཞེས་བྱ་བ་གང་ཞིག་འདུས་བྱས་ཀྱི་མཚན་ཉིད་དེ་རྣམས་ཀྱང་ཐ་སྙད་དུ་ཡོད་པའོ། །དེ་བས་ན་མཚན་གཞི་ཡང་ཐ་སྙད་དུ་ཡོད་པ་ཉིད་ཀྱིས་འབྱུང་བ་ཡིན་ནོ། །གང་གི་ཕྱིར་དོན་དམ་པའི་ཆོས་ལ་ཐ་སྙད་དུ་ཡོད་པའི་མཚན་ཉིད་རིགས་པ་མ་ཡིན་ནོ། །
ཆོས་གཅིག་ལ་ནི་མཚན་ཉིད་གསུམ་རིགས་པ་མ་ཡིན་ནོ། །གལ་ཏེ་དོན་དམ་པ་འདུས་བྱས་ཀྱི་ཆོས་ཞེས་བྱ་བར་འགྱུར་རོ། །དེ་བས་ན་འདི་ནི་འདུས་བྱས་སྟོང་པ་ཉིད་དོ། །ཅི་སྐད་དུ་གསུངས་པ། གང་ཞིག་བརྟེན་ནས་དེ་མ་སྐྱེས། །གང་གི་བདག་པོ་ཁྱོད་ཀྱིས་གསུངས། །
ཞེས་བྱ་བའོ། །སླར་བསམ་པར་བྱེད་དེ་འོ་ན་འདུས་མ་བྱས་རྣམས་ནི་དོན་དམ་པའི་རང་བཞིན་ཡོད་དེ་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །དེ་མེད་པ་ལ་དོན་དམ་པར་དགེ་བ་ཐར་པ་འབྱུང་ཞེས་བྱ་བའི་ཚིག་གིས་དོན་དམ་པར་དགེ་བ་མྱ་ངན་ལས་འདས་པ་ཉིད་ཀྱི་ཐོབ་པ་བྱང་ཆུབ་སེམས་དཔའ་
རྣམས་ལ་མི་འགྱུར་ཞེ་ན། སླར་འདི་ལྟར་ངེས་པར་བྱེད་དེ་འདུས་མ་བྱས་པ་ཞེས་བྱ་བ་ཆོས་གཞན་ཡོད་པ་མ་ཡིན་ཏེ། འདུས་མ་བྱས་པ་ཞེས་བྱ་བ་འདུས་བྱས་མེད་པའི་རང་བཞིན་གྱི་ཕྱིར་བརྗོད་པ་མ་ཡིན་ཏེ། འདི་ལྟ་སྟེ་དོན་དམ་པ་ཉིད་ཀྱི་ཕྱིར་མ་ཡིན་ནོ། །འདི་ལྟ་སྟེ་ནམ་མཁའ་ནི་འདུས་བྱས་

མེད་པའི་མཚན་ཉིད་དོ། །འདི་ལས་གཞན་གྲུབ་པའི་མཚན་ཉིད་འདིའི་ཡོད་པ་མ་ཡིན་ནོ། །སོ་སོར་བརྟགས་པའི་འགོག་པ་ཡང་འདུས་བྱས་ཀྱི་ཆོས་ཐམས་ཅད་མེད་པའི་མཚན་ཉིད་དོ། །དེ་བཞིན་དུ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཡང་
འདུས་བྱས་ཀྱི་ཆོས་འཇིགས་པའི་མཚན་ཉིད་ཅེས་བྱ་བའོ། །དེའི་ཕྱིར་ཉན་ཐོས་ཀྱི་ལུགས་ཀྱིས་ཀྱང་འདི་དག་དོན་དམ་པ་མ་ཡིན་པའི་ངོ་བོ་ཉིད་དེ། སྟོང་པ་ཉིད་ཀྱི་ཚུལ་གྱིས་ལྟ་སྨོས་ཅི་དགོས། དེ་རྣམས་ལ་སྟོང་པ་ཉིད་རྟོགས་པ་འདི་ནི་འདུས་མ་བྱས་པའི་སྟོང་པ་ཉིད་ཅེས་བྱ་བའོ། །
ཅི་སྐད་དུ་གསུངས་པ། དགེ་བ་གཉིས་ནི་ཐོབ་དོན་དུ། །ཞེས་བྱ་བ་ལ་དགེ་བ་ནི་འདུས་བྱས་དང་འདུས་མ་བྱས་པའོ། །བཅོམ་ལྡན་འདས་མ་འདི་ལས་ཅི་སྐད་དུ་གསུངས་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འཕེལ་བ་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འགྲིབ་པའོ་ཞེས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ལ་འདི་ལྟར་འབྱུང་བ་མ་ཡིན་ནོ། །འོན་ཀྱང་སླར་འདི་ལ་འདི་ལྟར་འབྱུང་སྟེ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་བརྗོད་པར་བྱ་བ་མ་ཡིན་
པའི་དོན་གྱི་སླར་ཅི་ཞིག་འཕེལ་བའམ་འགྲིབ་པ་ཡོད་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེས་ན་སྦྱིན་པ་ལ་སོགས་པ་འདུས་བྱས་ཀྱི་དགེ་བ་ལ་སོགས་པ་རྣམས་ལ་ཡང་དམིགས་པ་འཇུག་པ་ཉིད་ཀྱིས་སྐྱོན་དང་བཅས་པ་
དང་། བརྗོད་པར་བྱ་བ་མ་ཡིན་པ་དོན་དམ་པའི་དགེ་བ་འདུས་མ་བྱས་ཀྱི་འགོག་པ་ལ་མི་དམིགས་པའི་ངོ་བོ་ཉིད་ཀྱིས་སྐྱོན་མེད་པ་ལ་སྟོང་པ་ཉིད་གསུངས་ཞེས་བྱ་བའོ། །ཅི་སྐད་དུ་གསུངས་པ། སྐྱོན་དང་བཅས་དང་སྐྱོན་མེད་པའི། །འཕེལ་དང་འགྲིབ་པ་མེད་པའི་ཕྱིར། །འདུས་
བྱས་འདུས་མ་བྱས་རྣམས་ཀྱི། །དགེ་བ་རྣམས་ནི་འགག་པའོ། །ཞེས་བྱ་བ་ལྟ་བུའོ། །སླར་བྱང་ཆུབ་སེམས་དཔའ་འདི་ལྟར་བསམ་པར་བྱེད་དེ་གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན་དེའི་ཚེ། སེམས་ཅན་རྣམས་གང་ཞིག་འཁོར་བ་ཐོག་མ་མེད་པ་ལ་དུས་གསུམ་དུ་

འཁོར་བར་འཁོར་བ་གང་དག་གི་སེམས་ཀྱི་སྤྱོད་པ་མཁྱེན་ནས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཞེས་བརྗོད་དོ། །དེ་རྣམས་དུས་གསུམ་དུ་སོན་པ་ཡོད་པ་ཉིད་དོ། །སླར་འདི་ལྟར་ངེས་པར་བྱེད་དེ་སེམས་ཅན་གཅིག་ཉིད་ལ་མཐའ་གསུམ་ལ་མིང་གསུམ་འབྱུང་བ་ཡིན་
ཏེ། མ་འོངས་པ་དང་ད་ལྟར་བྱུང་བ་དང་འདས་པ་ཞེས་བྱ་བའོ། །གལ་ཏེ་སེམས་ཅན་དོན་དམ་པར་ཡོད་པར་འགྱུར་ན་མིང་གཅིག་ཉིད་ཡོད་པར་འགྱུར་རོ། །དེ་བས་ན་འདས་པའི་མཐའ་ཡང་མཐའ་ལས་འདས་པའོ། །དེ་བཞིན་དུ་གཉི་ག་ལ་ཡང་ངོ་། །དེའི་སྟོང་པ་ཉིད་ནི་མཐའ་
ལས་འདས་པའི་སྟོང་པ་ཉིད་དོ། །ཅི་སྐད་དུ་གསུངས་པ། རྟག་ཏུ་སེམས་ཅན་ལ་ཕན་ཕྱིར། །ཞེས་བྱ་བའོ། །སླར་འདི་ལྟར་བསམ་པར་བྱེད་དེ། བྱིས་པ་རྣམས་ལ་འཁོར་བ་རིང་། །ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་གསུངས་པ་དགེ་སློང་དག་འཁོར་བ་འདི་ནི་ཐོག་མ་དང་
ཐ་མ་མེད་པ་ཞེས་བྱ་བ་སྟེ་དེ་བས་ན་འཁོར་བ་ཡོད་དོ། །དེ་ཡོད་པའི་ཕྱིར་འཁོར་བ་དང་དེའི་སྒོ་ནས་ཆོས་ཐམས་ཅད་ཡོད་པ་ཞེས་ཐོབ་པར་འགྱུར་ཞེ་ན། ཡང་འདི་ལྟར་ངེས་པར་བྱེད་དེ་འཁོར་བ་ཞེས་བྱ་བ་ནི་ཆོས་འགའ་ཞིག་ཡོད་པ་མ་ཡིན་ཏེ་ཐོག་མ་དང་ཐ་མ་མེད་པ་ཞེས་བྱ་བའི་ཚིག་
གིས་སོ། །གལ་ཏེ་འཁོར་བ་ཞེས་བྱ་བ་འགའ་ཞིག་ཡོད་པར་གྱུར་ན་དེའི་ཐོག་མ་ཡང་ཡོད་པར་འགྱུར་བ་དང་ཐ་མ་ཡང་ཡོད་པར་འགྱུར་རོ། །ཐོག་མ་མེད་པ་དང་ཐ་མ་མེད་པ་ཡོད་པར་འགྱུར་བ་འགའ་ནི་མཐོང་བ་མ་ཡིན་ནོ། །འོན་ཏེ་ཐོག་མ་དང་ཐ་མ་དག་མེད་ན་དབུས་མ་
བཀག་པའི་ཕྱིར་ཡོད་དོ་ཞེ་ན། གང་གི་ཐོག་མ་དང་ཐ་མ་དག་མེད་པ་དེའི་ཅི་ལྟར་དབུས་ཡོད་པར་འགྱུར། ཐོག་མ་དང་ཐ་མ་དག་ལ་ལྟོས་ནས་དབུས་ཞེས་བྱ་བ་ཡོད་པ་ཡིན་ནོ། །གལ་ཏེ་འཁོར་བ་མེད་ན་གང་དུ་སེམས་ཅན་རྣམས་འཁོར་ཞེ་ན་འཁོར་བ་ནི་འདི་ཉིད་དོན་དམ་པར་
ཡོད་པ་མ་ཡིན་ཏེ་གལ་ཏེ་ལ་ལ་ཞིག་འཁོར་བར་གྱུར་ན། དེ་ནི་རྟག་པར་འགྱུར་རམ་མི་རྟག་པར་འགྱུར་རྟག་པ་ནི་འཁོར་བ་མ་ཡིན་ཏེ་དེ་མི་འགྱུར་བའི་ཕྱིར་འཁོར་བ་མི་འཐད་པའི་ཕྱིར་རོ། །མི་རྟག་པ་ཡང་འཁོར་བ་མ་ཡིན་ཏེ་སྐད་ཅིག་མ་དེ་དང་དེར་འཇིག་པ་རྣམས་ལ་གང་གི་

