Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 94

Văn bản gốc(Tây Tạng)

Trang 6 / 21 (50.000 ký tự/trang)
ི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །ཞེས་བྱའོ། །ཇི་ལྟར་འཇིག་རྟེན་པའི་རྟོགས་པ་དེ་བཞིན་དུ་
གཟུགས་ཀྱི་སྐུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྟེན་ཞེས་བརྗོད་དོ། །རྟེན་འདི་ལ་བརྟེན་ནས་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་གཟུགས་ཀྱི་སྐུ་ཉེ་བར་སྟོན་པར་བྱེད་པ་ནི་འཇིག་རྟེན་པའི་རྟོགས་པ་པ་ནི་རབ་ཏུ་འབྱེད་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རབ་ཏུ་འབྱེད་པས་
སངས་རྒྱས་ཀྱི་སྐུ་ནི་ཞེས་རབ་ཏུ་འབྱེད་པ་རྟོགས་པར་འགྱུར་རོ། །ཇི་ལྟར་ཆོས་དང་དགེ་འདུན་དག་གི་སྐུ་སྟེ་རང་བཞིན་ལའོ། །ཉེ་བར་བསྡུ་བར་བྱེད་པ་ནི་དེ་ལྟར་ཞེས་བྱ་བ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་

པར་སྐྱེ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱུ་གང་གིས་དེ་བཞིན་གཤེགས་པ་ལ་འདིར་བདག་གིས་དངོས་པོ་ལ་དམིགས་པ་ཞེས་རྟོགས་པ། འཇིག་རྟེན་ལ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ལ་གང་གི་ཕྱིར་འབྱུང་བ་དེས་ན་དེ་ལྟར་བརྗོད་དོ། །དེའི་
ཕྱིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་མཆོད་པ་ཉིད་ལེགས་པ་ཞེས་ཉེ་བར་སྟོན་པར་བྱེད་པ་ནི་དེ་བས་ན་ཞེས་བྱ་བ་སྟེ། འདི་ཉིད་ཅེས་བྱ་བ་ནི་བཅོམ་ལྡན་འདས་མ་མཆོད་པར་བྱེད་པའོ། །དེ་ལས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྐུ་མཆོད་པར་བྱེད་པ་ལས་སོ། །
བསོད་ནམས་མང་བ་ཉིད་ལ་ཡང་ཇི་ལྟར་འཛིན་པ་ལ་སོགས་པ་ལ་འཇུག་པ་མེད་པ་ཞེས་བརྒྱ་བྱིན་གྱི་དྲི་བ་བསྟན་པར་བྱེད་པ་ནི་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་སོགས་པས་སོ། །འཛམ་བུའི་གླིང་འདི་ཞེས་བྱ་བ་ལ་སོགས་པ་སྟེ། འཛམ་བུའི་གླིང་དུ་སྐྱེས་པའི་མི་
རྣམས་ཀྱི་ཡང་དག་པར་འབྱུང་བ་ནི་བློ་དང་བརྩོན་འགྲུས་རབ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་ཡང་འཛིན་པ་ལ་སོགས་པ་ལ་མི་འཇུག་པ་ལ་ཞེས་བྱ་བ་ངོ་མཚར་བསྐྱེད་པའི་དོན་དུའོ། །བཅོམ་ལྡན་འདས་ཅི་མ་འཚལ་ལགས་སམ་ཞེས་བྱ་བ་སྟེ། འཚལ་ན་ནི་ཇི་ལྟར་མི་འཇུག་པ་ཞེས་བྱ་བའི་དགོངས་
པའོ། །དེ་ལྟར་དོན་ཆེན་པོ་ནི་མཆོད་པ་བྱས་པར་གྱུར་ན་དེ་ལྟར་དོན་ཆེན་པོར་གྱུར་ཞེས་བྱ་བར་འབྲེལ་པའོ། །དོན་ཆེན་པོ་ཞེས་བྱ་བ་ནི་བདུད་ཀྱིས་གླགས་མི་རྙེད་པ་དང་ཆགས་པ་མེད་པ་ལ་སོགས་པ་དང་པོར་གསུངས་པའི་དོན་བཞི་ཐོབ་པའི་ཕྱིར་རོ། །རྫུ་འཕྲུལ་ཆེན་པོ་ཞེས་
འདོན་པ་ལ་ཡང་དོན་ནི་འདི་ཉིད་དོ། །བཅོམ་ལྡན་འདས་ཅི་ཕན་ཡོན་ཆེན་པོ་དང་ལྡན་པར་རྟོགས་པར་མ་གྱུར་ལགས་སམ་ཞེས་བྱ་བའི་དོན་ནོ། །ཞེས་བྱ་བའི་དོན་ཅན་གྱི་བེ་ཏ་ཏི་ནི་རྟོགས་པ་ལ་ཨེཊ་དང་བཅས་པ་ལ་ཡིན་ཡང་བར་མའི་བསྟན་པ་མི་རྟག་པ་ཞེས་བྱ་བའི་མདོས་ཨེ་ཊ་
མེད་པའོ། །ཕན་ཡོན་ཆེན་པོ་དང་དེ་ལྟར་འབྲས་བུ་ཆེན་པོ་དང་དེ་ལྟར་རྣམ་པར་སྨིན་པ་ཆེན་པོར་འགྱུར་ཞེས་བྱ་བ་ནི་འོན་ཏེ་འཚལ་ཅིང་རྟོགས་ལ་ཞེས་བྱ་བར་འབྲེལ་ཏོ། །འཚལ་བར་བྱེད་པས་ན་འཚལ་བ་སྟེ་ཞེས་པའོ། །དེ་བྱེད་པར་འགྱུར་ཞེས་བྱ་བ་ལ་ནེ་ཙོའོ། །མ་འཚལ་ཞེས་

བྱ་བ་དེ་ཉིད་ཀྱི་དོན་ཏོ། །འབྲས་བུ་ཆེ་བ་ནི་དེ་བཞིན་གཤེགས་པའི་རིང་བསྲེལ་དང་མཆོད་རྟེན་དག་ལ་མཆོད་པ་ཡང་འབྲས་བུ་ཆེ་བ་ཉིད་ཀྱི་ཕྱིར་རོ། །རྣམ་པར་སྨིན་པ་ཆེ་བ་ཞེས་བྱ་བ་ནི་འདི་ལ་མཆོད་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མཆོད་པར་འགྱུར་རོ། །གཙོ་བོར་སངས་རྒྱས་ལ་
མཆོད་པ་རྣམ་པར་སྨིན་པ་ཉིད་ཀྱི་ཕྱིར་རོ། །འོན་ཏེ་འཚལ་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ལྟར་དོན་ཆེན་པོ་ཞེས་འོན་ཏེ་འཚལ་ལམ། དེ་ལྟར་ཕན་ཡོན་ཆེ་བ་ཞེས་འོན་ཏེ་རྟོགས་ལའོ། །དེ་ལྟར་འབྲས་བུ་ཆེ་བ་དང་དེ་ལྟར་རྣམ་པར་སྨིན་པ་ཆེ་བ་ཞེས་རིག་ཀྱང་ངོ་། །དད་པར་མ་གྱུར་པ་
ལགས་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ཉིད་ལ་དུས་དེ་ཙམ་དུ་ཤེས་པ་སྐྱེ་བ་ལ་ཐེ་ཚོམ་ལ་སོགས་པ་རྣམས་ལ་ཡང་དག་པར་སྤྱོད་པས་སེམས་རྙོག་པའི་ཕྱིར་རོ། །སྔོན་གྱི་པོ་ཏི་རྣམས་ལ་བཅོམ་ལྡན་འདས་དེ་རྣམས་ཅི་མ་འཚལ་ལམ་འོན་ཏེ་འཚལ་ཡང་ཞེས་འདོན་པ་ཡིན་ཏེ། ཐ་མར་ཡང་
དེ་རྣམས་རིག་པ་མ་ཡིན་འཚལ་བ་མ་ཡིན་ཞེས་བྱ་བ་འདི་ཙམ་མོ། །དེར་དེ་ལྟར་རྫུ་འཕྲུལ་ཆེ་བ་ཞེས་འཚལ་བ་མ་ཡིན་དེ་ལྟར་ཕན་ཡོན་ཆེ་བ་ཞེས་རྟོགས་པ་མ་ཡིན་པ་དང་སྦྱར་བར་བྱའོ། །དམན་པ་ཉིད་དུ་སོང་བ་འདི་སེམས་ཅན་ཉུང་བ་ཉིད་ཀྱི་རྒྱུ་ཞེས་བསྟན་པར་མཛད་པ་ནི་འདི་ཅི་
སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པས་སོ། །རྟོགས་ནས་དད་པ་ཞེས་བྱ་བ་ནི་གང་ཞིག་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་དབང་དུ་མཛད་ནས་བསྟན་པ་དེ་ལ་ཐོས་པའི་རང་བཞིན་གྱི་ཤེས་རབ་དང་བསམ་པའི་རང་བཞིན་གྱི་ཤེས་རབ་ཀྱིས་རིགས་པས་བགྲང་བ་ཞེས་
རྟོགས་ནས། གང་ཞིག་སངས་རྒྱས་ལ་སོགས་པ་རྣམས་ལ་དེ་ལྟར་འདི་རྣམས་ཡོད་ཅེས་བྱ་བ་གང་ཡིན་པ་དེ་ནི་འདིར་རྟོགས་ནས་དད་པའོ། །གང་ཞིག་བདེན་པ་རྣམས་མཐོང་ནས་ཐེ་ཚོམ་ཟད་དེ་དེ་རྟོགས་ནས་དད་པ་དེ་རྒྱུན་དུ་ཞུགས་པའི་འབྲས་བུའོ། །རྒྱུན་
དུ་ཞུགས་པ་ནི་དེ་ཉིད་འབྲས་བུའོ། །ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་ཡང་འབྲས་བུ་དང་དགྲ་བཅོམ་པའི་ངོ་བོ་ནི་དགྲ་བཅོམ་པ་ཉིད་ལ་འབྲས་བུ་བཞི་པའོ། །བདག་ཉིད་གཅིག་པུའི་ཕྱིར་བྱང་ཆུབ་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་བོ། །ལེགས་པ་

ཡང་དག་པར་འདོད་པ་རྣམས་ལ་ཡང་དམན་པའི་འབྲས་བུ་རྣམས་ལ་ཕལ་ཆེ་བ་ཉིད་ཉེ་བར་བསྟན་ནས་ཐེག་པ་ཆེན་པོ་པ་རྣམས་ལ་ཉུང་བ་ཉིད་བསྟན་པར་བྱེད་པ་ནི་དེ་དག་པས་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། རབ་ཏུ་རྒྱས་པར་བྱེད་པ་ཞེས་བྱ་བ་ནི་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་སྨིན་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་གོམས་པས་རབ་ཏུ་རྒྱས་པར་བྱེད་དོ། །རྒྱས་པར་བྱས་ནས་ཞེས་བྱ་བ་འདི་ནི་པྲ་ལ་སོགས་པ་དང་འདྲ་བ་སྟེ་པྲ་ལ་སོགས་པ་ཉིད་ནི་མ་ཡིན་ནོ། །རབ་ཏུ་སྦྱིན་པ་ལ་སོགས་པ་སྦྱིན་ནོ། །
དེས་ན་ལྱ་པ་མི་འབྱུང་ངོ་། །ཉེ་བར་འཕེལ་བ་ནི་ཞེས་བྱ་བ་ནི་ཁ་ཅིག་གོ། །དེ་བཞིན་དུ་ཙོ་ར་ལ་སོགས་པ་ལ་གཡུལ་དུ་བྱེད་ཅེས་བྱ་བའི་འདོན་པ་ལ་ངེས་པའི་དོན་ཉིད་ཀྱི་ཕྱིར་ལྱ་པ་ཐོབ་པ་ཉིད་དོ། །སྔོན་གྱི་པོ་ཏི་རྣམས་ལ་ཉེ་བར་འཕེལ་བར་བྱས་ཏེ་ཞེས་བྱ་བ་འདོན་པ་ཡིན་ནོ། །
བརྩོན་འགྲུས་བརྩམས་ཤིང་ཞེས་བྱ་བ་ནི་ཅི་ནས་ཀྱང་ཁོ་བོ་ཅག་གིས་འགྲོ་བའི་དོན་གྱིས་ཁུར་བར་བྱ་ཞེས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་ཞུམ་པའི་སེམས་ཉིད་སྤངས་ནས་མགོ་ལ་མེ་འབར་བ་དང་འདྲ་བ་ཉིད་ཀྱིས་འཇུག་པའི་ཕྱིར་རོ། །རྣལ་འབྱོར་ཞེས་བྱ་བ་ནི་
འཛིན་པ་ལ་སོགས་པའོ། །སྤྱོད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པས་སོ། །ཕྱིར་མི་ལྡོག་པའི་ཕྱིར་ཕན་པ་ནི་ཕྱིར་མི་ལྡོག་པའི་སའོ། །དེ་དག་པས་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཞེས་བྱ་
བ་ནི་རིམ་གྱིས་སོ། །མངོན་པར་རྫོགས་པར་འཚང་རྒྱ་བ་ནི་ཉེ་བ་ཉིད་ཀྱི་དུས་ལའོ། །སྔོན་གྱི་པོ་ཏི་རྣམས་ལ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བ་འདོན་པ་མ་ཡིན་ཏེ། དེ་དག་ལ་ཞེས་བྱ་བ་ནི་གཞན་གྱི་དོན་རྩེ་གཅིག་པ་ཉིད་ཀྱིས་སོ། །དེ་རྣམས་ལས་
བྱང་ཆུབ་སེམས་དཔའ་འབྱུང་བའི་ཕྱིར་རོ། །ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་བྱང་ཆུབ་ལ་རྟོགས་པའི་ཕྱིར་བསམ་པ་ནི་ལྷག་པའི་བསམ་པའོ། །དེ་ལྟར་འདི་ལ་སྒྲུབ་པའི་དོན་དུ་རྟོགས་པར་བྱེད་པ་རྣམས་ཀྱང་དེ་རྣམས་ཀྱི་རྟོགས་པ་དེ་རྣམས་ཉིད་འདི་ལ་

བླ་ན་མེད་པ་ཉིད་བསྟན་ནས་འཛིན་པ་དང་མཆོད་པ་ལ་སོགས་པ་བྱེད་ཅེས་གསུངས་པ་ནི་དེ་དག་ལ་ཡང་འཛིན་དུ་འཇུག་ཅེས་བྱ་བ་ལ་སོགས་པ་སྟེ། སླར་ནི་བྱང་ཆུབ་ཀྱི་སེམས་ལ་ལྟོས་ནས་ཇི་སྐད་དུ་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པ་ལ་ཤིན་ཏུ་རྙེད་པར་
དཀའ་བ་ཉིད་གསུངས་པ་ནི་ཡོད་མོད་ཀྱི་ཞེས་བྱ་བ་སྟེ། མཉམ་པའི་བསམ་པ་དང་ཚོགས་དང་ཡང་དག་པར་འབྱུང་བ་ལས་ཇི་ལྟར་འགའ་ཞིག་ཉིད་ནི་ཕྱིར་མི་ལྡོག་པར་འགྱུར་ཞེས་བྱ་བའི་དགོས་པ་སྔོན་དུ་འགྲོ་བས་གསུངས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་སྟེ། བརྩོན་འགྲུས་
ཞན་པ་ཞེས་བྱ་བ་ནི་རྙེད་པར་དཀའ་བའོ། །གལ་ཏེ་ཡང་ཕྱིར་མི་ལྡོག་པའི་ས་གཙོ་བོ་ཡིན་པ་དེ་ལྟ་ན་ཡང་དེ་ལ་གནས་པ་ངེས་པར་ཡང་དག་པའི་བྱང་ཆུབ་ལ་གཞོལ་བ་ཞེས་བྱ་བ་ཡང་དག་པའི་བྱང་ཆུབ་ཉིད་ལ་བརྩོན་འགྲུས་ཞན་པ་ཉིད་གསུངས་པ། བརྩོན་འགྲུས་ནི་དགེ་བའི་ལས་ལ་
སྤྲོ་བའོ། །ལེ་ལོ་ནི་ལས་ངན་པ་བྱས་པ་ལ་ཆགས་པའོ། །སི་དྭ་ཏེཿཞེས་བྱ་བ་ལ་ས་ཞེས་བྱ་བའི་རྐྱེན་དེ་ཨ་ར་བ་བིན་ད་བཞིན་ནོ། །པདྨ་བཞིན་ཞེས་བྱ་བའི་དོན་ཏོ། །སེམས་པ་ནི་བསྟན་པ་སྟེ་སེམས་ནི་ཏིང་ངེ་འཛིན་ལའོ། །འདུ་ཤེས་ནི་དྲན་པའོ། །མོས་པ་ནི་དད་པའོ། །ཤེས་
རབ་ནི་དེ་ཁོ་ན་ཉིད་རབ་ཏུ་འབྱེད་པའོ། །དད་པ་ལ་སོགས་པའི་དབང་པོ་རྣམས་ལ་ཉམ་ཆུང་བ་ཉིད་བརྩོན་འགྲུས་ཞན་པ་ལ་སོགས་པའི་ཚིག་རྣམས་ཀྱིས་བརྗོད་པ་ཡིན་ནོ། །དེ་ལ་བརྩོན་འགྲུས་ཞེན་པ་དང་ལེ་ལོ་ཅན་ཞེས་བྱ་བས་བརྩོན་འགྲུས་ཀྱི་དབང་པོའི་འོ། །སེམས་དམན་
པ་དང་ཞེས་བྱ་བས་ཏིང་ངེ་འཛིན་གྱི་དབང་པོའིའོ། །འདུ་ཤེས་དམན་པ་ཞེས་བྱ་བས་དྲན་པའི་དབང་པོའི་འོ། །མོས་པ་དམན་པ་ཞེས་བྱ་བས་དད་པའི་དབང་པོའི་འོ། །ཤེས་རབ་དམན་པ་ཞེས་བྱ་བས་ཤེས་རབ་ཀྱི་དབང་པོའིའོ། །བསམ་པ་མཉམ་པས་འཇུག་པ་ལ་ཡང་བརྩོན་
འགྲུས་ཀྱི་དབང་པོ་ལ་སོགས་པ་ཡང་དག་པར་མི་འབྱུང་བའི་ཕྱིར་ཐམས་ཅད་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པ་མ་ཡིན་ཞེས་བྱ་བའི་དགོངས་པའོ། །དེ་བས་ན་ཕྱིར་མི་ལྡོག་པའི་ས་དང་མཉམ་པ་ཇི་ལྟར་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པ་ཞེས་ཉེ་བར་བྱེད་པ་ནི་དེ་