འཁོར་བ་འབྱུང་བར་འགྱུར། ཅི་སྐད་དུ་གསུངས་པ། རྟག་པའི་འཁོར་བ་མེད་པ་སྟེ། །མི་རྟག་པ་ལ་འཁོར་བ་མེད། །རྨི་ལམ་བཞིན་དུ་འཁོར་བ་གསུངས། །ཁྱོད་ཀྱིས་དེ་ཉིད་རིག་པ་མཆོག །དེ་བས་ན་ཐོག་མ་དང་ཐ་མ་མེད་
པ་ཉིད་ཀྱི་ཕྱིར་འཁོར་བ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་ཞེས་བྱ་བ་སྟེ། དེ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །སྟོང་པ་ཉིད་གཉིས་པོ་འདི་ནི་མདོ་འདི་ལས། ཀཽ་ཤི་ཀ་གལ་ཏེ་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་བསྐལ་པར་གནས་པར་
འགྱུར་ཞིང་སེམས་ཅན་སེམས་ཅན་ཞེས་ཚིག་ཏུ་བརྗོད་ཀྱང་འོན་ཀྱང་དེར་སེམས་ཅན་འགའ་ཞིག་སྐྱེ་བའམ་འགག་པར་འགྱུར་རམ། བརྒྱ་བྱིན་གྱིས་གསོལ་པ། དེ་ནི་མ་ལགས་ཏེ་ཞེས་བྱ་བའི་ཚིག་གིས་བསྟན་ཏོ། །སྐྱེ་མེད་འགག་པ་མེད་པའམ། །སེམས་ཅན་
ཞེས་བྱ་སོགས་པས་གསལ། །སེམས་ཅན་དང་ནི་འཁོར་བ་ལ། །དེས་ན་སྟོང་ཉིད་བདེན་པར་བསྟན། །ཡང་ཅི་སྐད་དུ་གསུངས་པ། འཁོར་བ་མི་འདོར་དོན་དུ་ཡང་། །ཞེས་བྱ་བའོ། །སླར་འདི་ལྟར་བསམ་པར་བྱེད་དེ་གལ་ཏེ་དགེ་བའི་ཆོས་ཐམས་ཅད་སྟོང་པ་ཡིན་
ན་དེའི་ཚེ་ཅི་ལྟར་ལོངས་སྤྱོད་རྫོགས་པའི་སྐུས་བཅོམ་ལྡན་འདས་འཁོར་བ་ཇི་སྲིད་གནས་པར་འགྱུར། དེ་བས་ན་བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདས་པ་ཐོབ་པ་ལ་ཡང་དགེ་བ་རྣམས་ཡོད་པ་ཉིད་དོ། །ཅི་སྐད་དུ་གསུངས་པ། དེ་བཞིན་གཤེགས་པ་དེ་ནི་བསོད་
ནམས་དག་གི་རྒྱུ་མཐུན་པ་དགེ་བའི་རྩ་བ་རྣམས་ཆུད་མི་འཛའ་བ་ཞེས་བྱ་བའོ། །དེ་བས་ན་དོར་བ་ནི་རྣམ་པར་སྐུལ་བར་བྱེད་པའི་ཕྱིར་འདུས་བྱས་གཞན་རྣམས་ལ་དོར་བ་ཡོད་ཀྱང་དགེ་བའི་ཆོས་རྣམས་མི་འདོར་བའི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཞེ་ན། སླར་ངེས་པར་བྱེད་དེ་
མྱ་ངན་ལས་འདས་པ་ཉིད་ནི་རེ་ཞིག་ཅུང་ཟད་ཡོད་པ་མ་ཡིན་ཏེ་སླར་དེ་ལ་བརྟེན་པ་རྣམས་ཀྱི་ཆུད་མི་ཟོས་ཅིའི་ཕྱིར་ཡོད་པར་འགྱུར། གང་གི་ཕྱིར་མྱ་ངན་ལས་འདས་པ་ནི་ཐམས་ཅད་མེད་པའི་མཚན་ཉིད་གང་གིས་ཀྱང་ཆོས་གཞན་ཉིད་དུ་རྣམ་པར་གཞག་པར་མི་ནུས་སོ། །

དེ་ཉིད་ཀྱི་ཕྱིར་དངོས་པོར་བརྗོད་པའི་མྱ་ངན་ལས་འདས་པ་དང་འགོག་པ་དང་འདུ་བྱེད་ཐམས་ཅད་ཉེ་བར་ཞི་བ་ལ་སོགས་པའི་རྐྱེན་རྣམས་ཀྱིས་བརྗོད་དེ། འོན་ཏེ་ཡོད་པར་གྱུར་ན་མྱ་ངན་ལས་འདས་པ་མེད་པ་ལ་ཅིའི་ཕྱིར་འདུ་བྱེད་རྣམས་ཀྱི་སྐྱེ་བ་མི་འབྱུང་། དེ་བས་ན་དེ་རྣམས་
ཀྱི་སྐྱེ་བ་གཞན་འགོག་པར་འགྱུར་བའི་ཆོས་མྱ་ངན་ལས་འདས་པ་ཡོད་པ་ཉིད་ཅེ་ན། འདི་ལྟར་རིགས་པ་མ་ཡིན་ཏེ་འདུ་བྱེད་རྣམས་ཀྱི་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཅུང་ཟད་ཡོད་པ་མ་ཡིན་ཏེ་རྟག་པ་རྣམས་ལ་དུས་ཐམས་ཅད་དུ་མི་འགྱུར་བ་ཉིད་ཀྱི་ཕྱིར་རོ། །མི་རྟག་པ་
རྣམས་ལ་ཡང་ཆུད་ཟོས་པ་རྣམས་ལ་ཡང་སྐྱེ་བ་ཡོད་པ་མ་ཡིན་ནོ། །དེ་བས་ན་རང་བཞིན་གྱིས་སྐྱེ་བ་མེད་པ་ལ་མྱ་ངན་ལས་འདས་པ་ནི་ཅུང་ཟད་བྱེད་པ་མ་ཡིན་ནོ། །འོན་ཏེ་ཡང་འགྱུར་ན་སླར་འདུ་བྱེད་གཞན་རྣམས་ལ་དེའི་རྒྱུད་ལ་སྐྱེ་བ་ལ་གེགས་བྱེད་ཅེ་ན། དེ་ཡང་ཡོད་པ་མ་
ཡིན་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱི་ཉོན་མོངས་པ་དང་ཕུང་པོའི་ས་བོན་མ་ལུས་པར་ཚིག་པའི་ཕྱིར་སླར་མི་སྐྱེད་པའོ། །རང་བཞིན་ཅན་གྱི་སྐྱེ་བ་མེད་པ་དེ་ལ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་ཐ་སྙད་བྱེད་པ་ཡིན་ནོ། །དེ་བས་ན་ཉན་ཐོས་ཀྱི་ལུགས་ཀྱིས་ཀྱང་མྱ་ངན་ལས་
འདས་པ་ཞེས་བྱ་བ་ཆོས་གཞན་ཅུང་ཟད་ཡོད་པ་མ་ཡིན་ན་སྟོང་པ་ཉིད་ཀྱི་ལུགས་ཀྱིས་ལྟ་སྨོས་ཅི་དགོས་མྱ་ངན་ལས་འདས་པ་མེད་པ་ཉིད་ཀྱིས་དེ་ལ་བརྟེན་པའི་ཡང་དགེ་བ་མི་འདོར་བའི་ངོ་བོ་ཉིད་རྣམས་ཀྱི་མེད་པ་ཉིད་ཅེས་བྱ་བ་འདི་ནི་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བའོ། །
བཅོམ་ལྡན་འདས་མ་འདི་ལས་ནི་ཅི་སྐད་དུ་གསུངས་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གང་ཡང་བསོད་ནམས་མངོན་པར་འདུ་བྱེད་པ་དེ་ཡང་སྟོང་པ་ཉིད་ཅེས་བྱ་བ་ཉིད་དུ་བརྗོད་པ་ཡིན་ནོ། །དེ་བས་ན་དེ་ཉིད་ཀྱིས་དགེ་བ་རྣམས་སྤྱིར་སྟོང་པ་ཉིད་མི་ཟད་པར་དོར་
བ་མེད་པའི་ངོ་བོ་རྣམས་ཀྱི་ཡང་སྟོང་པ་ཉིད་བརྗོད་པ་ཡིན་ནོ། །ཅི་སྐད་དུ་གསུངས་པ། དགེ་བ་རྣམས་ཀྱི་སྟོང་ཉིད་ལ། །དེ་འགྲོ་མི་ཟད་པ་དེ་བཞིན། །རྟག་པ་ཉིད་དེ་དབྱེ་བ་རྣམས། སྟོང་པ་ཉིད་ལ་དེ་གང་དུ། །ཞེས་བྱ་བའོ། །སླར་བྱང་ཆུབ་སེམས་དཔའ་འདི་ལྟར་

བསམ་པར་བྱེད་དེ་གལ་ཏེ་ཆོས་ཐམས་ཅད་ནི་སྟོང་པ་ཡིན་པ་གང་ཞིག་འདི་སེམས་ཅན་རྣམས་ཀྱི་རང་བཞིན་དུ་གྱུར་པ་འདོད་ཆགས་ལ་སོགས་པའི་ཆོས་རྣམས་དང་གང་ཞིག་སེམས་ཅན་རྣམས་ཀྱི་རང་བཞིན་དུ་གྱུར་པ་འདོད་ཆགས་ལ་སོགས་པའི་
བསམ་པ་དང་བག་ལ་ཉལ་དང་ལྷག་པར་མོས་པ་རྣམས་དང་རིགས་ཤེས་པ་ལ་སོགས་པ་དེ་རྣམས་རིག་པར་མི་འགྱུར་རོ། །གང་དག་གི་དབང་གིས་སངས་རྒྱས་རྣམས་ཀྱིས་བསམ་པ་དང་བག་ལ་ཉལ་མཁྱེན་པ་དང་ལྷག་པར་མོས་པ་སྣ་ཚོགས་པ་མཁྱེན་པ་ཞེས་བྱ་
བ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་འཇུག་པ་ཡིན་ནོ་ཞེ་ན། སླར་འདི་ལྟར་བསམ་པར་བྱེད་དེ། ཆོས་རྣམས་འདི་དག་ནི་ཆོས་གཞན་ཉིད་དུ་བརྗོད་པར་རིགས་པ་མ་ཡིན་ནོ། །གང་གི་ཕྱིར་སེམས་ཀྱི་རྒྱུད་ལ་འགྲོ་བ་གནས་སྐབས་ཀྱི་ཁྱད་པར་འདི་རྣམས་སོ། །
དེ་བས་ན་འདི་དག་ནི་ཆོས་གཞན་ཉིད་དུ་མེད་པ་ཁོ་ནའོ་ཞེས་བྱ་བ་འདི་ནི་རང་བཞིན་སྟོང་པ་ཉིད་དོ། །གང་ཞིག་ཡང་བརྗོད་པ་རིགས་ནི་རང་བཞིན་ཏེ་ཞེས་བྱ་བ་དེ་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་རིགས་རྣམ་པར་དག་པའི་ཕྱིར་ཅི་སྲིད་དུ་བྱང་ཆུབ་སེམས་དཔའ་རྣམས་
འཇུག་གོ། །དེ་ལ་ཡང་མིག་གི་སྐྱེ་མཆེད་ནས་ཅི་སྲིད་ཡིད་ཀྱི་སྐྱེ་མཆེད་ཅེས་བྱ་བ་ཐོག་མ་མེད་པ་ནས་གྲུབ་པ་སྐྱེ་མཆེད་དྲུག་གི་ཁྱད་པར་ནི་རིགས་ཞེས་བྱ་བར་བརྗོད་པ་ཡིན་ནོ། །འོན་ཀྱང་དེར་ཡང་སྙིང་རྗེ་དང་ཤེས་རབ་ཉིད་གཙོ་ཆེར་ཤིན་ཏུ་རྣམ་པར་དག་པ་འགྲོ་བ་ཅི་སྲིད་དུ་
འགྲོ་བའི་དོན་སྒྲུབ་པར་བྱེད་པ་དེའི་ཕྱིར་སྙིང་རྗེ་དང་ཤེས་རབ་ཀྱི་བདག་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་ཞེས་བྱ་བར་བརྗོད་པ་ཡིན་ནོ། །བཅོམ་ལྡན་འདས་མ་འདི་ལ་ནི་གང་ཞིག་རྣམ་པར་ཤེས་པ་ཉིད་ཀྱི་སྟོང་པ་ཉིད་བརྗོད་པ་དེ་ཉིད་ཀྱིས་རང་བཞིན་སྟོང་པ་
ཉིད་ཀྱང་བསྟན་ཏོ། །ཅི་སྐད་དུ་གསུངས་པ། ནང་གི་བདག་ཉིད་སྟོང་ཉིད་ལ། །རང་བཞིན་གྱི་ཡང་སྟོང་པ་ཉིད། །རྣམ་པར་ཤེས་པའི་ངོ་བོའི་རིགས། །སྙིང་རྗེ་ཤེས་རབ་བདག་ཉིད་འདོད། །ཅེས་བྱ་བའོ། །སླར་འདི་ལྟར་བསམ་པར་བྱེད་དེ་གང་ཞིག་ཆོས་རྣམས་ཀྱི་

མཚན་ཉིད་འདི་རྣམས་གཟུགས་སུ་བྱ་བའི་མཚན་ཉིད་ནི་གཟུགས་སོ། །ཉམས་སུ་མྱོང་བའི་མཚན་ཉིད་ནི་ཚོར་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་རྣམས་ཡོད་པ་ལ་གཟུགས་ལ་སོགས་པ་རྣམས་ཀྱང་ཡོད་པར་འགྱུར་ཞེ་ན། སླར་འདི་ལྟར་ངེས་པར་བྱེད་དེ།
གལ་ཏེ་མཚན་ཉིད་འདི་རྣམས་ནི་མཚན་གཞི་ལས་ཐ་དད་པ་དེ་རྣམས་ཀྱང་མཚན་གཞི་ལས་སྔར་ཉིད་དུ་སྐྱེ་བར་འགྱུར་རོ། །དེའི་ཚེ་མཚན་གཞི་དེ་མཚན་ཉིད་མེད་པ་ཉིད་ཕྱིས་སྐྱེ་བ་དེའི་ཕྱིར་དེའི་མཚན་ཉིད་ཀྱིས་ཅི་ཞིག་བྱ། འོན་ཏེ་ཕྱིས་མཚན་ཉིད་རྣམས་ཡིན་ན་དེའི་
ཚེ་མཚན་ཉིད་སྐྱེས་པའི་སྔ་རོལ་དུ་མཚན་གཞི་དེ་མཚན་ཉིད་མེད་པ་དེའི་ཕྱིར་ཕྱིས་ཀྱང་འདིའི་མཚན་ཉིད་ཀྱིས་ཅི་ཞིག་བྱ། འོན་ཏེ་མཚན་གཞི་དང་མཚན་ཉིད་དག་ལ་ལྷན་ཅིག་ཉིད་དུ་འཇུག་པ་དེའི་ཚེ་དེ་དག་སྔར་སོ་སོར་མ་མཐོང་བ་དག་ལ་མཚན་གཞི་ནི་འདི་ཡིན་མཚན་
ཉིད་ཀྱང་འདི་ཡིན་ཞེས་བྱ་བ་ཐ་དད་པ་མེད་པའི་ཕྱིར་མཚན་གཞི་དེ་མཚན་ཉིད་མེད་པ་ཉིད་དུ་འགྱུར་རོ། །འོན་ཏེ་མཚན་གཞི་དང་མཚན་ཉིད་དག་ཐ་མི་དད་པ་ཉིད་ཡིན་ན་དེའི་ཚེ་མཚན་གཞི་དང་མཚན་ཉིད་ཅི་ཞིག་བརྗོད་པར་འགྱུར་ཏེ་མཚན་གཞི་མ་གྲུབ་པ་ལ་ནི་དེ་ལས་ཐ་མི་དད་
པའི་ཕྱིར་མཚན་ཉིད་ཀྱང་མ་གྲུབ་པར་འགྱུར་རོ། །ཇི་སྐད་དུ་གསུངས་པ། མཚན་ཉིད་མཚན་གཞི་ལས་གཞན་ན། །གལ་ཏེ་མཚན་གཞི་མཚན་མེད་འགྱུར། །གཞན་ཉིད་མེད་ལ་དེ་དག་མེད། །ཁྱོད་ཀྱིས་རྣམ་པར་གསལ་བར་གསུངས། །མཚན་གཞི་མཚན་ཉིད་དེས་གྲོལ་བ། །
ངག་གི་བརྗོད་པ་སྤངས་པ་སྟེ། །ཁྱོད་ཀྱི་ཡེ་ཤེས་སྤྱན་གྱིས་ནི། །འགྲོ་བ་འདི་ནི་ཞི་བར་གཟིགས། །དེའི་ཕྱིར་མཚན་ཉིད་རྣམས་ཀྱང་ཡོངས་སུ་བརྟགས་པའི་ཆོས་ཀྱིས་ཡོངས་སུ་བརྟགས་པ་ཉིད་ཅེས་བྱ་བ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །སངས་རྒྱས་རྣམས་ཀྱི་སྐྱེས་བུ་ཆེན་པོའི་
མཚན་སུམ་ཅུ་རྩ་གཉིས་གང་ཞིག་ཡང་གང་གི་དོན་དུ་བྱང་ཆུབ་སེམས་དཔའ་འབད་པར་བྱེད་པ་དེ་རྣམས་ལ་ཡང་དངོས་པོའི་ལྟ་བ་སྤངས་པའི་དོན་དུ་བྱང་ཆུབ་སེམས་དཔས་རང་གི་མཚན་ཉིད་སྟོང་པ་ཉིད་ལ་བསམ་པར་བྱེད་དེ། སྟོང་པ་ཉིད་གསུམ་པོ་འདི་དག་ནི་མདོ་ལས་གཟུགས་ལ་

སོགས་པ་རྣམས་ཉིད་མེད་པར་བསྟན་པར་མཛད་པའི་བཅོམ་ལྡན་འདས་ཉིད་ཀྱིས་བསྟན་པ་ཞེས་རྟོགས་པར་བྱའོ། །ཇི་སྐད་དུ་གསུངས་པ། གཟུགས་སོགས་མེད་དང་དེ་ལུས་དང་། །གནས་པའི་མཚན་ཉིད་འཇིག་པ་ནི། །དོན་ནི་གོ་བ་ཞེས་
བྱའོ། །ཡང་འདི་ལྟར་བསམ་པར་བྱེད་དེ་གལ་ཏེ་ཆོས་ཐམས་ཅད་མེད་པ་ཡིན་ན་དེའི་ཚེ་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་མེད་དོ། །སྙིང་རྗེ་དང་སྦྱིན་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱང་མེད་པ་དེའི་ཚེ་གང་ཐོབ་པའི་ཕྱིར་གང་འབད་པར་འགྱུར།
དེ་བས་ན་རྣམ་པར་བྱང་བའི་ཆོས་རྣམས་ཡོད་དོ། །དེ་ཡོད་པས་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱིས་ཀྱང་འབྱུང་བར་འགྱུར་ཞེ་ན། ཡང་ངེས་པར་བྱེད་དེ་གལ་ཏེ་དོན་དམ་པའི་ཆོས་འགའ་ཞིག་ཡོད་པ་ཡིན་ན་དེ་རྟག་པ་ཉིད་དུ་འགྱུར་རོ། །གང་གི་ཕྱིར་འགྱུར་བ་དང་རྣམ་པར་
འགྱུར་བའི་ཆོས་རྣམས་ནི་དོན་དམ་པའི་རིགས་པ་མ་ཡིན་ནོ། །དེ་རྣམས་ཀྱི་འདི་ཉིད་བདེན་པ་ཉིད་དང་དོན་དམ་པ་ཉིད་གང་ཞིག་ཕྱིན་ཅི་མ་ལོག་པར་གྱུར་པ་ཞེས་བྱ་བའོ། །དེ་ལྟ་ན་གལ་ཏེ་རྣམ་པར་བྱང་བའི་ཆོས་རྣམས་དོན་དམ་པ་ཡིན་ན་དེའི་ཚེ་དེ་རྣམས་སྔར་ཡང་
ཡོད་པའི་ཕྱིར་འཁོར་བར་མི་འགྱུར་རོ། །འོན་ཏེ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དོན་དམ་པ་ཡིན་ན་དེ་ལྟ་ན་ནི་ཐར་པ་ཉིད་འགྲུབ་པར་མི་འགྱུར་རོ། །དེ་བས་ན་ཆོས་འདི་རྣམས་ནི་ཀུན་དུ་བརྟགས་པ་སྟེ་འགྱུར་བ་དང་ལྡན་པའི་ཕྱིར་ཞེས་བྱ་བ་འདི་ནི་ཆོས་ཐམས་
ཅད་སྟོང་པ་ཉིད་ཅེས་བྱ་བའོ། །ཅི་སྐད་དུ་གསུངས་པ། དབང་བྱེད་བྱ་བ་དང་བྲལ་སྟོང་། །སྒྱུ་མ་བཞིན་དུ་རྐྱེན་ལས་འབྱུང་། །མགོན་པོ་ཁྱོད་ཀྱིས་ཆོས་རྣམས་ཀུན། །རང་བཞིན་མེད་པར་གསལ་བར་མཛད། །མདོ་འདི་ལས་ནི། ཅི་སྐད་དུ་གསུངས་པ་བཅོམ་ལྡན་
འདས་མངོན་པར་གྲུབ་པ་ལས་གཞན་ཡང་སངས་རྒྱས་ཀྱི་ཆོས་རྣམས་སམ། བྱང་ཆུབ་སེམས་དཔའི་ཆོས་རྣམས་ནི་དམིགས་པ་མ་ལགས་ཞེས་བྱ་བ་དེ་ཉིད་ཀྱིས་འདི་བསྟན་པའོ། །ཡང་ཇི་སྐད་དུ་གསུངས་པ། སངས་རྒྱས་ཀྱི་ཆོས་རྣམས་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་

ལ་མི་མཐོང་ངོ་། །ཤེས་བྱ་ལ་སོགས་ཀྱིས་བསྟན་པ། །སྟོབས་བཅུ་ལ་སོགས་སྟོང་པ་སྟེ། །ཞེས་བྱ་བའོ། །སླར་འདི་ལྟར་བསམ་པར་བྱེད་དེ་ནང་སྟོང་པ་ཉིད་ལ་གང་ཞིག་འདི་བདག་ལ་མི་དམིགས་པ་གསུངས་པ། དེ་ལ་མི་དམིགས་པ་ཞེས་བྱ་བ་ནི་ཆོས་གཞན་ཡོད་དེ་གལ་
ཏེ་མི་དམིགས་པ་མེད་པར་གྱུར་ན་བདག་དམིགས་པ་ཉིད་དུ་འགྱུར་ཞེ་ན་ཡང་ངེས་པར་བྱེད་དེ་མི་དམིགས་པ་ཞེས་བྱ་བ་ཆོས་གཞན་རིགས་པ་མ་ཡིན་ཏེ་གལ་ཏེ་མི་དམིགས་པ་ཞེས་བྱ་བ་ཡོད་པར་གྱུར་ན་དེའི་སོ་སོར་དམིགས་པར་འགྱུར་རོ། །དེ་ལྟར་ན་དམིགས་པའི་རང་བཞིན་ཅི་ལྟར་མི་
དམིགས་པ་ཞེས་བྱ་བ་སྟེ་འགལ་བ་ཡིན་པའི་ཕྱིར་རོ། །དེ་ཉིད་དམིགས་པ་དང་དེ་ཉིད་མི་དམིགས་པ་ཞེས་བྱ་བ་འདི་ནི་འགལ་བ་ཡིན་ནོ། །འོན་ཏེ་མི་དམིགས་པ་ལ་དམིགས་པ་མེད་ཅེས་བྱའོ་སྙམ་ན། དེ་ལྟ་ན་ནི་མི་དམིགས་པར་གྱུར་པ་ཉིད་ཀྱི་ཕྱིར་མི་དམིགས་པ་ཉིད་དུ་འགྱུར་རོ། །
དེ་བས་ན་མི་དམིགས་པ་ཞེས་བྱ་བ་ཆོས་གཞན་ཡོད་པ་མ་ཡིན་ནོ། །བདག་ཉིད་ལ་དམིགས་པ་མེད་པ་ནི་དེ་དང་དེར་མི་དམིགས་པ་ཞེས་བྱ་བ་ནི་མི་དམིགས་པ་སྟོང་པ་ཉིད་དོ། །མདོ་འདི་ལས་ནི་བདག་ཏུ་ལྟ་བ་ཆེན་པོ་དང་སེམས་ཅན་དུ་ལྟ་བ་སྤངས་པའི་ཕྱིར་ཆོས་བསྟན་པ་མཛད་པར་འགྱུར་
ཞེས་བྱ་བ་གང་ཞིག་གསུངས་པ་དེ་ཉིད་ཀྱིས་བདག་ལ་གདོད་མ་ནས་ཞི་བ་ཉིད་གསུངས་ཀྱི་དེའི་དམིགས་པ་ཞེས་བྱ་བ་ནི་ཆོས་འགའ་ཞིག་ཡོད་པ་ནི་མ་ཡིན་ནོ། །ཇི་སྐད་དུ་གསུངས་པ། བདག་སོགས་ལྟ་བ་ཆད་པ་ནི། །ཆེན་པོའི་གང་ཞིག་བྱེད་འགྱུར་བ། །དེ་ཕྱིར་གང་ཟག་བདག་
མེད་ནི། །བཅོམ་ལྡན་འདས་ཀྱིས་ཀུན་དུ་གསུངས། །ཡང་འདི་ལྟར་བསམ་པར་བྱེད་དེ། ཆོས་རྣམས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བརྗོད་པ་ཡིན་ཏེ། དེ་བས་ན་དངོས་པོ་མེད་པ་ཞེས་བྱ་བ་ངོ་བོ་ཉིད་དུ་འདོད་པར་བྱའོ། །དེའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རབ་ཏུ་
སྒྲུབ་པའི་ཕྱིར་ཆོས་རྣམས་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡོད་ཅེས་བྱ་བའོ། །འོན་ཏེ་ཆོས་རྣམས་ཀྱི་གལ་ཏེ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན་དེ་ལྟ་ན་ནི་འདིར་ཆོས་རྣམས་མེད་ཅེས་བྱ་བ་ཉིད་བརྗོད་པར་འགྱུར་རོ། །དེ་བས་ན་དེ་ལ་ཐོབ་པ་གང་ཡིན་ཐོབ་པ་ནི་ཡོད་དེ་གང་གི་ཕྱིར་ཀུན་དུ་བརྟགས་