བས་ན་ཞེས་བྱ་བ་ལ་སོགས་ཏེ། མྱུར་དུ་ཞེས་བྱ་བ་ནི་མྱུར་བར་རོ། །གལ་ཏེ་ཡང་གྲངས་མེད་གསུམ་གྱི་མཐར་ཐུག་པ་ལ་གདོན་མི་ཟ་བར་འབྱུང་བ་ཉིད་དེ་དེ་ལྟ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྦྱོར་བ་ལས་བསྐལ་པ་རྣམས་ལ་ལྡོག་པ་ཡོད་ཅེས་བྱ་བའི་
དགོངས་པའོ། །བདེ་བ་ཞེས་བྱ་བ་ནི་བརྒྱ་བྱིན་འཁོར་ལོས་སྒྱུར་བ་ཉིད་འཛིན་པས་ཀྱང་ཚོགས་ལ་སོགས་པ་མི་ལྟུང་བའི་ཕྱིར་རོ། །འདི་ཉིད་ཅེས་བྱ་བ་ནི་འདི་ཉིད་ལ་ཆོས་ཐམས་ཅད་མི་དམིགས་པའི་ངོ་བོ་ཉིད་ཀྱིས་དེར་གླིང་བཞི་པའི་མྱོང་བའི་གེགས་དང་བྲལ་བ་ཉིད་ཀྱིས་མྱུར་དུ་བདེ་བར་མངོན་
པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཉིད་ཀྱི་ཕྱིར་རོ། །རྒྱུན་མི་འཆད་པར་ཞེས་བྱ་བ་ནི་ཉན་པ་དང་ཐོས་པ་ལ་སོགས་པས་སོ། །ཡོངས་སུ་དྲི་བ་ནི་ཐེ་ཚོམ་གཅོད་པའི་དོན་དུའོ། །བདག་ཅག་གི་སྟོན་པའོ་ཞེས་ཤེས་ཏེ་བྱ་བ་ནི་སྟོན་པ་ཉིད་དུ་བྱས་ནས་ཉེ་བར་གཞག་པའི་ཕྱིར་རོ། །འདི་ནི་
བདག་གི་ཞེས་འདོན་པ་ལ་གཙོ་བོར་གྱུར་པའི་རྟགས་བཟུང་བའོ། །དེ་བཞིན་གཤེགས་པ་མཐོང་བ་སྲིད་པ་རྣམས་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་ཉིད་ལེགས་པ་ཡིན་ཏེ་ཡང་དག་པའི་བྱང་ཆུབ་གཙོ་བོའི་རྒྱུ་ཉིད་ཀྱི་ཕྱིར་ཞེས་གསུངས་པ་ལྟ་ཞོག་ཅེས་བྱ་བ་ལ་སོགས་པ་སྟེ།
དེའི་ཕྱིར་དེ་བཞིན་གཤེགས་པ་མཐོང་བ་མི་སྲིད་པ་རྣམས་ལ་རིན་པོ་ཆེའི་མཆོད་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་མཆོད་པས་བསོད་ནམས་མང་བ་ཉིད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་པ་ཉིད་ལེགས་པ་ཡིན་ཞེས་གསུངས་པ་ནི་དེ་བས་ན་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། མཆོད་
རྟེན་མཆོད་པས་བསོད་ནམས་མང་བ་ཉིད་དེ་ནོར་མཆོག་གཏོང་བས་སོ། །རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཞེས་བྱ་བ་ནི་རྟེན་ཆེ་བ་ཉིད་ཀྱིས་སོ། །དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་ཞེས་བྱ་བ་ནི་གཟུགས་བརྙན་ཆེ་བ་ཉིད་ཀྱིས་སོ། །མཆོད་རྟེན་རྣམས་ཞེས་བྱ་བ་ནི་དུས་རབ་
ཉིད་ཀྱིས་སོ། །ནམ་འཚོའི་བར་དུ་ཞེས་བྱ་བ་ནི་རབ་ཏུ་དབྱེ་བ་མང་བ་ཉིད་ཀྱིས་སོ། །ལྷའི་དྲིལ་བུ་དང་ཞེས་བྱ་བ་སྟེ། དེ་དེའི་གཞི་ལས་ཞེས་བྱ་བ་ནི་དེའི་རྒྱུའོ། །བཅོམ་ལྡན་འདས་མང་ངོ་ཞེས་བྱ་བ་ལ་སོགས་པ་སྟེ་ཡང་དག་པར་འཁྲུལ་པའི་ཚིག་ནི་བསོད་ནམས་རྒྱ་ཆེ་བ་གྲུབ་པའི་དོན་

དུའོ། །མངོན་པར་དད་པ་ཞེས་བྱ་བ་ནི་དོན་ཆེན་པོ་ཡང་དག་པར་བྱུང་བས་སོ། །དེ་རྟོག་ཅིང་ཞེས་བྱ་བ་ནི་བདག་འདིར་བསྒྲུབ་པར་བྱ་ཞེས་ཁས་ལེན་པའི་ཕྱིར་རོ། །ལྷག་པར་མོས་ལ་ཞེས་བྱ་བ་ནི་ལྷག་པར་དད་པ་ཁས་བླངས་པས་མངོན་དུ་ཕྱོགས་པར་བྱེད་པའི་ཕྱིར་རོ། །
སེམས་དང་བ་ཞེས་བྱ་བ་ནི་དད་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་རྙོག་པ་མེད་པའི་ཕྱིར་རོ། །དེ་ཡང་འབྲས་བུ་གཞན་འདོད་པ་མ་ཡིན་ཏེ་འོན་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཞེས་བྱ་བའོ། །ལྷག་པའི་བསམ་པས་ཞེས་བྱ་བ་ནི་གོང་ནས་གོང་དུ་བརྩོན་འགྲུས་ཀྱི་ཁྱད་པར་
གྱིས་སོ། །ཡང་ནས་ཡང་དུ་ཉན་པར་བྱ་བ་ལ་སོགས་པ་ཉིད་ཀྱིས་སོ་སོར་བརྟེན་པ་ཉིད་གསུངས་པ་ནི་ཉན་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཡིད་ཀྱི་རྗེས་སུ་རྟོགས་པ་དང་ཞེས་བྱ་བ་ནི་སེམས་དེ་མཉམ་པར་གཞག་པས་སོ། །ཅི་ལྟ་བུར་གྲུབ་པའི་ཤེས་རབ་ཀྱིས་ཞེས་
བྱ་བ་ནི་གང་གིས་ཇི་ལྟ་བུའི་ཤེས་རབ་ཕུན་སུམ་ཚོགས་པ་ཆུང་ངུ་དང་འབྲིང་ལ་སོགས་པའི་ངོ་བོ་ཉིད་ཀྱིས་དེ་ལྟ་ཉིད་དུ་དོན་རྟོགས་པའི་ཕྱིར་རོ། །ཇི་ལྟར་ལྷག་པ་ཞེས་འགའ་ཞིག་ཏུ་འདོན་པ་ཡིན་ཏེ་དེ་ལྟར་ལྷག་པ་ནི་དད་པ་ལ་སོགས་པ་ཡང་དག་པར་ལྡན་པའི་ཤེས་རབ་གང་
ཞིག་དེ་ཡང་ཇི་ལྟར་ལྷག་པའོ། །ཡོངས་སུ་དཔྱོད་པར་བྱེད་པ་ནི་བརྟགས་པའོ། །ཆུང་ངུ་ན་ཞེས་བྱ་བ་ནི་འཛིན་པ་ལ་སོགས་པ་མེད་ཀྱང་ངོ་། །འཆང་བ་ཞེས་བྱ་བ་ནི་རང་ཉིད་ཀྱིས་མ་ཆད་པར་པོ་ཏི་ཙམ་ཡང་མ་སྤངས་པའི་ཕྱིར་རོ། །བཞག་ལ་ཞེས་བྱ་བ་ནི་གཞན་ལ་ཕན་པའི་
བསམ་པས་པོ་ཏི་འགའ་ཞིག་ལ་ངེས་པར་ཞུགས་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཚུལ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །ཆོས་ཀྱི་ཚུལ་ཞེས་བྱ་བའི་འདོན་པ་ལ་ཡང་ལམ་དང་འབྲས་བུའི་བདག་ཉིད་ཀྱི་ཆོས་ཐོབ་པར་བྱེད་པའོ། །
རྒྱུན་ཆད་པ་ནི་འདིའི་གླེགས་བམ་མ་ཚང་བ་ཉིད་ཀྱིས་ཐོས་པ་ལ་སོགས་པ་ཡང་དག་པར་མི་འབྱུང་བའི་ཕྱིར་རོ། །དམ་པའི་ཆོས་ནུབ་པ་ཞེས་བྱ་བ་ནི་ལུང་དང་རྟོགས་པའི་མཚན་ཉིད་ཅན་གྱི་དམ་པའི་ཆོས་བཅོམ་ལྡན་འདས་མ་ཆོས་ཐམས་ཅད་ཀྱི་གཙོ་བོའམ་དེའི་ཡང་དག་པར་མཆོད་པ་ནི་དམ་

པའི་ཆོས་ཐམས་ཅད་ནུབ་པ་ནའོ། །དེ་བས་ཞེས་བྱ་བ་ནི་ཇི་ལྟར་གསུངས་པའི་མཆོད་པ་ལས་ཇི་ལྟར་ཡང་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་མཆོད་པ་ལས་བཅོམ་ལྡན་འདས་མའི་མཆོད་པ་ལ་བསོད་ནམས་མང་བ་ཉིད་དེ་བཞིན་དུ་ཡོངས་སུ་རྫོགས་པའི་འཛམ་བུ་
གླིང་གི་ཚད་དང་གླིང་བཞི་པའི་སེམས་ཅན་ཚད་མེད་པ་རྣམས་ལ་སྟོང་གཅིག་པའི་སེམས་ཅན་གྱི་ཚད་དང་། སྟོང་གཉིས་པའི་སེམས་ཅན་གྱི་ཚད་དང་། སྟོང་གསུམ་པའི་སེམས་ཅན་གྱི་ཚད་དང་། སྟོང་ཆེན་པོའི་སེམས་ཅན་ཐམས་ཅད་ཀྱི་ཚད་དང་། སེམས་ཅན་ཐམས་ཅད་ཀྱི་ཚད་ཀྱི་
མཆོད་རྟེན་རྣམས་མཆོད་པ་བས་བཅོམ་ལྡན་འདས་མའི་མཆོད་པ་ནི་བསོད་ནམས་མང་བ་ཉིད་དེ། དེ་བཞིན་དུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཡོངས་སུ་གྲུབ་པའི་སེམས་ཅན་ཐམས་ཅད་ཀྱིས་སོ་སོར་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་རྣམས་བྱས་ཏེ་མཆོད་པ་བས་ལྷག་
པའི་བསོད་ནམས་ཉིད་དེའི་རྒྱུ་ཡང་སྟོན་ཅིང་གསུངས་པ་ལྟ་ཞོག་ཅེས་བྱ་བ་ལ་སོགས་པ་སྟེ། མཆོད་རྟེན་ཞེས་བྱ་བ་ནི་ཇི་ཙམ་སྟེ་འཛམ་བུའི་གླིང་ཁྱབ་པའོ། །དེ་ཉིད་ནི་གླིང་སྟེ་འབྲས་བུ་ཆེ་བས་འཛམ་བུའི་ཤིང་ཆེན་པོས་མཚོན་པ་ཉིད་ཀྱི་ཕྱིར་འཛམ་བུའི་གླིང་ངོ་། །དབུས་སུ་རི་རབ་རིན་པོ་
ཆེ་ཆེན་པོ་སྣ་བཞིའི་རང་བཞིན་དང་ཕྱོགས་བཞི་ལ་གླིང་བཞི་སྟེ། ཤར་གྱི་ལུས་འཕགས་པ་དང་། འཛམ་བུའི་གླིང་དང་། སྒྲ་མི་སྙན་དང་། བ་ལང་སྤྱོད་ཅེས་བྱ་བ་འདི་ལ་ཡོད་པས་གླིང་བཞི་པ་སྟེ་རང་གི་དོན་ལ་ནི་རྐྱེན་ཨན་ནོ། །གླིང་བཞིའི་སྟོང་གི་ཚད་འདི་ལ་ཡོད་པས་ན་སྟོང་སྤྱི་ཕུད་
དོ། །སྤྱི་ཕུད་དང་ལྡན་པས་ན་སྤྱི་ཕུད་དོ། །སྟོང་གཉིས་ཀྱི་ཚད་འདི་ལ་ཡོད་པས་ན་སྟོང་གཉིས་པ་སྟེ། སྟོང་དང་སྟོང་ཞེས་བྱ་བའི་དོན་ནོ། །དེ་ཡང་བར་མ་སྟེ། སྟོང་དང་སྟོང་ཆེན་པོ་དག་གི་དབུས་ཉིད་ཀྱི་ཕྱིར་རོ། །སྟོང་གསུམ་གྱི་ཚད་འདི་ལ་ཡོད་པས་ན་སྟོང་གསུམ་སྟེ། སྟོང་གཉིས་པ་
རྣམས་ཀྱི་སྟོང་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་སྟོང་ཆེན་པོ་སྟེ། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སོ། །འོན་ཀྱང་དེ་ལ་སེམས་ཅན་ཐམས་ཅད་ནི་མི་ཁོ་ནར་གྱུར་པ་སྟེ་སྔོན་ནི་མ་ཡིན། ཐ་མ་ནི་མ་ཡིན། ཕྱིས་ནི་མ་ཡིན་ཏེ་ཅིག་ཅར་ཞེས་བྱ་བའི་དོན་ཏོ། །འདིར་སེམས་ཅན་ཉིད་