པའི་ཆོས་རྣམས་ཐམས་ཅད་ནི་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་ཅེས་བྱ་བ་ཁས་ལེན་པར་བྱེད་པར་གྱུར་པ་ལ་ཀུན་བརྟགས་པའི་ཆོས་དེ་རྣམས་ཉིད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡོད་པ་ཞེས་བྱ་བའི་ཚིག་ནི་ཆོས་རྣམས་ཀྱི་ཆ་གཅིག་གིས་ཡོད་པ་གསལ་བར་
བྱེད་པ་དེ་བས་ན་ཐོབ་པ་ཆེན་པོ་ཉིད་དོ་ཞེ་ན། ཡང་ངེས་པར་བྱེད་དེ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ་བ་ཚིག་འདིའི་དོན་གང་ཡིན། ཆོས་རྣམས་ཐམས་ཅད་ཅེས་བྱ་བ་འདིས་ཀུན་དུ་བརྟགས་པའི་ཆོས་རྣམས་དང་ཡོངས་སུ་གྲུབ་པའི་ཆོས་རྣམས་བརྗོད་པ་ཡིན་ཏེ།
དེ་ལ་ཀུན་དུ་བརྟགས་པའི་ཆོས་རྣམས་ནི་མེད་པ་ཉིད་ཀྱི་ཕྱིར་ཤིན་ཏུ་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བརྗོད་དོ། །ཡོངས་སུ་གྲུབ་པའི་ཆོས་རྣམས་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དེ་དེས་ན་དངོས་པོ་ལས་ལོག་པའི་རྣམ་པ་དངོས་པོ་མེད་པ་ཞེས་བྱ་བ་དོན་འདི་ལ་བཟུང་ནས་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བརྗོད་
དོ། །འབྱུང་བས་ན་དངོས་པོ་སྟེ། དེ་བས་ན་འདུས་བྱས་ཀྱི་ཆོས་རྣམས་ནི་དངོས་པོ་ཞེས་བརྗོད་དོ། །དེ་ལས་བཟློག་པ་བརྗོད་པར་བྱ་བ་མ་ཡིན་པ་སོ་སོ་རང་གིས་རིག་པར་བྱ་བའི་རྣམ་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ་བས་དེ་བཞིན་ཉིད་བསྟན་པའོ། །དེ་ལྟ་ན་ནི་ཆོས་རྣམས་ཡོད་
པ་དང་མེད་པ་འདི་གཉིས་ཀྱིས་བསྟན་པ་ཞེས་བྱ་བའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། གང་ལ་མེད་པ་དེ་དེས་སྟོང་པ་ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་ཤེས་སོ། །གང་ཡང་འདིར་ལྷག་མར་གྱུར་པ་དེ་འདིར་ཡོད་པ་ཞེས་ཅི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་བ་
ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཆེར་སོ་སོར་འབྲེལ་པར་འགྱུར་ཞེས་བྱ་བ་འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བའོ། །བཅོམ་ལྡན་འདས་མ་འདི་ལས་ཅི་སྐད་དུ་གསུངས་པ་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་བདེན་པ་སྟེ།
དེ་ལྟར་ན་རབ་འབྱོར་ཅི་སྲིད་དུ་ཆོས་ཐམས་ཅད་ཀྱི་དངོས་པོ་མ་བྱས་པ་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བའོ། །མ་བྱས་པ་ནི་དངོས་པོའི་ངོ་བོས་སམ་དངོས་པོ་མེད་པའི་ངོ་བོས་མ་སྐྱེས་པའོ། །དེས་ན་འདི་གསུངས་སོ། །ཇི་སྐད་དུ་

གསུངས་པ། ཆོས་རྣམས་ཐམས་ཅད་མ་སྐྱེས་པ། །ཤེས་བྱ་གྲགས་མཛད་རྣམ་པ་དེས། །ཆོས་ཀྱི་བདག་མེད་བསྟན་པ་སྟེ། །དེ་ཉིད་རིག་པས་རྣམ་ཀུན་དུ། །ཞེས་བྱ་བའོ། །རྣམ་པ་ཀུན་དུ་ཞེས་བྱ་བ་ནི་དངོས་པོའི་ངོ་བོའམ་དངོས་པོ་མེད་པའི་ངོ་བོས་ཀྱང་ཆོས་རྣམས་ཀྱི་
རང་བཞིན་མེད་པ་གསུངས་པ་ཞེས་བྱ་བའོ། །མདོ་འདི་ལ་སྟོང་པ་ཉིད་རྣམས་བསྒྲུབ་པའི་དོན་དུ་རིགས་པ་རྣམས་མ་བརྗོད་པ་ཉིད་དོ། །འོན་ཀྱང་མདོ་གཞན་ལས་གསུངས་པ་སོ་སོར་མཚམས་སྦྱར་བར་བྱ་བ་གང་ཞིག་སློབ་དཔོན་རྣམས་ཀྱིས་ཉེ་བར་བསྟན་པར་མཛད་
པ་དེས་ན་འདིར་འཐད་པ་རྣམས་ཀྱི་ཆ་ཙམ་བསྟན་ཏོ། །དེ་ལྟར་ན་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱང་། གཏན་ཚིགས་ངག་རྣམས་འདི་མིན་ཏེ། །བྱ་བ་ཙམ་ནི་མཚོན་པའོ། །ཚངས་པའི་དྲ་སོགས་མདོ་རྣམས་ལ། །ཀུན་དུ་རིགས་པ་རྣམས་ཞེས་བྱ། །
ཞེས་བྱ་བའོ། །གསུང་རབ་ལས་འབྱུང་བའི་རིགས་པ་འདི་དག་བསམ་པའི་རང་བཞིན་གྱི་ཤེས་རབ་ཀྱི་དབང་དུ་བྱས་ནས་རྟོགས་པ་ལ་ཐབས་སུ་གྱུར་པ་ཉིད་ཀྱིས་མདོ་སྡེ་དང་དེ་རྣམས་ལས་མཐོང་ནས་འཕགས་པ་སློབ་དཔོན་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དབུ་མ་ལ་སོགས་པའི་
བསྟན་བཅོས་རྣམས་ལ་རྟོག་གེ་བའི་རིགས་པ་རྣམས་ལས་མཚན་ཉིད་དང་མི་འདྲ་བ་ཉིད་རྒྱས་པར་མཛད་དོ། །གང་གི་ཕྱིར་རྟོག་གེ་བའི་རིགས་པ་རྣམས་ནི་ཕ་རོལ་པོ་ཕམ་པ་ཙམ་གྱི་འབྲས་ཅན་ཏེ་རྟོགས་པའི་ཐབས་སུ་གྱུར་པ་ནི་མ་ཡིན་ནོ། །དེ་བས་ན་གསུང་རབ་ཀྱི་དོན་བསམ་པ་ལ་
ཉེ་བར་མཁོ་བ་ཁོ་ན་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །སྟོང་པ་ཉིད་འདི་རྣམས་ནི་ཆོས་ཐམས་ཅད་མི་དམིགས་པ་བསྒོམ་པ་འཕེལ་བར་བྱ་བའི་དོན་དུ་ཡོངས་སུ་འདྲིས་པའི་ཤེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ་སོར་བརྟགས་པ་ཡིན་ནོ། །དེ་བས་ན་ཅི་ལྟ་ཅི་ལྟར་སྒྲོ་
འདོགས་པ་འབྱུང་བ་དེ་ལྟ་དེ་ལྟར་རབ་ཏུ་འཇུག་པ་དེ་བས་ན་མདོ་ཐ་དད་པ་དང་བསྟན་བཅོས་ཐ་དད་པས་དོན་ཐ་དད་པ་ལ་ཉེ་བར་དམིགས་ནས་སོམ་ཉི་མི་བྱ་སྟེ། ཆོས་ཐམས་ཅད་མི་དམིགས་པ་བསྒོམ་པ་རྣམ་པ་ཐམས་ཅད་དུ་འཕེལ་བར་བྱེད་པ་ཡང་དག་པར་འབྱུང་བའི་ཕྱིར་རོ། །དེ་

ཉིད་ཀྱི་ཕྱིར་འདི་རྣམས་ལ་སའི་དབྱེ་བས་རྟོགས་པ་འབྱུང་བ་མ་ཡིན་ནོ། །དངོས་པོ་རྣམས་ཁ་ཅིག་སྟོང་པ་ཉིད་ཀྱི་ངོ་བོས་རྟོགས་པ་དང་། ཁ་ཅིག་ནི་གཞན་དུ་ཞེས་བྱ་བ་དེ་བས་ན་རྣམ་པ་ཐམས་ཅད་དུ་གསུང་རབ་ཀྱི་དོན་མི་མཁས་པ་རྣམས་ཀྱིས་
འདི་ལྟར་བཤད་པ་རིགས་པ་མ་ཡིན་ནོ། །གསུང་རབ་ལ་ཡང་འཇིག་རྟེན་པའི་བསྟན་བཅོས་རྣམས་ཀྱི་རིགས་པས་ཟློས་པའི་སྐྱོན་སྤངས་པའི་དོན་དུ་འབད་པར་བྱ་བ་མ་ཡིན་ཏེ། གང་གི་ཕྱིར། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་
དང་། །ཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་བྱ་བས། གསུང་རབ་ནི་བསྟན་བཅོས་སུ་བརྗོད་དོ། །དེ་ལྟར་གང་ཞིག་བསྟན་པ་དང་པོ་ལ་ཉེ་བར་མ་ཞུགས་པ་དེ་རྣམས་རྟོགས་པའི་དོན་དུ་བསྟན་པ་ཡིན་ནོ། །ཤིན་ཏུ་ཟབ་པ་
ཉིད་ཀྱིས་སྟོང་པ་ཉིད་ཀྱི་དོན་ལ་གང་རྣམས་ཀྱིས་རྟོགས་པ་མ་བྱས་པ་དེ་རྣམས་ཀྱིས་རྟོགས་པའི་དོན་དུ་ཡང་དང་ཡང་དུ་བསྟན་པ་ཡིན་ནོ། །འདི་ཉིད་ཀྱི་ཕྱིར་མི་སྐྱེ་བའི་དོན་ལ་བཟོད་པ་ཐོབ་པ་ལ་སོགས་པའི་འབྲས་བུ་རྣམས་གནས་དང་གནས་རྣམས་སུ་འདོན་པ་ཡིན་ནོ། །རྟོགས་པ་ཐོབ་པ་དང་དགོས་པ་
རྫོགས་པ་ཁ་ཅིག་རྣམས་ལ་ཡང་ཆོས་ལ་གུས་པའི་ཕྱིར་གནས་པ་དང་ཁ་ཅིག་ལ་བསྟན་པ་མ་རྫོགས་པ་ཉིད་ལ་རང་གི་གནས་སུ་འགྲོ་བ་དང་གཞན་རྣམས་ཉེ་བར་འགྲོ་བ་དང་དེ་རྣམས་ཀྱི་དོན་དུ་སླར་བསྟན་པ་ཞེས་བྱ་བའོ། །དེ་བས་ན་འདིར་བསྟན་པའི་དུས་ཉིད་དུ་མཐོང་བའི་ལམ་ལ་སོགས་
པ་ཐོབ་པས་གདུལ་བྱ་རྣམས་ལ་འཁོར་བ་དང་ངན་འགྲོ་རྣམས་ལས་ཡོངས་སུ་སྐྱོབ་པ་ཅི་ལྟ་ཅི་ལྟར་སྒྲུབ་པ་དེ་ལྟར་དེ་བཞིན་གཤེགས་པ་རྣམས་བསྟན་པར་མཛད་དེ་དེ་བས་ན་འདིར་ཟློས་པའི་སྐྱོན་ལ་ཕྲག་དོག་བྱ་བ་མ་ཡིན་ནོ། །བསྟན་པ་ལ་ནི་ཟློས་པའི་རྒྱན་ཁོ་ན་སྟེ་སྐྱོན་ནི་མ་ཡིན་ནོ། །
ཐོས་པ་དང་ལྡན་པ་རྣམས་ཀྱི་བསྟན་པ་རྣམ་པར་སྡུད་པ་དང་བྲལ་བ་སྔར་ཡང་མ་གྱུར་ཅིག །དེ་བས་ན་དོན་འདི་ཉིད་དོན་གཞན་ལ་བརྟེན་པས་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དོན་འདི་ཉིད་ནི་སྐོར་བ་སྟེ། །སླར་ཡང་དོན་གཞན་བརྟེན་པ་ནི། །ཞེས་བྱ་བའོ། །བསྟན་བཅོས་