ནི་སེམས་ཅན་རྣམས་སོ། །སྔོན་མི་རྣམས་ཉིད་ཡོངས་སུ་བརྟག་པ་སྟེ། རྟོགས་པ་ཉེ་བར་བླངས་ནས་བདག་ཏུ་བྱས་ཏེ་འགྲོ་བ་སྣ་ཚོགས་ལ་སོགས་པ་འཕགས་པར་བྱེད་པ་སྣ་ཚོགས་པའི་ལས་བྱེད་པའི་སེམས་ཅན་རྣམས་ཀྱི་ཅིག་ཅར་བསྐལ་པའི་བར་དུ་འགྲོ་བ་མེད་པར་སོ་སོར་དམིགས་
པ་མི་སྲིད་པའི་ཕྱིར་རོ། །བསྐལ་པའམ་བསྐལ་པ་བས་ལྷག་པར་ཞེས་བྱ་བ་ནི་གང་གི་ཚེ་བསྐལ་པའི་ཅུང་ཟད་ལྷག་པར་གྱུར་ན་ཅུང་ཟད་ཀྱིས་མ་ཚང་བ་བསྐལ་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ནི་འདི་ལྟ་བུའི་རྣམ་པའི་མཆོད་རྟེན་གྱི་བཀུར་སྟི་བྱེད་པ་ལ་སོགས་པའི་
ངོ་བོ་ཉིད་ཀྱིས་སོ། །བསོད་ནམས་བྱ་བ་ནི་བསོད་ནམས་ཀྱི་སེམས་པས་སོ། །འདིར་ནི་བརྒྱ་བྱིན་རང་གི་ལྷག་པར་མོས་པ་དད་པ་དང་བཅས་པ་གསུངས་པ་ནི་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཞེས་བྱ་བ་ནི་ཚད་ལས་
འདས་པ་རྣམས་ལའོ། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱིས་གཞལ་དུ་མེད་པའི་འཇིག་རྟེན་གྱི་ཁམས་ཡུལ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ན་ཡང་འདིར་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཉེ་བར་བཀོད་པ་ཉུང་བ་ཞེས་བརྒྱ་བྱིན་ཉིད་ཀྱིས་གསོལ་པ། ལྟ་ཞོག་ཅེས་བྱ་བ་ལ་སོགས་
པ་སྟེ། འདིར་བརྒྱ་བྱིན་གྱི་ལྷག་པར་མོས་པ་བསྟན་པར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་གསུངས་པ་ནི་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དེ་བཞིན་ནོ་ཞེས་བྱ་བ་ལ་གང་གི་ཕྱིར་བཅོམ་
ལྡན་འདས་མ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ལ་ལམ་གཅིག་ཡིན་ཏེ། དེ་ལྟར་ཡང་དེ་འཛིན་པ་ཉིད་ཀྱིས་དེའི་གླེགས་བམ་མཆོད་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པའི་དོན་གྱིས་བསོད་ནམས་ཆེན་པོ་བསྐྱེད་པའི་རྒྱུ་ཉིད་ཀྱི་
ཕྱིར་རོ། །གཞལ་དུ་མེད་པ་ལ་སོགས་པ་རྣམས་ནི་ཕལ་ཆེ་བ་རྗོད་པར་བྱེད་པའི་རྣམ་གྲངས་སམ་ལྷག་པ་བས་ལྷག་པའི་གྲངས་རྗོད་པར་བྱེད་པའོ། །ཡང་ན་མང་པོ་ནི་སྔོན་གྱི་བསོད་ནམས་ལ་ལྟོས་པའོ། །གཞལ་དུ་མེད་པ་ནི་མངོན་སུམ་ལ་སོགས་པའི་ཚད་མས་གོ་བར་བྱ་བ་མ་ཡིན་

པའོ། །གྲངས་མེད་པ་ནི་གཅིག་ཉིད་ལ་སོགས་པའི་གྲངས་དང་བྲལ་བའོ། །བསམ་གྱིས་མི་ཁྱབ་པ་ནི་འདི་ལྟ་བུ་ཉིད་ཀྱིས་བསམ་པར་བྱ་བ་མི་ནུས་པའི་ཕྱིར་རོ། །མཉམ་པ་མེད་པ་ནི་འདྲ་བ་མེད་པའི་ཕྱིར་རོ། །ཚད་མེད་པ་ནི་ནམ་མཁའ་བཞིན་དུ་ཐམས་ཅད་ལས་ཡོངས་སུ་གཅོད་པ་
མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ན་ཡང་རིམ་གྱིས་མཆོད་པ་ཆེན་པོ་ཉེ་བར་བཀོད་པ་ནི་རིམ་གྱིས་སེམས་ཅན་རྣམས་ལྷག་པར་མོས་པ་ལས་འཇུག་པའི་དོན་དུའོ། །འདིར་ནི་དོགས་པ་སྔོན་དུ་འགྲོ་བས་འཐད་པས་གསུངས་པ་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྟེ། བསོད་ནམས་མངོན་
པར་འདུ་བྱེད་པ་ནི་བསོད་ནམས་ཀྱི་ལས་ཀྱི་ཆར་མི་ཕོད་ཅེས་བྱ་བ་ལ་སོགས་པ་ལ་ཐོག་མ་དང་ཐ་མར་ཡང་ཆར་མི་ཕོད་ཅེས་བྱ་བའི་ཚིག་ནི་དབུས་སུ་ཡང་འབྲེལ་བའི་དོན་དུའོ། །མི་ཕོད་ཅེས་བྱ་བ་ནི་ཐོབ་པར་མི་བྱེད་རྙེད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞེས་བྱ་
བ་ནི་གྲངས་ཀྱི་ཁྱད་པར་གྱིས་སོ། །གྲངས་སུ་ཡང་ཞེས་བྱ་བ་ནི་ཁྱད་པར་དུ་མ་བྱས་པའི་གྲངས་འཛིན་པས་སོ། །དེ་ལས་གཞན་པའི་གྲངས་འཛིན་པར་རིག་པར་བྱའོ། །ཆར་ཡང་ཞེས་བྱ་བ་ནི་མཐུས་སོ། །བགྲང་བར་ཡང་ཞེས་བྱ་བ་ནི་རིགས་ཀྱིས་སོ། །བསོད་ནམས་ཀྱི་རིགས་འདི་ལ་
མཆོད་རྟེན་རྣམས་ཀྱི་བཀུར་སྟི་ལས་སྐྱེས་པའི་བསོད་ནམས་མངོན་པར་འདུ་བྱེད་པ་གྲངས་མེད་པའི་ཕྱིར་རོ། །ཁྱད་པར་འདི་ལ་འཇིག་རྟེན་ན་དཔེ་ཡང་ཡོད་པ་མ་ཡིན་ཏེ་གང་གིས་བསོད་ནམས་དེ་འདྲ་བར་འགྱུར། །དེ་བཞིན་དུ་གྲངས་ཀྱིས་ཉུང་བ་མེད་པར་བསོད་ནམས་དེ་ལས་ཞེས་བྱ་བ་ནི་དེའི་ཕྱིར་
གསུངས་པ། དཔེར་ཡང་མི་བཟོད་དོ་ཞེས་བྱ་བ་ནི་མཐུ་ལ་ཡང་དཔེ་མེད་པར་གསུངས་པའོ། །དཔེས་བསྟན་པར་བྱ་བ་ཡང་མི་བཟོད་དོ། །དཔེས་བསྟན་པར་བྱ་བ་ཞེས་བྱ་བ་ལ་རང་གི་དོན་ལས་ཥྱཉ་ཞེས་བྱ་བའི་རྐྱེན་ནོ། །རིགས་ལ་ཡང་དཔེ་མེད་པ་གསུངས་པ་ནི་རྟེན་དུ་ཡང་ཞེས་བྱ་བ་ལ་རྟེན་དུ་བྱ་བ་ནི་རྟེན་
ཏེ་ཉེ་བར་འཇལ་བ་ཉིད་དོ། །ཕྲ་བ་ནྱ་གྲོ་དྷའི་ས་བོན་གྱིས་དཔངས་ཤིན་ཏུ་མཐོ་བ་དང་རྒྱར་ཡངས་པ་ནྱ་གྲོ་དྷའི་ཤིང་སྐྱེ་བ་བཞིན་དུ་རྒྱུ་འབྲས་ཀྱི་དངོས་པོའི་འབྲེལ་པ་འབྱུང་བར་འགྱུར་ཞེས་གསུངས་པའི་རྒྱུར་ཡང་ཞེས་བྱ་བ་སྟེ། རྒྱུ་དང་འབྲས་བུའི་ངོ་བོས་ཀྱང་འབྲེལ་པ་མེད་པའི་ཕྱིར་རོ། །འདི་རྒྱུར་

གྱུར་པ་ཡང་འདིའི་མ་ཡིན་ཞེས་བྱ་བའོ། །འདི་ལ་དོན་འདི་ཉིད་རྟོགས་པར་བྱ་སྟེ་ཇི་སྐད་དུ་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་གསུངས་པ། གྲངས་དང་མཐུ་དང་རིགས་རྣམས་ཀྱི། །འབྲེལ་པའི་ཁྱད་པར་བྱེད་པ་ལ། །འཇིག་རྟེན་ཀུན་ལ་དཔྱད་ནས་ནི། །དཔེ་ཡང་རྙེད་པ་མ་ཡིན་
ནོ། །ཞེས་གསུངས་པ་ལྟ་བུའོ། །སྔོན་གྱི་པོ་ཏི་རྣམས་ལ་ནི་དཔེས་བསྟན་པར་བྱ་བ་དང་རྟེན་དུ་ཡང་ཞེས་བྱ་བ་འདོན་པ་མ་ཡིན་ཏེ། དེར་དཔེར་ཡང་ཞེས་བྱ་བ་འདིས་དཔེ་ཐམས་ཅད་ཀྱི་ངོ་བོ་རྟོགས་པར་བྱའོ། །བདག་ཉིད་ཆེན་པོ་ཉེ་བར་བཀོད་པ་ཐམས་ཅད་འདིའི་འབྲས་བུ་གདུལ་བྱ་རྣམས་ཉིད་
ལ་འདི་དེ་བཞིན་ཞེས་ལྷག་པར་མོས་པ་དེ་དེ་ནས་ཞེས་བྱ་བ་ལ་སོགས་པས་བསྟན་པར་བྱེད་པ་ནི་ཟུང་ཤིག་ཅེས་བྱ་བ་སྟེ་གཙོ་བོ་ཡོངས་སུ་འཛིན་པ་ནི་སྐྱེ་བོ་མང་པོ་ཡོངས་སུ་འཛིན་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །གྲོགས་པོ་ཞེས་བྱ་བ་ནི་བོད་པའི་ཚིག་གོ། །འདིར་འཐད་པ་ནི་གྲོགས་པོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཟུང་ཤིག་ཅེས་བྱ་བ་ལ་སོགས་པ་སྟེ། གཟུང་བར་བྱ་བ་ལ་སོགས་པ་ཉིད་ལ་ཇི་སྐད་གསུངས་པའི་འབྲས་བུ་ལ་གྲུབ་པའི་དགོངས་པའོ། །འདིར་ལྷའི་བུ་རྣམས་ལ་སོགས་པ་བསྟན་པར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུང་བར་བྱ་བ་ལ་སོགས་
པ་སྟེ་འདིར་དགོངས་པ་སྔོན་དུ་སོང་བས་དངོས་སུ་བརྒྱ་བྱིན་གྱིས་བྱས་པའི་ཡོན་ཏན་གཞན་གསུངས་པ། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུ་བ་འབྱུང་བ་ཞེས་བྱ་བ་རྣམས་ཀྱི་དགོངས་པའོ། །འཐབ་པར་བྱའོ་ཞེས་བྱ་བ་སྔོན་ཉིད་དུ་གསལ་བར་བྱེད་པའོ། །གཡུལ་འགྱེད་
པར་བྱའོ་ཞེས་བྱ་བ་ནི་དྲན་པར་བྱོས་ཤིག་ཅེས་དྲན་པའོ། །འདིར་ལྷ་མ་ཡིན་རྣམས་ཀྱི་འཐབ་པར་འདོད་པ་ཉེ་བར་ཞི་བ་ལ་བཅོམ་ལྡན་འདས་མ་རིག་པ་ཆེན་མོ་ལ་སོགས་པ་ཉིད་རྒྱུ་ཞེས་བརྒྱ་བྱིན་བསྟོད་པའི་སྒོ་ནས་སྨྲས་པ། རིག་སྔགས་ཆེན་མོ་ཞེས་བྱ་བ་ལ་སོགས་པ་སྟེ། རིག་སྔགས་
ཆེན་མོ་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་ནི་བཤད་ཟིན་ཏོ། །གོང་ན་མེད་པ་ནི་ཤིན་ཏུ་ལྷག་པ་མེད་པས་སོ། །བླ་ན་མེད་པ་ཞེས་བྱ་བ་ནི་ཅུང་ཟད་ལྷག་པའི་རིགས་པ་གཞན་མེད་པའི་ཕྱིར་རོ། །མཉམ་པ་མེད་པ་ནི་མཚུངས་པ་མེད་པའི་ཕྱིར་རོ། །མི་མཉམ་པ་དང་མཉམ་པ་ནི་

ཅུང་ཟད་ཉུང་བ་མེད་པའི་ཕྱིར་རོ། །གང་ཞིག་འདི་ལྟ་བུ་རིག་སྔགས་ཆེན་མོའི་རང་བཞིན་དེ་ཇི་ལྟར་ལྷ་མ་ཡིན་རྣམས་ཀྱི་སྟོབས་མ་གོས་པ་ཙམ་གྱིས་ཇི་ལྟར་རབ་ཏུ་ཞི་བར་བྱེད་ཅེས་བྱ་བའི་དགོངས་པའོ། །ལྷ་མ་ཡིན་གྱི་སྟོབས་ཀྱི་སྟོབས་འཕྲོགས་པ་ལ། རིག་སྔགས་
ཆེན་མོ་ལ་སོགས་པ་ཉིད་རྒྱུ་ཉིད་ཡིན་ཞེས་བརྒྱ་བྱིན་ལ་བཀའ་སྩལ་པ། དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པས་སོ། །རྗེས་སུ་གནང་ནས་དུས་གསུམ་གྱི་རྫོགས་པའི་སངས་རྒྱས་སྐྱེད་པས་ཀྱང་རིག་སྔགས་ཆེན་མོ་ལ་སོགས་པ་ཉིད་སྟོན་པར་བྱེད་པ་ནི། འདི་ལ་བརྟེན་ནས་ཞེས་བྱ་
བ་ལ་སོགས་པས་སོ། །བཅོམ་ལྡན་འདས་མའི་ཡོན་ཏན་གཞན་ཡང་གསུངས་ལ། འདི་ལ་ཞེས་བྱ་བ་ལ་སོགས་པ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཞེས་བྱ་བ་ནི་ལུས་ཀྱི་ཉེས་པར་སྤྱོད་པ་གསུམ་ལས་གསོད་པ་དང་རྐུ་བ་དང་འདོད་པས་ལོག་པར་གཡེམ་པ་ལས་ལོག་པ་
གསུམ་མོ། །བརྫུན་དང་ཚིག་རྩུབ་དང་ངག་འཁྱལ་པ་རྣམས་ཀྱིས་ངག་གི་ཉེས་པར་སྤྱོད་པ་བཞི་ལས་ལོག་པའོ། །བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བའི་ངོ་བོ་གསུམ་གྱིས་ཡིད་ཀྱི་ཉེས་པར་སྤྱོད་པ་གསུམ་ལས་ལོག་པའོ། །བསམ་གཏན་བཞི་ཞེས་བྱ་བ་སྟེ། དེ་ལ་
བསམ་གཏན་དང་པོ་ནི་ཡན་ལག་ལྔ་དང་ལྡན་པ་སྟེ། རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པ་ཉིད་དོ། །གཉིས་པ་ནི་ཡན་ལག་བཞི་དང་ལྡན་པ་སྟེ། ནང་དུ་ཡང་དག་པར་དང་བ་དང་དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པ་ཉིད་དོ། །གསུམ་པ་ནི་ཡན་ལག་ལྔ་
དང་ལྡན་པ་སྟེ། བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དང་བདེ་བ་དང་སེམས་རྩེ་གཅིག་པ་ཉིད་དོ། །བཞི་པ་ནི་ཡན་ལག་བཞི་དང་ལྡན་པ་སྟེ་བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་དང་། ཚོར་བ་བདེ་བ་དང་། སྡུག་བསྔལ་མེད་པ་དང་། སེམས་རྩེ་
གཅིག་པ་ཉིད་དོ། །དེ་ལ་བསམ་གཏན་དང་པོ་ལ་རྟོག་པ་དང་དཔྱོད་པ་དག་པ་ནི་རྒྱུ་སྟེ། འདོད་པའི་ཉེས་དམིགས་ཀྱིས་ངེས་པར་འབྱུང་བ་དང་། ཞི་བ་ཉིད་ལ་དམིགས་པ་སོ་སོར་ཉེ་བར་གཞག་པས་དེ་དག་གིས་དེ་ཐོབ་པའི་ཕྱིར་རོ། །དེ་ལ་རྟོག་པ་ནི་དམིགས་པ་ལ་སེམས་གཏད་པའི་

མཚན་ཉིད་དོ། །དཔྱོད་པ་ནི་ཡང་དག་པར་འཁྱུད་པ་སོ་སོར་ཉེ་བར་བཞག་པའི་མཚན་ཉིད་དོ། །འབྲས་བུ་ནི་དགའ་བ་དང་བདེ་བ་དག་གོ། །དེ་དག་རྗེས་སུ་འཛིན་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འདོད་པ་དང་མི་དགེ་བའི་ཆོས་ལས་རྒྱལ་བས་སྐྱོན་མེད་པའི་རབ་ཏུ་དགའ་བ་ནི་དགའ་བའོ། །
ཉོན་མོངས་པའི་ཡོངས་སུ་གདུང་བ་ཞི་བས་ཉོན་མོངས་པ་དང་བྲལ་བའི་ཡིད་དུ་འོང་བའི་རིག་པའི་བདེ་བ་དང་སེམས་རྩེ་གཅིག་པ་ཉིད་རང་བཞིན་ནོ། །འདོད་པའི་ཉེས་དམིགས་ལ་སོགས་པའི་དམིགས་པ་ལ་རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་པའི་སེམས་རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་
དེའོ། །བསམ་གཏན་གཉིས་པ་ལ་ནི་ནང་གི་ཡང་དག་པའི་རྒྱུ་སྟེ། །དེར་རྟོག་པ་དང་དཔྱོད་པ་དག་ལ་སེམས་འཁྲུག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །རྟོག་པ་མེད་པ་ལ་ཕན་ཡོན་མཐོང་བས་ནང་དུ་ཡང་དག་པར་དང་བ་ཆེན་པོ་བདག་ཉིད་ཀྱི་ཡང་དག་པར་འབྱུང་བ་ཡང་དག་པར་དང་བ་ཐོབ་པ་ཡིན་ནོ། །
ཡང་དག་པར་རྙོག་པ་སྤངས་པའི་ཕྱིར་རྟོག་པ་དང་དཔྱོད་པའི་སྟོབས་ཀྱིས་ནི་མ་ཡིན་ནོ། །ནང་དུ་ཡང་དག་པར་དང་བའི་རྒྱུན་ལས་ཡང་དག་པར་བྱུང་བའི་ཆུ་བཞིན་དུ་སེམས་ལ་རང་གི་ངང་གིས་རྒྱུ་བའི་དམིགས་པ་ལ་གནས་པའོ། །དམིགས་པ་ནི་འདོད་པ་རྣམས་སམ་རྟོག་པ་དང་དཔྱོད་
པ་རྣམས་ལ་ངེས་པར་འབྱུང་བ་དང་ཞི་བ་འབྲས་བུ་སྟེ། སྔ་མ་བཞིན་དུ་དགའ་བ་དང་བདེ་བའོ། །འོན་ཀྱང་འདིར་རྟོག་པ་དང་དཔྱོད་པ་རྒྱལ་བས་ཀྱང་སྐྱོན་དང་བྲལ་བའི་རབ་ཏུ་དགའ་བ་ཤེས་པར་བྱ་བ་ལ་རང་བཞིན་ནི་སྔ་མ་བཞིན་ནོ། །དེ་ལྟར་ན་འདོད་པ་རྟོག་པ་དང་དཔྱོད་པ་དང་ཉེས་དམིགས་དང་ངེས་པར་
འབྱུང་བ་དང་ཞི་བ་ཉིད་ཀྱིས་དམིགས་པ་ལ་རྟོག་པ་དང་དཔྱོད་པ་དང་བྲལ་བ་དང་དགའ་བ་དང་བདེ་བར་ལྡན་པའི་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་བསམ་གཏན་གཉིས་པའོ། །བསམ་གཏན་གསུམ་པ་ལ་ནི་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་ནི་རྒྱུའོ། །དགེ་བའི་སྤྱོད་པ་ཐམས་
ཅད་ལ་སེམས་ཀྱི་མཉམ་པ་ཉིད་ཀྱི་སྦྱོར་བ་ལ་གནོད་པ་མེད་པ་དང་དཔྱོད་པ་མེད་པ་དང་དབུས་སུ་གནས་པ་གང་ཞིག་ཉེ་བར་ཞི་བ་ལྟ་བ་བཏང་སྙོམས་ཞེས་བརྗོད་པ་ཡིན་ནོ། །སྔར་གྱི་བསམ་གཏན་དག་ལ་དགའ་བ་དང་མངོན་པར་དགའ་བའི་དབང་གིས་སེམས་ཀྱི་འབད་པ་སྤངས་པར་མི་འགྱུར་ཏེ་རྙོག་པ་

ཅན་དུ་བྱས་པའི་ཕྱིར་དགའ་བ་ལ་དེའི་ཕྱིར་དེ་དག་ལ་བཏང་སྙོམ་ཉེ་བར་བསྟན་པ་མ་ཡིན་ཏེ། ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །འདིར་སོ་སོར་འདོད་ཆགས་དང་བྲལ་བ་ལས་ལྡོག་པའི་ཕྱིར་རོ། །འབད་པ་བསམ་གཏན་གྱི་ཡན་ལག་ཏུ་གྱུར་པ་བཏང་
སྙོམས་འཇུག་པ་ཡིན་ནོ། །དྲན་པ་ནི་དྲན་པར་བྱེད་པ་སྟེ་དེ་ཡང་མི་བརྗེད་པའི་མཚན་ཉིད་ཅན་ནོ། །ཤེས་བཞིན་དང་དྲན་པ་ཉིད་ལ་ཉེ་བར་གཞག་པ་ཤེས་བཞིན་དང་མ་ཚང་བ་ལ་དྲན་པ་ནི་ཉམས་པར་འགྱུར་རོ། །དྲན་པ་དང་ཤེས་བཞིན་དག་ཀྱང་ཐམས་ཅད་དུ་མི་འགལ་བ་ཉིད་ཀྱི་ཕྱིར་གལ་ཏེ་
ཡང་བསམ་གཏན་རྣམས་ཅིག་ཤོས་ལ་ཡང་བསྡུས་པར་བྱས་པ་དེ་ལྟ་ན་ཡང་འདི་ཉིད་ལ་རང་གི་སྒྲས་སྨྲས་པའི་ཕྱིར་རོ། །དགའ་བ་སྤོང་བར་དགའ་བ་ཉིད་ཀྱིས་དེ་སྤངས་ཀྱང་དྲན་པ་དང་ཤེས་བཞིན་མ་ཚང་བ་ལ་ཡང་དག་པར་སྤྱོད་པ་ཡིན་ཞེས་བྱ་བའོ། །འདིར་འབྲས་བུ་བདེ་བ་ཉིད་དེ་
འཆུམས་པར་བྱེད་པའི་སེམས་དེ་དང་ཡང་དག་པར་སྦྱོར་བ་ལས་རྩེ་གཅིག་པའི་ཁྱད་པར་ཐོབ་པ་དང་རྗེས་སུ་མཐུན་པ་རྙེད་པ་ཡིན་ཏེ། དགའ་བ་ཡོངས་སུ་སྤངས་པའི་ཕྱིར་རོ། །རང་བཞིན་ནི་སྔ་མ་བཞིན་ནོ། །དེ་ལྟར་ན་འདོད་པ་རྣམས་དང་དགའ་བ་ལ་ཉེས་དམིགས་དང་ངེས་པར་
འབྱུང་བ་དང་ཞི་བའི་དམིགས་པ་ལ་དགའ་བ་དང་འགྲེལ་པའི་བདེ་བར་ལྡན་པ་ལ་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་བསམ་གཏན་གསུམ་པའོ། །བཞི་པ་ལ་ནི་བཏང་སྙོམས་ཡོངས་སུ་དག་པ་ནི་རྒྱུ་ཡིན་ནོ། །བཏང་སྙོམས་དང་དྲན་པ་ནི་སྔར་བཤད་ཟིན་ཏོ། །དེ་དག་གི་ཡོངས་
སུ་དག་པ་ནི་བདེ་བ་ལ་སོགས་པ་སྔོན་གྱི་བསམ་གཏན་ལ་གནས་པ་རྣམས་ཀྱིས་ཉེ་བར་མ་འབྲེལ་པའོ། །འདི་ཡང་ཤིན་ཏུ་བསྟན་པ་ཉིད་ཀྱི་ཕྱིར་དྲན་པ་ལ་ཤེས་བཞིན་ཡོངས་སུ་དག་པ་ནི་ཐ་དད་པའི་འབྲས་བུ་མ་བཤད་དོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཕྱིར་
ཚོར་བ་ནི་དེར་རྟོགས་པ་ལ་སོགས་པ་མེད་བཞིན་དུ་དམིགས་པ་ཉེ་བར་གཞག་པ་བཏང་སྙོམས་ཀྱིས་དེ་དང་འདྲ་བའི་ཚོར་བ་མེད་པའི་ཕྱིར་བྱ་བ་དང་བྲལ་བ་ཡིན་ཞེས་གཡོ་བ་མེད་པ་ཐོབ་པས་ཡོངས་སུ་དག་པ་སྟེ། དེ་བཞིན་དུ་དྲན་པ་ཡང་ངོ་། །འདི་ཉིད་ནི་འདིར་འབྲས་བུ་སྟེ་བདེ་བ་ནི་

མ་ཡིན་ནོ། །བདེ་བ་ནི་ཤིན་ཏུ་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །དྲན་པ་ནི་ཤེས་རབ་དང་ལྡན་པ་རྣམས་ལ་ཡང་སེམས་ཙམ་ལ་རབ་ཏུ་ཆགས་པ་རྣམས་ལ་ཁྱད་པར་གྱི་ཕྱིར་ཉེ་བར་འགྲོ་བ་མ་ཡིན་ཏེ། བདེ་བ་ཡོངས་སུ་སྤངས་པའི་ཕྱིར་རོ། །རང་བཞིན་ནི་སྔ་མ་བཞིན་ནོ། །དེ་ལྟར་
ན་འདོད་པ་དང་དགའ་བ་དང་བདེ་བའི་ཉེས་དམིགས་དང་ངེས་པར་འབྱུང་བ་དང་ཞི་བ་ཉིད་ཀྱིས་དམིགས་པ་ལ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་རྩེ་གཅིག་པའི་མཚན་ཉིད་ཅན་བསམ་གཏན་བཞི་པའོ། །བསམ་གཏན་འདི་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པ་ཞེས་བྱ་བ་
ལ། དེ་རྣམས་འཇིག་རྟེན་ལས་འདས་པ་དྲན་པ་དང་ཆོས་སོ་སོར་རབ་ཏུ་འབྱེད་པ་དང་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་བཏང་སྙོམས་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་གྱི་མཚན་ཉིད་ཅན་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་ཀྱིས་ཡང་དག་པར་ལྡན་པ་འཇིག་རྟེན་པ་ནི་མ་
ཡིན་ནོ། །འཇིག་རྟེན་ལས་འདས་པ་རྣམས་ལ་ཡང་བདུན་གྱི་ཡང་དག་པར་སྦྱོར་བ་སེམས་ནི་མ་ཡིན་ཏེ། དགའ་བ་ལ་སོགས་པ་རྣམས་ལ་རབ་ཏུ་འགྲོ་བ་ཉིད་མེད་པའི་ཕྱིར་རོ། །ཚད་མེད་པ་བཞི་ཞེས་བྱ་བ་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཏེ་ཕྱོགས་
ཐམས་ཅད་ལ་ཚད་མེད་པའི་སེམས་ཅན་སྤྱོད་ཡུལ་ཉིད་ཀྱི་ཕྱིར་ཚད་མེད་པ་རྣམས་སོ། །ཀྱེ་མ་སེམས་ཅན་འདི་རྣམས་བདེ་བ་དང་ཕྲད་པར་གྱུར་ཅིག་ཅེས་བྱ་བ་ནི་བྱམས་པའོ། །སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་པ་ནི་སྙིང་རྗེའོ། །བདེ་བ་དང་མི་འབྲལ་བར་གྱུར་ཅིག་སྙམ་པ་
ནི་དགའ་བའོ། །འདོད་ཆགས་ཀྱི་རྒྱུའི་དངོས་པོ་ཉེ་བར་གྱུར་པ་དང་འདོད་ཆགས་དང་སྡུག་བསྔལ་གྱི་རྒྱུ་ལ་ཞེ་སྡང་གི་ཀུན་ནས་ཉོན་མོངས་པ་རྣམ་པར་གྲོལ་བར་གྱུར་ཅིག་ཅེས་བྱ་བ་ནི་བཏང་སྙོམས་སོ། །རྣམ་པ་འདི་རྣམས་ཀྱི་བདེ་བ་དང་། ཡང་དག་པར་སྦྱར་བའི་བསམ་པ་དང་།
སྡུག་བསྔལ་དང་རྣམ་པར་བྲལ་བར་འདོད་པའི་བསམ་པ་དང་། བདེ་བ་དང་མི་འབྲལ་བར་འདོད་པའི་བསམ་པ་དང་། ཀུན་ནས་ཉོན་མོངས་པ་མེད་པའི་བསམ་པ་བཤད་པ་ཡིན་ནོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་

རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་རྣམས་སོ། །དེ་ལ་དང་པོ་སྙོམས་པར་ཞུགས་པ་ནི་ཐམས་ཅད་ལས་གཟུགས་ཀྱི་འདུ་ཤེས་རྣམས་ཡང་དག་པར་འདས་ནས་ཁོང་ཁྲོ་བའི་
འདུ་ཤེས་རྣམས་སྤངས་པ་དང་། སྣ་ཚོགས་པའི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པའི་ཕྱིར་ནམ་མཁའ་མཐའ་ཡས་སོ་ཞེས་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་ལ་སྙོམས་པར་ཞུགས་ཏེ་གནས་སོ་ཞེས་བྱ་བ་ནི་མདོ་སྟེ། དེ་ལ་གཟུགས་ཞེས་བྱ་བའི་འདུ་ཤེས་རྣམས་ནི་གཟུགས་ལ་
བརྟེན་པའམ། གཟུགས་ཀྱི་དམིགས་པ་རྣམས་སོ། །དེས་ན་མིག་གི་རྣམ་པར་ཤེས་པ་དང་ཡང་དག་པར་ལྡན་པའི་འདུ་ཤེས་རྣམས་སྤངས་པས་ཁོང་ཁྲོ་བ་ནི་རྣམ་པར་འཚེ་བ་སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་ཡང་དག་པར་འདུས་པའི་འདུ་ཤེས་རྣམས་དང་། རྣ་བ་དང་།
སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པ་ཡང་དག་པར་མཚུངས་པར་ལྡན་པ་འགགས་པས་སོ། །སྣ་ཚོགས་པའི་འདུ་ཤེས་རྣམས་ཞེས་བྱ་བ་ནི་སྣ་ཚོགས་པའི་འདུ་ཤེས་རྣམས་སྣ་ཚོགས་པའི་དམིགས་པ་ཅན་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡང་དག་པར་མཚུངས་པར་
ལྡན་པ་ཡིད་ལ་མི་བྱེད་པ་ནི་ཡང་དག་པར་ལྡན་པ་མེད་པས་སོ། །མཐའ་ཡས་པ་ནི་གཞལ་དུ་མེད་པའོ། །ནམ་མཁའ་ཞེས་བྱ་བ་ནི་གཟུགས་ལ་ངེས་པར་འབྱུང་བའོ་ཞེས་བྱ་བའི་སྒྲ་ནི་སེམས་ཅན་བརྟེན་པའི་དོན་དུའོ། །ནམ་མཁའ་མཐའ་ཡས་པ་ཉིད་ནི་མཐའ་ཡས་པ་
ཉིད་དོ། །དེ་ཉིད་ནི་སྐྱེ་མཆེད་དེ། སྐྱེ་མཆེད་ཀྱི་སྒོ་ནས་ཡིད་ཀྱི་སྒོ་ཞེས་བྱ་བ་ནི་སྐྱེ་མཆེད་དོ། །སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི་ཐོབ་སྟེ་རྟོགས་པར་བྱས་པས་སོ། །གནས་སོ་ཞེས་བྱ་བ་ནི་ཉེ་བར་གནས་པ་ཡིན་ནོ། །དེ་ལ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་
འདས་པའི་ནམ་མཁའ་མཐའ་ཡས་པའི་དམིགས་པ་ཅན་སེམས་རྩེ་གཅིག་པའི་མཚན་ཉིད་དུ་གཟུགས་ཀྱི་ཆགས་པ་རབ་ཏུ་ཞི་བ་སོ་སོར་ཉེ་བར་གཞག་པ་སྟེ། དེའི་སྙོམས་པར་ཞུགས་པའོ། །གཉིས་པ་ནི་སྙོམས་པར་ཞུགས་པ་དང་པོ་ཡང་དག་པར་འདས་པས་སོ། །རྣམ་