མཁན་རྣམས་ལ་བར་སྐབས་ཉིད་དུ་གསུངས་པའི་དོན་རྣམས་ཀྱི་རྟོགས་པ་མེད་པའོ། །འོན་ཀྱང་ཐོས་པ་ཙམ་སྟེ་རྟོགས་པ་ནི་དོན་དེ་རྣམས་ཀྱི་བསམ་པ་དང་བསྒོམ་པ་ལ་སོགས་པའི་རིམ་པས་དུས་གཞན་ལ་འབྱུང་བ་དེ་རྣམས་ལ་ཟློས་པ་ནི་སྐྱོན་ཡིན་པའི་ཕྱིར་འབྱུང་བར་ཡང་འགྱུར་རོ། །
གང་ཞིག་མདོ་འདི་ལ་མི་རིགས་པར་གྱུར་པ་ཉིད་ཀྱི་དོན་གྱི་དབྱེ་བ་རང་ཉིད་ཀྱིས་ལོག་པར་རྟོགས་ནས་ཟློས་པ་སློང་བར་བྱེད་པ་དེ་རྣམས་ཀྱི་མཁས་པ་རྣམས་ཀྱིས་སོང་བ་དང་ཉེ་བར་སོང་བ་ལམ་སྤངས་ནས་ལོག་པའི་ལམ་ལ་ཞུགས་པ་རྣམས་ཀྱི་གཅིག་པུ་ངལ་བ་ཉིད་མདོའི་དོན་ཤེས་པའི་དོན་མ་ཡིན་ཏེ། ལོག་པའི་
ལམ་ནི་དོར་འདོད་ཅིང་། །སླར་ཡང་དེ་ལ་རྗེས་མི་འགྲོ། །ཞེས་བྱ་བའི་རིགས་པས་སོ་སོར་བརྗོད་པ་མ་ཡིན་ཏེ། དེ་རྣམས་ཀྱི་བཤད་པ་ངན་པ་བདག་ཅག་གིས་སུན་དབྱུང་བར་བྱ་ཞེས་བྱ་བའོ། །རྗེས་སུ་རིག་པ་རྗོད་པར་བྱེད་པའི་ལེའུ་ནི་རྗེས་སུ་རིག་པའི་ལེའུ་སྟེ་ལེའུ་ཉི་ཤུ་རྩ་དགུ་པའོ།། །།
དེ་ལྟར་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་མཛད་ནས་ཇི་ལྟར་འདི་བཙལ་བར་བྱ་ཞེས་བྱ་བ་དེས་གནས་བརྟན་རབ་འབྱོར་ལ་བོས་ནས་རྟག་ཏུ་ངུའི་གཏམ་གྱིས་བསྟན་པར་མཛད་པ་ནི། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ཡོངས་
སུ་བཙལ་བ་ཞེས་བྱ་བ་ལ་ཨི་ཥུ་ཞེས་བྱ་བ་ནི་འདོད་པའི་སྦྱོར་བའོ། །དེ་བཞིན་དུ་ཡོངས་སུ་བཙལ་བར་བྱའོ་ཞེས་བྱ་བ་ནི་ཨི་ཥཱི་ཞེས་བྱ་བའི་ཡོད་པ་ལ་སོགས་པའི་སྦྱོར་བ་དག་གོ། །གང་ཞིག་ཡོངས་སུ་ཚོལ་བའི་དུས་སུ་འཕགས་པ་ཆོས་འཕགས་དེ་ནི་ད་ལྟར་དེ་བཞིན་གཤེགས་པ་སྒྲ་
དབྱངས་མི་ཟད་པའོ། །བར་སྣང་ལས་ཞེས་བྱ་བ་ནི་ངོ་མཚར་བའི་སྒྲ་ཉིད་ཀྱིས་སྒྲ་དོན་ཡོད་པ་ཉིད་དུ་སྲིད་པས་སྤྲོ་བའི་རྒྱུ་ཉིད་དུ་གསུངས་སོ། །ཡིད་ལ་བྱེད་པ་ཞེས་བྱ་བ་ནི་ལུས་ངལ་བ་ལ་སོགས་པ་འབྱུང་བར་འགྱུར་བའམ་འབྱུང་བར་འགྱུར་བ་རྣམས་ལ་ཡོངས་སུ་ཚོལ་བ་ལས་
ལྡོག་པའི་རྒྱུ་རྣམས་ལ་སེམས་ཀྱི་འབད་པའོ། །འདིས་ནི་བརྩོན་འགྲུས་ཁྱད་པར་ལ་ངེས་པར་སྦྱོར་བར་བྱེད་དེ། གང་ལ་ཡང་སེམས་སྨོན་པར་མ་བྱེད་ཅིག་ཅེས་བྱ་བ་ལ་སོགས་པས་རྣམ་པར་གཡེང་བ་དགག་པའོ། །སྨོན་པར་མ་བྱེད་ཅིག་ཅེས་བྱ་བ་ནི་ཞུགས་པར་མ་བྱེད་

ཅིག་པའོ། །གང་ལ་ཡང་ཞེས་བྱ་བ་ནི་མདོར་བསྟན་པའོ། །ནང་ངམ་ཕྱི་རོལ་ཞེས་བྱ་བ་ནི་རྒྱས་པར་བཤད་པའོ། །ནང་ཞེས་བྱ་བའི་སྒྲ་ནི་རྟེན་གྱི་དོན་ནོ། །བྱེད་ཚིག་གི་དོན་ལ་ནི་མི་ཟད་པའི་ངོ་བོའི་བསྡུ་བའོ། །ཨ་ཙ་ཞེས་བྱ་བ་ནི་བསྡུ་བའི་མཐའོ། །ཕྱི་རོལ་
ཞེས་བྱ་བ་ནི་ཕྱི་རོལ་ཞེས་བྱ་བའི་དོན་ཏོ། །གཡོན་དང་གཡས་ཞེས་བྱ་བ་ནི་མ་ལྟ་བར་སོང་ཤིག་ཅེས་བྱ་བ་དང་འབྲེལ་ཏོ། །གཡོན་དང་གཡས་སུ་ཞེས་བྱ་བ་ནི་ལོགས་སུ་ཞེས་བྱ་བའི་དོན་ཏོ། །ཤར་དུ་མ་ཡིན་ལྷོར་མ་ཡིན་ཞེས་བྱ་བས་ཕྱོགས་རྣམས་བསྟན་པའོ། །གལ་ཏེ་
ཡང་འདི་གང་གིས་ཤར་གྱི་ཕྱོགས་སུ་དེས་ཞུགས་པ་དེ་ལྟ་ན་ཡང་གཉའ་ཤིང་ཙམ་ལས་ལྷག་པའི་ལྟ་བ་དགག་པ་འདི་ཡིན་ཏེ། རྣམ་པར་གཡེང་བ་ཡོངས་སུ་སྤངས་པའི་དོན་དུའོ། །ཕྱོགས་མཚམས་སུ་ཞེས་བྱ་བ་ནི་ཕྱོགས་མཚམས་རྣམས་བསྟན་པའོ། །རྗེས་སུ་ཞེས་བྱ་བའི་སྒྲ་
ནི་ཡང་དང་ཡང་དུའི་དོན་ཏོ། །ཕྱོགས་མཚམས་དང་ཕྱོགས་མཚམས་སུ་ཞེས་བྱ་བ་ནི་རྗེས་སུ་ཕྱོགས་མཚམས་སོ། །མི་ཟད་པའི་དངོས་པོ་བསྡུ་བ་འདི་ལ་ཨ་ཙ་ཞེས་བྱ་བ་ནི་བསྡུ་བའི་མཐའོ། །སླར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཚོལ་བ་དང་འགལ་བ་ཅན་
གྱི་དོན་ལ་དགག་པར་བྱེད་པ་ནི། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཏུ་འཛིན་པ་དང་དངོས་པོར་འཛིན་པ་ཆོས་ཐམས་ཅད་མི་དམིགས་པའི་མཚན་ཉིད་ཅན་གྱི་བཅོམ་ལྡན་འདས་མ་ཡོངས་སུ་ཚོལ་བ་དང་འགལ་བའོ། །འཇིག་པར་གྱུར་པས་ན་འཇིག་ཚོགས་ཏེ་
སྤུངས་པ་ཡིན་པའི་ཕྱིར་ལུས་སོ། །གཟུགས་ལ་སོགས་པའི་སྤུངས་པ་ནི་མི་རྟག་པ་འཇིག་ཚོགས་ཞེས་བརྗོད་དོ། །དེ་ཉིད་ནི་བདག་ཐ་སྙད་པའི་ཡུལ་ལོ། །དེ་བས་ན་བདག་ལས་མ་གཡོས་ཤིང་འཇིག་ཚོགས་ལས་ཀྱང་མ་ཡིན་པ་ཞེས་བྱ་བ་ནི་རྫས་སུ་ཡོད་པའི་གང་ཟག་གི་
དངོས་པོ་ལས་མ་ཡིན་ཐ་སྙད་དུ་ཡོད་པ་ལས་ཀྱང་མ་གཡོས་ཤིང་ཞེས་བྱ་བ་སྟེ། གཉི་ག་ལ་ཡང་དོན་དམ་པར་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་གང་གི་སྟོང་པ་ཉིད་ནི་དེ་ལས་གཞན་དུ་ཡོངས་སུ་ཚོལ་བར་བྱ་བ་མ་ཡིན་ནོ། །སྟོང་པ་ཉིད་ཐ་དད་པ་ཡོངས་སུ་