པར་ཤེས་པ་མཐའ་ཡས་ཞེས་བྱ་བ་ནི་རྣམ་པར་ཤེས་པར་བྱེད་པས་ན་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་མཐའ་ཡས་པ་ཉིད་ནི་སྐྱེ་མཆེད་དེ་ཐོག་མ་དང་ཐ་མ་བཞིན་དུའོ། །གཞན་ཡང་རྣམ་པར་ཤེས་པ་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་མཐའ་ཡས་པ་ཞེས་བྱ་བ་སྟེ།
གཟུང་བར་བྱེད་པ་ལ་ཡོངས་སུ་གཅོད་པ་མེད་པའི་ཕྱིར་རོ། །ནམ་མཁའ་མཐའ་ཡས་པ་འཛིན་པའི་ཕྱིར་མཐའ་ཡས་པ་ཞེས་གཞན་དག་གོ། །ལྷག་པར་མོས་པའི་དབང་གིས་སམ། བསམ་གཏན་ལས་གཟུགས་མེད་པའི་ཡན་ལག་འགྲིབ་པས་ཡང་དག་པར་འགྲོ་
བར་འགྱུར་རོ། །འོན་ཀྱང་དམིགས་པ་ཡང་དག་པར་འདས་པས་དེ་ཉིད་ལ་གཟུགས་ལ་སོགས་པའི་འདུ་ཤེས་རྣམས་རིང་དུ་མེད་པའི་ཕྱིར་ཡང་དག་པར་སྤྱོད་པའི་འདུ་ཤེས་ཅན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། དེའི་མཐར་ཐུག་པའི་འདོད་
པའི་ཉེས་དམིགས་མཐོང་བ་ཅན་གྱི་དེ་ངེས་པར་འབྱུང་བ་ལ་ཞི་བ་མཐོང་བའི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་དམིགས་པའི་སེམས་རྩེ་གཅིག་པའི་མཚན་ཉིད་དོ། །གསུམ་པ་ནི་གཉིས་པ་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་ཅེས་ཅི་ཡང་མེད་པའི་དངོས་པོ་ནི་ཅི་ཡང་
མེད་པ་སྟེ། དེ་ཉིད་ནི་སྐྱེ་མཆེད་དེ་ཡིད་འཛིན་པའི་རྟེན་ནོ། །དང་པོ་ཉིད་ལ་གཟུགས་ལ་སོགས་པའི་འདུ་ཤེས་རྣམས་ཡང་དག་པར་འདས་པས་གཉིས་པ་ལ་ནི་ནམ་མཁའ་མཐའ་ཡས་པའི་འདུ་ཤེས་ལའོ། །འདི་ལ་ནི་ནམ་མཁའ་མཐའ་ཡས་པ་ཞེས་འདུ་ཤེས་ལ་སྐྱོན་གང་ཞིག་
དེ་རྣམས་ཉིད་ནི་མཐའ་ཡས་པ་ཕུན་སུམ་ཚོགས་པ་དོགས་པར་གྱུར་པ་ན་སྔར་བཤད་པའི་ཅུང་ཟད་དམིགས་པ་མ་བྱས་པར་ཤེས་པ་གནས་པ་མ་ཡིན་ཞེས་བྱ་བའོ། །དེ་ལྟར་འདི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་མཐར་ཐུག་པའི་འདོད་པ་རྣམས་ལ་ཉེས་དམིགས་མཐོང་བ་དེ་འདས་
པར་བྱས་ནས་ངེས་པར་འབྱུང་བ་ལ་ཞི་བའི་འདུ་ཤེས་ཅན་ཅི་ཡང་མེད་པའི་དམིགས་པ་སེམས་རྩེ་གཅིག་པའི་མཚན་ཉིད་དོ། །བཞི་པ་ནི་འདུ་ཤེས་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དེ། དེ་ལ་འདུ་ཤེས་ནི་ཟུག་རྔུ་དང་འདྲ་བ་སྟེ། དེ་ཡོངས་སུ་སྤངས་ནས་དེ་མེད་པས་སོ། །འདུ་ཤེས་

མེད་པ་ཡང་ཐོབ་པ་སྟེ་གཏི་མུག་ཅེས་ཡོངས་སུ་སྤངས་ནས་རིམ་པ་གཞན་མཐོང་བ་ཕྲ་བའི་འདུ་ཤེས་ཀྱི་རང་བཞིན་དེ་ཉིད་ནི་སྐྱེ་མཆེད་དེ། འདི་ལ་ཡིད་འཛིན་པར་བྱེད་པའི་དོན་དུ་འབད་པར་བྱེད་པས་ན་སྐྱེ་མཆེད་དོ། །དེ་དང་དེའི་འདུ་ཤེས་ལ་གཡེང་བ་
ཉིད་ཀྱིས་སྐྱོན་རྣམས་ལ་ལྡོག་པའི་དོགས་པས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱང་ཡོངས་སུ་སྤངས་པས་འདོད་པ་ལ་སོགས་པའི་ཉེས་དམིགས་མཐོང་ཞིང་ངེས་པར་འབྱུང་བ་དང་། སྐྱེ་མཆེད་གཞན་ལ་ཞི་བའི་འདུ་ཤེས་ཅན་འདུ་ཤེས་ཡོད་མིན་མེད་མིན་གྱི་དམིགས་པ་ཅན་
སེམས་རྩེ་གཅིག་པའི་མཚན་ཉིད་ཅན་ནོ། །འདི་རྣམས་ཀྱི་གཟུགས་མེད་པ་ཉིད་ནི་གཙོ་ཆེར་གཟུགས་ཀྱི་འདུ་ཤེས་ཀྱི་གཉེན་པོ་ཉིད་ཀྱི་ཕྱིར་དང་། ཚོར་བ་ལ་སོགས་པ་ཕུང་པོ་བཞི་རྣམ་པར་སྨིན་པ་ཉིད་ཀྱི་ཕྱིར་རོ། །མངོན་པར་ཤེས་པ་དྲུག་རྣམས་ཞེས་བྱ་བ་ལ། རྫུ་འཕྲུལ་
གྱི་མངོན་པར་ཤེས་པ་ནི་བསམ་གཏན་ལ་བརྟེན་ནས་རྣམ་པ་སྣ་ཚོགས་པའི་ནམ་མཁའ་ལ་འགྲོ་བའི་དོན་དུ་རྫུ་འཕྲུལ་ཕུན་སུམ་ཚོགས་པ་ལ་ཏིང་ངེ་འཛིན་དང་། ཤེས་རབ་དང་། དེ་དང་ཡང་དག་པར་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ལྷའི་
རྣ་བའི་མངོན་པར་ཤེས་པ་ནི་ཕྲ་བ་དང་། ལྐོག་ཏུ་གྱུར་པ་ལ་སོགས་པའི་སྒྲ་ཐམས་ཅད་ཐོས་པ་ཕུན་སུམ་ཚོགས་པ་ལ་སྔ་མ་བཞིན་ནོ། །སེམས་ཀྱི་རྣམ་གྲངས་ཀྱི་མངོན་པར་ཤེས་པ་ནི་སེམས་ཅན་གཞན་རྣམས་ཀྱི་འདོད་ཆགས་དང་བཅས་པ་ལ་སོགས་པའི་སེམས་ཀྱི་སྤྱོད་
པ་རབ་ཏུ་ཞུགས་པའི་ཕུན་སུམ་ཚོགས་པ་ལ་སྔ་མ་བཞིན་ནོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་ནི་སྔོན་གྱི་མཐའི་སྤྱོད་པ་རྗེས་སུ་དྲན་པར་བྱེད་པ་ཕུན་སུམ་ཚོགས་པ་ལ་སྔ་མ་བཞིན་ནོ། །འཆི་འཕོ་དང་། སྐྱེ་བ་ཤེས་པའི་མངོན་པར་ཤེས་པ་ནི་འགྲོ་བ་དྲུག་
གི་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་། སྐྱེས་པ་ཡང་དག་པར་མཐོང་བའི་གནས་ཕུན་སུམ་ཚོགས་པ་ལ་སྔ་མ་བཞིན་ནོ། །ཟག་པ་ཟད་པའི་མངོན་པར་ཤེས་པ་ནི་བསམ་གཏན་ལ་བརྟེན་ནས་ཟག་པ་ཟད་པའི་ཤེས་པ་ཕུན་སུམ་ཚོགས་པ་ལ་གང་ཞིག་ཏིང་ངེ་འཛིན་དང་།

ཤེས་རབ་དང་། དེ་དང་ཡང་དག་པར་མཚུངས་པར་ལྡན་པ་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་བཞི་སྟེ། ལུས་དང་། ཚོར་བ་དང་། ཆོས་དང་། སེམས་ཞེས་ཆོས་རྣམ་པ་
བཞི་ལ་དམིགས་པའི་དྲན་པ་དེ་ཉིད་ལ་ཉེ་བར་གཞག་པའོ། །ཡང་དག་པར་སྤོང་བ་བཞི་དང་། རྣམ་པ་བཞིའི་བརྩོན་འགྲུས་དང་། མ་སྐྱེས་པ་དང་། སྐྱེས་པའི་མི་དགེ་བ་མི་སྐྱེད་པ་དང་སྤངས་པའི་ཕྱིར་རྣམ་པ་གཉིས་སོ། །མ་སྐྱེས་པ་དང་། སྐྱེས་པའི་དགེ་བ་
བསྐྱེད་པ་དང་གནས་པའི་དོན་དུ་རྣམ་པ་གཉིས་སོ། །རྫུ་འཕྲུལ་གྱི་རྐང་པ་ནི་རྣམ་པ་བཞི་སྟེ། འཇིག་རྟེན་ལས་འདས་པའི་ཆོས་ཞེས་བྱ་བའི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་གནས་ཏེ། འདུན་པ་དང་། རྫུ་འཕྲུལ་དང་སེམས་དང་དཔྱོད་པའོ། །དབང་པོ་ལྔ་ནི་དད་པ་དང་། བརྩོན་
འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་བོ། །སྟོབས་ལྔ་ནི་དབང་པོ་རྣམས་ཉིད་མི་མཐུན་པའི་ཕྱོགས་ཀྱི་གནས་སྐབས་ལས་ངེས་པར་རྒྱལ་བའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་དང་། ལམ་གྱི་ཡན་ལག་རྣམས་ནི་བརྒྱད་དོ། །སངས་རྒྱས་རྣམས་ཀྱི་
ཡེ་ཤེས་ནི་སངས་རྒྱས་ཀྱི་ཡེ་ཤེས་སོ། །དེ་ཉིད་ནི་རང་བཞིན་གྱིས་འབྱུང་བས་རང་འབྱུང་ངོ་། །བསམ་པ་ལས་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །ཉན་ཐོས་དང་རང་སངས་རྒྱས་དང་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་རྣམས་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་སོགས་པ་རྣམས་
ཏེ་ཞེས་བྱ་བ་ནི་གཞན་དག་གོ། །སྔོན་ཐོས་པས་ཞེས་བྱ་བ་ནི་སྔོན་གྱི་ཐོས་པ་ལས་འབྱུང་བས་སོ། །རྒྱུ་མཐུན་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་མ་ཐོས་པ་འདྲ་བའི་འབྲས་བུས་སོ། །བྱང་ཆུབ་ཀྱི་ཡན་ལག་དང་མི་ལྡན་པ་ཞེས་བྱ་བ་ནི་སངས་རྒྱས་འབྱུང་བ་མེད་པར་བདེན་པའི་མངོན་པར་རྟོགས་པ་མེད་པའི་ཕྱིར་རོ། །
མངོན་པར་ཤེས་པ་ལྔ་རྣམས་ཞེས་བྱ་བ་ནི་ཟག་པ་ཟད་པ་སྟེ། སངས་རྒྱས་མི་འབྱུང་བ་ལ་མེད་པའི་ཕྱིར་རོ། །སྨན་དང་སྐར་མ་ཞེས་བྱ་བ་ནི་སྨན་རྣམས་དང་ནི་སྐར་མ་དང་། སྨན་དང་སྐར་མ་སྟེ་དེ་རྣམས་ཟླ་བའི་འོད་ཟེར་གྱི་དབང་གིས་ལྷག་པར་བརྟེན་པ་ཡོངས་སུ་རྒྱས་པ་དང་། མཐུའི་

ཁྱད་པར་ཡང་ཐོབ་པར་འགྱུར་རོ། །རིམ་པ་ཇི་ལྟ་བར་གསུངས་པ་ནི་སྟོབས་ཇི་ལྟ་བ་དང་། མཐུ་ཇི་ལྟ་བར་ཀུན་ཏུ་སྣང་བར་བྱེད་དེ་རང་གི་སྟོབས་དང་། མཐུ་རྗེས་སུ་མཐུན་པའོ། །སྐར་མ་ཐམས་ཅད་ཅེས་བྱ་བ་ནི་སྐར་མ་རྣམས་ལས་ཆེན་པོར་གྱུར་པ་ཐ་སྐར་ལ་
སོགས་པ་རྣམས་སོ། །ཆོས་སྤྱོད་པ་ཞེས་བྱ་བ་ལ་འདིར་ཆོས་ནི་ལམ་མོ། །ཇི་ལྟར་ཡང་དག་པའི་ལྟ་བ་ནི་ཆོས་ཞེས་བྱ་བའོ། །མཚུངས་པའི་ཆོས་ཀྱི་བྱམས་པ་ལ་སོགས་པ་སེམས་ཅན་ཐམས་ཅད་དང་ཐུན་མོང་པའི་སྤྱོད་པ་ནི་མཚུངས་པར་སྤྱོད་པའོ། །ཉོན་མོངས་པ་དང་། སྡུག་བསྔལ་
ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ། །ཞི་བ་ནི་མྱ་ངན་ལས་འདས་པའོ། །དེའི་ཕྱིར་སྤྱོད་པ་ནི་ཞི་བའི་སྤྱོད་པའོ། །དགེ་བ་ནི་ལུས་དང་། ངག་དང་། ཡིད་ཀྱི་ལགས་པར་སྤྱོད་པའོ། །སྐྱེས་ཤིང་ཞེས་བྱ་བ་ནི་དེ་ཉེ་བར་བསྟན་པ་ལས་ཐོག་མར་འཇུག་པའི་ཕྱིར་རོ། །རབ་ཏུ་ཕྱེ་སྟེ་ཞེས་བྱ་བ་ནི་དེ་
བསྟན་པ་ཡང་བྱང་ཆུབ་སེམས་དཔའ་ལ་རག་ལུས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དཀར་པོའི་ཆོས་ཐམས་ཅད་རབ་ཏུ་ཕྱེ་བའི་རྒྱུ་ཉིད་བཤད་ནས་མཐོང་བའི་ཆོས་ཀྱི་ཕན་ཡོན་སྔར་བཤད་པ་ཡང་བསྟན་པའི་དོན་དུ་གསུངས་པ་ནི་ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་སྟེ། ཡ་ང་བ་མ་སྤངས་པས་ཞེས་བྱ་བ་
ལ་ཡ་ང་བ་ནི་འཆི་བའི་རྒྱུའོ། །དེ་མ་སྤངས་པ་ནི་ཡ་ང་བ་མ་སྤངས་པའོ། །འདི་ནི་མདོར་བསྟན་པ་སྟེ་ལྷག་མ་ནི་རྒྱས་པར་བཤད་པའོ། །བློན་པོ་དག་གིས་ཞེས་བྱ་བ་ནི་གཙོ་བོ་རྣམས་སོ། །སྨྲ་བ་ནི་ཡང་དག་པར་སྨྲ་བ་ཙམ་མོ། །གཏམ་ཟེར་བ་ནི་ལུས་ཚོ་ལ་སོགས་པའི་དྲི་བའོ། །ཡང་དག་
པར་དགའ་བར་བྱ་བ་ནི་དགའ་བ་བསྐྱེད་པའི་གཏམ་ཉེ་བར་བཀོད་པའོ། །ཉེ་བར་གནས་པ་ཞེས་བྱ་བ་ནི་དེའི་མཐུས་དེ་ལྟར་འབྱུང་བའི་ཕྱིར་རོ། །གདུག་པ་ནི་དྲག་པའི་རི་དྭགས་རྣམས་སོ། །སྡིག་སྦྲུལ་ནི་སྦྲུལ་རྣམས་འཁྱོག་པར་འགྲོ་བའི་ཕྱིར་རོ། །དེ་རྣམས་ཀྱི་དགོན་པ་དེ་རྣམས་ཉིད་
བགྲོད་པར་དཀའ་བའི་ཕྱིར་རོ། །མ་རྟོགས་པ་ཞེས་བྱ་བ་ལ་སོགས་པ་ནི་གང་ཞིག་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་དེའི་ཕྱི་རོལ་ཏུ་བཞག་པས་ན་ཕ་རོལ་གྱི་རྒོལ་བ་རབ་ཏུ་ཞི་བའི་རྒྱུ་ཉིད་ཀྱི་ཡོན་ཏན་གཞན་སེམས་འཁྲུག་པ་མེད་པའི་ཕྱིར་གསུངས་པ། དེ་ནས་མུ་སྟེགས་ཅན་གཞན་ཞེས་