བཙལ་བ་ལ་དེ་ལས་གཡོས་པར་འགྱུར་རོ། །དེ་ལྟ་ན་ནི་དེའི་སྟོང་པ་ཉིད་ཀྱི་རང་བཞིན་དུ་མི་འགྱུར་རོ། །ཆོས་ཀྱི་བདག་མེད་གསུངས་པ་ནི། །གཟུགས་ལས་ཀྱང་མ་གཡོས་པ་དང་། །ཞེས་བྱ་བ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་རྣམས་ལས་ཀྱང་མ་
གཡོས་ཞེས་བྱ་བ་ནི་དེ་རྣམས་ལ་ཡང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ལས་ཐ་དད་པ་ཡོངས་སུ་བཙལ་བ་མེད་དོ། །གང་འདི་ལས་ཞེས་བྱ་བ་ནི་འདི་རྣམས་ལས་གཡོས་པའོ། །འདི་རྣམས་སྤངས་ཤིང་འདི་རྣམས་ཀྱི་སྟོང་པ་ཉིད་གཞན་དུ་ཡོངས་སུ་བཙལ་བ་དེ་
རྣམ་པར་ཉམས་པ་ཞེས་བྱ་བ་ནི་ལོག་པར་འགྱུར་རོ། །ཆོས་ཐམས་ཅད་ལ་མོས་པ་བསྐྱེད་ནས་ཞེས་བྱ་བ་ནི་དེ་དེ་བཞིན་ཏེ་ཞེས་ངེས་པ་བསྐྱེད་ནས་ཆོས་ཐམས་ཅད་ཅི་ལྟ་བུ་ཞེ་ན། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ཞེས་བྱ་བ་སྟེ། ཀུན་བརྟགས་ཀྱི་མཚན་ཉིད་
ཀྱིས་སྟོང་པ་ཡོངས་སུ་གྲུབ་པའི་མཚན་ཉིད་ཅན་ནོ། །དེ་རྣམས་ཀྱི་བརྗོད་པར་བྱ་བ་མ་ཡིན་པ་དོན་དམ་པའི་མཚན་ཉིད་ནམ་མཁའ་ལྟར་མཚན་མ་དང་བྲལ་བའི་ཕྱིར་མཚན་མ་མེད་པའོ། །དེ་ཉིད་དྲི་མ་དང་བཅས་པའི་གནས་སྐབས་སུ་མི་མཐུན་པའི་འདུ་ཤེས་བསྐྱེད་ནས་
སྨོན་ལམ་མ་བྱས་པ་གནས་པ་མ་བྱས་པ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མཐོང་བ་སྨོན་པ་མེད་པའོ། །སྟོང་པ་ཉིད་ཅེས་བྱ་བའི་འདོན་པ་ལ་རང་གི་དོན་ལ་ཏ་ལའོ། །མཚན་མ་ཡོངས་སུ་སྤོང་བ་ཞེས་བྱ་བ་ནི་གང་ཞིག་འཁྲུལ་པའི་རྒྱུ་དངོས་པོ་ལ་མངོན་པར་ཞེན་པ་དེ་ནི་མཚན་མ་སྟེ་དེ་ཡོངས་སུ་སྤངས་
པའོ། །མཚན་མ་དེ་ཉིད་ཀྱི་ཡོངས་སུ་སྤོང་བ་ནི་རྣམ་པ་གཉིས་སུ་བསྟན་ཏེ། དངོས་པོ་ཡོངས་སུ་སྤང་བ་དང་སེམས་ཅན་དུ་ལྟ་བ་ཡོངས་སུ་སྤོང་བ་ཞེས་བྱ་བའོ། །དངོས་པོ་ནི་ཆོས་ཀྱི་ལྟ་བ་དང་སེམས་ཅན་གྱི་ལྟ་བ་ནི་བདག་ཏུ་ལྟ་བའོ། །དེ་དག་ཡོངས་སུ་སྤངས་པས་སོ། །གང་
ཆོས་ཐམས་ཅད་སྟོང་པ་ཉིད་དང་མཚན་མ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། གང་ཆོས་རྣམས་སྟོན་པ་དག་ལ་ཞེས་བྱ་བ་དང་འབྲེལ་ཏོ། །གང་གི་ཕྱིར་དངོས་པོ་ཐམས་ཅད་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དེས་ན་སྐྱེ་བ་མེད་པའོ། །གང་གི་སྐྱེ་བ་

མེད་པ་དེས་ན་མ་སྐྱེས་པའོ། །སྐྱེས་པ་ནི་རྒྱུ་དང་རྐྱེན་གྱིས་སྐྱེད་པར་བྱེད་པ་དང་སྐྱེ་བ་ནི་རང་ཉིད་ཀྱིས་ཀྱང་བྱ་བ་བྱེ་བྲག་གོ། །གང་གི་ཕྱིར་མ་བྱུང་བ་དེ་ཉིད་ཀྱི་ཕྱིར་འགག་པ་མེད་པའོ། །གང་གི་ཕྱིར་འགག་པ་མེད་པ་དེ་ཉིད་ཀྱི་ཕྱིར་དངོས་པོ་མེད་པའི་ཆོས་ཐམས་
ཅད་ཅེས་བྱ་བའོ། །གང་ཞིག་ཆོས་སྟོན་པར་བྱེད་པ་དེ་རྣམས་དགེ་བའི་བཤེས་གཉེན་ཞེས་བྱ་བ་ཤུགས་ལས་གོ་བ་ཡིན་ནོ། །འདི་ལས་ལོག་པར་སྟོན་པར་བྱེད་པ་ནི་སྡིག་པའི་གྲོགས་པོ་ཞེས་བྱ་བའོ། །དེ་ལྟར་བསྒྲུབས་ནས་ཞེས་བྱ་བ་ནི་རྗེས་སུ་གནས་ཤིང་ཞེས་བྱ་བའི་དོན་ཏོ། །བྱས་པ་
གཟོ་བ་ནི་ཐོས་པ་ཤེས་པས་སོ། །བྱས་པ་རིག་པ་ནི་ཐོས་པའི་འབྲས་བུ་རིག་པའི་ཕྱིར་རོ། །ཡོངས་སུ་རྟོགས་ལ་ཞེས་བྱ་བ་ནི་བསམ་པར་བྱེད་པས་སོ། །འཇིག་རྟེན་གྱི་ཟང་ཟིང་དང་ལྡན་པ་ཞེས་བྱ་བ་ནི་བཟའ་བ་དང་བཏུང་བ་དང་བགོ་བ་ལ་སོགས་པ་རྣམས་ལ་འདོད་པ་དང་བཅས་པས་སོ། །
ཕྱི་བཞིན་འབྲང་བར་བྱ་བ་ནི་ཕྱིས་རྟོགས་པར་བྱ་བའོ། །ཆོས་དོན་དུ་གཉེར་བ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐོས་པ་ལ་སོགས་པ་དོན་དུ་གཉེར་བའོ། །ཆོས་ལ་གུས་པར་བྱ་བས་ཞེས་བྱ་བ་ནི་ཡང་དག་པར་འོས་པའི་སྤྱོད་ལམ་གྱིས་གནས་པས་དེའི་དོན་རྟོག་པ་ལ་རྩེ་གཅིག་
པས་སོ། །རྟོགས་པར་བྱ་སྟེ་ཞེས་བྱ་བ་ནི་དེ་མ་རྟོགས་པར་དགེ་བའི་བཤེས་གཉེན་ལ་མ་གུས་པས་དོན་ཆེ་བའི་ཐོས་པ་ལ་སོགས་པ་རྣམས་ལས་ཉམས་པ་འབྱུང་བའི་ཕྱིར་རོ། །དེ་ལ་རྟོགས་པ་གསུངས་པ་ནི་ཡོད་དེ་ཞེས་བྱ་བ་ནི་འདི་ཡོད་དོ། །འགྲོགས་ཤིང་ཞེས་བྱ་བ་ལ་སོགས་པའི་ཚིག་
གསུམ་པོ་འདི་ཆུང་བ་དང་འབྲིང་དང་ཆེན་པོའི་དབྱེ་བས་སོ། །ཟིལ་གྱིས་མནན་ནས་ཞེས་བྱ་བ་ནི་ངན་སོང་དུ་འགྲོ་བ་ལ་སོགས་པའི་ནུས་པ་མ་ཚང་བ་མངོན་པར་ཆགས་པའི་ཡུལ་ཉིད་ཀྱིས་མྱ་ངན་ལས་འདས་པ་ལ་རྒྱབ་ཏུ་ཕྱོགས་པའི་ངོ་བོ་བྱེད་པ་ལ་མི་ཚང་བར་བྱས་ནས་
སོ། །འདི་ཅི་ལྟར་བྱེད་ཅེ་ན། གསུངས་པ་ནི་ཐབས་ལ་མཁས་པས་ཞེས་བྱ་བ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་བསྒོམ་པས་རྣམ་པར་དག་པ་རྣམས་བྱང་ཆུབ་ཉིད་ཀྱི་ཉེ་བར་མཁོ་བར་འགྱུར་རོ། །ཅི་ལྟར་ནད་དང་ལྡན་པ་རྣམས་ཀྱི་དུག་ནི་སྔགས་རྣམས་ཀྱིས་ནུས་པ་

ཉམས་པ་ལུས་ལ་ཕན་པ་ཉིད་དུ་འགྱུར་རོ། །ཇི་སྐད་དུ་ཐབས་ལ་མཁས་པའི་མདོ་ལས་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་རྣམས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་ཤེས་རབ་ཀྱིས་ཡོངས་སུ་བསྒོམས་པ་སྟེ། གང་གིས་འདི་དགའ་བ་དང་རྩེ་བར་
བྱེད་པ་ཐམས་ཅད་ལ་ཡོངས་སུ་ལོངས་སྤྱོད་པར་འགྱུར་རོ། །རྣམ་པར་ལྟུང་བར་འགྲོ་བ་ནི་ཡོངས་སུ་འཛིན་པ་མ་ཡིན་ཞེས་བྱ་བའོ། །དགེ་སློང་ཆོས་སྨྲ་བ་ལ་ཞེས་བྱ་བ་ནི་དགེ་སློང་ནི་རྣམ་པ་ལྔ་སྟེ་ཞེས་བྱ་བ་ནི་འདུལ་བ་འཛིན་པ་རྣམས་སོ། །ཅི་ལྟ་བུ་ཞེ་ན། མིང་གི་དགེ་སློང་
དང་། དམ་བཅས་པའི་དགེ་སློང་དང་། ཟས་སློང་བའི་ངང་ཚུལ་གྱི་དགེ་སློང་དང་ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་ཕྱིར་དགེ་སློང་ཞེས་བྱ་བའོ། །དེ་བས་ན་འདི་བསྙེན་པར་རྫོགས་པའི་ཕྱིར་དགེ་སློང་ནི་མ་
ཡིན་ནོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་སློང་གི་བསླབ་པ་ལ་གནས་པ། བསྟན་པའི་དབེན་གྱི་དོགས་པས་འདོད་པ་རྣམས་ལ་ཆེར་སྤྱོད་པ་ཐོབ་པར་འགྱུར་བ་མ་ཡིན་ནོ། །གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་རྣམས་བཅས་པའི་ཁ་ན་མ་ཐོ་བ་ལ་ཆེར་
སྤྱོད་ཀྱང་དགེ་སློང་གི་སྡོམ་པ་ལ་གནས་པ་རྣམས་ལ་ཕན་པར་འདོད་པ་མ་ཡིན་ནོ། །ཅི་ལྟར་གཞན་གྱི་དོན་ལས་བརྩམས་ཏེ་རི་རབ་ཙམ་གྱི་གསེར་གྱི་ཕུང་པོ་བླངས་ཀྱང་དེ་ལྟ་ན་ཡང་མེ་ཐུན་བསྟེན་པ་བྱང་ཆུབ་སེམས་དཔའ་དགེ་སློང་གི་སྡོམ་པ་ལ་གནས་པས་བསྟན་པའི་དབྱེན་
བྱེད་པ་བསྲུང་བའི་དོན་དུ་བརྟགས་པ་མ་ཡིན་ནོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་ལས་སོ། །ཅི་ནས་ཀྱང་འདོད་པ་ལ་ལོངས་སྤྱོད་པ་སེམས་ཅན་གྱི་དོན་ལ་ལྟོས་པས་ཀྱང་དབང་པོ་གཉིས་སྤྲད་པ་ལས་སྐྱེས་པའི་བདེ་བ་མྱོང་བ་སྲིད་པ་ཡིན་ནོ། །དེ་ཉིད་ནི་དགེ་སློང་གི་སྡོམ་པ་
ཉམས་པའི་རྒྱུའོ། །སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་བསྒོམ་པའི་བདེ་བ་མྱོང་བ་མ་ཡིན་པའི་རྒྱུ་དང་དགེ་སློང་གི་སྡོམ་པ་ཉམས་པ་མེད་པའི་རྒྱུ་ཞེས་བྱ་བ་ལུང་འགའ་ཞིག་ལ་ཡོད་པ་མ་ཡིན་ནོ། །སློབ་དཔོན་རྣམས་ནི་འདི་ལྟར་བརྗོད་པ་ཡིན་ཏེ། གལ་ཏེ་བྱང་ཆུབ་སེམས་