བྱ་བ་ལ་སོགས་པ་སྟེ། མུ་སྟེགས་ཅན་གཞན་ཕ་རོལ་ལ་གྲུབ་པའི་མཐའ་གཞན་ལ་མངོན་པར་ཞེན་པར་ལྟ་བ་རྣམས་ཀྱིའོ། །ཀླན་ཀ་ནི་འདི་ལྟར་མ་ཡིན་ཞེས་བྱ་བའི་རྩོད་པས་ལན་འདེབས་པའོ། །བསམ་པར་བྱ་བ་ནི་ཡིད་ལ་བྱེད་པའོ། །ཆོས་དཀར་པོ་ཞེས་བྱ་བ་ནི་མ་འོངས་པའི་དོན་
ནི་ཆོས་སོ། །དཀར་པོ་ནི་བསྟན་པའི་གནས་སུ་འོངས་པས་རྙེད་པར་བྱ་སྟེ། མཐོང་བ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །མ་འོངས་པ་ཉིད་ལ་ཡང་ཆོས་ཀྱི་སྒྲ་བཀའ་ལས་མཐོང་བ་ཡིན་ཏེ། ཇི་ལྟར་དེ་ལྟ་བུའི་ཆོས་དང་ལྡན་པའི་འདུ་བྱེད་རྣམས་ཞེས་བྱ་བ་ལྟ་བུ་དང་། རྒས་པའི་ཆོས་ཅན་
ལུས་ཞེས་བྱ་བ་ལྟ་བུའོ། །ཇི་སྐད་དུ་གསུངས་པ། ཆོས་ནི་སྐྱེ་དང་བཀའ་ལས་ནི། །མ་འོངས་པ་དང་ངེས་གནས་ལ། །ཞེས་བྱ་བའོ། །གང་ཞིག་དང་པོར་བར་ཆད་མེད་པ་ཉིད་ཀྱི་ཡོན་ཏན་བསྟན་པ་དེ་ཕྲད་པ་ཉེ་བར་བསྟན་པའི་དོན་དུ་གསུངས་པ་ནི་དེ་ནས་བདུད་སྡིག་ཅན་ཞེས་བྱ་བ་ལ་སོགས་
པ་སྟེ། མིག་གིས་མི་རྩོལ་བར་ཞེས་བྱ་བ་ནི་དཔུང་མཐོང་བ་ལ་སོགས་པས་གཡེང་བའི་མིག་གོ། །དེས་ན་ཡིད་ལ་ཡང་རྣམ་པར་གཡེང་བ་ཡང་དག་པར་འབྱུང་བའི་ཕྱིར་རོ། །དཔུང་གི་ཚོགས་ནི་སྟོབས་ཀྱི་ཚོགས་སོ། །དེ་ནི་ཡན་ལག་བཞི་སྟེ། གླང་པོ་ཆེ་དང་། རྟ་དང་། དཔུང་བུ་ཆུང་
དང་། ཤིང་རྟ་རྣམས་སོ། །བཀོད་པ་ནི་འདུས་པའོ། །གཟུགས་ཅན་སྙིང་པོ་ནི་མ་ག་དྷཱའི་བདག་པོའོ། །གསལ་རྒྱལ་ནི་མཉན་ཡོད་ཀྱི་བདག་པོའོ། །ཤཱཀྱ་རྣམས་ནི་ཤཱཀྱའི་རིགས་ལས་སྐྱེས་པའི་རྒྱལ་རིགས་རྣམས་སོ། །ལིཙྪ་བཱི་རྣམས་ནི་ཡངས་པ་ཅན་རྣམས་སོ། །སླར་ལོག་
སྟེ་ཞེས་བྱ་བ་ནི་ལོག་པར་གྱུར་པའོ། །མངོན་པར་སྤྲུལ་ཏེ་ཞེས་བྱ་བ་ནི་དེ་རྣམས་ལ་ཤིང་ལ་སོགས་པའི་མེ་ཏོག་རྣམས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །བར་སྣང་གི་ནམ་མཁའ་ལ་འདུག་ནས་ཞེས་བྱ་བ་ནི་ནམ་མཁས་ནམ་མཁར་སོང་བ་རྣམས་སོ། །ཡུན་རིང་མོ་ཞིག་ན་ཞེས་བྱ་བ་ནི་རིང་
པས་སོ། །ནང་དུ་འབྱུང་ངོ་ཞེས་བྱ་བ་ནི་སླར་འོངས་པས་སོ། །སངས་རྒྱས་འབྱུང་བ་སོ་སོར་འདི་ངེས་པར་བསྟན་པའི་ཕྱིར་རོ། །ཡང་ལྷའི་མེ་ཏོག་རྣམས་བཟུང་ནས་ཞེས་བྱ་བ་ནི་རབ་ཏུ་དགའ་བས་སླར་མཆོད་པ་ལ་འཇུག་པའོ། །བར་ཆད་མེད་པ་ཉིད་ཀྱི་ཡོན་ཏན་ལྷའི་བུ་རྣམས་དེ་གདུལ་

བྱ་རྣམས་ཀྱི་སླད་དུ་སྨྲས་པ། སེམས་ཅན་གང་དག་ཅེས་བྱ་བ་ལ་སོགས་པ་སྟེ། དེ་དག་ལ་ནི་བདུད་དམ་ཞེས་བྱ་བ་ནི་བརྒྱ་བྱིན་གྱིས་དྲན་པ་ཉིད་ཀྱི་མཐུ་དེ་གཅིག་པུར་ཡོད་པར་མ་ཟད་ཀྱི་འོན་ཀྱང་སེམས་ཅན་གཞན་གྱིས་ཡིད་ལ་བྱས་པ་ལ་ཡང་སྐྱོན་
ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཞེས་བྱ་བའི་དགོངས་པའོ། །ངན་ངོན་ནི་ཆུང་བའོ། །བགྱི་བ་བགྱིས་པས་ན་བགྱི་བ་བགྱིས་པའོ། །བཅོམ་ལྡན་འདས་མཉན་པའི་སྐལ་བ་ཉིད་དང་རྗེས་སུ་མཐུན་པ་སྔར་ཉན་པ་སངས་རྒྱས་རྣམས་ལ་ཆོས་གོས་སྦྱིན་པ་ལ་སོགས་པའི་དགེ་
བའི་རྩ་བའོ། །ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་བཞིན་ཉིད་ཀྱི་དངོས་པོ་ནི་དེ་བཞིན་ཉིད་དེ་སློབ་པ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ནི་སྦྱོར་བ་ལ་སོགས་པའི་གནས་སྐབས་རྣམས་ལའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱ་མཚོ་ཆེན་པོ་ལས་ཞེས་བྱ་བ་ནི་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རྒྱ་མཚོ་ཆེན་པོ་སྟེ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཉིད་ཡང་ཡོན་ཏན་གཞན་བསྟན་པར་བྱེད་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྦྱིན་པ་ལ་སོགས་པ་རབ་ཏུ་སོང་བས་ཕ་རོལ་ཏུ་ཕྱིན་པ་སྟེ། བསྔགས་པ་ནི་བསྟོད་པའམ་ཡོན་ཏན་ནོ། །
གསུངས་པ་ནི་དུས་གཅིག་ཏུ་བརྗོད་པའི་ཕྱིར་རོ། །ཡོངས་སུ་སྒྲོགས་པ་ནི་རྒྱུན་གྱིས་སོ། །དེ་ལྟར་ན་ཡང་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུར་གྱུར་པའི་ཕ་རོལ་ཏུ་ཕྱིན་པ་གཞན་ཡང་སྲིད་པས་འདི་ཉིད་གཅིག་པུ་ལ་ཡང་དག་པར་སྒྲོགས་པའི་ཕྱིར་རིགས་པ་མ་ཡིན་ཞེས་བྱ་བའི་དགོངས་
པའོ། །སྔོན་དུ་འགྲོ་བ་སྟེ་ཞེས་བྱ་བ་ནི་མདུན་ནི་ལུས་སོ། །སྦྱིན་པ་ལ་སོགས་པ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ངེས་པར་འབྱུང་བའི་ཕྱིར་རོ། །འདི་ཉིད་ལྡོག་པའི་སྒོ་ནས་གསུངས་པ། དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་ཐམས་ཅད་
མཁྱེན་པ་ཉིད་ལ་ཡོངས་སུ་བསྔོ་བ་མེད་པས་མཆོག་ཉིད་མི་རིགས་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་ཇི་ལྟར་སྦྱིན་པ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་སྔོ་བར་བྱེད་པ་དེའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཐམས་ཅད་མཁྱེན་པ་ཉིད་ལ་འབྲས་བུའི་

ས་ལ་ཐ་དད་པ་མེད་པའི་ཕྱིར་གཉིས་སུ་མེད་པ་ཉིད་སོ་སོར་རྟོགས་ནས་སྦྱིན་པར་བྱེད་པ་དེའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་པ་ཡིན་ནོ། །དམིགས་པ་མཐོང་བ་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལས་འདི་ནི་སྦྱིན་པ་ལ་སོགས་པ་རྣམས་ཀུན་རྫོབ་ཏུ་ཐ་དད་པ་མཐོང་སྟེ།
དོན་དམ་པར་གཉིས་སུ་མེད་པའི་སྦྱོར་བས་མཐོང་བའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །བསམ་གྱིས་མི་ཁྱབ་པ་ཉིད་རབ་ཏུ་སོང་བའི་མཆོག་ཏུ་བསམ་གྱིས་མི་ཁྱབ་པའོ། །དེ་ལྟར་ན་ཡང་དོན་དམ་པར་དམིགས་པས་མཆོག་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་ཉིད་ལས་ཕ་
རོལ་ཏུ་ཕྱིན་པ་སྟེ། གཞན་ལ་ལྟོས་པས་ནི་མ་ཡིན་ཞེས་བྱ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྟེ། འདྲེན་པ་ཞེས་བྱ་བ་ནི་ཡང་དག་པར་སྡུད་པར་བྱེད་པའོ། །ཡོངས་སུ་འདྲེན་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་ཐོབ་
པར་བྱེད་པའི་ཕྱིར་ཁོ་ནའི་ནང་དུ་འདུས་སོ་ཞེས་བྱ་བ་ནི་འདི་མེད་པས་ཕ་རོལ་ཏུ་ཕྱིན་པ་ཉིད་མེད་པའི་ཕྱིར་རོ། །རང་གི་ངོ་བོ་ཐོབ་པ་ནི་འདི་ཁོ་ནའི་ནང་དུ་འདུས་སོ་ཞེས་བྱ་བ་ནི་དགོངས་པའོ། །བཤད་པའི་དོན་ལ་དཔེ་གསུངས་པ་ནི་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་སྟེ། ཕ་རོལ་ཏུ་ཕྱིན་པ་
ལྔ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་དང་རྗེས་སུ་མཐུན་པ་འཕེལ་བ་ཐོབ་པ་ཡིན་ནོ། །མཇུག་སྡུད་པར་བྱེད་པ་ནི་དེ་ལྟ་བས་ན་ཞེས་བྱ་བའོ། །སླར་ཡང་བརྒྱ་བྱིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚད་མེད་པ་ཉིད་ཀྱི་ཡོན་ཏན་གསུངས་པ་ནི་རེ་ཞིག་བྱ་བ་སྟེ། ཡོན་
ཏན་ཐམས་ཅད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་རབ་ཏུ་བསྒྲགས་པའོ། །དེ་རྣམས་ཀྱང་ཚད་མེད་པའི་ཡོན་ཏན་ཡང་དག་པར་འབྱུང་བ་ཞེས་བྱ་བའི་དགོངས་པའོ། །གང་ཞིག་ཕྱོགས་ཞེས་བྱ་བ་ནི་ཕན་ཡོན་ནོ། །ཇི་ཙམ་ཡང་བཟུང་ཞིང་ཞེས་བྱ་བ་ནི་འཛིན་པར་བྱེད་པའོ། །རབ་ཏུ་བཏོན་
པ་ཞེས་བྱ་བ་ནི་མི་བརྗེད་པའི་དོན་དུ་ཤིན་ཏུ་གོམས་པར་བྱས་པའོ། །ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་འདི་ཚད་མེད་པའི་ཕན་ཡོན་བསྟན་ནོ། །ཁོ་བོས་ནི་ཕན་ཡོན་རྣམས་ཀྱི་ཕྱོགས་ཙམ་ཡོངས་སུ་བསྒྲགས་པར་བྱས་པས་ཞེས་བྱ་བ་ནི་ཡང་དག་པར་བརྒྱ་བྱིན་ཁྱོད་ཀྱིས་རྟོགས་ཞེས་བྱ་བ་

ལ་བཅོམ་ལྡན་འདས་ཀྱིས་ལེགས་སུ་བྱ་བའོ། །གང་ཞིག་འདི་གླེགས་བམ་དུ་ཆུད་པར་དམ་པའི་ཆོས་རིང་དུ་གནས་པའི་ཕྱིར་བཞག་ནས་མཆོད་པ་བྱེད་པ་དེའི་ཡང་ཕན་ཡོན་འདི་ཐམས་ཅད་ཅེས་བྱ་བ་གསུངས་པ་ནི་ཡང་དག་ཅེས་བྱ་བ་ལ་སོགས་པ་སྟེ། བརྒྱ་
བྱིན་ཡང་ཕན་ཡོན་གཞན་ཀླན་ཀ་མེད་པ་དང་། སྐྲག་པ་ལ་སོགས་པ་མེད་པ་དང་། འཇིག་རྟེན་པ་མང་བ་ལ་དགའ་བ་ཉིད་དང་། རྒོལ་བ་ཕ་རོལ་པོ་ཚར་གཅོད་པའི་ནུས་པ་དང་། ལྷ་ཐམས་ཅད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་། གདུལ་བྱ་དེ་རྣམས་ཀྱི་ཚོགས་ཡོངས་སུ་
རྫོགས་པའི་རྒྱུ་མཚན་དུ་ཆོས་སྦྱིན་པ་དང་། ལྷ་དེ་རྣམས་ཀྱིས་བསྲུངས་པ་དང་། ལྷ་རྣམས་འོང་བའི་རྟགས་རྣམས་དང་། །དམན་པའི་ལྷ་རྣམས་ལྡོག་པ་དང་། །དང་བ་མང་བ་ཉིད་དང་། ཆོས་ཚུལ་གནས་པའི་གཙང་བ་ཉིད་དང་། གདུང་བ་མེད་པ་ཉིད་དང་། བདེ་བ་སྐྱེད་པ་དང་།
རྨི་ལམ་ལེགས་པར་མཐོང་བ་དང་། ལུས་ལ་ཡང་གཟི་བརྗིད་འཇུག་པ་དང་། ཟས་རྣམས་ལ་ང་རྒྱལ་མེད་པ་ཞེས་བྱ་བའོ། །དེ་ལ་སྤོབས་པ་ནི་ཇི་ལྟར་བརྩམས་པའི་ཆོས་ཀྱི་དོན་མི་བརྗེད་པའོ། །འདུན་པ་ཞེས་བྱ་བ་ནི་འདོད་པའོ། །རྒོལ་བ་ནི་འདྲི་བའོ། །ཤིན་ཏུ་ཡོངས་སུ་གོམས་
པའི་སྟོང་པ་ཉིད་ཀྱི་ཕྱིར་ཀུན་ཏུ་མི་སྐྲག་པའོ། །སྣག་གི་གཉེན་མཚམས་ནི་ཕ་མ་གཅིག་ལས་སྐྱེས་པའི་སྤུན་ལ་ཚོགས་པའོ། །ཆོས་དང་ལྡན་པ་ཞེས་བྱ་བ་ལ། ཆོས་ནི་ཇི་ལྟ་བ་བཞིན་དུ་གནས་པ་ཞེས་བྱ་བའི་ཚིག་གོ། །འདུད་པ་བྱེད་པར་འགྱུར་ཞེས་བྱ་བ་ནི་བསྟོད་པ་སྔོན་དུ་
འགྲོ་བས་ཕྱག་འཚལ་བར་བྱས་པས་སོ། །ལྷ་རྣམས་ནི་འདོད་པ་ན་སྤྱོད་པ་དྲུག་དང་། བསམ་གཏན་དང་པོ་ལ་ཚངས་རིས་ལ་སོགས་པ་གསུམ་མོ། །གཉིས་པ་ལ་འོད་ཆུང་ལ་སོགས་པ་གསུམ་མོ། །གསུམ་པ་ལ་དགེ་ཆུང་ལ་སོགས་པའོ། །བཞི་པ་ལ་སྤྲིན་མེད་ལ་སོགས་པ་བརྒྱད་
དང་། འདུ་ཤེས་མེད་པའི་སེམས་ཅན། འབྲས་བུ་ཆེ་བའི་ཕྱོགས་གཅིག་ལས་བྱུང་བའོ། །དེ་རྣམས་ཀྱི་ཡང་སྔོན་གྱི་སྨོན་ལམ་ལས་དེར་ཉེ་བར་འོང་བའོ། །ལྟ་བར་གྱུར་པ་ལ་སོགས་པ་ནི་དེ་རྣམས་ལ་མེད་ཅེས་སྨྲ་བའོ། །སྣང་བ་ཆེན་པོ་དག་མཐོང་ན། །ཞེས་བྱ་བ་ནི། མར་མེ་ལ་

སོགས་པ་ལས་ལྷག་པའི་སྣང་བ་དང་ཡང་དག་པར་ཤེས་པ་ཞེས་མཚོན་པར་བྱེད་པ་ནི་ངེས་པར་བྱ་བ་ལ་ངེས་པར་ཞེས་བྱ་བའོ། །ཤེས་པར་བྱ་བ་ནི་བྱ་བའོ། །མིའམ་ཞེས་བྱ་བ་ནི་རྫུ་འཕྲུལ་དང་ལྡན་པའོ། །འོངས་ཤིང་ཞེས་བྱ་བ་ནི་ས་ཕྱོགས་སུ་འགྲོ་བས་སོ། །ལྷགས་པ་
ཞེས་བྱ་བ་ནི་ཁྱིམ་ལ་སོགས་པར་རབ་ཏུ་ཞུགས་པས་སོ། །མི་མ་ཡིན་པའི་དྲི་ཞེས་བྱ་བ་ནི་མི་རྣམས་ལས་བྱུང་བས་ན་མིའི་འོ། །དེ་ལྟར་མ་ཡིན་པ་ནི་མི་མ་ཡིན་པའིའོ། །གཟོབ་པར་འགྱུར་བ་ནི་ཡིད་དུ་འོང་བ་ཉིད་ཀྱིས་སོ། །གཙང་མ་ཞེས་བྱ་བ་ནི་མི་གཙང་བ་མེད་པས་སོ། །
ཡི་རངས་ཤིང་ཞེས་བྱ་བ་ལ་སོགས་པ་རྣམས་ནི་རྣམ་གྲངས་སོ། །དཔལ་དང་གཟི་བརྗིད་ནི་མཐུའོ། །བཙུན་པ་ནི་མཆོད་པར་བྱ་བ་ཉིད་དོ། །དད་པ་མང་བར་འགྱུར་བ་ཞེས་བྱ་བ་ནི་ལྷ་ལ་སོགས་པ་འོངས་པ་མཆོད་པ་ཤེས་པའི་ཕྱིར་རོ། །བཅོམ་ལྡན་འདས་མ་ལ་ཡང་དག་པར་ཉེ་
བར་སྐྱེས་པའི་དང་བས་སོ། །ངལ་བ་ལ་ནི་གནོད་པའོ། །འགྲོ་བ་ལ་ཞེས་བྱ་བ་ནི་ཕན་ཚུན་དུ་གཞུང་དང་། དོན་ངེས་པར་བྱེད་པ་ལ་མངོན་པར་བརྩོན་པ་རྣམས་སོ། །དགའ་བའི་ཞེས་བྱ་བ་ནི་རྒྱུན་གྱིས་དེ་ཉིད་ལའོ། །འགྲོ་བར་བྱེད་པ་ཉིད་གསུངས་པ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་
པ་སྟེ། མངོན་པར་བྱང་ཆུབ་པའི་སྒྲ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་འདི་འདིར་མངོན་པར་རྫོགས་པའི་སངས་རྒྱས་པ་ཞེས་བྱ་བའོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཅི་ཞིག་མཛད་ཅེ་ན། གསུངས་པ་ནི་ཕྱོགས་ག་གེ་མོ་ཞིག་ནས་ཇི་སྲིད་དུ་ཆོས་སྟོན་ཏོ་ཞེས་བྱ་བའི་
དོན་ཏོ། །ཡང་དག་པའི་བྱང་ཆུབ་ཀྱི་སྒྲ་ཞེས་བྱ་བ་ཡང་དག་པའི་བྱང་ཆུབ་ཀྱི་སྒྲ་སྒྲོགས་པ་ཉིད་གསུངས་པ། ཕྱོགས་ག་གེ་མོ་ཞེས་བྱ་བ་ལ་སོགས་པའོ། །སད་པར་འགྱུར་ཞེས་བྱ་བ་ནི་སད་པར་གྱུར་པ་སྦྱོར་བས་སོ། །མདངས་རབ་ཏུ་བཅུག་པས་ཞེས་བྱ་བ་ནི་ལྷའི་མཐུས་མདངས་ཐོབ་པ་
དང་། སྟོབས་ཐོབ་པ་དང་། བྱ་བ་ཐམས་ཅད་ནུས་པའོ། །ཡང་ཞིང་ཡང་པ་ཉིད་མྱོང་བར་འགྱུར་ཞེས་བྱ་བ་ནི་ལྕི་བའི་དངོས་པོ་དང་བྲལ་བས་རྨུགས་པ་ལ་སོགས་པ་བསྟན་པའི་ཕྱིར་རོ། །བརྐམ་པ་ཞེས་བྱ་བ་ནི་འདོད་པའོ། །འདུ་ཤེས་ནི་དྲན་པའོ། །རྣལ་འབྱོར་ནི་ཞི་གནས་དང་།

ལྷག་མཐོང་ཟུང་དུ་འབྲེལ་པ་རྒྱུ་བའི་ལམ་མོ། །དེ་སྤྱོད་པ་ནི་བསྒོམ་པའི་ལམ་གྱིས་བསྟེན་པར་བྱེད་པའམ། དེ་སྤྱོད་པ་ནི་གནས་པ་འདི་ལ་ཡོད་པས་ན་རྣལ་འབྱོར་སྤྱོད་པའོ། །ཅི་ལྟར་རིགས་པ་འཕགས་པ་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པ་ནི་རྣལ་འབྱོར་ཉིད་དེ་
དེའི་ཡོངས་སུ་བརླན་པ་ནི་འདྲ་བའི་བརླན་པའོ། །ཏིང་ངེ་འཛིན་ལས་སྐྱེས་པའི་བདེ་བ་རྗེས་སུ་འཇུག་པའི་ངོ་བོ་གང་ལ་ཡོད་པ་དེ་དེ་ལྟ་བུའོ། །ཅི་ལྟར་ཏིང་ངེ་འཛིན་ལས་སྐྱེས་པའི་བདེ་བ་རྒྱུ་མཐུན་པ་མེད་པར་ཡང་འདི་ཞེས་གསུངས་པ་ནི་དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་
སྒོམ་པ་ཡང་འདིར་བྱང་ཆུབ་སེམས་དཔའ་རྗེས་སུ་བཟུང་བ་དང་། ཉེ་བར་སྡུད་པ་ལ་སོགས་པ་བསམ་པ་ཉིད་དེ་ཙམ་གྱིས་ཅི་ལྟར་ཞེས་གསུངས་པ་ནི་དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །འདི་དག་ཀྱང་ཞེས་བྱ་བ་ལ། སྔར་གསུངས་པ་གཅིག་པུར་མ་ཟད་ཀྱི་གང་ཡང་ཡོན་ཏན་འདི་
རྣམས་རྙེད་པ་ཡིན་ཞེས་གསུངས་པ་ནི་གཞན་ཡང་གང་ཞེས་བྱ་བ་ལ་སོགས་པའོ། །འདིའི་རྗེས་ལ་གླེགས་བམ་དུ་ཆུད་པར་བྱས་ནས་མཆོད་པ་སྔོན་དུ་འགྲོ་བས་གང་དུ་གཞག་པར་བྱ་བ་དེར་ལྷ་རྣམས་ཉེ་བར་འོང་བ་ལ་སོགས་པ་བཤད་པ་དེ་དེ་ཉིད་ཀྱི་རྫུ་འཕྲུལ་གྱི་ཕན་ཡོན་ཅི་ཞིག་ཡིན་ནམ་
ཞེས་གསུངས་པ་ནི་ཉན་པ་དང་ཞེས་བྱ་བ་ལ་སོགས་པའོ། །གང་ཞིག་སྔར་བསྟན་པ་ཉན་པ་དང་། འཛིན་པ་ལ་སོགས་པ་ཡོད་པ་ལ་བརྟེན་ནས་གླེགས་བམ་གཞག་པ་ཉིད་ཀྱི་དེ་ཐམས་ཅད་ཀྱི་ཕན་ཡོན་འདི་རྣམས་ཞེས་བྱ་བའི་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་སྔར་བཤད་པ་དང་། རྗེས་
སུ་མཐུན་པ་ཉིད་ཉེ་བར་བསྡུ་བར་བྱེད་པ་ནི་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པའོ། །གཞན་དག་ནི་མཐོང་བའི་ཆོས་ཀྱི་ཡོན་ཏན་ཡོངས་སུ་འཛིན་པར་འགྱུར་རོ་ཞེས་བྱ་བ་འདིའི་རྗེས་སུ་ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་འདི་ནས་ཇི་སྲིད་འཛིན་པར་མི་བྱེད་འཆང་
བར་མི་བྱེད་དེ་བས་ནི་ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འདི་ཉིད་བསོད་ནམས་མང་དུ་སྐྱེད་དེ་ཞེས་བྱ་བར་ལྷག་པར་འདོན་པ་ཡིན་ནོ། །དེ་བཞིན་དུ་མཆོད་པ་རྣམ་པ་མང་པོ་དག་གིས་ཀྱང་མཆོད་པར་བྱེད་དེ་ཞེས་བྱ་བ་འདིའི་རྗེས་ལ་ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་

ཉིད་དེ་བས་གཞི་དེ་ལས་བསོད་ནམས་ཆེས་མང་དུ་སྐྱེད་པར་འགྱུར་ཏེ་ཞེས་བྱ་བ་ལྷག་པ་ཡིན་ཏེ། འདི་པོ་ཏི་རྙིང་པ་རྣམས་ལ་མེད་པས་བཏགས་པ་ཉིད་འདི་ཞེས་བྱ་བ་སློབ་དཔོན་རྣམས་སོ། །དེ་ཉིད་ཀྱི་ཕྱིར་ཤིན་ཏུ་འབྲེལ་པའི་དོན་མ་ཡིན་ནོ། །པོ་ཏི་འཛིན་པ་ཙམ་བྱེད་པ་པོ་ལས་
འཛིན་པ་ལ་སོགས་པ་བྱེད་པ་པོ་ལ་བསོད་ནམས་ཀྱི་ཁྱད་པར་མ་བཤད་ཀྱང་གྲུབ་པའི་ཕྱིར་རོ། །བཅོམ་ལྡན་འདས་མ་ཆེ་བ་འགའ་ཞིག་ལས་མི་བརྗོད་པའི་ཕྱིར་རོ། །ཇི་ལྟར་ཆེན་མོ་རྣམས་ལས་འདོན་པ་དེ་ལྟར་ནི་རིགས་པ་ཡིན་ནོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་
ཅད་དུ་སངས་རྒྱས་ཐམས་ཅད་ཀྱི་རྐྱེན་བཞིའི་མཆོད་པ་ལས་ཡོངས་སུ་མྱ་ངན་ལས་འདས་པའི་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱས་པ་ལ་མཆོད་པ་བས་བཅོམ་ལྡན་འདས་མ་ཉིད་ལ་འཛིན་པ་ལ་སོགས་པ་རྣམས་མེད་པས་གུས་པ་ཙམ་གྱིས་གཅིག་ཏུ་བསོད་ནམས་མང་བ་ཉིད་ཅེས་བྱ་བའོ། །
དེའི་ཕྱིར་མངོན་རྟོགས་དང་སྦྱར་བ་ལ་ཆགས་པས་འདི་བཏགས་པ་ཡིན་ནོ། །སངས་རྒྱས་ཀྱི་ཚུལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཉིད་ནི་སྤྱན་ཆེན་པོ་ལ་ཤ་ལ་སོགས་པའི་སྤྱན་ལྔ་རྣམས་ལས་ལྷག་པ་ཉིད་ཀྱི་ཕྱིར་རོ། །འདི་ལ་བྲལ་བ་མེད་པས་བྲལ་བ་སྟེ་དེའི་དངོས་པོ་ནི་མ་
བྲལ་བ་ཉིད་དོ། །གཞལ་དུ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། ཕ་རོལ་ཏུ་ཕྱིན་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་རྣམ་པ་གཉིས་ཏེ་གླེགས་བམ་དུ་ཆུད་པར་བྱས་ནས། ཕྱི་རོལ་ཏུ་བཞག་པ་གལ་ཏེ་ཡང་འཛིན་པ་ལ་སོགས་པ་རྣམས་ཀྱིས་ནང་དུ་བཞག་པ་གཞལ་དུ་མེད་
པའི་ཡོན་ཏན་འཛིན་པ་གང་ལ་དེ་ཕ་རོལ་ཏུ་ཕྱིན་པའོ། །མཆོད་རྟེན་ནི་མཆོད་རྟེན་ཏེ་དེ་དང་དེ་ཞེས་གཉིས་པའི་བསྡུ་བའོ། །དེ་དག་གཉིས་ཀྱིས་བཀུར་སྟིར་བྱེད་པ་ནི་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པའོ། །དེ་དག་རྗོད་པར་བྱེད་པའི་ལེའུ་ནི་ཕ་རོལ་ཏུ་ཕྱིན་པ་དང་མཆོད་རྟེན་
ལ་བཀུར་སྟི་བྱེད་པ་གཞལ་དུ་མེད་པའི་ཡོན་ཏན་འཛིན་པའི་ལེའུ་ཞེས་བྱ་བ་སྟེ་གསུམ་པའོ།། །།ད་ནི་དེ་བཞིན་གཤེགས་པའི་སྐུས་ཡོངས་སུ་གང་བའི་འཛམ་བུའི་གླིང་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བ་ཉིད་མཆོད་པ་ལ་སོགས་པའི་དོན་དུ་འོས་པ་ཞེས་

བསྟན་པའི་དོན་དུ་བཅོམ་ལྡན་འདས་བརྒྱ་བྱིན་ལ་དྲི་བར་བྱེད་པ་ནི་གལ་ཏེ་ཁྱོད་ལ་ཞེས་བྱ་བ་ལ་སོགས་པ་སྟེ། འོན་ཏེ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཐོབ་པར་བྱེད་པའི་དེ་བཞིན་གཤེགས་པའི་རིང་བསྲེལ་
གྱི་སྙིང་པོ་ཅན་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་གྱི་མཆོད་རྟེན་བྱེད་པས་དེ་མཆོད་པ་རྣམས་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོད་པ་ལ་བསོད་ནམས་མང་བ་ཉིད་སྔར་བཤད་ཟིན་ཏོ། །དེ་ཉིད་ཀྱིས་འདི་ཐམས་ཅད་རྟོགས་ཞེས་སླར་རྣམ་པ་གཞན་གྱིས་ཉེ་བར་བཀོད་པ་ནི་ཅི་ཞིག་བྱ་
ཞེ་ན། བདེན་ཏེ་འོན་ཀྱང་སྔར་གང་ཞིག་རྒྱུ་གསུངས་པ་དེ་བརྒྱ་བྱིན་གྱི་སྒོ་ནས་བསྟན་པའི་ཕྱིར་ཡང་རྒྱས་པར་ཉེ་བར་བཀོད་པའོ། །སྐུ་རྣམས་ཞེས་བྱ་བ་ལ། བྱེད་པ་དྲུག་པ་སྟེ་དེ་རྣམས་ཀྱིས་ཡོངས་སུ་གང་བའོ། །ཁྱབ་པ་ཙམ་གྱིས་ཅི་ཞིག་ཡིན་ནམ་མ་ཡིན་ཞེས་གསུངས་པ་ནི་བྱུར་
བུར་ཡོངས་སུ་བཀང་སྟེ་ཞེས་བྱ་བ་ནི་གཙུག་ཕུད་ཀྱི་མཐར་ཐུག་པར་བྱེད་པས་སོ། །བྱིན་པ་ལ་ཞེས་བྱ་བ་ནི་མཆོད་པའི་དོན་དུ་ཉེ་བར་སྦྱིན་པར་བྱ་བའོ། །བརྡབས་ན་ཞེས་བྱ་བ་ནི་ཅིག་ཤོས་ལོང་ཤིག་ཅེས་བྱ་བའོ། །རི་མོར་བགྱི་བ་ནི་གུས་པའི་ཁྱད་པར་རོ། །གང་གི་ཕྱིར་བཅོམ་
ལྡན་འདས་མ་ནི་དེ་རྣམས་ལས་ཤིན་ཏུ་བླ་མར་གྱུར་པ་སྟེ། འདི་ནི་དེ་བཞིན་གཤེགས་པའི་ཡང་དག་པའི་དོན་གྱི་སྐུའོ་ཞེས་བྱ་བ་ནི་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཡང་དག་པའི་དོན་ནི་དེ་ཁོ་ན་ཉིད་ཀྱི་དོན་ཏེ་དེ་དང་ལྡན་པའི་ཕྱིར་བདེན་པའི་དོན་ནོ། །སྐུ་ནི་རིང་བསྲེལ་རྣམས་ནི་མ་
ཡིན་ཞེས་བྱ་བའི་དོན་ཏོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལ་ཡུལ་ཉིད་ཀྱིས་དམ་པར་ཞེས་བྱ་བ་བསྟན་པར་ནུས་པའི་སྐུ་ནི་དམ་པའི་སྐུ་སྟེ། གཟུགས་ཀྱི་སྐུ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་སྐུས་ཡོངས་སུ་རྫོགས་པར་བྱ་བ་ལ། འདིར་ཡོངས་སུ་རྫོགས་པ་ནི་རྟོགས་པ་སྟེ་དེ་སྐྱེ་བ་མེད་པ་
ཉིད་ཀྱི་ཕྱིར་རོ། །ཆོས་ཀྱི་སྐུ་ཀུན་ཏུ་རྟོག་པ་དང་རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་ལས་འདས་པའི་སྟོང་པ་ཉིད་ཀྱི་རང་བཞིན་ཉིད་ཀྱིས་ཡོངས་སུ་བཟུང་བ་མེད་པར་འོས་པའི་གཙོ་བོའི་སྐུ་ཉིད་ཡོད་མོད། བཅོམ་ལྡན་འདས་མ་ལ་ཅི་ཞིག་འབྱུང་ཞེས་གསུངས་པ་ནི། འདི་ཡང་ཞེས་བྱ་བ་ལ་སོགས་པ་ལ།