དཔའ་འདོད་པ་ལ་ལོངས་སྤྱོད་པས་ཕ་རོལ་པོ་རྣམས་ཀྱི་དོན་གྱི་ཕུང་པོ་ཆེན་པོ་མཐོང་ན་དེའི་ཚེ་ཚུལ་ཁྲིམས་ལ་ཆགས་པས་བྱང་ཆུབ་སེམས་དཔའ་ཕ་རོལ་པོ་ལ་བཏང་སྙོམས་སུ་མི་བྱེད་ཅིང་། ཅི་སྐད་དུ་ཐབས་ལ་མཁས་པའི་མདོ་ལས་གསུངས་
པ། བསྐལ་པ་བརྒྱ་སྟོང་དུ་ཡང་བྱང་ཆུབ་སེམས་དཔའ་གཞན་ལ་ཕན་པའི་ཕྱིར་ལྟུང་བ་ལ་ལྷག་པར་སྤྱད་ནས་དམྱལ་བར་གནས་པར་བཟོད་པ་ཡིན་གྱི་སེམས་ཅན་གཅིག་གི་དགེ་བའི་རྩ་བ་ཡོངས་སུ་དོར་བ་ནི་མ་ཡིན་ཞེས་བྱ་བའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་བསྟན་
པའི་དབེན་བསྲུང་བའི་དོན་དུ་བསླབ་པ་དོར་ནས་འདོད་པ་རྣམས་ལ་བསྟེན་པ་ཡིན་ཞེས་བྱ་བ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །གང་ཞིག་བྱང་ཆུབ་སེམས་དཔའ་དགེ་སློང་གི་སྡོམ་པ་ལ་གནས་པ་རྣམ་གྲངས་གང་གིས་ཡང་འདོད་པ་རྣམས་བསྙེན་པ་ཞེས་བྱའོ། །
དེ་བས་ན་འདི་ཉོན་མོངས་པ་བཅོམ་པས་ན་དགེ་སློང་ངོ་། །འདིའི་ཉོན་མོངས་པས་ངན་སོང་དབྱུང་བ་བཅོམ་པ་སྟེ་དེས་ན་འཕགས་པ་ཞེས་བྱ་བའི་དོན་ཏོ། །དགེ་སློང་གི་སྒྲ་ནི་བསྟན་པ་ལ་རབ་ཏུ་ཞུགས་པ་རྣམས་ལ་གྲགས་པའི་ཕྱིར་བསྟན་པ་ལ་ཞུགས་པ་ཉིད་གསལ་བའི།
དོན་དུ་དེ་ལ་རབ་ཏུ་སྦྱར་བའོ། །སངས་རྒྱས་འབྱུང་བ་མེད་པ་ལ་གདུལ་བྱ་རྣམས་ལ་ལྟོས་པས་བྱང་ཆུབ་སེམས་དཔའ་རྣམས་མུ་སྟེགས་པའི་རྒྱལ་མཚན་འཛིན་པ་ཡང་འགྱུར་ཞེས་བྱའོ། །བཅོམ་ལྡན་འདས་མ་ཆེ་བ་ལས་ནི་བྱང་ཆུབ་སེམས་དཔའི་ཞེས་བྱ་བ་ཉིད་འདོན་པ་ཡིན་
གྱི་དགེ་སློང་གི་ཞེས་བྱ་བ་ནི་མ་ཡིན་ནོ། །སླར་ཅི་ཞིག་འདོད་པ་རྣམས་ལ་ཆགས་པ་ཉིད་འདོད་པ་རྣམས་ལས་བསྙེན་པ་སེམས་ཅན་འདུལ་བས་དེའི་ཕྱིར་སེམས་ཅན་རྣམས་ལ་འདུལ་བའི་དོན་དུ་དགེ་བའི་རྩ་བ་ཡོངས་སུ་བཟུང་བ་དང་འཕེལ་བ་དེའི་སླད་དུ་ཞེས་བྱ་བའོ། །ཅི་སྐད་དུ་ཐབས་ལ་མཁས་པའི་
མདོ་ལས་གསུངས་པ། འདི་ལྟ་སྟེ་དཔེར་ན། བཅོམ་ལྡན་འདས་རིའི་རྒྱལ་པོ་རི་རབ་ཀྱི་གང་ཞིག་དང་བའི་སེམས་སམ་གདུག་པའི་སེམས་དང་ལྡན་པ་རྩར་ཉེ་བར་འགྲོ་བ་སྟེ་དེ་རྣམས་ཐམས་ཅད་ཁ་དོག་གཅིག་པར་འགྱུར་རོ། །འདི་ལྟ་སྟེ་གསེར་གྱི་ཁ་དོག་དང་ལྡན་པའོ། །དེ་བཞིན་དུ་བཅོམ་ལྡན་

འདས་གང་ཁ་ཅིག་དང་བའི་སེམས་སམ་གདུག་པའི་སེམས་སམ་ཀུན་ནས་ཆགས་པའི་སེམས་དང་ལྡན་པ་རྩར་ཉེ་བར་འགྲོ་བ་དེ་རྣམས་ཐམས་ཅད་ཁ་དོག་གཅིག་པར་འགྱུར་རོ། །འདི་ལྟ་སྟེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱི་ཁ་དོག་དང་ལྡན་པའོ། །སླར་དེ་ཉིད་དུ་བལྟ་
ན་སྡུག་པ་ཞེས་བྱ་བ་སྨན་གྱི་རིགས་ཡོད་དེ་དེ་ལ་གང་ཁ་ཅིག་ནད་སྣ་ཚོགས་པས་ཉོན་མོངས་པའི་སེམས་ཅན་རྣམས་རབ་ཏུ་མཐོང་བ་དེ་རྣམས་ཐམས་ཅད་ཀྱི་ནད་དེ་རྣམས་ཞི་བར་འགྱུར་རོ། །དེ་བཞིན་དུ་གང་ཁ་ཅིག་དང་བའི་སེམས་སམ་གདུག་པའི་སེམས་སམ་ཀུན་ནས་ཆགས་པའི་སེམས་དང་ལྡན་
པ་བྱང་ཆུབ་སེམས་དཔའ་རབ་ཏུ་མཐོང་བ་དེ་རྣམས་ཐམས་ཅད་ཀྱི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ནད་རྣམས་རབ་ཏུ་ཞི་བར་འགྱུར་ཞེས་བྱ་བའོ། །དེ་ཉིད་དུ་ཡང་གསུངས་པ། ཀུན་དགའ་བོ་འདིའི་ཡོན་ཏན་ཅི་ལྟ་བུ་ནི་ཁྱོད་ལྟོས་ཤིག །གང་གིས་སེམས་ཅན་གཞན་དག་དམྱལ་
བར་འགྲོ་བ་འདི་ལྟ་བུ། །དེ་ཉིད་ཀྱིས་ནི་དཔའ་བོ་རྣམས་ལ་སྐྱེ་བོ་རྟག་ཏུ་ཆགས། །མཐོ་རིས་དང་ནི་སྐྱེ་བོ་ཉིད་ནི་འགྲོ་བ་དེ་ལྟར་ཡིན། །ཞེས་བྱ་བ་ལ་སོགས་པའོ། །ཆགས་པ་ནི་སྲེད་པའོ། །སྒྲིབ་པ་ནི་དམིགས་པའོ། །སྐད་ཅིག་དེ་ཉིད་ལ་ཞེས་བྱ་བ་ནི་སེམས་དང་བ་མེད་པ་འགག་པའི་
དུས་ལའོ། །ཡང་དག་པའི་ཚུལ་ནི་དོན་དམ་པའི་རབ་ཏུ་དབྱེ་བའོ། །ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མ་ཡིན་པའོ། །རྣམ་པར་བྱང་བ་མེད་པའི་ཕྱིར་རྣམ་པར་བྱང་བ་མ་ཡིན་པའོ། །སྟོང་པ་ཉིད་ཁོ་ན་གསལ་བར་བྱེད་པ་ནི་ཆོས་ཐམས་ཅད་ནི་ཞེས་
བྱ་བ་ལ་སོགས་པ་སྟེ། སེམས་ཅན་མེད་པ་ལ་སོགས་པའི་ཚིག་རྣམས་ཀྱིས་གང་ཟག་གི་བདག་མེད་པ་གསུངས་སོ། །སྒྱུ་མ་ལྟ་བུ་ལ་སོགས་པའི་ཚིག་རྣམས་ཀྱིས་ཆོས་ཀྱི་བདག་མེད་པའོ། །མེད་པའི་དོན་ཅི་ལྟར་སྤྱོད་ཡུལ་དུ་འགྱུར་བ་ཞེས་བྱ་བའི་ཐེ་ཚོམ་བཟློག་པའི་དོན་
དུ་སྒྱུ་མ་ལྟ་བུ་ཉིད་དོ། །དོན་མེད་པ་ལ་འདོད་པ་དང་མི་འདོད་པ་ལ་ཅི་ལྟར་ཉེ་བར་ལོངས་སྤྱོད་པ་ཞེས་བྱ་བའི་ཐེ་ཚོམ་བཟློག་པའི་དོན་དུ་རྨི་ལམ་ལྟ་བུ་ཉིད་དོ། །དོན་དམ་པ་ལ་སྣ་ཚོགས་པའི་ཐ་སྙད་དང་། བརྗོད་པ་འཇུག་པ་ཇི་ལྟར་ཞེས་ཐེ་ཚོམ་བཟློག་པའི་དོན་དུ་སྒྲ་བརྙན་ལྟ་བུ་ཉིད་

དོ། །དོན་མེད་པ་ལ་རྣམ་པ་སྣ་ཚོགས་པའི་རྣམ་པར་ཤེས་པ་འཇུག་པ། ཅི་ལྟར་ཞེས་བྱ་བའི་ཐེ་ཚོམ་བཟློག་པའི་དོན་དུ་མིག་ཡོར་ལྟ་བུ་ཉིད་དོ། །བརྙས་པར་བྱེད་པ་ཞེས་བྱ་བ་ནི་བསམ་པ་བརྟན་པར་བྱེད་པའི་ངོ་བོ་བརྟག་པ་ལ་སོགས་པའི་
དོན་དུའོ། །ཕྱིར་སྡང་བ་ཞེས་བྱ་བ་ནི་མི་མཐུན་པ་མེད་པའི་ཕྱིར་ཚིག་གོ། །མི་སྐྱོ་བ་ནི་ངལ་བ་མེད་པའོ། །རྗེས་སུ་བསྟན་པ་ནི་མན་ངག་གོ། །ངུ་ཞིང་ཞེས་བྱ་བ་ནི་མཆི་མ་བྱུང་བས་སོ། །ཆོ་ངེས་འདེབས་པ་ནི་གདུང་བའི་སྒྲས་སོ། །མྱ་ངན་བྱེད་པ་ནི་ཕྲད་པར་འདོད་པའོ། །སྨྲེ་བ་ནི་སྨྲེ་སྔགས་འདོན་
པའོ། །རྗེས་སུ་འབྲང་ཞིང་ཞེས་བྱ་བ་ནི་ཡང་དག་པར་ལྡན་པའོ། །དེ་ལ་ཡང་ཕྱོགས་ཞེས་བྱ་བ་ཉིད་ནི་ལས་སོ། །གྲོང་ཁྱེར་གྱི་ཆེ་བ་ཉིད་ནི་ནོར་ཆེ་བ་ཉིད་ཀྱིས་གསུངས་པ་ནི། རིན་པོ་ཆེ་སྣ་བདུན་ཞེས་བྱ་བ་ལ་སོགས་པ་སྟེ་རིན་པོ་ཆེ་སྣ་བདུན་ལས་བརྡུངས་པའི་ཕྱིར་རོ། །རྩོམ་པ་ཆེ་བ་ཉིད་
ཀྱིས་ཆེ་བ་ཉིད་གསུངས་པ་ནི། ར་བ་རིམ་པ་བདུན་གྱིས་བསྐོར་བ་ཞེས་བྱ་བ་སྟེ། ར་བ་བདུན་དང་ལྡན་པའི་ཕྱིར་རོ། །བསྐོར་བ་ནི་དཀྲིགས་པའོ། །འོབས་ནི་བརྐོས་པ་རྣམས་སོ། །ཚད་ཀྱི་ཆེ་བ་ཉིད་གསུངས་པ་ནི། དཔག་ཚད་བཅུ་གཉིས་ཞེས་བྱ་བ་ལ་སོགས་པ་སྟེ། དཔག་
ཚད་བཅུ་གཉིས་ཀྱིས་ཡོངས་སུ་གཅོད་པའི་ཕྱིར་རོ། །འབྱོར་པའི་ཆེ་བ་ཉིད་གསུངས་པ་ནི། འབྱོར་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་འབྱོར་པ་ནི་ནང་དུ་ནོར་ཡོད་པའི་ཕྱིར་རོ། །རྒྱས་པ་ནི་ཕྱི་རོལ་ན་ཡོ་བྱད་ཡོད་པའི་ཕྱིར་རོ། །བདེ་བ་ནི་ཕ་རོལ་གྱི་དམག་ཚོགས་ལ་སོགས་
པའི་ཉེ་བར་འཚེ་བ་མེད་པའི་ཕྱིར་རོ། །ལོ་ལེགས་པ་ནི་བཟའ་བ་དང་བཏུང་བ་མང་བའི་ཕྱིར་རོ། །མི་དང་སྐྱེ་བོ་མང་པོ་གང་ལ་ཡང་ཡོད་པ་དེ་ནི་སྐྱེ་བོ་མང་པོ་དང་མིས་གང་བ་སྟེ་སྐྱེ་བོ་རྣམས་ནི་ཐུན་མོང་བའོ། །མི་ནི་ནོར་ལ་སོགས་པ་རྣམས་ཀྱི་ཁྱད་པར་ཅན་ནོ། །གང་བ་ནི་ཁྱབ་
པ་དང་སྐྱེ་བོ་མང་པོ་དང་མིས་གང་བའི་གནས་སོ། །རྩོམ་པའི་ཆེ་བ་ཉིད་གསུངས་པ་ནི། ལྔ་བརྒྱ་དག་གིས་ཞེས་བྱ་བ་ལ་སོགས་པ་སྟེ། བར་ནི་ནང་དུའོ། །ཚོང་ཁང་ནི་ཉོ་བ་དང་འཚོང་བའི་གནས་སོ། །ཕྲེང་བ་ནི་དེའི་ཕྲེང་ངོ་། །དེའི་ལྔ་བརྒྱས་ཕིགས་པར་གྱུར་པ་ནི་མ་ལུས་པར་