ཡང་དག་པའི་མཐའ་ནི་སྟོང་པ་ཉིད་དེ་དེས་རབ་ཏུ་ཕྱེ་བ་ནི་སྐྱེས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་བསྟན་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དོན་ནི་འདི་ཡིན་ཏེ་ཆོས་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་སྟེ་གཙོ་བོའོ། །དེར་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་
ཡོངས་སུ་བཟུང་བ་དང་མཆོད་པ་ལ་སོགས་པ་ནུས་པ་མ་ཡིན་ནོ། །བཅོམ་ལྡན་འདས་མ་ནི་ཆོས་ཀྱི་སྐུའི་རྒྱུ་མཐུན་པར་གྱུར་པ་བཅོམ་ལྡན་འདས་དང་། གཞན་རྣམས་ཀྱི་དེས་རབ་ཏུ་ཕྱེ་བ་དེའི་ཕྱིར་གཟུགས་ཀྱི་སྐུ་ལ་ཆོས་ཀྱི་སྐུ་དང་འདྲ་བས་མཆོད་པར་བྱ་བ་ཞེས་བྱ་བའོ། །དེ་བཞིན་
གཤེགས་པའི་རིང་བསྲེལ་རྣམས་ལ་གུས་པ་ཉིད་མེད་དམ་ཅི་ཞེ་ན། མ་ཡིན་ཞེས་གསུངས་པ་ནི་མི་གུས་པ་ཡང་མ་ལགས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། དེ་རྣམས་ལ་མ་གུས་པ་མེད་པ་ཞེས་བྱ་བ་སྟེ། བདག་ནི་རིང་བསྲེལ་རྣམས་ལ་མ་གུས་པར་འདོད་པ་མ་ཡིན་ཞེས་བྱ་
བའི་དོན་ཏོ། །འོན་ཀྱང་ཞེས་བྱ་བའི་སྒྲ་ནི་ཁྱད་པར་གྱི་དོན་དུའོ། །གལ་ཏེ་ཡང་ཁོ་བོ་ལ་དེ་རྣམས་ལ་གུས་པ་དེ་ལྟ་ན་ཡང་ཞེས་བྱ་བའི་དོན་ཏོ། །ཡང་གི་སྒྲ་ནི་སྔར་ཡང་ཁྱད་པར་གསུངས་པ་ཉིད་ཀྱི་ཕྱིར་རོ། །འཁྲུངས་ཏེ་ཞེས་བྱ་བ་ནི་ཁྱད་པར་ཉིད་ཀྱིས་དེའི་རྒྱུ་ཉིད་གོ་བ་སྟེ། འཁྲུངས་པ་ཉིད་ཀྱི་
ཕྱིར་ཞེས་བྱ་བའི་དོན་ཏོ། །དཔེ་ནི་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྟེ། ལྷའི་འདུན་ས་ལ་རྟེན་ཉིད་ཀྱི་ཕྱིར་ལྷའི་འདུན་ས་ནི་ཁང་པ་ཆེན་པོའོ། །དེ་ཡང་དཔག་ཚད་བཞི་བཅུ་རྩ་ལྔ་པ་ཆུར་སྟེ། ཞེང་དུ་ནི་དཔག་ཚད་སུམ་ཅུ་པ་རིན་པོ་ཆེའི་ཚོགས་སྣ་ཚོགས་པ་ལས་བརྡུངས་པ་དེ་ཡང་ལྷའི་གྲོང་
ཁྱེར་བལྟ་ན་སྡུག་པ་ལས་དཔག་ཚད་ཉི་ཤུ་ལ་ལྷོ་ཕྱོགས་དང་ནུབ་ཕྱོགས་ཀྱི་ཆ་ལའོ། །བདག་ལ་གུས་པས་ཞེས་བྱ་བ་ནི་གདན་གྱི་རང་གི་ངོ་བོ་ཆེན་པོ་ཉིད་ཀྱིས་ནི་མ་ཡིན་ནོ། །དེ་ཉིད་གསལ་བར་བྱེད་པ་ནི་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་སྟེ། དབང་ལ་རབ་ཏུ་གྲགས་པ་དངོས་པོ་ཐམས་ཅད་
ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་དབང་སྟེ། དབང་ཆེ་བ་ཞེས་གྲགས་པར་བྱེད་པ་གང་ལ་ཡོད་པ་དེ་ནི་དབང་ཆེ་བར་གྲགས་པ་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེའི་རྒྱུའི་ངོ་བོ་ཉིད་དང་རྐྱེན་གྱི་ངོ་བོ་ཉིད་དོ། །རྒྱུ་ནི་དངོས་ཀྱི་རྒྱུ་སྟེ་བྱང་ཆུབ་སེམས་དཔའི་གནས་སྐབས་ལའོ། །

གསུངས་པ་ཉིད་གསལ་བར་བྱེད་པ་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་བརྒྱ་བྱིན་ལྟར་དེ་བཞིན་གཤེགས་པའི་རིང་བསྲེལ་རྣམས་འདིའི་རྒྱུ་དང་རྐྱེན་དུ་གྱུར་པ་མ་ཡིན་ནོ། །བརྒྱ་བྱིན་དེའི་གདན་བཞིན་དུ་
འོན་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་ནི་གཟུགས་ཀྱི་སྐུ་སྟེ། བརྒྱ་བྱིན་ལྟར་མི་མཉམ་པ་དེའི་ཡན་ལག་ཏུ་གྱུར་པའི་རིང་བསྲེལ་རྣམས་ཞེས་མཆོད་པས་ཀྱང་བྱང་ཆུབ་ཡང་དག་པར་འབྱུང་བ་ལ་སོགས་པ་རྣམས་ཉེ་བར་བསགས་པ་ཡིན་ནོ། །བཅོམ་ལྡན་
འདས་མ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ཀྱི་རྒྱུ་དང་རྐྱེན་དུ་གྱུར་པ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་མ་ངེས་པར་སྐྱེས་པ་ཉིད་རིང་བསྲེལ་རྣམས་མཆོད་པ་ལ་བཅོམ་ལྡན་འདས་མ་བཞིན་དུ་རིང་བསྲེལ་རྣམས་ནི་མ་ཡིན་ཞེས་གསུངས་པ་ནི་རྐྱེན་དུ་གྱུར་པ་མ་ལགས་སོ་ཞེས་
བྱ་བ་ལ་སོགས་པ་སྟེ། ཁ་ཅིག་ནི་དགག་ཚིག་དང་མེད་པ་ཉིད་འདོན་པ་ཡིན་ཏེ་བཤད་པ་ཡང་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གོམས་པ་ཉིད་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པར་གྱུར་པའི་སྐུ་རྣམས་ནི་རྐྱེན་དུ་གྱུར་པ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་ལ་བཀོད་
ནས་སྐུའི་ཁྱད་པར་གྱི་རྐྱེན་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །དེ་ལྟར་ཡང་རིང་བསྲེལ་རྣམས་ལས་བཅོམ་ལྡན་འདས་མ་ལ་ཁྱད་པར་འགའ་ཡང་གསུངས་པ་མེད་པ་ཡིན་ཞེས་འདི་ནི་བསམ་པར་བྱ་བའོ། །ད་ནི་བརྒྱ་བྱིན་གྱིས་གང་བར་བྱས་པའི་སྟོང་ཆེན་པོའི་རིང་བསྲེལ་རྣམས་ལས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བ་སྟེ། དེ་ལ་ཡང་རྒྱུ་གསུངས་པ་ནི་ལྟ་ཞོག་ཅེས་བྱ་བ་ལ་སོགས་པས་སོ། །འཛམ་བུའི་གླིང་ལ་སོགས་པའི་རིམ་གྱིས་ལྷག་པར་མོས་པ་བསྟན་པར་བྱ་བའི་དོན་དུའོ། །སྔར་སྙིང་ལ་བཅོམ་ལྡན་འདས་མའི་ཤིན་ཏུ་མཆོད་པར་བྱ་བ་ཉིད་གསལ་
བར་བྱེད་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་དང་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་ནོར་བུ་རིན་པོ་ཆེ་ཕྱུང་ཡང་ཟ་མ་ཏོག་དེ་སྙིང་དུ་སྡུག་པར་འགྱུར་བ་དེ་བཞིན་དུ་སངས་རྒྱས་དང་དེའི་ཡུམ་དག་གི་ཡོན་ཏན་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་ཀྱང་རིང་

བསྲེལ་རྣམས་ནི་མཆོད་པར་བྱ་བར་འགྱུར་རོ་ཞེས་བསྟན་པ་ནི་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་བུའི་ངོ་བོ་ཞེས་བྱ་བ་ནི་འཆད་པར་འགྱུར་བ་རྣམས་ཀྱིས་སོ། །ཚར་གཅོད་ཅེས་བྱ་བ་ནི་རྣམ་པ་གཉིས་ཀྱིས་ཚར་གཅོད་པས་འཕེལ་བ་འགེགས་པ་དང་རབ་ཏུ་ཞི་བས་
སོ། །སྲོག་ཆགས་ཕྲ་མོ་ཞེས་བྱ་བ་ནི་དྲག་པོ་རྣམས་སོ། །གཞན་དག་དང་ཡང་ཞེས་བྱ་བ་ལ། དེ་རྣམས་བསྟན་པར་བྱེད་པ་ནི་གང་སུ་དག་ཅེས་བྱ་བ་ལ་སོགས་པ་སྟེ། འདི་ཐམས་ཅད་ཀྱིས་ནོར་བུ་རིན་པོ་ཆེའི་ཡོན་ཏན་བསྟན་པས་བཅོམ་ལྡན་འདས་མ་དང་ཐམས་ཅད་མཁྱེན་
པའི་ཡེ་ཤེས་ཀྱི་ཡོན་ཏན་རྣམས་དཔེས་མཚོན་པར་བལྟ་བར་བྱའོ། །དེ་ཉིད་ཀྱི་ཕྱིར་ཆེན་པོ་རྣམས་ལས་འདོན་པ་ཡིན་ཏེ། རིན་པོ་ཆེ་ཆེན་པོ་ཞེས་བྱ་བ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་སོ་ཞེས་བྱ་བའོ། །དེ་ལ་འཇུག་པ་
ལ་དོན་དུ་གཉེར་བའི་མི་རྣམས་ལ་སོགས་པ་ཉེ་བར་བསམས་པས་བདུད་ལ་སོགས་པ་ཉེ་བར་འོངས་པ་དང་། སྦྲུལ་ལ་སོགས་པ་ཚར་གཅོད་པ་ཁོང་ཁྲོ་བ་དང་། འདོད་ཆགས་དང་གཏི་མུག་རྣམས་ཀྱི་ཚར་གཅོད་པ་དང་། སྣང་བར་བྱེད་པ་ཉིད་ཀྱི་དོན་གསལ་བར་བྱེད་པ་དང་། དྲོ་བ་རབ་ཏུ་
ཞི་བས་རྒོད་པ་དང་། རྒྱགས་པ་དང་། ང་རྒྱལ་ལ་སོགས་པ་མེད་པ་ཉིད་དང་། ས་ཕྱོགས་དྲོ་བ་ཉིད་ཀྱིས་དགེ་བའི་ཕྱོགས་ལ་སྤྲོ་བ་དང་། སྦྲུལ་གདུག་པ་ལ་སོགས་པ་འབྱེར་བས་ཀླན་ཀ་ཚོལ་བར་འདོད་པའི་མུ་སྟེགས་རྣམས་བསལ་བ་དང་། དུག་རབ་ཏུ་ཞི་བས་མུ་སྟེགས་
རྣམས་ཀྱིས་དམ་པ་མ་ཡིན་པའི་འདོད་པ་འཛིན་པ་རྣམས་ལ་གསོ་བ་དང་། མིག་གི་སྐྱོན་ཉེ་བར་བསལ་བས་ལྟ་བའི་སྐྱོན་ཉེ་བར་བསལ་བ་ཡང་དག་པའི་ལྟ་བ་སྐྱེད་པའོ། །ད་ནི་རྟེན་གྱི་ཁྱད་པར་གྱིས་ནོར་བུ་རིན་པོ་ཆེའི་ཡོན་ཏན་གསུངས་པ་ནི་ཆབ་གང་གི་ནང་དུ་སྩལ་བའི་ཞེས་བྱ་བ་
ལ་སོགས་པ་སྟེ། རང་གི་ཞེས་བྱ་བ་ནི་རྟེན་ཐ་དད་པས་ཐ་དད་པ་སྟེ། དེའི་ཁ་དོག་རྟེན་ཐམས་ཅད་ཀྱི་ཁྱད་པར་གྱི་རྗེས་སུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །དེ་སྟོན་པར་བྱེད་པ་ནི་གལ་ཏེ་དེ་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ནི་རིགས་དང་། ལྷག་པར་མོས་པའི་དབྱེ་བས་གདུལ་བྱ་ཉན་ཐོས་དང་

རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཉིད་དང་། བརྒྱ་བྱིན་ཉིད་དང་འཁོར་ལོས་སྒྱུར་བ་ཉིད་ལ་སོགས་པའི་འབྲས་བུ་དབྱེ་བ་ཡང་དག་པར་འབྱུང་བ་མཚོན་པ་ཡིན་ནོ། །ད་ནི་གནས་བརྟན་ཀུན་དགའ་བོ་ནོར་བུ་རིན་པོ་ཆེ་ལྷ་ཉིད་ཀྱི་ཕྱིར་རྙེད་པར་དཀའ་
བ་ཉིད་ཀྱིས་ཉེ་བར་གཞལ་བར་བྱའི་དོན་ལ་ཡང་རྙེད་པར་དཀའ་བ་ཉིད་མཚོན་པའི་དོན་དུ་འདྲི་བར་བྱེད་པ་ནི་ཡང་ཅི་ཞེས་བྱ་བ་ལ་སོགས་པ་སྟེ། ལྷའི་ནང་ནས་ཞེས་བྱ་བ་འདིས་ནི་ལྷའི་འཇིག་རྟེན་དང་འདྲ་བར་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཤིན་ཏུ་རྣམ་པར་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལས་ཡང་དག་པར་བྱུང་བ་མཚོན་པར་བྱེད་པ་ནི་འཛམ་བུའི་གླིང་གི་མི་དག་ལ་ཡང་ཞེས་བྱ་བ་སྟེ། འདིས་ནི་མིའི་འཇིག་རྟེན་དང་འདྲ་བའི་ཉན་ཐོས་ལ་སོགས་པའི་རྒྱུད་ལ་དེའི་ཡོན་ཏན་ཆུང་བ་ཉིད་མཚོན་པར་བྱེད་པ་དེ་བས་ན་ཉན་ཐོས་ལ་
སོགས་པའི་རིང་བསྲེལ་རྣམས་ལ་དེ་དང་རྗེས་སུ་མཐུན་པར་མཆོད་པ་ཞེས་བྱ་བའོ། །ད་ནི་མྱ་ངན་ལས་འདས་པ་ཡང་དེ་བཞིན་གཤེགས་པའི་སྐུ་རྣམས་ཀྱི་མཆོད་པ་ཉིད་ལ་རྒྱུ་མཚན་མཉམ་པས་གསུངས་པ་ནི་དེ་ཕྱུང་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། སྣོད་དུ་གྱུར་པ་ལགས་སོ་ཞེས་བྱ་བ་
ནི་འདིའི་རྗེས་ལ་ཇི་སྲིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འཁྲུངས་པའི་ཕྱིར་མཆོད་པ་བྱ་བ་དང་། ཇི་ལྟར་ཡང་བཅོམ་ལྡན་འདས་གང་ཞིག་དེ་བཞིན་གཤེགས་པའི་སྐུ་རྣམས་ལ་མཆོད་པ་བརྙེས་པ་ཞེས་བྱ་བའི་འདོན་པ་པོ་ཏི་ཁ་ཅིག་ལས་མཐོང་བ་ཡིན་ཏེ། དེ་ཡང་སྔོན་གྱི་པོ་ཏི་རྣམས་
ལ་མ་མཐོང་བ་ཉིད་ཀྱི་ཕྱིར་མངོན་རྟོགས་དང་སྦྱར་བའི་ཡང་དག་པའི་འདོད་པས་བཏགས་པའོ། །གནས་འདི་ལ་ཡང་འདི་རིམ་པ་འདིས་འབྲེལ་པའི་དོན་ཉིད་ཡིན་ཏེ། ཆེན་མོ་རྣམས་ལ་རིན་པོ་ཆེའི་དཔེས་བརྗོད་པས་སོ། །སྔར་ཉིད་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཡོད་པའི་
སངས་རྒྱས་ཐམས་ཅད་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་བསྟན་པས་མཆོད་གནས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ལ་མཚུངས་པ་ཉིད་འདོན་པ་ཡིན་ཏེ། མདོ་ལ་སོགས་པའི་བསྟན་པ་ལ་བཅོམ་ལྡན་འདས་མ་ཉིད་ངེས་པར་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་རྒྱལ་པོ་ལ་ཡང་

དག་པར་བརྟེན་པས་རྒྱལ་པོ་བཞིན་དུ་སྐྱེས་པའི་མཆོད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེས་པ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་རྣམས་ལ་ཞེས་བྱ་བའོ། །དེ་ལ་དཔེའི་དོན་ནི་བསྟན་ཟི