འབྲེལ་པའོ། །རི་མོ་ནི་སྣ་ཚོགས་པའི་ར་བའི་མཐར་གཉི་ག་ནས་འགྲོ་བའི་ཕྱིར་རོ། །རི་མོ་སྣ་ཚོགས་པ་ཡང་དེ་རྣམས་ལ་ཡིན་ལ་སྣ་ཚོགས་པ་ནི་ངོ་མཚར་བའི་ཕྱིར་རོ། །ལྟ་བུ་ཡང་ཡིན་ལ་གྲོང་དང་རྗེས་སུ་མཐུན་པའི་ཕྱིར་ཏེ་དེ་རྣམས་ཀྱིས་སོ། །མཉམ་ཞིང་ཞེས་བྱ་བ་ནི་འཛེར་དོགས་མེད་
པའི་ཕྱིར་དང་ཕན་ཚུན་དང་འདྲ་བའི་ཕྱིར་རོ། །འཛེར་དོགས་མེད་པ་ནི་གནོད་པ་དང་བྲལ་བའོ། །སྐྱེ་བོ་དང་ཁྱོགས་ཀྱི་བཞོན་པ་རྣམས་ཀྱི་རྐང་གིས་འགྲོ་བའི་གནས་རྣམས་ནི་ཚོགས་ནས་འགྲོ་བའི་གནས་ཏེ་ལམ་ཆེན་པོའོ། །དེ་རྣམས་ཀྱི་གནས་པ་ནི་གནས་པར་བྱེད་པའོ། །ངོ་བོ་ལ་
ནིཀྟ་སྟེ་དེ་རྣམས་སོ། །ལེགས་པར་བསྒྲུབས་པ་ནི་ལེགས་པར་བརྩམས་པའོ། །དེ་ལ་སྐྱེ་བོ་ནི་རྐང་ཐང་ལ་སོགས་པའི་འཇིག་རྟེན་ནོ། །ཁྱོགས་ནི་བཞོན་པ་རྣམས་སོ། །བཞོན་པ་ནི་ཤིང་རྟ་རྣམས་སོ། །མདའ་ཡབ་རྣམས་ནི་ཀྲ་མ་ཤིར་ཥ་རྣམས་སོ། །མཐོང་ཞིང་ཞེས་བྱ་བ་ནི་ཕན་ཚུན་
དུ་ཉེ་བ་ཉིད་དུ་སྐྱེས་པའོ། །ཚད་དང་ལྡན་པ་ཞེས་བྱ་བ་ནི་ར་བ་དང་རྗེས་སུ་མཐུན་པའི་ཚད་དང་ལྡན་པ་རྒྱ་ཆེ་བ་དང་མཐོང་བ་རྣམས་སོ། །སྣ་ཚོགས་བཀྲ་བ་ཞེས་བྱ་བ་ནི་རྣམ་པ་གཞན་དང་གཞན་དུ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་སོ། །ཤིང་སྐྱེས་པ་ཐམས་ཅད་ལས་ཀྱང་བྱུང་ནས་
གཉིས་པའི་ཤིང་གཞན་དང་ཅི་ལྟར་འབྱུང་བ་དེ་ལྟར་འབྲེལ་པའོ། །ཡང་ན་བྱུང་ནས་གཉིས་པའི་ཤིང་གཞན་དང་འབྲེལ་བ་ཞེས་བྱ་བའོ། །ཐམས་ཅད་འདི་ལ་ཡོད་པས་ན་ཐམས་ཅད་དང་ལྡན་པའོ། །དྲིལ་བུ་གཡེར་ཀའི་དྲ་བ་ནི་དྲིལ་བུ་ཆུང་བའི་ཚོགས་ཀྱིས་རིན་པོ་ཆེའི་རང་བཞིན་
གྱི་ཐ་གུ་སྣ་ཚོགས་པས་སོ་སོར་ཀུན་ནས་འཕྱང་བས་ཀུན་ནས་ཁེབས་པའོ། །འཇམ་པ་ནི་རྣ་བ་དག་ལ་བདེ་བའི་ཕྱིར་རོ། །སྙན་པ་ནི་སེམས་ལ་བདེ་བའི་ཕྱིར་རོ། །ཡིད་དུ་འོང་བ་ནི་ཆགས་པ་བསྐྱེད་པའི་ཕྱིར་རོ། །ཡན་ལག་ལྔ་ནི་པི་ཝང་དང་གླིང་བུ་ལ་སོགས་པ་རྣམས་སོ། །
རོལ་མོ་མཁན་ནི་གླུ་མཁན་རྣམས་སོ། །རྩེ་བ་ནི་རྣ་བས་སོ། །དགའ་ཞིང་ནི་ཡིད་ཀྱིས་སོ། །དགའ་མགུར་སྤྱོད་པ་ནི་ལུས་དང་ངག་གི་བྱ་བ་རྣམས་ཀྱིས་སོ། །འོབས་ནི་བརྐོས་པའོ། །རྗེས་སུ་མཐུན་པར་འབབ་པའི་ཆུ་ཞེས་བྱ་བ་ནི་ཀླུང་ལ་སོགས་པ་རྗེས་སུ་འབྲང་

བའི་ཆུའི་རྒྱུན་དང་ལྡན་པའོ། །པདྨ་ནི་པདྨ་དམར་པོའོ། །པདྨ་དཀར་པོ་ནི་པདྨ་དཀར་པོའོ། །མངོན་པར་སྐྱེས་ཤིང་སྐྱེས་པ་ཞེས་བྱ་བ་ནི་གྱ་ནོམ་པ་གྱ་ནོམ་པ་རྣམས་ཀྱིས་སོ། །དྲི་བཟང་པོའི་སྒྲ་ནི་དྲི་ཞིམ་པའི་རྣམ་གྲངས་སོ། །རྫིང་བུ་དེ་དག་
ཅེས་བྱ་བ་ནི། སྐྱེད་མོས་ཚལ་གྱི་རྫིང་བུ་རྣམས་ཀྱི་ཚད་དོ། །ཀུན་ནས་ཞེས་བྱ་བ་ནི་ལོགས་ཐམས་ཅད་ལའོ། །རྒྱང་གྲགས་རྒྱང་གྲགས་ཞེས་བྱ་བ་ནི་ཡང་ནས་ཡང་དུའོ། །དེ་ལྟ་བུའི་བརྒྱ་ཕྲག་ལྔ་ལྔའི་རྫིང་བུ་རྣམས་ནི་སྐྱེད་མོས་ཚལ་རེ་རེ་ལའོ། །འོ་ན་འདི་ཅི་ལྟར་
རིགས་དེ་ལྟར་ན་སྐྱེད་མོས་ཚལ་གཅིག་གི་དཔག་ཚད་མང་བའི་རྫིང་བུ་རྣམས་ཉིད་ཀྱིས་ཁྱབ་པར་འགྱུར་བ་དེ་བས་ན་དཔག་ཚད་ཤིན་ཏུ་མང་བ་ནི་སྐྱེད་མོས་ཚལ་གཅིག་གི་ཚད་དོ། །དེ་ལྟར་ན་སྐྱེད་མོས་ཚལ་གྱི་བརྒྱ་ཕྲག་ལྔ་ལྔ་ཅི་ལྟར་དཔག་ཚད་བཅུ་གཉིས་ཀྱི་ཚད་ནི་གྲོང་ཁྱེར་གྱིས་
ཡོངས་སུ་བསྐོར་བའི་ས་ལ་ཡོད་དོ་ཞེ་ན། བདེན་མོད་ཀྱི་འདི་ནི་འདོན་པ་ཉམས་པ་སྟེ། སྐྱེད་མོས་ཚལ་རེ་རེ་ལ་རྫིང་བུ་ལྔ་ལྔ་ཞེས་བྱ་བ་སླར་འདོན་པ་རིགས་པ་ཞེས་བྱ་བ་ཁ་ཅིག་གོ། །མངོན་པར་བརྩོན་པ་རྣམས་ཀྱིས་སླར་འདི་ལྟར་བརྗོད་པ་ཡིན་ཏེ་འདིས་ནི་འདི་བསྟན་ཏོ། །ཅི་ལྟར་
འཕགས་པ་ཆོས་འཕགས་ཀྱི་རྫུ་འཕྲུལ་གྱིས་བྱུང་བའི་གྲོང་ཁྱེར་དེ་བརྗོད་པ་ཙམ་ཉེ་བར་སྦྱོར་བ་སྟེ། ཕུན་སུམ་ཚོགས་པའི་ཁྱད་པར་ཉེ་བར་བརྗོད་པ་ནི་དགོས་པ་མེད་པའོ། །ཡོད་པ་ཞེས་བྱ་བ་ཉིད་ཀྱིས་དགོས་པ་མེད་པའི་བསྟན་པ་འོས་པ་མ་ཡིན་ཞེས་བྱ་བའོ། །ཤིང་
རྟའི་འཁོར་ལོའི་རྒྱ་ཁྱོན་ཙམ་ཞེས་བྱ་བ་ནི་རྒྱ་ཆེ་བའོ། །སྔོན་པོ་ཞེས་བྱ་བ་ནི་མདོར་བསྟན་པའོ། །ལྷག་མ་རྣམས་ཀྱིས་རྒྱས་པར་བཤད་པའོ། །ཁ་དོག་སྔོན་པོ་ཞེས་བྱ་བ་ནི་རང་བཞིན་ཅན་གྱི་ཁ་དོག་གིས་སོ། །སྔོན་པོར་སྟོན་པ་ཞེས་བྱ་བ་ནི་སྦྱར་བའི་ཁ་དོག་གིས་སོ། །
སྔོན་པོར་སྣང་བ་ཞེས་བྱ་བ་ནི་གཉི་ག་ལྟར་ཡང་འོད་གསལ་བའི་ཕྱིར་རོ། །དེ་བཞིན་དུ་སེར་པོ་ཞེས་བྱ་བ་ལ་སོགས་པ་སྟེ། སྒྲ་འབྱིན་པ་ཞེས་བྱ་བ་ནི་སྒྲ་ཉེ་བར་གནས་པའོ། །སངས་རྒྱས་ཀྱི་ཚུལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལ་རི་མོར་བྱེད་པ་ནི་དང་བ་མཆོག་གོ། །

དེ་རྗེས་སུ་འགྲོ་བ་བདེ་བར་གཤེགས་པ་རྣམས་ཀྱི་ཐོས་པ་ལ་སེམས་གང་རྣམས་ལ་ཡོད་པ་དེ་རྣམས་དེ་ལྟར་དེ་དེ་རྣམས་ཀྱིའོ། །བཞི་མདོ་ནི་ལམ་བཞིའི་དབུས་ཞེས་བྱ་བ་དང་འབྲེལ་ཏོ། །ཀུན་ནས་ཞེས་བྱ་བ་ནི་ལོགས་རེ་རེ་ལའོ། །ཁང་པའི་ཡོངས་སུ་ལོངས