Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 94
Văn bản gốc(Tây Tạng)
Trang 7 / 21 (50.000 ký tự/trang)
ན་ཏོ། །འདིར་དཔེ་དང་པོ་ལ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུས་མདོ་ལ་སོགས་ པའི་བསྟན་པ་མཆོད་པར་བྱ་བ་དེ་བཞིན་དུ་རིང་བསྲེལ་རྣམས་ཀྱང་དེའི་མཐུ་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །དཔེ་ཙམ་གྱི་དོན་ནི་ནོར་བུའི་དཔེའི་རང་བཞིན་མ་ཡིན་ཏེ། འོན་ཀྱང་ནོར་བུ་རིན་པོ་ཆེའི་བདག་ཉིད་ཆེན་པོ་ལས་ཟ་མ་ཏོག་བཞིན་དུ་བཅོམ་ལྡན་འདས་མ་དང་ཐམས་ཅད་མཁྱེན་པའི་ཡེ་ ཤེས་ཀྱི་བདག་ཉིད་ཆེན་པོ་ལས་དེ་བཞིན་གཤེགས་པའི་སྐུ་རྣམས་མཆོད་པར་བྱ་བ་ཞེས་བྱ་བའོ། །དེ་བཞིན་དུ་དཔེ་གཉིས་པ་ལ་ཡང་ཆོས་ཀྱི་སྐུའི་མཐུ་ལས་མཆོད་གནས་ཀྱི་མཆོད་པར་རང་བཞིན་གྱི་དོན་དང་འདྲ་བ་མ་ཡིན་ཏེ། ཆེན་མོ་རྣམས་ཀྱི་གཞུང་ལས་ཀྱང་བཅོམ་ ལྡན་འདས་མ་འདིར་དོར་བ་ཐམས་ཅད་མཐོང་བ་ཡིན་ཏེ། ཕྱིན་ཅི་ལོག་ཏུ་གྱུར་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཆེན་མོ་རྣམས་གཞུང་འདི་ནོར་བུ་རིན་པོ་ཆེའི་དཔེ་ལས་སྔར་འདོན་པ་སྟེ། འདིའི་འོག་ཏུ་གསུངས་པ་ནི་མ་ཡིན་ནོ། །ད་ནི་སླར་ཡང་བརྒྱ་བྱིན་བཅོམ་ལྡན་འདས་མ་ལ་ཤིན་ཏུ་ མཆོད་པར་བྱ་བ་ཉིད་བསྒྲགས་པའི་དོན་དུ་གང་གཱའི་ཀླུང་གི་བྱེ་མ་དང་མཚུངས་པའི་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བའི་དེ་བཞིན་གཤེགས་པའི་སྐུ་རྣམས་ལས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བའོ། །དེ་ལ་རྒྱུ་གསུངས་པ་ནི་བཅོམ་ལྡན་འདས་དེ་བས་ན་ཞེས་བྱ་བ་སྟེ། འདིར་ཡང་རྒྱུ་བསྟན་པས་བཅོམ་ལྡན་འདས་མ་ལ་མཆོད་པ་ལ་སོགས་པར་བསོད་ནམས་མང་བ་ཉིད་བསྟན་པ་འདི་རྣམས་དོན་བརྗོད་པའི་ངོ་བོ་མ་ཡིན་ཏེ་འོན་ཀྱང་དོན་དམ་པ་ཉིད་ཅེས་བྱ་བ་བསྟན་པ་ཡིན་ནོ། །དེ་ལྟར་ཡང་དེ་བཞིན་གཤེགས་པའི་སྐུ་མཆོད་པ་ལས་ཡང་ དག་པར་བྱུང་བའི་བསོད་ནམས་ལས་བཅོམ་ལྡན་འདས་མའི་མཆོད་པའི་བསོད་ནམས་ལ་ཤིན་ཏུ་ལྐོག་ཏུ་གྱུར་པ་གཞན་ཉིད་ཉེ་བར་བསྟན་པ་ཡིན་ནོ། །རིང་བསྲེལ་དང་། མཆོད་རྟེན་མཆོད་པ་ཉིད་ལ་བསོད་ནམས་ཀྱི་ཁྱད་པར་ལ་སློབ་དཔོན་རྣམས་གསེར་གྱི་ལུས་ཅན་གྱི་གཏམ་ བརྗོད་པ་ཡིན་ནོ། །འདི་ལྟ་སྟེ་མཉན་ཡོད་ན་བུད་མེད་ཅིག་ཤོས་ཀྱི་ཁྱིམ་ཐབ་སྨྱུང་བ་བྱས་པ་འདོད་ཆགས་པར་གྱུར་ཏེ། མཆོག་གི་ངོ་བོ་དེ་ནས་གཞོན་ནུ་མ་ཡང་དག་པ་དེའི་གྲངས་སུ་ཡང་དག་པར་བརྗོད་ནས་དེའི་གཟུགས་དང་། ལང་ཚོ་ལ་རྗེས་སུ་ ཆགས་པས་དེའི་ཁྱིམ་དུ་འོངས་ཏེ། དེ་ཡང་དེས་རོལ་པ་དང་བཅས་པས་འཁྱུད་པའི་དོན་དུ་ལྟ་བར་གྱུར་པ་ཉིད་དུས་ལས་འདས་པར་གྱུར་ཏོ། །དེ་ནས་ངོ་མཚར་བ་དང་བཅས་པའི་སྡུག་བསྔལ་དག་གིས་གཞན་གྱི་དབང་དུ་གྱུར་པ་ཉིད་སྐྱེས་པ་གཞན་མཐོང་བར་གྱུར་ཏོ། །ཀྱེ་མ་ འདི་དུར་ཁྲོད་དུ་ཁྱེར་ནས་བོར་བར་གྱིས་ཤིག་ཅེས་སྨྲས་སོ། །དེས་ཀྱང་དེ་ལྟར་རྗེས་སུ་བསྒྲུབས་ནས་ཤི་བ་ཡང་བོར་བ་ཉིད་དེའི་ཕྱི་ནས་ལན་བདུན་གྱི་བར་དུ་དེའི་ཁྱིམ་དུ་སོང་བར་གྱུར་ཏོ། །དེའི་རྗེས་ལ་ཐོ་རངས་འདྲ་བའི་མཚན་མོ་ལ་ཡང་འདི་རང་གི་ཁྱིམ་གྱི་ནང་ཁོ་ནར། དེ་རྐོ་བ་ལ་སོགས་པས་ ནང་ཉིད་དུ་བོར་འདོད་པ་གང་དུ་འདུག་ཅེས་རྐོ་བས་འཛམ་བུ་ཆུ་བོའི་གསེར་གྱི་ལུས་ཅན་དུ་ཤི་བ་པོ་དེ་མཐོང་ནས་ངོ་མཚར་བ་ཡན་ལག་ལས་བྲལ་བའི་དེའི་སོར་མོ་གཅིག་བླངས་ནས་གསེར་མགར་གྱི་དྲུང་དུ་ཉེ་བར་སོང་བར་གྱུར་ཏོ། །དེས་དེ་ཉོས་ནས་རིན་པོ་ཆེ་དང་འདྲ་བ་སྔར་མ་མཐོང་བ་འདི་ལྟ་ བུའི་གསེར་ཞེས་སོར་མོས་བླངས་ནས། རྒྱལ་པོ་གསལ་རྒྱལ་ལ་བྱིན་པ་དེས་ཀྱང་གསེར་འཚོང་བའི་སྐྱེས་པ་བོས་ནས་གཏམ་ཡང་དག་པར་ཉེ་བར་ཐོབ་པ་དྲུང་ན་གནས་པ་འདི་ཉིད་ཀྱི་གནས་སུ་དེ་ནས་སོང་བར་གྱུར་ཏོ། །གསེར་གྱི་ལུས་ཅན་མཐོང་ནས་ཀྱེ་མ་དགེ་བའི་ལས་རྣམས་ཀྱི་རྣམ་ པར་སྨིན་པ་ཡོངས་སུ་སྨིན་པ་ངོ་མཚར་བའི་བློ་ཅན་གྱིས་འདིའི་ལས་ཅི་ཞིག་བྱས་ཞེས་ཤེས་པར་འདོད་པས། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དེ་ཉིད་ན་བཞུགས་པའི་གན་དུ་ཉེ་བར་སོང་ནས་ལས་ཀྱི་རྣམ་པར་སྨིན་པ་དྲིས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་ ཐམས་ཅད་ལུང་བསྟན་ཏེ། བསྐལ་པ་བརྒྱ་ཕྲག་མང་པོའི་འོག་ཏུ་སྐྱེས་པ་འདི་ཤིན་ཏུ་དབུལ་པོའི་དཀའ་ལས་བྱེད་པའི་དོན་དུ་དགོན་པར་ཉེ་བར་ཞུགས་སོ། །དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་རྙིང་པ་རྒྱ་དང་རྩྭ་ལ་སོགས་པ་རྣམས་ཀྱིས་ཁྱབ་པར་མཐོང་བར་གྱུར་ པ་དང་། དེ་དེར་རང་གི་ནུས་པས་མཆོད་རྟེན་གྱི་ཁོར་ཡུག་གི་རྒྱ་དང་རྩྭ་ལ་སོགས་པ་ཡང་དག་པར་བྲལ་བར་བྱས་ནས་དད་པ་མཆོག་ཏུ་གྱུར་པ་དང་ལྡན་པས་དགོན་པ་དེ་ཉིད་ལ་བར་དུ་མེ་ཏོག་འབྱུང་བའི་མེ་ཏོག་བཏུས་ནས་གསེར་གྱི་ཁ་དོག་ཅན་གྱི་མེ་ཏོག་རྣམས་ཀྱིས་རིང་བསྲེལ་གྱི་མཆོད་རྟེན་ དེ་མཆོད་པར་གྱུར་ཏོ། །བདག་གིས་ངེས་པར་སྡིག་པ་མང་པོ་བྱས་ཞེས་ཀྱང་བསམས་པར་གྱུར་ཏེ། བརྒྱ་ལམ་ན་ཡང་གཞན་གྱིས་རྗེས་སུ་བཟུང་བའི་ཆས་མ་བྱས་སོ། །དེས་ན་འདི་ལྟ་བུའི་གནས་སྐབས་ཉམས་སུ་མྱོང་བ་དེས་ན་བདག་བསོད་ནམས་འདིས་སྐྱེ་བ་ཐམས་ཅད་དུ་གང་ གི་ཚེ་གདོན་མི་ཟ་བར་བྱེད་པ་ཞེས་མ་ངེས་པའི་བློ་ཅན་བདག་མི་འབྱུང་བ་དེའི་ཚེ། བདག་གིས་སྡིག་པ་མ་བྱས་པ་ཉིད་ཀྱིས་སྲོག་དང་བྲལ་བར་འགྱུར་བ་དག་གི་ལུས་འདི་ཤི་བ་ན་ཡང་གསེར་གྱི་རང་བཞིན་དུ་གྱུར་ནས་གཞན་རྣམས་ལ་དབུལ་བ་རབ་ཏུ་ཞི་བའི་དོན་དུ་སྐྱེ་བ་ཐམས་ཅད་དུ་ཉེ་བར་ མཁོ་བར་གྱུར་ཅིག་ཅེས་སྨོན་ལམ་ཡང་བྱས་པར་གྱུར་ཏེ། དེ་ནས་འཆི་འཕོ་བ་འདི་བསྐལ་པ་བརྒྱ་ཕྲག་མང་པོར་བསོད་ནམས་དེ་ཉིད་ཀྱིས་ལྷ་དང་མི་རྣམས་ཀྱི་ནང་དུ་རྒྱལ་སྲིད་སྟོང་ཕྲག་རྣམས་བྱས་པར་གྱུར་ཏོ། །བདེ་བ་སྟོང་ཕྲག་རྣམས་ལ་ཡང་ཉེ་བར་ལོངས་སྤྱོད་པར་གྱུར་ཏོ། །བསོད་ ནམས་དང་སྨོན་ལམ་དེ་དག་ཉིད་ཀྱིས་འདིའི་སྡིག་པ་བྱེད་པར་འདོད་པ་ལས་དེ་བཞིན་འཆི་བ་སྟེ། ཤི་ནས་ཀྱང་གསེར་གྱི་ལུས་ཉིད་འདིར་སྐྱེ་བ་འདི་ལ་ཡང་དག་པར་འབྱུང་བར་ཉེ་བར་སོང་ཡང་སྤྲུལ་པ་ཐོབ་པའི་དོན་དུ་འདིའི་བསོད་ནམས་ཀྱི་ཕུང་པོ་འདི་ད་ལྟར་ཡང་གནས་པ་ ཡིན་ཞེས་བཅོམ་ལྡན་འདས་མ་མཆོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་བྱས་པར་འགྱུར་ཞེས་ཉེ་བར་བསྟན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ལ་སོགས་པ་མཐོང་བ་ལ་ཡང་བཅོམ་ལྡན་འདས་མ་ཉིད་ཐོབ་པར་བྱེད་པ་ཞེས་གསུངས་པ་ནི། བཅོམ་ལྡན་ འདས་གཞན་ཡང་ཞེས་བྱ་བ་ལ་སོགས་པའོ་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་མ་འདས་པའི་ཕྱིར་སྲོག་གི་དབང་པོའི་རྒྱུན་གྱིས་ལུས་ལ་ནད་མེད་པའི་ཕྱིར་རོ། །འཚོ་ཞིང་ཞེས་བྱ་བ་ནི་གློ་བུར་བའི་ནད་མེད་པའི་ཕྱིར་རོ། །གཞེས་པའི་ཞེས་བྱ་བ་ནི་དུས་ལས་གཞེས་པས་སོ། །ཡང་ན་ བཞུགས་ཏེ་ཆོས་ཀྱི་སྐུས་གནས་པ་ཉིད་ཀྱི་ཕྱིར་རོ། །འཚོ་ཞིང་ལོངས་སྤྱོད་རྫོགས་པའི་སྐུས་སོ། །གཞེས་པ་ནི་སྤྲུལ་པའི་སྐུས་སོ། །ཆོས་ཉིད་དུ་ཞེས་བྱ་བ་ནི་ཆོས་ཀྱི་སྐུས་སོ། །འདི་ཡང་གཙོ་བོ་གཉིས་ཀྱི་མཚན་ཉིད་ནི་གཟུགས་ཀྱི་སྐུ་དང་ ཡེ་ཤེས་ཀྱི་སྐུ་དག་གིས་ཡང་ལྟ་བར་འདོད་པས་སོ། །དེ་ལྟ་ན་ཡང་ཆེན་མོ་རྣམས་ལ་ཡང་ཆོས་ཀྱི་སྐུ་དང་། གཟུགས་ཀྱི་སྐུ་དང་། ཡེ་ཤེས་ཀྱི་སྐུས་ལྟ་བར་འདོད་པ་ཞེས་བྱ་བ་འབྱུང་བ་ཡིན་ནོ། །ཡེ་ཤེས་ཀྱི་སྐུ་ནི་ཡེ་ཤེས་ཀྱི་ཕུང་པོའོ། །བརྒྱ་བྱིན་གྱིས་སྨྲས་པ། བཅོམ་ ལྡན་འདས་དེ་དེ་བཞིན་ཏེ་ཞེས་དུས་སུ་མཁྱེན་ནས་དེར་རྒྱུ་གསུངས་པ་ནི་ཀཽ་ཤི་ཀ་འདས་པའི་ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་ཐམས་ཅད་ཀྱིས་ཡང་དག་པའི་བྱང་ཆུབ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འཁྲུངས་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་སྐུ་ལ་སོགས་པ་མཐོང་བ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་པའི་འབྲས་བུ་རིགས་པ་ཡིན་ཞེས་བྱ་བའི་དགོངས་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པའོ། །དོན་དམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོངས་པས་གསུངས་པ་ཡིན་ཏེ། དེའི་ཆོས་ཐམས་ཅད་མི་དམིགས་པའི་སྦྱོར་བས་ལྟ་བར་ བྱེད་པ་ན་ནམ་མཁའ་ལྟར་ཡུལ་ཆེ་བར་འགྱུར་ཏེ། །ཡུལ་ཆེ་བ་ཉིད་བསྟན་པར་བྱེད་པ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པའོ། །རབ་ཏུ་མཁྱེན་པའི་ཞེས་བྱ་བ་ནི་མི་དམིགས་པའི་སྦྱོར་བས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསལ་བར་བྱེད་པ་ནི་ཡང་དག་པར་ གཟིགས་ཞེས་བྱ་བའོ། །གསལ་བར་བྱེད་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། བཅོམ་ལྡན་འདས་མའི་བདག་ཉིད་ཆེན་པོ་ཐོས་པས་ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ལ་སྦྱོར་བ་མེད་པ་དང་ཡང་དག་པར་སྲིད་ཅིང་འདྲི་བར་བྱེད་པ་ནི་དེ་ནས་ཞེས་ བྱ་བ་ལ་སོགས་པའོ། །ཐམས་ཅད་ལ་ཞེས་བྱ་བ་ནི་ཐབས་སུ་གྱུར་པའི་སྦྱིན་པ་ལ་སོགས་པ་མེད་པར་ཡང་དག་པའི་བྱང་ཆུབ་མི་འགྲུབ་པའི་ཕྱིར་རོ། །ཇི་སྐད་དུ་གསུངས་པ། བརྟན་པ་རྣམས་ཀྱི་ཡང་དག་སྦྱོར། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །ཞེས་བྱ་བའོ། །འོ་ན་ཇི་ལྟར་བཅོམ་ལྡན་འདས་མ་ གཙོ་བོ་ཡིན་ཞེ་ན། གསུངས་པ། ཀཽ་ཤི་ཀ་འོན་ཀྱང་ཞེས་བྱ་བ་ལ་སོགས་པའོ། །ཐབས་མཁས་པས་ཡོངས་སུ་ཟིན་ཅིང་ཞེས་བྱ་བ་ནི་འདི་ཉིད་རྣམ་པ་གཉིས་སུ་བྱས་ནས་བསྟན་པར་བྱེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྔོས་པས་ཞེས་བྱ་བ་ལ། དེས་རང་རང་གི་ངོ་བོ་ མི་དམིགས་པའི་རང་བཞིན་སྒྱུ་མ་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་བསྔོ་བ་རྣམས་ལའོ། །དོན་ནི་འདི་ཡིན་ཏེ་བྱང་ཆུབ་སེམས་དཔའ་ནི་སྙིང་རྗེས་ཁེངས་པར་གྱུར་པ་སེམས་ཅན་ཐམས་ཅད་ལ་ཇི་ལྟར་འདོད་པ་ཐམས་ཅད་སྟེར་བར་བྱེད་དེ། དེ་ཡང་སྦྱིན་པ་ཞེས་དེ་ལྟར་མངོན་པར་བརྗོད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ནོ། །གང་གི་ཚེ་སྦྱིན་པའམ་མི་སྦྱིན་པ་ཡང་རྣམ་པར་དག་པར་བྱེད་པ་དེའི་ཚེ་ཕ་རོལ་ཏུ་ཕྱིན་པ་ཞེས་མིང་ཐོབ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ལ་ཀུན་ཏུ་འགྲོ་བའི་ཆོས་ཀྱི་དབྱིངས་སོ་ སོར་རྟོགས་པ་ནས་བརྩམས་ཏེ་སྦྱོར་བ་ཐམས་ཅད་ལ་རྗེས་སུ་ཚོལ་བ་ལ་མངོན་སུམ་དུ་མཐོང་བས་དེ་བཞིན་ཉིད་ཉེ་བར་གནས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ཡང་སྦྱིན་པའི་དུས་ལ་ཡང་སྦྱིན་པར་ནུས་པ་དང་། སོ་སོར་བཟུང་བའི་དོན་དུ་ཡང་མ་ཡིན་ནོ། །དེ་བས་ན་དོན་དམ་པར་ཡོངས་སུ་གཏོང་ བ་ཞེས་བྱ་བ་འགའ་ཞིག་མེད་དེ། གང་ཞིག་བཟའ་བ་དང་། བཏུང་བ་དང་། གནས་མལ་ལ་སོགས་པ་ཡོངས་སུ་གཏོང་བ་དེ་ནི་ཀུན་ཏུ་བརྟགས་པའི་ཆོས་ལ་བརྟེན་པ་ཉིད་ཀྱི་ཕྱིར་རྨི་ལམ་བཞིན་དང་སྒྱུ་མ་བཞིན་དུ་མི་བདེན་པའོ། །དེ་ལྟར་ན་སྦྱིན་པར་བྱ་བ་འགའ་ཞིག་དང་དངོས་པོ་སྦྱིན་པར་ བྱ་བ་ཉིད་དང་སློང་བ་པོའི་བདག་ཉིད་སོ་སོར་ལེན་པ་པོ་ཉིད་ཀྱིས་དམིགས་པའི་རང་བཞིན་དང་བྲལ་བ་ཉིད་ལ་བརྟེན་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནི་ཐོག་མར་སྙིང་རྗེའི་སྟོབས་ཀྱིས་ཀུན་རྫོབ་ཀྱི་ཚུལ་ལ་ཞོན་ནས་འཇིག་རྟེན་པའི་སྤྱོད་པའི་དབང་གིས་སྦྱིན་པ་བྱེད་དེ། དོན་ དམ་པའི་ཚུལ་ལ་གནས་ནས་འཇིག་རྟེན་ལས་འདས་པའི་སྤྱོད་པའི་དབང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྦྱོང་བར་བྱེད་དོ། །དེ་བས་ན་སྙིང་རྗེས་ཀུན་རྫོབ་ལ་གནས་ནས་བསམ་པ་དག་པ་ལས་རྟོགས་པར་བྱེད་དེ། ཤེས་རབ་ཀྱིས་དོན་དམ་པ་ལ་གནས་ནས་སྦྱོར་བ་རྣམ་པར་དག་པས་སྦྱོང་ བར་བྱེད་པ་དེའི་ཕྱིར་སྙིང་རྗེ་ལས་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་ཉིད་ཀྱི་ཕྱིར་བསོད་ནམས་ཀྱི་ཚོགས་ཀྱིས་བགྲང་བར་བྱེད་དེ། ཤེས་རབ་ཀྱིས་བྱང་ཆུབ་ཀྱི་དོན་ཉིད་ཀྱི་ཕྱིར་ཡེ་ཤེས་ཀྱི་ཚོགས་ལའོ། །དེའི་ཚེ་ཉིད་ལ་འདི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་ བརྗོད་པ་ཡིན་ནོ། །འདིས་ཀྱང་དེའི་ཚེ་སེམས་བསྐྱེད་པ་དང་པོ་ལ་དམིགས་པར་གྱུར་པ་སེམས་ཅན་དང་བྱང་ཆུབ་དག་ཡོངས་སུ་འདོར་བ་མ་ཡིན་ནོ་ཞེས་བྱ་བ་འདི་ཉིད་བདེན་པའི་དོན་གྱིས་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་འགྱུར་བ་ཡིན་ནོ། །མོས་པས་སྤྱོད་པའི་ས་ལ་ནི་བྱང་ཆུབ་སེམས་ དཔའ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པ་པ་མ་ཡིན་ནོ། །དེ་ལྟར་ན་མི་དམིགས་པ་གསུམ་གྱིས་སྦྱིན་པའོ། །གཞན་ཤིན་ཏུ་འགལ་བ་ཡང་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་དབང་གིས་མི་འགལ་བཞིན་དུ་འཇུག་པ་ཡིན་ཏེ། དེའི་ཀུན་རྫོབ་འཛིན་པར་བྱེད་པའི་ སྙིང་རྗེ་དང་དོན་དམ་པ་འཛིན་པར་བྱེད་པའི་ཤེས་རབ་ཐང་ལ་རྒྱུ་བ་དང་། ཆུ་ལ་རྒྱུ་བའི་སྲོག་ཆགས་ཀྱི་སྦྱོར་བ་བཞིན་དུ། ཤིན་ཏུ་འགལ་བའི་སྦྱོར་བ་ཡང་འགལ་བ་མེད་པ་དང་། གྲོགས་པོར་བྱས་ནས་ཅིག་ཅར་སྒྲུབ་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་གཉིས་ བྱང་ཆུབ་ཀྱི་མཐར་ཐུག་པ་སྒྲུབ་པར་བྱེད་ཅིང་ཤིན་ཏུ་ཕན་འདོགས་པར་བྱེད་པ་ཞེས་བརྗོད་པ་ཡིན་ནོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་འཁོར་གསུམ་ཡོངས་སུ་དག་པ་རྟོགས་པར་བྱའོ། །བདག་ནི་ཚུལ་ཁྲིམས་དང་ལྡན་ནོ། ། འདི་ནི་ཚུལ་ཁྲིམས་སོ། །འདི་ནི་ཚུལ་ཁྲིམས་འཆལ་པའོ་ཞེས་གསུམ་མི་དམིགས་པ་དང་། བདག་ནི་བཟོད་པ་དང་ལྡན་ནོ། །འདི་ནི་བཟོད་པའོ། །འདི་ནི་ཁྲོ་བའོ་ཞེས་གསུམ་མི་དམིགས་པ་དང་། བདག་ནི་བརྩོན་འགྲུས་དང་ལྡན་ནོ། །འདི་ནི་བརྩོན་འགྲུས་སོ། །ལེ་ལོ་ ལ་སོགས་པ་མི་དམིགས་པ་དང་། མཉམ་པར་གཞག་པ་དང་། ཏིང་ངེ་འཛིན་དང་། རྣམ་པར་གཡེང་བ་མི་དམིགས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤེས་རབ་ཅན་དང་། ཤེས་རབ་དང་། ཤེས་རབ་འཆལ་པ་མི་དམིགས་སོ། ། འོན་ཏེ་དེ་ཉིད་ལ་གནས་ནས་དེ་ཉིད་ལ་ཇི་ལྟར་རྣམ་པར་དག་པ་ཡིན་སྙམ་ན། དོན་ནི་འདི་ཡིན་ཏེ་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཆོས་འགའ་ཞིག་དོན་དམ་པར་ཡོད་པ་མ་ཡིན་པ་དེ་བས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་རྟོག་པ་མེད་པའི་བདག་ཉིད་ཅན་ རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་འགྱུར་བ་དེའི་ཚེ། ཁམས་གསུམ་པོ་ནི་དེ་བཞིན་ཉིད་ཙམ་ཞེས་བྱ་བ་ལ་སོགས་པ་ཀུན་རྫོབ་ཀྱི་རྣམ་པར་སྐྱེ་བར་འགྱུར་བ་སྦྱོར་བའི་ལམ་གྱིས་ཡང་དག་པར་བསྡུས་པ་ཤེས་རབ་ཀྱིས་རྣམ་པར་རྟོག་པ་བྱས་པ་ཡང་རྣམ་ པར་མི་རྟོག་པའི་ཤེས་རབ་ཀྱིས་ཡོངས་སུ་འཛིན་པ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པ་ཡིན་ནོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད་པ་ཡིན་ཞེས་བྱ་བའོ། །དེ་ལྟར་ན་ཡང་ཇི་སྐད་དུ། ཆོས་རྣམས་ ཡང་དག་པར་མཐོང་བར་གྱུར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་སྔོན་དུ་འགྲོ་བ་ཡིན་ཞེས་བྱ་བའོ། །དེར་ཡང་དང་པོར་ནི་ལམ་གྱི་རང་བཞིན་ཏེ། རྣམ་པར་རྟོག་པ་དང་བཅས་པ་ཆོས་སོ་སོར་རབ་ཏུ་འབྱེད་པའོ། །རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་སྔོན་དུ་ འགྲོ་བ་ཞེས་བྱ་བའོ། །བྱེ་བྲག་མེད་ཅིང་ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་གི་རང་བཞིན་དུ་སྐྱེས་པ་རྣམས་ཀྱི་དེ་ལས་དེ་རྣམས་བྱེ་བྲག་ཡོད་པ་མ་ཡིན་ནོ། །ཐ་དད་དུ་བྱ་བ་མི་དམིགས་པ་ནི་དེ་རྣམས་དེ་ལྟ་བུར་བྱས་པ་ལ་ཐ་དད་པར་བྱས་ནས་འགའ་ཞིག་ཏུ་བྱ་བ་ཉེ་བར་ སྦྱོར་བ་ཡང་ཡོད་པ་མ་ཡིན་ཏེ། འདི་ཉིད་ལ་དཔེ་གསུངས་པ་ནི། འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པའོ། །དེ་དག་གི་གྲིབ་མ་བྱེ་བྲག་མེད་ཅིང་ཞེས་བྱ་བ་ནི་ཤིང་སྤངས་ནས་རང་དགར་འགའ་ཞིག་ཏུ་དོན་བྱ་བ་ལ་ཉེ་བར་སྦྱོར་བ་གྲིབ་མ་ལ་མེད་ཅེས་བྱ་བའི་དོན་ཏོ། །ཐ་དད་པ་བྱ་ བ་ནི་མངོན་ཞེས་བྱ་བ་ལ་ཤིང་ལས་ཐ་དད་པ་བྱས་ཏེ། འགའ་ཞིག་ཏུ་དོན་གྱི་བྱ་བ་ལ་ངེས་པར་སྦྱར་བའི་དོན་དུ་ནུས་པ་མ་ཡིན་ནོ། །གྲིབ་མ་གྲིབ་མ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཞེས་བྱ་བ་ནི་ཤིང་འདིའི་གྲིབ་མ་འདི་ཞེས་བྱ་བ་བགྲང་བ་ཡིན་ཏེ། ཤིང་གཞན་བཞིན་དུ་ཡང་རང་དགར་བགྲང་ བ་མ་ཡིན་ནོ། །དེ་བས་ན་ཇི་ལྟར་ཤིང་ལ་བརྟེན་པའི་གྲིབ་མ་ཤིང་ལས་ཐ་དད་པ་འགའ་ཞིག་ཏུ་ཉེ་བར་སྦྱོར་བ་མ་ཡིན་པ་དེ་བཞིན་དུ། ཤིང་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲིབ་མ་བཞིན་དུ་དེ་ལས་གཞན་རྣམས་ནི་དེ་ལ་བརྟེན་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ ཡང་ཤིང་གི་དཔེ་ལ་ཤིང་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གྲིབ་མ་བཞིན་དུ་དེ་ལས་གཞན་རྣམས་ཞེས་བྱ་བ་ཉི་ཁྲིའི་གཞུང་འགྲེལ་ལས་སོ། །སྣ་ཚོགས་པའི་ཤིང་གི་དཔེ་ནི་ཤིང་ཐམས་ཅད་ཀྱི་གྲིབ་མ་ལ་དེའི་ཚེ་ན་ཡང་དེ་ཁོ་ན་ཉིད་དུ་ཤིང་འགའ་ཞིག་ལ་ཡང་རང་དགའི་གྲིབ་ མ་མེད་ཅེས་བྱ་བ་བསྟན་པའི་དོན་དུའོ། །ཇི་ལྟར་ཡང་བཤད་པར་བྱེད་པ་སྦྱིན་པ་ལ་སོགས་པ་རྣམས་ཀྱི་ཀུན་རྫོབ་ཏུ་རང་བཞིན་གྱིས་ཐ་དད་པ་རྣམས་ལ་ཡང་མེ་ཏོག་སྣ་ཚོགས་པ་ལ་སོགས་པ་ཤིང་གི་དཔེ་སྟེ་གྲིབ་མ་ནི་རོ་གཅིག་པ་ཐབས་མཁས་པ་ཡོངས་སུ་འཛིན་པ་རྣམས་ཀྱི་དཔེ་ཞེས་ བྱ་བ་དེ་ནི་རིགས་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོ་ཡིན་ཏེ། གཞན་རྣམས་དེ་ལ་བརྟེན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་ལ་གཙོ་བོ་ཉིད་ཀྱི་ཕྱིར་རོ། །ཡོན་ཏན་ཆེན་པོ་དང་ལྡན་ནོ་ཞེས་བྱ་བ་ནི་ཇི་ལྟར་བཤད་པའི་ཆེན་པོ་ཉིད་དང་སྦྱར་བས་སོ། །གཞན་དུ་ན་མ་མཆིས་པ་ཞེས་ བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཁོངས་སུ་བསྡུ་བའི་ཕྱིར་རོ། །མུ་མ་མཆིས་པས་ཞེས་བྱ་བ་ནི་ལམ་དང་ཡོངས་སུ་བསྔོ་བ་སྦྱོར་བས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བའི་ཕྱིར་ཞེས་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཙོ་བོ་ཉིད་ཀྱི་ཕྱིར་ཡོན་ཏན་གང་ཞིག་དེ་རྣམས་ཡོངས་ སུ་བརྗོད་པའི་ལེའུ་ནི་དེ་ལྟར་བརྗོད་པ་སྟེ་ལེའུ་བཞི་པའོ།། །།གསུངས་པའི་རིམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ལ་རང་ཉིད་ཀྱིས་མཆོད་པའི་འབྲས་བུ་ཉེ་བར་བསྟན་པ་ལ། མཆོད་པ་ལ་སོགས་པའི་དོན་དུ་བཅོམ་ལྡན་འདས་མའི་གླེགས་བམ་ཡང་དག་པར་འཛིན་ པ་རང་ཉིད་ཀྱིས་མཆོག་གི་ལེགས་པའི་རྒྱུ་ཅི་ཞིག་ཡིན་ནམ། འོན་ཏེ་གཞན་དེ་དོན་དུ་གཉེར་བ་རྣམས་ལ་སྔོ་བར་བྱེད་པ་ཅི་ཞིག་ཡིན་ཞེས་བརྒྱ་བྱིན་ཡང་དག་པར་འོས་པའི་བྱ་བ་ངེས་པའི་དོན་དུ་འདྲི་བར་བྱེད་པ་ནི་བཅོམ་ལྡན་འདས་གང་ཞེས་བྱ་བ་ལ་སོགས་པ་དང་། གང་ཞིག་ལྷག་ པར་མོས་ཤིང་ཞེས་འབྲེལ་ཏོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ལ། ངེས་པ་སྐྱེད་པར་བྱེད་པ་མེད་པ་ངེས་པར་བསྟན་པ་མེད་ཅེས་ཅི་ཞིག་ཅེ་ན། གསུངས་པ་ནི་འདི་ལ་ཉན་ཅིང་ཞེས་བྱ་བ་ལ་སོགས་པའོ། །ཅི་ཞིག་བྱས་ནས་ཞེས་གསུངས་པ་ནི་བྱང་ཆུབ་ཅེས་བྱ་བ་སྟེ། བྱང་ཆུབ་ཀྱི་དོན་ དུ་སེམས་བསྐྱེད་ནས་སོ། །ཇི་ལྟ་བུ་ཡིན་ཞེ་ན། སེམས་དང་བས་སོ། །འདི་ཉིད་ལ་ཅི་ལྟར་ལྷག་པར་མོས་པར་འགྱུར། འདི་ནི་ཕྱིན་ཅི་ལོག་མེད་པ་ཉིད་ཀྱིས་ཉེ་བར་བཟུང་ནས་དེ་ཡང་དད་པས་ཞེས་བསྟན་པའི་དོན་དུ་གསུངས་པ་ནི་མངོན་པར་དད་དེ་ཞེས་བྱ་བ་ལ། འདི་ཉིད་ནི་ རྒྱུ་ལ་ཤན་ཏྲིམ་གྱི་རྐྱེན་ནོ། །གོང་མའི་འོག་མས་མངོན་པར་གསལ་བར་བྱེད་པ་ནི་རྟོག་ཅིང་ཞེས་བྱ་བ་ལ། དགེ་བའི་ཆོས་ཀུན་ལ་གནས་པ་འདི་ལ་དེའི་ཕྱིར་བསམ་པ་སྟེ་ཆུའི་རྟེན་བཞིན་ཏེ། དེ་ཡང་དད་པ་དང་། འདུན་པ་དག་གོ། །མཆོག་ཉིད་ཀྱི་བསམ་པ་ནི་ལྷག་པའི་བསམ་པ་སྟེ། དེས་ ཉན་ཅིང་གཞུང་གིས་སོ། །འཛིན་པ་ཞེས་བྱ་བ་ནི་གཞན་ལ་བསྟན་པ་འཛིན་པ་སྟེ། འདོན་ཅིང་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་དོན་ནི་མི་བརྗེད་པའོ། །མི་བརྗེད་པའི་རྒྱུ་འདོན་པར་མི་ནུས་པ་ལ་ཀློག་པར་བྱའོ། །ཀློག་པ་ཙམ་ཡང་རེ་ཞིག་བྱ་ཞེས་བྱ་བའི་དོན་ཏོ། །འདི་རྣམས་ཀྱི་དོན་ ལ་ཡི་གེ་རྣམས་ལ་སྒྲུབ་པ་དང་། དོན་ལ་སྒྲུབ་པ་གསུངས་པ་ནི་ཀུན་ཆུབ་པར་བགྱིད་པ་ཞེས་བྱ་བ་ལ། ཀུན་ལས་ནང་གི་བདག་ཉིད་དུ་དོན་གྱི་ཆུབ་པ་ནི་ཀུན་ཆུབ་པ་སྟེ། གཞན་ལས་དོན་ཐོས་པའི་ཕྱིར་དང་ནང་གི་བདག་ཉིད་དུ་ཡང་བསམ་པའི་ཕྱིར་རོ། །དེ་ལྟར་ན་ཚིག་གི་དོན་ལེགས་ པར་བཟུང་བར་འགྱུར་རོ། །ཇི་སྐད་དུ་གསུངས་པ། དོན་རྟོགས་པ་ནི་ཀུན་ཆུབ་པ་སྟེ་དོན་གཞན་ལས་ནང་གི་བདག་ཉིད་དུ་ཐོབ་པ་ལ་ཐོས་པ་དང་། བསམ་པའི་ཕྱིར་ཞེས་བྱ་བའོ། །རབ་ཏུ་འདོན་པ་དང་ཞེས་བྱ་བ་ནི་ཡི་གེ་དང་དོན་དག་ལ་རྟོགས་པ་ལེགས་པར་འཇུག་པའི་དོན་དུ་བྱ་ ཞེས་བྱ་བའི་དོན་ཏོ། །སྟོན་པ་དང་ཞེས་བྱ་བ་ནི་འདི་ལྟར་ཁོ་བོ་ཅག་གིས་འདིའི་ཡི་གེ་རྣམས་བཟུང་བར་བྱས་པ་དེ་རྣམས་དེ་ལྟར་ཡིན་ཞེས་ཅི་དགེ་བའི་བཤེས་གཉེན་ལ་སོགས་པ་རྣམས་དང་ལྷན་ཅིག་ཏུ་མི་སླུ་བར་བྱེད་པའོ། །ཉེ་བར་སྟོན་པ་ཞེས་བྱ་བ་ནི་འདི་ལྟར་འདིའི་དོན་ཁོ་བོ་ཅག་གིས་ཀུན་ ཆུབ་པར་བྱས་པ་དེ་ལྟར་ཡིན་ནམ་ཅི་ཞེས་བྱ་བ་ཕྲད་པའི་དོན་དུའོ། །ལུང་འབོགས་པ་ཞེས་བྱ་བ་ནི་གཉིས་གཅིག་ཏུ་བྱས་ནས་ཕྲད་པའི་དོན་དུའོ། །ཁ་ཏོན་བགྱིད་པ་ཞེས་བྱ་བ་ནི་ལེགས་པར་གཟུང་བའི་ཡི་གེའི་དོན་ཡང་ལེགས་པར་གཟུང་བར་འགྱུར་ཞེས་བྱ་བའོ། ། ཡི་གེ་ནི་ཡང་དང་ཡང་དུ་འདོན་པས་ལེགས་པར་གོམས་པར་བྱ་བའོ། །ཡི་གེ་དང་དོན་དག་གི་སྒྲུབ་པ་འདི་ནི་བདག་གི་ཡོངས་སུ་སྨིན་པའི་དོན་དུའོ། །དེའི་ཕྱིར་གཞན་དོན་གསུངས་པ་ནི་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དང་ཞེས་བྱ་བའོ། །ཡི་གེ་དང་དོན་གྱིས་ཀྱང་གསུངས་པ་ ནི་འདིའི་དོན་རྣམ་པར་འགྲེལ་པ་དང་ཞེས་བྱ་བའོ། །རང་དང་གཞན་དང་གཉིས་ཀའི་དོན་དུ་གསུངས་པ་ནི་ཡིད་ཀྱིས་རྗེས་སུ་རྟོགས་པ་ཞེས་བྱ་བ་ལ། །འདི་ནི་འདི་ལྟར་ཡིན་ཞེས་དོན་ངེས་པར་འཛིན་པས་སོ། །ཐོག་མ་དང་བར་མ་དང་ཐ་མར་དགེ་བ་ཉིད་ཀྱིས་དྲང་སྲོང་གི་ཉིད་དུ་ངེས་པའི་དོན་དུ་གསུངས་ པ་ནི་ཇི་ལྟ་བུར་གྲུབ་པའི་ཤེས་རབ་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། མཆོད་པ་བྱ་བའི་སྤྱོད་པ་ནི་འདིར་ཡོངས་སུ་སྤྱོད་པར་བགྱིད་པའོ། །འདི་ཙམ་གྱིས་སྤྱོད་པ་བསྟན་ཏོ། །དེ་མེད་པ་ལ་ཕྱོགས་གཞན་གསུངས་པ་ནི་དེ་ཉིད་ཀྱི་ཕྱིར་ཆུང་ངུ་ནའི་སྒྲའོ། །འཆང་བ་ཞེས་བྱ་བ་ནི་ཆུད་མ་ཟོས་པས་བྱས་པའོ། ། འཇོག་པ་དང་ཞེས་བྱ་བ་ནི་རང་གི་ཁྱིམ་ལ་སོགས་པ་ལ་བསྔགས་པ་རྣམ་པ་གསུམ་གྱིས་སོ། །དམ་པའི་ཆོས་ཡུན་རིང་དུ་གནས་པ་དང་ཞེས་བྱ་བ་ནི་མ་འོངས་པའི་དུས་སུ་ཐེག་པ་ཆེན་པོའི་བསྟན་པ་རིང་དུ་གནས་པའི་དོན་དུའོ། །འདི་ནི་བསྔགས་པ་དང་པོ་ཡིན་ཏེ་གཉིས་པ་གསུངས་པ་ནི་སངས་རྒྱས་ ཀྱི་ཆོས་ཞེས་བྱ་བ་ནི་སངས་རྒྱས་རྣམས་ལ་སངས་རྒྱས་ཀྱིས་ཡོངས་སུ་ཐོབ་པར་བྱེད་པ་འདི་ཡིན་ཞེས་བྱ་བའོ། །འདིས་ནི་སངས་རྒྱས་ཀྱིས་རྒྱུད་ལ་སྐྱེས་པའི་རྒྱུ་ཉིད་གསུངས་སོ། །གསུམ་པ་གསུངས་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་འགྲོ་བ་ལ་ཕན་པར་བྱེད་པ་ལ་འཇུག་པ་སྟེ། དེའི་ཕྱིར་ ཉན་ཐོས་ལ་སོགས་པ་རྣམས་ལས་དེ་རྣམས་རྗེས་སུ་བཟུང་བ་ནི་དོན་ཆེན་པོའོ། །དེ་ལ་ལས་དང་པོ་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་། འཆང་བ་མངོན་པར་བརྩོན་པ་རྣམས་ལ་བསོད་ནམས་མང་བ་ཉིད་ཐོབ་པ་ལ་སོགས་པ་རྣམས་ཀྱིས་བཅོམ་ལྡན་འདས་མ་ལ་ལྷག་པར་མོས་པ་རྙེད་པའོ། །དེ་ནས་ བྱང་ཆུབ་ལས་ཕྱིར་མི་ལྡོག་པའོ། །ཡོངས་སུ་སྨིན་པའི་རྒྱུད་རྣམས་ལ་ནི་ཟབ་མོའི་དོན་ལ་རྗེས་སུ་ཞུགས་པའོ། །རང་གི་རྒྱུད་ལ་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་ནི་ཕན་གདགས་པའོ། །དེའི་སྒྲུབ་པ་ནི་ཉེ་བར་འདྲེན་པ་སྟེ། དེ་ཡང་བགྱིས་པར་འགྱུར་ཞེས་བྱ་བས་ཡང་འདི་གཞག་པའོ་ ཞེས་བྱ་བའི་སྒྲ་ནི་སྔར་གྱི་དང་འབྲེལ་པར་བྱས་ཏེ་མ་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །འདི་ཙམ་གྱིས་ནི་བྱ་བ་ནི་ཉེ་བར་བསྟན་པ་རྣམ་པ་གཉིས་སུ་གསུངས་སོ། །བསྟན་པ་འདི་ཞེས་བྱ་བ་ནི་བྱ་བ་ཉེ་བར་བསྟན་པའོ། །འདི་ལྟར་དོན་ཆེ་བ་ཞེས་བྱ་བ་ལ་སོགས་པ་ནི་ཆེན་པོའི་དོན་འབྲས་བུ་འདི་ ལ་ཡོད་པས་ན་དོན་ཆེན་པོ་སྟེ། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་ལ་སོགས་པའི་དོན་བྱས་པའི་ཕྱིར་རོ། །ཕན་ཡོན་ཆེ་བ་ཞེས་བྱ་བ་ནི་ཇི་ལྟར་གསུངས་པའི་ཕན་ཡོན་རྣམས་ཀྱིས་སོ། །འབྲས་བུ་ཆེ་བ་ནི་ཆོས་ཀྱི་སྐུ་ཐོབ་པའི་ཕྱིར་རོ། །རྣམ་པར་སྨིན་པ་ཆེ་བ་ནི་གཟུགས་ཀྱི་སྐུ་ཐོབ་ པའི་ཕྱིར་རོ། །ཡོན་ཏན་མང་པོ་དང་ལྡན་པ་ཞེས་བྱ་བ་ནི་ཉེ་བར་བསྡུ་བའོ། །འདི་ཙམ་གྱིས་བཅོམ་ལྡན་འདས་མའི་ཡོན་ཏན་གསུངས་སོ། །བཏང་བར་མི་བྱ་བ་ནི་ཡོངས་སུ་འཛིན་པ་དང་མི་འདོར་བའི་ཕྱིར་རོ། །བསྲུང་བར་བྱ་བ་ནི་ཕྱི་རོལ་གྱི་ཉེ་བར་འཚེ་བ་ལས་མེ་དང་བྱི་བ་ལ་སོགས་ཀྱིས་ བྱས་པ་དང་ནང་གི་སྐྱོན་ཉེ་བར་བཀོད་པ་ལ་སོགས་པ་མུ་སྟེགས་པ་རྣམས་ཀྱིས་བྱས་པ་ལས་སོ། །དེ་བཞིན་དུ་སྦ་བར་བྱ་བ་ནི་ཆོམ་རྐུན་ལ་སོགས་པ་ལས་བསྲུང་བའི་ཕྱིར་དང་སྟོང་པ་ཉིད་ལ་མི་མོས་པ་རྣམས་ལ་ཉེ་བར་མི་སྟོན་པའི་ཕྱིར་ཡང་གང་གི་ཕྱིར་ཤིན་ཏུ་རྙེད་པར་དཀའ་བའོ་ཞེས་བྱ་བ་ནི་གང་ ཞིག་ཉན་པ་དང་འཛིན་པ་ལ་སོགས་པ་འདི་བྱ་བ་གསུངས་པ་དང་། གང་ཡང་བཅོམ་ལྡན་འདས་མའི་ཡོན་ཏན་རྣམས་དེ་ཐམས་ཅད་ལྷག་པར་མོས་ཤིང་ཞེས་བྱ་བ་ནི་དེ་ལྟར་ཁོ་ན་ཞེས་ཉེ་བར་འཛིན་པ་ཡིན་ནོ། །བདག་ཉིད་ཀྱིས་ཞེས་བྱ་བ་སྟེ། དང་གི་སྒྲ་ནི་གང་ཞིག་ཅེས་བྱ་བ་ནི་དགུག་པའི་ དོན་དུའོ། །གཞན་རྣམས་ཀྱིས་མཆོད་པ་བྱེད་དུ་བཅུག་པ་མ་ཡིན་ཞེས་བྱ་བ་ཉིད་ཀྱི་སྒྲའི་དོན་ཏོ། །མཆོད་དེ་ཞེས་བྱ་བ་ནི་མཆོད་པ་ཐམས་ཅད་བྱས་ནས་སོ། །དོན་དུ་གཉེར་ཞིང་ཞེས་བྱ་བ་ནི་དོན་དུ་གཉེར་བས་ན་དོན་དེ་མཆོད་པ་ལ་འདོད་པའོ། །དེ་དང་སྦྱར་བས་ན་དོན་དུ་གཉེར་བའོ། །མདུན་ ནས་ཞེས་བྱ་བ་ནི་ཁྱད་པར་དུ་དེ་དང་ལྡན་པའི་ཕྱིར་རོ། །སློང་བ་ལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་མ་ལ་མཆོད་པའི་དོན་དུ་སློང་བར་འདོད་པ་ལའོ། །སྦྱིན་པ་དང་ཞེས་བྱ་བ་ནི་ཁས་ལེན་པར་བྱེད་པའོ། །སྟོབ་ཅིང་ཞེས་བྱ་བ་ནི་ཉེ་བར་གནས་པར་འགྱུར་བའོ། །འབུལ་བ་ ལ་ཞེས་བྱ་བ་ནི་འཛིན་དུ་འཇུག་པའོ། །ཡོངས་སུ་གཏོང་ན་ཞེས་བྱ་བ་ནི་འགྱོད་པ་མེད་པས་སོ། །ཐ་ན་ཞེས་བྱ་བ་ནི་ཇི་སྲིད་ཅེས་བྱ་བའི་དོན་ཏོ། །གླེགས་བམ་དུ་ཆུད་པར་བགྱིས་ནས་ཞེས་བྱ་བ་ནི་རང་ཉིད་ཀྱིས་ཞེས་སམ་གཞན་གྱིས་འདྲིར་འཇུག་པས་ཀྱང་རུང་སྟེ་དེའི་ཡོན་གྱིས་འདྲིར་འཇུག་ པའོ། །གཏོང་བ་ནི་སྦྱིན་པའོ། །དེའི་དོན་དུ་བློ་ནི་འདོད་པ་འདི་ལ་ཡོད་པ་དེ་དེའི་བློ་ཅན་ནོ། །རང་ཉིད་ཀྱིས་མཆོད་པ་ལ་ཡང་སྦྱིན་པའི་འབྲས་བུ་ཆེ་བ་ཉིད་གཞན་དོན་ཉིད་ཀྱི་ཕྱིར་ཞེས་བྱ་བ་བསྟན་པའི་དོན་དུ་བཅོམ་ལྡན་འདས་བརྒྱ་བྱིན་ཉིད་ལ་འདྲི་བར་མཛད་པ་ནི་ཀཽ་ཤི་ཀ་དེའི་ཕྱིར་ཞེས་བྱ་བ་ལ་ སོགས་པའོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཉིད་ལ་རྡོ་རྗེ་ལྟ་བུའི་བདག་གི་དངོས་པོ་ཏིང་ངེ་འཛིན་གྱི་རྡོ་རྗེས་འབིགས་པར་མཛད་ནས་དེ་བཞིན་གཤེགས་པའི་སྐུ་རྣམས་བཅོམ་ལྡན་འདས་ཀྱིས་གཞན་རྣམས་རྗེས་སུ་བཟུང་བའི་དོན་དུ་བྱིན་གྱིས་བརླབས་ པར་མཛད་པའོ། །ཡང་དག་པར་སྟོན་པར་བྱེད་ཅེས་བྱ་བ་ནི་ཡོན་ཏན་དང་རང་གི་ངོ་བོས་སོ། །སྦྱིན་པར་བྱེད་པ་ནི་མཆོད་པའི་དོན་དུའོ། །ཀུན་དུ་འགེང་པར་བྱེད་ཅེས་བྱ་བ་ནི་ལྷག་པའི་རིང་བསྲེལ་རྣམས་སྦྱིན་པའི་ཕྱིར་རོ། །རྒྱ་ཆེར་ནི་རྒྱ་ཆེ་བ་སྟེ་དེས་སྤྱོད་པས་ན་རྒྱ་ཆེ་བའོ། །ཅི་བདག་ཉིད་ཀྱིས་ ཀྱང་ཞེས་བྱ་བ་ནི་བདག་ཉིད་ཀྱིས་དེ་དང་དེར་སོང་ནས་གཞན་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྦྱིན་པར་བྱེད་ཅེས་བྱ་བས་སྟོན་པའི་བྱ་བ་བསྟན་པར་བྱེད་པ་ནི་ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ལ་སོགས་པས་སོ། །སྣོད་དུ་གྱུར་པ་ཞེས་བྱ་བ་ནི་དད་པའི་དབང་པོ་ལ་སོགས་པ་དང་ སྦྱོར་བ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་ནི་གང་ཞིག་བླངས་པ་སྦྱིན་པར་བྱེད་པ་ནི། སྦྱིན་པ་བས་ཚུལ་ཁྲིམས་ཆེ་བ་ཡིན་ཞེས་དོགས་པ་བསལ་བའི་དོན་དུ་འཛམ་བུའི་གླིང་པ་ཐམས་ཅད་ལ་དགེ་བ་བཅུ་ལ་རབ་ཏུ་གནས་པ་ལས་བཅོམ་ལྡན་འདས་མའི་གླེགས་བམ་སྦྱིན་པ་ལ་བསོད་ནམས་ མང་བ་ཉིད་གསལ་བར་བྱེད་པ་ནི་ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ལ་སོགས་པས་སོ། །ཡང་དག་པར་བཀོད་ཅིང་ཞེས་བྱ་བ་ནི་བྱ་བ་ལ་བློ་བརྟན་པར་བྱས་པའི་ཕྱིར་རོ། །བཞག་ན་ཞེས་བྱ་བ་ནི་མི་འདའ་བ་ཉིད་ཀྱིས་སོ། །མངོན་པར་དད་པས་ཞེས་བྱ་བ་ནི་བཅོམ་ལྡན་འདས་མའི་ཡོན་ཏན་རྣམས་ སོ། །གཞན་དུ་ན་གཞན་དག་ཏུ་སྦྱིན་པར་མི་འགྱུར་རོ། །མངོན་པར་དད་པ་ལ་ཞེས་བྱ་བ་ནི་གཞན་དུ་ན་དེ་སྦྱིན་པ་ཙམ་དུ་མི་འགྱུར་རོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་རིག་པར་བྱའོ། །སྙོམ་ལས་ནི་ལེ་ལོ་སྟེ་སྙོམ་ལས་མེད་པ་ནི་བརྩོན་འགྲུས་སོ། །དེས་བསྒྲུབ་པར་བྱ་བ་ནི་ཇི་ལྟར་ གསུངས་པའི་འབྲས་བུའོ། །བརྩོན་པས་ཞེས་བྱ་བ་ནི་མངོན་པར་བརྩོན་པ་ཡོད་བཞིན་དུ་བྱང་ཆུབ་སེམས་དཔའ་འདི་བཅོམ་ལྡན་འདས་མ་འཛིན་དུ་འཇུག་པ་སྟེ། གཞུང་དང་དོན་དག་ལ་བསླབ་པའི་ཕྱིར་རོ། །ཡང་དག་པར་སྟོན་པ་ཞེས་བྱ་བ་ནི་ཡང་དག་པར་རྨོངས་པ་རྣམས་ལ་མི་ཤེས་པ་ དང་ཐེ་ཚོམ་ཟ་བ་དང་ལོག་པའི་ཤེས་པ་རྣམས་སེལ་བའི་ཕྱིར་རོ། །ཡང་དག་པར་དགོད་པ་ཞེས་བྱ་བ་ནི་སྐྱེ་དགུ་རྣམས་ལ་ལེ་ལོ་དང་འདུན་པ་མེད་པ་ལ་སོགས་པ་བསལ་བའི་ཕྱིར་རོ། །ཡང་དག་པར་གཟེངས་བསྟོད་པ་ཞེས་བྱ་བ་ནི་དམན་པ་ལ་ལྷག་པར་མོས་པས་ཡང་དག་པར་ཞུམ་ པ་རྣམས་ཀྱིས་མི་ནུས་པའི་བདག་ཉིད་ཡང་དག་པར་བྱུང་བ་ལ་སོགས་པ་བསལ་བའི་ཕྱིར་རོ། །ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་ཞེས་བྱ་བ་ནི་ཡང་དག་པར་རྟོགས་པའི་གོང་ནས་གོང་དུ་མངོན་པར་དང་བའི་རྒྱུའི་བསྟོད་པ་རྣམས་ཀྱིས་མངོན་པར་དགའ་བར་བྱེད་པའོ། །གལ་ཏེ་ཕྱིན་ཅི་ལོག་པའི་ འཇིག་རྟེན་ལ་ཇི་ལྟར་འདི་ནུས་ཞེས་གསུངས་པ་ནི་ཚིག་གིས་མཚོན་པ་དང་ཞེས་བྱ་བ་སྟེ། ངག་རྣམས་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཉིད་འགྲུབ་པའི་ཕྱིར་རོ། །འདི་བསྒྲུབ་པར་བྱ་བ་ཉིད་ཇི་ལྟར་ཡིན་ཞེ་ན། གསུངས་པ་རྣམ་པར་མཚོན་པ་དང་ཞེས་བྱ་བ་སྟེ། ལྟ་བ་ངན་པ་ལ་སོགས་ པའི་གེགས་རྣམས་བསལ་བའི་ཕྱིར་རོ། །བསལ་བར་བྱས་ཀྱང་ཡང་དག་པར་འབྱུང་ཞེ་ན། རྗེས་སུ་མཚོན་པ་དང་ཞེས་བྱ་བ་སྟེ་དད་པ་འདི་ཉིད་ལ་གཡོ་བ་མེད་པར་བྱས་པས་སོ། །དེ་ལ་འདིའི་དོན་ཡང་དག་པར་སྟོན་ཅིང་ཞེས་བྱ་བ་ནི་དེ་ལྟར་སྣོད་དུ་བྱས་པའི་འདིའི་དོན་ནོ། །དེ་ལྟར་ དེའི་སེམས་རྣམ་པར་སྦྱོང་བ་དང་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་རིམ་པས་སོ། །རིམ་པ་འདི་ལྟར་གང་ཡིན་ཞེ་ན། གསུངས་པ་དེ་ལ་འདི་སྐད་དུ། རིགས་ཀྱི་བུ་ཁྱོད་ཚུར་ཤོག་ཅེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའི་ལམ་ལ་བསླབ་ པ་ཉེ་བར་བསྟན་པའི་ཕྱིར་དང་། ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་འདོད་པའི་རྙོག་པ་བསལ་བའི་ཕྱིར་སེམས་རྣམ་པར་སྦྱོང་བར་བྱེད་པ་ནི་བདག་ཡང་དག་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་འགྱུར་རམ་ཅི་འོན་ཏེ་མ་ཡིན་སེམས་ཅན་རྣམས་ཀྱང་མྱ་ངན་ལས་འདས་ པ་ལ་རབ་ཏུ་གནས་པར་བྱེད་དམ། འོན་ཏེ་མ་ཡིན་ཞེས་བྱ་བའི་ཐེ་ཚོམ་ཟ་བའི་ཐེ་ཚོམ་དང་བྲལ་བར་བྱེད་ཅེས་གསུངས་པ་ནི་ལམ་འདི་ལ་ཞེས་བྱ་བ་ལ་སོགས་པའོ། །བསླབས་ཤིང་གོ་ཆའི་བརྩོན་འགྲུས་སོ། །སྤྱད་དེ་ཞེས་བྱ་བ་ནི་སྦྱོར་བའི་བརྩོན་འགྲུས་སོ། །འབད་ན་ཞེས་ བྱ་བ་ནི་མི་ལྡོག་པའི་བརྩོན་འགྲུས་སོ། །སེམས་ཅན་གྱི་ཁམས་ནི་སེམས་ཅན་གྱི་ཕུང་པོའོ། །ཕུང་པོ་ཡང་དག་པར་ཟད་པར་ཞེས་བྱ་བ་སྟེ། ཕུང་པོ་རྣམས་ཀྱི་ཡང་དག་པར་ཟད་པ་སྟེ་དེ་ལའོ། །མ་རིག་པ་ལ་སོགས་པ་རྣམས་ཀྱང་ཕུང་པོ་རྣམས་བརྗོད་པ་ཡིན་ནོ། །འོན་ཀྱང་ དེ་རྣམས་དགྲ་བཅོམ་པའི་དང་པོ་ཉིད་དུ་སྤངས་པ་སྟེ། འདི་ཡང་གང་ཞིག་འདི་ཐ་མའི་ཕུང་པོ་དགྲ་བཅོམ་པའི་རྒྱུད་ལ་གནས་པ་ལ་དགོངས་ནས་མི་བརྟེན་པར་དགྲ་བཅོམ་པ་ཐ་མའི་ལུས་འཛིན་པ་ཞེས་བརྗོད་པ་ཡིན་ནོ། །དེའི་ཕུང་པོ་ལ་ཡང་དག་པར་ཟད་པ་ནི་ཕུང་པོ་ཡང་དག་པར་ཟད་པ་ ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །གང་གི་ཕྱིར་ཟག་པ་མེད་པའི་ཁམས་ནི་སེམས་ཅན་གྱི་ཕུང་པོ་སྟེ། ཉན་ཐོས་དང་། རང་སངས་རྒྱས་རྣམས་ལ་རྒྱུ་དང་རྐྱེན་མ་ཚང་བས་མངོན་པར་མ་གྲུབ་པའི་འདུས་བྱས་ཀྱི་འབྲས་བུ་ཀུན་བརྟགས་དང་། གཞན་དབང་ཐམས་ཅད་ཀྱིས་ ཉེ་བར་གོས་པ་སྤངས་པ་དེ་བཞིན་ཉིད་ཙམ་གྱི་རང་བཞིན་རྣམ་པར་གྲོལ་བའི་སྐུའི་བདག་ཉིད་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཞེས་བརྗོད་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འཁོར་བའི་མཐའ་ཇི་སྲིད་དུ་རྒྱུན་མི་འཆད་པའི་སེམས་ཅན་གྱི་མཛད་པ་གྲུབ་པ་ འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་རབ་ཏུ་མི་གནས་པའི་མཚན་ཉིད་སྐུ་གསུམ་གྱི་རང་བཞིན་ཉིད་ཀྱི་མྱ་ངན་ལས་འདས་པ་ཕུང་པོ་ལྷག་མ་མེད་པ་ཞེས་བྱ་བར་བརྗོད་དེ། ཉོན་མོངས་པ་དང་། ལས་ཀྱི་སྒྲིབ་པ་ལ་སོགས་པ་དང་། ཕུང་པོ་ཟག་པ་དང་བཅས་པའི་སྐྱེ་བའི་ཕུང་ པོ་རྣམས་ཡང་དག་པར་མཛད་པའི་ཕྱིར་རོ། །ཡང་ན་འཇིག་རྟེན་གྱི་ཁམས་འགའ་ཞིག་ཏུ་སྤྲུལ་པའི་སྐུ་མྱ་ངན་ལས་འདས་པ་ཉེ་བར་བསྟན་པའི་ཕྱིར་དེ་ལྟར་ན་བརྗོད་པ་ཡིན་ནོ། །ཕུང་པོ་ཡང་དག་པར་ཟད་པ་ལ་འགའ་ཞིག་མེད་པར་འཛིན་པར་འགྱུར་བ་དེའི་དོན་དུ་གསུངས་པ་ནི་ཡང་དག་པའི་ མཐས་རབ་ཏུ་འབྱེད་པ་ལ་ཞེས་བྱ་བ་ལ། གལ་ཏེ་ཡང་ཡང་དག་པའི་མཐའ་ནི་དངོས་པོ་མ་ཡིན་ཏེ། ཆོས་ཐམས་ཅད་རྣམ་པར་དབེན་པའི་མཚན་ཉིད་ཀྱི་ཕྱིར་དེ་ལྟ་ན་ཡང་དངོས་པོ་ཡང་མ་ཡིན་ཏེ། དེ་བཞིན་ཉིད་ཀྱི་མཚན་ཉིད་རང་གིས་བརྟགས་པ་དང་། ཐེར་ཟུག་དང་། རྟག་པ་དང་། ཡོངས་སུ་སྨིན་པ་དང་། མ་བྲལ་བའི་ཆོས་ཉིད་ཀྱི་ངོ་བོ་སྤྱིའི་བདག་ཉིད་ཅན་གྱིས་ཡོད་པའི་ཕྱིར་རོ། །དེའི་ཚེ་དེ་ཉིད་མངོན་དུ་བྱས་པས་ཉན་ཐོས་ལ་སོགས་པ་རྣམས་ཀྱི་རྣམ་པར་གྲོལ་བའི་སྐུ་སྟེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུའོ། །དེ་བས་ན་དེ་དག་གི་དེ་ལྟ་བུར་གྱུར་པའི་ སྐུ་གཉིས་རབ་ཏུ་འབྱེད་པ་ཉིད་ནི་ཡང་དག་པའི་མཐའ་རབ་ཏུ་ཕྱེད་པའོ། །ཡོངས་སུ་གཏོང་བའི་བློ་དང་ལྡན་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་གཏོང་བའི་བློས། དེ་བས་ཀྱང་ཞེས་བྱ་བ་ནི་དགེ་བ་བཅུ་རབ་ཏུ་གནས་པར་བྱེད་པ་ལ་གནས་སོ། །དེ་བཞིན་དུ་གླིང་བཞི་པ་ལ་སོགས་ པའི་རིམ་པས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལ་ཡང་དགེ་བ་བཅུ་ལ་རབ་ཏུ་གནས་པར་བྱེད་པས་སོ། བཅོམ་ལྡན་འདས་མ་གཏོང་བ་ཉིད་ཀྱི་བླ་ན་མེད་པའི་བསོད་ནམས་ཉིད་ཅེས་གསུངས་པ་ནི་ལྟ་ཞོག་ཅེས་བྱ་བ་ལ་སོགས་པས་སོ། །དགེ་བ་ལ་རབ་ཏུ་ གནས་པ་ཉིད་ལས་གཏོང་བའི་བསོད་ནམས་མང་བ་མ་ཡིན་ཏེ། འོན་ཀྱང་བསམ་གཏན་ལ་རབ་ཏུ་གནས་པས་ཀྱང་ཞེས་གསུངས་པ་ནི་ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཚད་མེད་པ་ལ་སོགས་པ་རྣམས་ལ་ཡང་རབ་ཏུ་གནས་པས་བཅོམ་ལྡན་འདས་ མའི་གཏོང་བ་ཉིད་བསོད་ནམས་ཆེ་བ་དེའི་ཕྱིར་ཐམས་ཅད་གཏོང་བར་བྱའོ། །རིམ་གྱིས་སྟོན་པ་ནི་སྔ་མ་བཞིན་དུ་ལྷག་པར་མོས་པ་བསྟན་པའི་དོན་དུ་སྟེ། བསོད་ནམས་མང་བ་ཉིད་ཀྱི་རྒྱུ་རྣམས་ལ་ཚུལ་བཞིན་ཡིད་ལ་བྱེད་པ་ཡང་དག་པའི་བྱང་ཆུབ་སྒྲུབ་ པར་བྱེད་པ་རྣམས་ལ་གཙོ་བོ་ཉིད་ཡོངས་སུ་གསལ་བའི་དོན་དུའོ། །ད་ནི་གཞན་དོན་གྱི་སྤྱོད་པ་ཉིད་འབའ་ཞིག་པ་གླེགས་བམ་སྦྱིན་པ་ལ་སོགས་པའི་མཚན་ཉིད་ཅན་མཆོག་ཏུ་ལེགས་པ་ཡིན་ཞེས་བསམ་པར་བྱེད་ཅིང་། ཁྱད་པར་དུ་བྱས་པའི་རང་དང་གཞན་དོན་འགྲུབ་ པ་ལ་བསོད་ནམས་ལྷག་པ་ཉིད་གསུངས་པ་ནི་ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ལ་སོགས་པས་སོ། །ལེའུའི་ཐོག་མར་རང་ཉིད་ཀྱིས་འཛིན་པ་ལ་སོགས་པ་བྱེད་པ་ལས་རང་གཞན་གྱི་རྗེས་སུ་བཟུང་བར་བྱེད་པ་པོའི་བསོད་ནམས་ལྷག་པ་ཉིད་གསུངས་སོ། །དེའི་རྗེས་ལ་དགེ་ བ་བཅུ་ལ་སོགས་པ་རབ་ཏུ་གནས་པར་བྱེད་པ་པོ་རྣམས་ལས་གཞན་གྱི་དོན་དུ་གླེགས་བམ་སྦྱིན་པ་ལ་སོགས་པ་བྱེད་པ་པོ་ཉིད་ལ་བསོད་ནམས་ཤིན་ཏུ་མང་བ་ཞེས་བསྟན་ཟིན་ཏོ། །ད་ནི་སྦྱིན་པ་ལ་སོགས་པ་བྱེད་པ་པོ་ལས་ཀྱང་རང་ཉིད་ཀྱིས་ཀློག་པར་བྱེད་པ་དང་། གཞན་རྣམས་ལ་ ཡང་འདྲི་བར་བྱ་སྟེ་སྦྱིན་པ་ལས་ཤིན་ཏུ་མང་བའི་བསོད་ནམས་ཉེ་བར་བསྟན་པ་ཡིན་ཞེས་བྱ་བ་ནི་ཁྱད་པར་རོ། །འདི་ལས་ཀྱང་དོན་གྱིས་ཀློག་པ་ལ་སོགས་པ་བསོད་ནམས་ལྷག་པ་ཞེས་གསུངས་པ་ནི་ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ལ་སོགས་པས་སོ། །གལ་ཏེ་ཡང་སྔར་དོན་འདི་ རྣམས་རྣམ་པར་འགྲེལ་པ་ཞེས་བྱ་བ་གསུངས་པ་ཉིད་དེ་དེ་ལྟ་ན་ཡང་དོན་དེ་ཕྱིན་ཅི་ལོག་པའི་བཤད་པ་དང་བྲལ་བའི་བསྟན་པར་བྱས་པས་དོན་ལ་མཁས་པའོ། །དོན་དང་བཅས་ཚིག་འབྲུ་དང་བཅས་པ་ཉེ་བར་བསྟན་པ་ཡིན་ཞེས་བྱ་བའི་དོན་ནི་ཚིག་འབྲུ་དེ་རྣམས་ཀྱང་ཉེ་བར་སྟོན་པར་ བྱེད་པ། གང་ཞིག་ཤིན་ཏུ་གྲགས་པའི་ཚིག་གི་དོན་ཉིད་ཀྱིས་བརྗོད་པར་བྱ་བའི་དོན་རང་ཉིད་ཀྱིས་མངོན་པར་བརྗོད་པ་ཡིན་ནོ། །ཡི་གེའི་དོན་ཡོངས་སུ་བསྔོ་བའི་བཤད་པས་ནི་མ་ཡིན་ཏེ། ཇི་ལྟར་བདུད་ཀྱིས་སྨྲས་པའི་ཚིགས་སུ་བཅད་པ་ལས། ཚེ་རིང་བ་ནི་མི་རྣམས་ཀྱི། །སྐྱེས་པས་ མཐོ་འཚམས་པ་ནི་མིན། །མྱོས་དང་བག་མེད་སྤྱོད་མིན་ཏེ། །འདིར་ནི་འཆི་བདག་འོངས་པ་མེད། །ཅེས་བྱ་བའོ། །ཡིག་འབྲུ་རྣམས་ནི་ཡོངས་སུ་བསྒྱུར་བས་གཞན་དུ་བཤད་པར་ནུས་པ་ཡིན་ཏེ། ཚེ་རིང་བ་ལ་མཐོ་འཚམས་པ་མ་ཡིན་ཏེ་མྱོས་པས་སྤྱོད་པ་མ་ཡིན་བག་མེད་ པས་ཀྱང་མ་ཡིན་ནོ། །འདིར་ནི་འཆི་བདག་འོངས་པ་མེད། །ཅེས་བྱ་བའོ། །འོན་ཀྱང་འཆད་པ་པོའི་བརྗོད་པར་འདོད་པ་ནི་མ་ཡིན་ནོ། །དོན་རྣམ་པར་འགྱུར་བས་སོ། །ཇི་ལྟར་ལས་ཡོད་ལས་ཀྱི་རྣམ་པར་སྨིན་པ་ཡོད་ཀྱང་བྱེད་པ་པོ་ནི་དམིགས་པ་མ་ཡིན་ཞེས་བྱ་བ་ལྟ་བུའོ། །རང་ དགའ་སྣ་ཚོགས་པར་བྱེད་པ་པོའི་བདག་བཀག་པ་འདི་མ་ཡིན་ཏེ། གང་ཟག་གི་ངོ་བོ་བཤད་པ་ནི་མ་ཡིན་ནོ། །དེ་བས་ན་དོན་དེ་རྣམས་དང་ཚིག་འབྲུ་དེ་རྣམས་དང་ཉེ་བར་སྟོན་པར་བྱེད། གང་རྣམས་ཀྱིས་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་ངོ་བོ་ཤིན་ཏུ་གྲགས་པ་ཉིད་བཅོམ་ལྡན་འདས་ ཀྱི་བཞེད་པ་ཞེས་རྟོགས་པ་ཡིན་ནོ། །གང་དུ་ཡང་གདུལ་བྱའི་བསམ་པའི་ངོར་བསྟན་པའི་བཤད་པ་བཅོམ་ལྡན་འདས་ཉིད་ཀྱིས་ཡོངས་སུ་བསྒྱུར་ཅིང་བསྟན་པ་དེ་ལ་ནི་སྐྱོན་མེད་དེ་ཇི་ལྟར། ཕ་དང་མ་ནི་བསད་བྱས་ནས། །བྲམ་ཟེ་དག་པར་འགྱུར་བ་ཡིན། །ཞེས་བྱ་བ་ལྟ་བུའོ། །དེ་ལ་མ་ ནི་སྲིད་པའོ། །ཕ་ནི་ལས་ཀྱི་སྲིད་པ་སྟེ་སྐྱེད་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ཡང་ཐེག་པ་ཆེན་པོ་ལ་བཅོམ་ལྡན་འདས་ཀྱིས་དྲང་བའི་དོན་རྣམས་ལ་འདི་ལྟ་བུའི་བཤད་པ་སྟེ། རིགས་ཀྱི་བུ་སྒྲ་ཇི་བཞིན་དུ་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་ཆོས་རྣམས་རབ་ཏུ་བསམ་པར་བྱེད་པ་ན་ཐེག་ པ་ཆེན་པོ་ནི་དད་པའི་གནས་སུ་མི་འགྱུར་ཏེ། སྒྲ་ཇི་བཞིན་མ་ཡིན་པ་དགོངས་པ་ཅན་གྱི་དོན་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ནི་དད་པའི་གནས་ཐེག་པ་ཆེན་པོར་འགྱུར་ཞེས་བྱ་བ་ལ་སོགས་པའོ། །དད་པ་སྐྱེད་པར་བྱེད་པའི་མདོ་དང་ཀུན་ནས་སྣང་བར་བྱེད་པ་ལ་ཡང་གསུངས་པ་སྒྲ་ཇི་ བཞིན་དོན་དུ་ཡོངས་སུ་རྟོགས་པ་ན། རང་གི་རྟོགས་པ་བློ་ལས་འགྲིབ་པར་འགྱུར་བ་ཡིན། ལེགས་པར་སྤྱད་པ་ཉིད་ནི་སྤོང་ཞིང་འགྲིབ་པ་དང་། །ཆོས་ལ་ཁོང་ཁྲོ་དང་ནི་འགྲིབ་པ་ཡང་ཐོབ་འགྱུར། །ཞེས་བྱ་བའོ། །དེའི་ཕྱིར་དྲང་བའི་དོན་གྱི་མདོ་སྡེའི་ཚིག་རྣམས་ཀྱི་བཅོམ་ལྡན་འདས་ ཉིད་ཀྱིས་བཤད་པ་མཛད་པ་གང་ཞིག་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ་རྣམས་དང་། གང་ཞིག་ཡང་འཕགས་པ་མགོན་པོ་བྱམས་པས་དབུས་དང་མཐའ་རྣམ་པར་འབྱེད་པ་ལ་སོགས་པའི་བསྟན་བཅོས་རྣམས་ལ་གང་ཞིག་དེའི་ཚེ། དགེ་སློང་ཐོགས་ མེད་ཅེས་བྱ་བས། །བསྟན་པ་རིང་དུ་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་ནི་བསྡུས། །མདོ་ཡི་དྲང་དོན་ངེས་དོན་གྱི། །རྣམ་པར་འབྱེད་པ་དེ་བཅས་འགྱུར། །ཞེས་བྱ་བ་ལ་སོགས་པ་ལུང་བསྟན་པ་ཐོབ་པ་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ལ་སོགས་པ་རྣམས་ཀྱིས་ བཤད་པ་མཛད་པ་དེ་ནི་དྲང་དོན་ཉིད་ཀྱི་ཕྱིར་ཡོངས་སུ་བསྒྱུར་བ་ཅན་ནི་མ་ཡིན་ནོ། །དེ་བས་ན་དོན་དང་བཅས་ཚིག་འབྲུ་དང་བཅས་པ་ལེགས་པར་ཉེ་བར་སྟོན་པ་དང་ཡོངས་སུ་གསལ་བར་བྱེད་པ་ནི་འཐད་པ་དང་འཐད་པ་རྣམས་ཀྱིས་སོ། །འདི་ནི་འདིར་བྱ་བའི་ཁྱད་པར་རོ། །འདི་ནི་ ཞེས་བྱ་བ་ལ་བྱ་བའི་ཁྱད་པར་དེ་ལ་ཡོད་པར་འགྱུར་བའོ། །དེ་བས་ཞེས་བྱ་བ་ནི་སྔ་མ་ལས་སོ། །བརྒྱ་བྱིན་ནི་དོན་དང་ཚིག་འབྲུ་དག་ལས་རྣམ་པར་གྱུར་པ་བཤད་པ་མི་སྲིད་པས་འདྲི་བར་བྱེད་པ་ནི་འདི་ཡང་ཉེ་བར་བསྟན་པར་བགྱི་བ་ལགས་སམ་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་ནི་ སངས་རྒྱས་ཀྱི་སྤྱན་གྱིས་གཟུགས་བརྙན་འབྱུང་བ་མ་འོངས་པ་གཟིགས་ཤིང་གསུངས་པ་ནི་ཉེ་བར་བསྟན་པར་བྱ་བ་ཞེས་བྱ་བའོ། །དེ་ཉིད་རྗོད་པར་བྱེད་པ་ནི་ཅིའི་ཕྱིར་ཞེ་ན། འབྱུང་བར་འགྱུར་ཏེ་ཞེས་བྱ་བའོ། །བཅོམ་ལྡན་འདས་མ་སྟོན་པ་པོ་ཉིད་ཀྱིས་གཙོ་བོའི་དོན་ སྤངས་པ་གང་ཡང་དོན་གཞན་སྒྲོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་གཟུགས་བརྙན་དུ་འདོད་པ་ཡིན་ནོ། །དེ་ཉིད་ཀྱིས་དད་པ་ཅན་བླུན་པོ་སླུ་བའི་ཕྱིར་རོ། །སྐྱེ་བ་ལ་ནི་ཎྷྲི་ཙའོ། །རྣམ་གྲངས་དང་། སྐྱེ་བ་རྣམས་ཎྷྲི་ཙ་ཞེས་བྱ་བའི་ཚིག་གིས་སོ། །དེ་ལ་ཞེས་བྱ་བ་ནི་དེ་ལྟར་ ཡོད་པ་ནའོ། །ཆུད་ཟོས་པར་གྱུར་ན་མི་རུང་ངོ་ཞེས་བྱ་བ་ནི་ཡང་དག་པའི་བྱང་ཆུབ་ཀྱི་ལམ་ལས་ལྟུང་བར་མ་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །ཆུད་ཟོས་གྱུར་ན་མི་རུང་བ་ཇི་ལྟར་ཡིན་ཞེ་ན། ན་ཥ་ཞེས་བྱ་བའི་བྱེད་པའི་ཁམས་ནི་སུ་ཥ་ལ་སོགས་པའི་ནང་དུ་བགྲང་བའི་ཕྱིར་ཨ་ནའི་རྐྱེན་ ཐོབ་པ་ཡིན་ནོ། །གཞན་གྱི་དོན་གྱི་ཚིག་སྒྲུབ་པའི་ཕྱིར་རོ། །མིང་གི་སྔོན་དུ་འགྲོ་བའི་སྒྲུབ་པ་མི་རྟག་པ་ཉིད་ཀྱི་ཕྱིར་དེ་འབྱུང་བར་མི་འགྱུར་རོ། །དེ་ལྟ་ན་ཡང་རུ་ཌ་ལ་སོགས་པ་ཉིད་ཀྱི་ཕྱིར་ཨེ་ཊ་མེད་པའི་ཕྱོགས་ལ་འཕེལ་བ་ཐོབ་པ་ཡིན་ནོ། །སྔ་མ་བཞིན་དུ་མི་རྟོག་པ་ཉིད་ཀྱི་ ཕྱིར་དེ་མི་འབྱུང་ངོ་། །གཟུགས་བརྙན་ཤེས་པའི་དོན་དུ་བརྒྱ་བྱིན་གྱི་འདྲི་བ་ནི་ཇི་ལྟར་མ་འོངས་པའི་དུས་ན་ཞེས་བྱ་བ་ལ་སོགས་པའོ། །གཟུགས་བརྙན་སྟོན་པར་བྱེད་པ་ནི་སྟོང་པ་ཉིད་ཀྱི་དོན་སྐྱོན་དང་བཅས་པ་འཛིན་པ་ཐ་སྙད་ཀྱི་རྒྱུ་ལ་ཡང་དོན་དམ་པར་སྐུར་པ་འདེབས་སོ། །མེད་པར་གྱུར་ པའི་ངོ་བོ་འདི་རྣམས་ལ་སྒྲོ་འདོགས་པར་བྱེད། ཡོད་པར་གྱུར་པ་ཡང་ཉམས་པར་བྱེད་ཅེས་བྱ་བའོ། །ཆོ་ག་ཕུན་སུམ་ཚོགས་པ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། ཏིང་འཛིན་ཕུན་སུམ་ཚོགས་པ་དང་། ལྟ་བ་ཕུན་སུམ་ཚོགས་ཀྱང་ཡོངས་སུ་ཉམས་པར་ འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། འདིར་ཅིག་ཤོས་ཀྱི་གང་ཟག་གི་ལྟ་བ་ནི་སླའི་སྟོང་པ་ཉིད་ལ་སྐྱོན་དུ་བཟུང་བ་ནི་དེ་ལྟ་མ་ཡིན་ནོ། །སྟོང་པ་ཉིད་ལ་སྐྱོན་དུ་བཟུང་བས་ཤེས་བྱའི་དངོས་པོ་ལ་རྨོངས་ཤིང་ཤེས་བྱ་ཐམས་ཅད་ལ་སྐུར་པ་འདེབས་ པས་ངན་སོང་རྣམས་སུ་སྐྱེ་བར་འགྱུར་རོ། །ཆོས་དོན་དུ་གཉེར་བ་དང་དུཿཁ་ལ་རྣམ་པར་གྲོལ་བའི་དོན་དུ་གཉེར་བ་གཞན་ལ་སླུ་བར་བྱེད་པ་ཡིན་ནོ། །བསླབ་པའི་གཞི་རྣམས་ལ་ལྷོད་པར་འགྱུར་ཞིང་གང་ཟག་ཏུ་ལྟ་བ་ཅན་ནི་དེ་ལྟ་མ་ཡིན་ནོ། །དེའི་ཕྱིར་གསུངས་པ། ལུས་མ་ བསྒོམས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཞི་བའི་སྤྱོད་ལམ་ལ་སོགས་པ་ལ་རྗེས་སུ་མཐུན་པར་མི་གནས་པའི་ཕྱིར་མ་བསྒོམས་པའོ། །ཚུལ་ཁྲིམས་མ་བསྒོམས་པ་ཞེས་བྱ་བ་ནི་བསླབ་པ་རྣམས་ལ་ལྷོད་པ་ཉིད་ཀྱི་ཕྱིར་རོ། །སེམས་མ་བསྒོམས་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ཡང་ དག་པར་ལྡན་པས་ཡངས་པ་མེད་པའི་ཕྱིར་དང་མྱུར་དུ་ཏིང་ངེ་འཛིན་ལ་མངོན་པར་ཕྱོགས་པར་འདོད་ནུས་པ་སྟེ་དེ་མེད་པས་སོ། །གང་ཞིག་ཡང་དུས་གཅིག་ཏུ་དེ་རྣམས་ལ་སྲིད་པའི་སྡུག་བསྔལ་དང་། །ཡིད་འབྱུང་བ་ལ་སོགས་པ་ཏིང་ངེ་འཛིན་འབྱུང་བ་དེ་ལྟ་ན་ཡང་ཇི་ལྟ་བ་བཞིན་ མ་ཡིན་པའི་དོན་ལ་དམིགས་པ་ཉིད་ཀྱི་ཕྱིར་སྐྱོན་གྱི་གཉེན་པོ་མ་ཡིན་ཏེ། དེ་བས་ན་ལོག་པའི་ཏིང་ངེ་འཛིན་ཞེས་སེམས་མ་བསྒོམས་པ་ཉིད་བརྗོད་པ་ཡིན་ནོ། །ཤེས་རབ་མ་བསྒོམས་པ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་བདག་མེད་པ་ཡོངས་སུ་མི་ཤེས་པའི་ ཕྱིར་རོ། །ཤེས་རབ་འཆལ་པ་ནི་ཕྱིན་ཅི་ལོག་གི་དོན་ལ་མངོན་པར་ཞེན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ལུག་ལྟར་ལྐུགས་པའི་རང་བཞིན་ཅན་ནི་གཞན་གྱིས་ལེགས་པར་སྨྲས་པ་མི་ཉན་པའི་ཕྱིར་དང་རང་ཉིད་ཀྱིས་ཀྱང་ལེགས་པར་སྨྲ་བ་མི་བརྗོད་པའི་ཕྱིར་རོ། །ཤེས་རབ་ཡོངས་སུ་ ཉམས་པ་ནི་མ་ཐོབ་པ་ཡོངས་སུ་ཉམས་པས་འཇིག་རྟེན་ལས་འདས་པའི་ཤེས་རབ་ལས་ཡོངས་སུ་ཉམས་པའི་ཕྱིར་རོ། །དེ་དག་ཅེས་བྱ་བ་ལ་སོགས་པ་ལ་གཟུགས་རྣམ་པར་འཛིན་པ་དང་། གཟུགས་མི་རྟག་པ་ཉིད་ཅེས་སྟོན་པར་འགྱུར་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པའི་གཟུགས་བརྙན་ཞེས་བྱ་བ་གཙོ་བོའོ། །འདི་རྣམས་ཀྱང་ཐེག་པ་ཆེན་པོ་ཉིད་ཕྱིན་ཅི་ལོག་ཏུ་འཆད་པ་པོ་རྣམས་སོ། །དེ་བས་ན་གཟུགས་སུ་སྣང་བའི་རྣམ་པར་རིག་པ་སྟེ་ཕྱི་རོལ་གྱི་དོན་མ་ཡིན་ནོ། །དེ་ལྟ་ན་ཡང་ཁ་ཅིག་འདོན་པ་ཡིན་ཏེ། ཕྱི་རོལ་བཞིན་དུ་སྣང་རྣམས་ལ། །ཀུན་ བརྟགས་ལ་ནི་གཟུགས་བརྗོད་དོ། །ཞེས་བྱ་བའོ། །གལ་ཏེ་རྣམ་པར་འཛིན་པའི་མཚན་ཉིད་མི་རྟག་པར་གྱུར་ན་དེའི་ཚེ་འཇིག་པ་ཉིད་རྣམ་པར་འཇིག་པ་ཡང་མ་སྐྱེས་པ་རྣམས་ལ་དེ་བས་ན་རྣམ་པར་འཇིག་པ་མཐོང་བ་ཆོས་གསུམ་དམིགས་པར་འགྱུར་རོ། །དེ་རྣམས་ཀྱང་སྐྱེ་བ་ དང་རྣམ་པར་འཇིག་པ་དག་གོ། །དེའི་ཕྱིར་དོན་དམ་པ་པོ་ཆོས་ཐམས་ཅད་མི་དམིགས་པའི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་མ་ཡིན་ནོ། །རྣམ་པར་འཛིན་པ་ལ་མི་རྟག་པ་ཉིད་དགག་པར་བྱེད་པ་ནི་ཀཽ་ཤི་ཀ་ཡང་ཞེས་བྱ་བ་ལ་སོགས་པས་སོ། །མི་རྟག་པ་ནི་ དུ་ཙམ་ཡིན་གང་ཞིག་ཐེག་པ་ཆེན་པོ་དང་ཆེན་མོ་རྣམས་ལ་གསུངས་པ། དེ་ལྟ་ན་ཡང་དེར་འདོན་པ་ཡིན་ཏེ་གཟུགས་བརྙན་ནི་ཇི་ལྟར་སྟོན་པར་མི་འགྱུར་ཏེ་གཟུགས་ནི་རང་བཞིན་གྱིས་སྟོང་ངོ་། །གང་ཞིག་གཟུགས་ཀྱི་རང་བཞིན་ནི་དངོས་པོ་མེད་པའོ། །གང་ཞིག་ཡང་དངོས་པོ་ མེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལ་གཟུགས་ཉིད་ཀྱང་མེད་ན་རྟག་པ་ལྟ་ག་ལ་ཡོད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་རང་བཞིན་གྱིས་སྟོང་ངོ་། །གང་ཞིག་ཡང་རྣམ་པར་ཤེས་པའི་རང་བཞིན་དེ་ནི་དངོས་པོ་མེད་ པ་སྟེ་ཞེས་བྱ་བ་ལ་སོགས་པ་གང་ཞིག་འདི་ལྟར་ཉེ་བར་སྟོན་པར་བྱེད་པ་དེ་ནི་གཟུགས་བརྙན་ཉེ་བར་སྟོན་པར་མི་བྱེད་པ་ཞེས་བྱ་བའོ། །གལ་ཏེ་འདིར་རྣམ་པར་འཇིག་པ་ནི་མི་རྟག་པའི་དོན་མི་འགྱུར་ན་དེའི་ཕྱིར་རྟག་པ་ཉིད་དངོས་པོ་མེད་པ་མི་རྟག་པ་ཞེས་ཤུགས་ཀྱིས་སྨྲས་པར་ འགྱུར་རོ། །དོན་འདི་ནི་འཕགས་པ་མགོན་པོ་བྱམས་པས་དབུས་དང་མཐའ་རྣམ་པར་འབྱེད་པ་ལ་སོགས་པའི་བསྟན་བཅོས་རྣམས་དང་། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་རང་གི་བསྟན་བཅོས་རྣམས་དང་། དེའི་བཞེད་པའི་རྗེས་སུ་འབྲང་བའི་སྔོན་གྱི་སློབ་དཔོན་ རྣམས་ཀྱིས་ཀྱང་སྟོང་པ་ཉིད་ཀྱི་དོན་གང་ཉིད་བསྟན་པ་དེ་ཉིད་ནི་ཕྱིན་ཅི་མ་ལོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་གཞན་དག་ཐེག་པ་ཆེན་པོ་པ་རྣམས་ཀྱིས་ཉེ་བར་བསྟན་པ་ནི་གཟུགས་བརྙན་གྱི་ངོ་བོ་ཉིད་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་གཟུགས་བརྙན་མཚན་ ཉིད་ཐམས་ཅད་དུ་མཐོང་བའི་ཕྱིར་རོ། །དེ་ལྟ་ན་ཡང་རྣམ་པ་དང་བཅས་པའི་རྣམ་པ་ཤེས་པར་སྨྲ་བ་རྣམས་ཀྱིས་རེ་ཞིག་རང་གིས་བརྟགས་པ་ཉིད་ཀྱི་གྲུབ་མཐའ་གཞན་རྣམས་སླུ་བའི་དོན་དུ་མགོན་པོ་བྱམས་པའི་བཞེད་པ་ལོག་པ་ཉིད་དུ་བསྒྲགས་ནས་བརྗོད་ཅིང་སྣང་ངོ་། །འདི་ ཉིད་དུ་རྒྱུ་གཞན་གྱི་དབང་སྣ་ཚོགས་པའི་ངོ་བོ་ལ་གང་ཞིག་བརྟགས་པ་འཛིན་པ་དང་ལས་དང་བྱེད་པ་པོ་ཡོད་པ་དེར་ཡང་གང་ཞིག་གཉིས་ཀྱིས་དབེན་པའི་ངོ་བོ་ཡོངས་སུ་གྲུབ་པ་ཐམས་ཅད་དུ་རྒྱལ་ཚབ་ཀྱི་རྒྱལ་པོས་གསུངས་པ། འདི་ནི་གཟུགས་བརྙན་ཏེ་གཟུགས་མི་རྟག་པ་ ཇི་སྲིད་དུ་རྣམ་པར་ཤེས་པ་རྣམ་པར་འཇིག་པ་དང་རྣམ་པར་ཤེས་པ་མི་རྟག་པ་ཞེས་ཉེ་བར་སྟོན་པ་ཡིན་ནོ། །གཟུགས་ཞེས་བྱ་བ་ནི་གཟུགས་སུ་སྣང་བའི་རྣམ་པར་རིག་པའོ། །དེ་ཉིད་ཕུང་པོ་ལྔའི་རྣམ་པར་གཞག་པ་ལ་གཟུགས་ཞེས་ཏེ་དེ་རྣམས་ཀྱི་འདོད་པ་ཉིད་དོ། །དེ་ ལྟར་ན་ཡང་ཇི་ལྟར་འདུ་བྱེད་ཀྱི་ཕུང་པོ་ལས་ཐ་མི་དད་པའི་མཚན་ཉིད་ཚོར་བ་དང་འདུ་ཤེས་ཀྱི་ཕུང་པོ་དག་ལ་སོ་སོར་རྣམ་པར་གཞག་པ་དེ་བཞིན་དུ་རྣམ་པར་ཤེས་པ་རྣམས་ལ་ཡང་ངོ་། །ཕྱི་རོལ་བཞིན་དུ་སྣང་བ་རྣམས་ལ། གཟུགས་ཀྱི་ཕུང་པོ་ཉིད་དུ་ བརྟགས་ཞེས་སྨྲས་སོ། །གཟུགས་འཇིག་པ་ལ་རབ་ཏུ་འཇིག་པའོ། །གང་ལ་ཡོད་པ་དེ་ནི་གཟུགས་ཀྱི་མི་རྟག་པ་ཉིད་དོ། །གཟུགས་ལ་རྟག་ཏུ་མེད་པ་ནི་མ་ཡིན་ནོ། །འདི་ལྟ་སྟེ་དེ་རྣམས་ཀྱི་གཞན་དབང་ལས་ལྷག་པ་ཉིད་ཀྱིས་སྟོང་པ་ཉིད་ཅེས་བྱ་བ་དོན་དམ་པར་ཡོད་པ་ མ་ཡིན་ཏེ། གང་གི་ཕྱིར་དེ་སྐད་ཅིག་མ་ལ་སོགས་པ་བཞིན་དུ་ཇི་ལྟར་ཅིའི་ངོ་བོ་ཉིད་ཀྱིས་བརྟགས་པ་དེ་ལྟར་དོན་དམ་པར་ཡོད་པ་མ་ཡིན་ནོ། །འོན་ཀྱང་གཞན་གྱི་དབང་ཞེས་བྱ་བའི་རང་གི་མཚན་ཉིད་ཀྱི་རང་བཞིན་ཉིད་དོ། །དེ་བས་ན་གཞན་དབང་མེད་པས་ཐམས་ ཅད་མེད་པ་ཞེས་བྱ་བའོ། །མདོར་བསྡུས་པ་དོན་དམ་པར་ཡོད་པ་ཉིད་གཞན་དབང་རྣམ་པར་འཇིག་པས་རྣམ་པར་དག་པའི་གཞན་དབང་གཉིས་ཀྱིས་སྟོང་པའི་སྐྱེས་པའི་རང་གི་ངོ་བོ་ཉིད་ནི་སྟོང་པ་ཉིད་དེ་དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ་གཟུགས་བརྙན་ནི་ མ་ཡིན་ནོ། །འོན་ཏེ་དེ་རྣམས་ཀྱི་རྒྱུ་འབྲས་ཀྱི་ངོ་བོ་དོན་དམ་པར་མེད་ཅེས་བྱ་བ་གསལ་བ་ཙམ་གྱི་ལུས་རྣམ་པར་ཤེས་པ་ལ་གཞན་དབང་ཉིད་ཅེས་བྱ་བ་འགའ་ཡང་མེད་དེ། འདི་ལྟར་ནི་བརྗོད་པ་ཡིན་ཏེ་སྔ་མ་དང་ཕྱི་མ་རྟོགས་པར་ངེས་པ་ཉིད་ནི་རྒྱུ་འབྲས་ཀྱི་ངོ་བོ་རྟོགས་པ་དེ་སྨྲ་བ་ པོ་རྣམས་ཀྱིས་མངོན་པར་བརྗོད་པར་བྱ་སྟེ། སྔ་མ་ལ་ཡང་མ་ཡིན་ཕྱི་མ་ལ་ཡང་མ་ཡིན། དེ་གཉི་གའི་བག་ཆགས་ལས་སྐྱེས་པ་རྗེས་སུ་འཛིན་པའི་ངོ་བོ་འདི་ལས་འདི་ཞེས་ཐ་དད་པར་འཛིན་པའི་རྒྱུ་འབྲས་ཀྱི་ངོ་བོ་ཉམས་སུ་མྱོང་བའི་ཐ་སྙད་འཛིན་པ་ནི་མ་ཡིན་ཏེ། ཐམས་ཅད་དུ་རང་རིག་ཙམ་ལ་ནུས་པ་ཉིད་ཀྱིས་གཞན་གྱི་གཏམ་ལ་འདྲིས་པ་མི་འཐད་པའི་ཕྱིར་རོ། །གལ་ཏེ་ཡང་འདི་ཙམ་གཞན་གྱི་བློས་རྟོགས་སུ་ཟིན་ཀྱང་དེ་ལྟ་ན་ཡང་འདི་ཙམ་དང་ལྡན་པས་འདི་ཙམ་དང་ལྡན་པ་ཉིད་འདི་ཙམ་ནི་མ་ཡིན་ནོ། །གཅིག་ཏུ་འཛིན་པའི་བློས་ ནི་གཅིག་ཀྱང་མ་ཡིན་པ་དེའི་ཕྱིར་རྟོགས་པ་པོ་གཞན་གང་ཡིན་པ་རྟོགས་པ་དང་། རྟོགས་པ་དང་ལྡན་པ་ཞེས་བྱ་བའོ། །དེའི་སྟོབས་ཀྱིས་གང་གི་ཡུལ་གཅིག་མ་ཡིན་ཏེ་དེ་བས་ན་དེ་དག་ལ་ཡང་རང་གི་ངོ་བོ་ཙམ་ཡུལ་ཡིན་ལ་འདིས་ནི་སྔ་ཕྱིའི་ངོ་བོའི་རྟོགས་པ་ནི་སུན་འབྱིན་པར་ འཛིན་ནོ། །སྔ་ཕྱི་ཉིད་འགའ་ཞིག་གིས་མི་འཛིན་པའི་ཕྱིར་གང་གིས་དེའི་བདག་ཉིད་ཅན་རྒྱུ་འབྲས་ཀྱི་ངོ་བོ་ཞེས་བསམ་པར་འགྱུར་རོ། །གང་གི་ཕྱིར་འདི་མངོན་སུམ་ཙམ་གྱིས་བྱ་བ་མ་ཡིན་ནོ། །དེ་བས་ན་རང་རིག་མེད་པའི་མངོན་པར་ཞེན་པའི་དུས་ལ་ནི་འདི་ནི་ཐམས་ཅད་ ཐ་སྙད་ཙམ་གྱི་སྦྱོར་བ་སྟེ། རང་གི་ངོ་བོ་རིག་པ་རྩེ་གཅིག་པ་ཉིད་ལ་ནི། གང་དུ་ཐ་དད་པའི་སྔ་ཕྱིའི་ངོ་བོའི་སྦྱོར་བའོ། །བློ་ནི་སྔ་མིན་ཕྱི་མ་མིན། །དེ་འཛིན་པ་པོ་བདག་གཞན་མིན། །ཕྱི་ནས་རྣམ་རྟོག་འཛིན་པ་ཞེས། །ཟུག་རྔུ་སྐྱ་བསེང་རྒྱལ་བར་འགྱུར། །དེ་ལྟར་ འོས་པ་གནས་པ་ཁོང་སྟོང་དག་པས་ཡང་། །གང་ཕྱིར་ནམ་ཡང་རྟོགས་པའི་སྤྱོད་ཡུལ་མ་ཡིན་ཏེ། །དུས་གཞན་ལ་ནི་གང་གི་དུས་སུ་གང་གིས་མཐོང་བ་སྟེ། །རྒྱུ་ལ་ཐེ་ཚོམ་གལ་ཏེ་མི་གནོད་པ་ནི་དེ། །དམིགས་པ་ཐམས་ཅད་ཉེ་བར་ཞི་བ་གང་ལ་ནི། །དེ་ལ་དངོས་ པོ་མེད་པའི་ཐ་སྙད་ཉིད་ཡིན་ཏེ། །ཇི་ལྟར་དམིགས་བྱ་མི་དམིགས་པ་ཡི་དུས་ལ་ནི། །དམིགས་པ་ཐམས་ཅད་ཉེ་བར་ཞི་བའི་རྒྱུ་ལའོ། །དེའི་ཕྱིར་རྒྱུ་འབྲས་ཀྱི་ངོ་བོ་འདི་ནི་སྔ་ཕྱིར་གྱུར་པ་འགའ་ཞིག་ལ་མི་དམིགས་པའི་ཕྱིར་དམིགས་པའི་སྲིད་པ་དང་བྲལ་བ་ཕྱི་རོལ་གྱི་ དོན་བཞིན་དུ་མེད་པ་ཉིད་ཅེས་བྱ་བའོ། །དེའི་ཕྱིར་གཟུགས་ཀྱི་རྣམ་པར་འཇིག་པ་མི་རྟག་པ་ཞེས་དེ་རྣམས་ལ་ཐལ་བ་ཡོད་པ་མ་ཡིན་ནོ་ཞེ་ན། བདེན་ཏེ་ད་ལྟར་བྱུང་བ་ཁ་ཅིག་ལ་རྟོག་གེ་སྐམ་པོ་རྩ་བ་མེད་པ་ཉིད་ཡོད་པ་ཡིན་ཏེ། སྔ་མ་རྣམས་ནི་དེ་ལྟར་རྗེས་སུ་འདོན་ པ་མ་ཡིན་ཏེ། ཇི་སྐད་དུ་སྨྲས་པ། རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོའི་དེ་ཁོ་ན་ཉིད་ལ་རྣམ་རྟོག་གི་ཤེས་པའི་ཡུལ་ཉིད་ཀྱིས་སྐྱེ་བ་ལ་སོགས་པ་རྣམས་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ཆད་པ་མེད་པ་དང་རྟག་པ་ཡང་མེད་པ་ཟག་པ་ཡང་མེད་པའི་མཐུས་འདི་རྗེས་ སུ་འཇུག་པ་ཞེས་བྱ་བའོ། །རྟོག་གེ་སྐམ་པོ་འདི་ནི་འདི་ལ་ཡང་མཐར་ཕྱིན་པ་མ་ཡིན་ཏེ་རང་གི་ཁས་ལེན་མེད་པས་གནོད་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟ་སྟེ་གྲོལ་བར་འདོད་པ་རྣམས་ཉིད་ཀྱི་གྲུབ་མཐའ་ཡང་དག་པར་འཛིན་པ་འདི་ཉོན་མོངས་པ་དང་། སྡུག་བསྔལ་ལས་རྣམ་པར་གྲོལ་བའི་སེམས་ཀྱི་རྒྱུན་མ་འོངས་པ་ཅི་ནས་ཀྱང་ཁས་བླང་བར་བྱ་བ་སྟེ། དེ་བས་ན་ཉོན་མོངས་པ་དང་སྡུག་བསྔལ་གྱིས་ཉེ་བར་གོས་པའི་ཕུང་པོའི་ཁུར་ལ་རྣམ་པར་འཇིག་པ་དང་ཁྱད་པར་ཅན་ཡང་སྐྱེད་པ་ཞེས་བྱ་བ་ནི་གཟུགས་བརྙན་ཉིད་ དོ། །གཞན་ཡང་གང་ཞིག་འདི་སྨྲས་པ། དོན་དམ་པར་རང་རིག་ཙམ་ལ་ནུས་པ་ཉིད་ཀྱི་ཕྱིར་བློ་རྣམས་ཀྱི་ཐ་དད་པར་སྔ་ཕྱིའི་ངོ་བོ་སྦྱོར་བ་མ་ཡིན་ཞེས་བྱ་བ་དེ་ནི་མ་ཡིན་ནོ། །གལ་ཏེ་སྔ་ཕྱིའི་དངོས་པོས་ཉམས་སུ་མྱོང་བར་གྱུར་པའི་ཡང་དག་པར་རིག་པ་རྣམས་ཉིད་ ཡོད་པ་མ་ཡིན་ཞེས་འདོད་ན། དེའི་ཕྱིར་དེ་ཁོ་ན་ཉིད་སྒོམ་པའི་གོམས་པས་སྐྱེ་བ་ཐོབ་པ་ཡོན་ཏན་དང་སྐྱོན་ཐམས་ཅད་ཀྱི་འཕེལ་བ་དང་འགྲིབ་པ་མཐར་ཐུག་པའི་རྟེན་མ་འོངས་པའི་བདག་ཉིད་ཀྱི་གནས་སྐབས་ཡོད་པར་མི་འགྱུར་ཞེས་ཉེ་བར་བཟུང་ནས་དེ་ཁོ་ན་ ཉིད་ངེས་པའི་ཕྱིར་ཁྱེད་ཅག་འཇུག་པའོ། །དེ་འཇིག་རྟེན་རྒྱང་པན་པ་ལས་ཀྱང་ཁྱེད་ཅག་ལྷག་པ་སྟེ། གང་ཞིག་སྐྱེ་བ་འདི་ལ་མ་མཐོང་བ་ཉིད་འཇིག་རྟེན་ཕ་རོལ་ལ་སོགས་པ་མི་འདོད་པ་དེ་ཡང་སྐྱེ་བ་ལས་བརྩམས་ནས་མཐོང་བའི་རྣམ་པར་རིག་པ་ཐམས་ཅད་ དོ། །འོན་ཏེ་སྔ་ཕྱིར་གྱུར་པའི་ཡང་དག་པར་རིག་པ་རྣམས་ཡོད་པ་ཁོ་ན་སྟེ། སྔ་ཕྱི་ཉིད་ནི་གཅིག་པུ་འགག་པ་ཡིན་ཏེ། དེ་ཅིའི་ཕྱིར་སྔ་ཕྱི་ཡང་དག་པར་རིག་པ་རྣམས་ད་ལྟ་ཉིད་དུ་ཡོད་པ་ཡིན་ནོ། །དེ་ལྟར་ཁས་ལེན་པ་ན་ནུ་མ་འཐུང་བ་དང་གན་རྐྱལ་དུ་ཉལ་བ་དང་། རྒས་ པས་འཁོགས་པ་དང་། བྱིས་པར་བྱས་པ་དང་། རྒས་པའི་གྲོགས་པོ་བདག་ཉིད་ཅིའི་ཕྱིར་མི་ལྟ། འོན་ཏེ་དེ་དང་དེའི་ཡང་དག་པར་རིག་པ་རྣམས་དེ་དང་དེའི་དུས་ལ་ཡོད་པ་ཡིན་ན་སྔ་ཕྱིའི་དངོས་པོས་སྟོང་པ་འདི་ཅི་ཞིག་བརྗོད། ཡང་དག་པར་རིག་པ་རྣམས་ཀྱི་ དུས་ཐ་དད་པ་ཉིད་ཀྱི་སྔ་ཕྱིའི་ངོ་བོ་དོན་དེ་ཉིད་ཀྱི་ཕྱིར་རོ། །རྒྱུ་ཉིད་ནི་སྔ་མའི་ངོ་བོ་ངེས་པར་སྤངས་ནས་ཡོད་པ་མ་ཡིན་ཏེ། འབྲས་བུ་ཉིད་ཀྱང་ཕྱི་མའི་ངོ་བོའི་ངེས་པར་སྤངས་ནས་ཅུང་ཟད་གཞན་ཉིད་ཡོད་པ་མ་ཡིན་ནོ་ཞེས་རྒྱུ་འབྲས་ཀྱི་ངོ་བོ་གྲུབ་པ་ཡིན་ནོ། །འོན་ཏེ་རྒྱུ་འབྲས་ཀྱི་ངོ་བོ་ ཀུན་རྫོབ་པ་ཡང་གང་གིས་མི་འདོད་པ་དེ་ཉིད་དུ་ནི་ཡོད་པ་མ་ཡིན་ཞེས་སྨྲའོ། །དེ་ཉིད་ཀྱི་ཕྱིར་རང་གི་ཚིག་དང་འགལ་བ་ལ་སོགས་པ་ཡང་། དེ་ཉིད་དུ་མ་ཡིན་ཞེས་ཁྱད་པར་གྱིས་དོན་དམ་པར་འགྲིབ་པར་བྱེད་པའི་བློ་ཀུན་རྫོབ་ཅེས་བརྗོད་པ་ཡིན་ནོ། །དེ་ལ་གསལ་བ་ དོན་དམ་པར་སྨྲ་བ་རྣམས་ཀྱི་རྣམ་པར་རྟོག་པ་ཉིད་ཀུན་རྫོབ་སྟེ། དེས་ན་ཕྱི་རོལ་གྱི་དོན་བཞིན་དུ་ཡུལ་གང་ཞིག་གཅིག་པ་ནི་རྣམ་པར་རྟོག་པ་ཉིད་དོ། །ནམ་གྱི་ཚེ་གསལ་བ་དེ་ཉིད་ཀུན་རྫོབ་མ་ཡིན་ཞེས་བརྗོད་པར་བྱ་བའོ། །དེ་བས་ན་མཐོ་རིས་སམ་ཐར་པ་བདག་ལ་འབྱུང་ བར་འགྱུར་ཞེས་བྱ་བ་ཁོ་བོ་ལ་རྣམ་པར་རྟོག་པ་ཉིད་གཅིག་པུ་སྟེ། གསལ་བ་ནི་མཐོ་རིས་ལ་སོགས་པའི་རྣམ་པ་ཅན་ནམ་གྱི་ཚེ་ན་ཡང་འབྱུང་བ་མ་ཡིན་པ་ཞེས་དོན་མེད་པ་སྒྲུབ་པར་བྱེད་པ་རྣམས་ལ་སྒྲུབ་པ་སྟེ་རྣམ་པར་རྟོག་པ་ཙམ་གྱིས་སོ། །གཞན་དུ་ན་ཡང་རྙེད་པར་སླ་བ་ཉིད་ཀྱི་ ཕྱིར་རོ། །གསལ་བ་ཁས་ལེན་ན་དེ་ཉིད་གདུག་པའི་བདག་ཉིད་ཅན་རྒྱུ་འབྲས་ཀྱི་ངོ་བོའོ། །འོན་ཏེ་སྤྲོས་པ་འགའ་ཞིག་གང་གི་བདེན་པ་རིག་པར་བྱ་བ་སྟེ། །དེ་ནི་དེ་ཡི་ཀུན་རྫོབ་ཉིད་དུ་ཆེ་བར་སླར་ནི་གྲགས་པར་བྱེད། །གལ་ཏེ་རྣམ་པར་རྟོག་པ་ཀུན་རྫོབ་ཡིན་ན་གསལ་ བ་མ་ཡིན་ཏེ། །མཐོ་རིས་ཐར་པ་དག་ལ་སྐུར་པ་འདེབས་པས་ཀྱེ་མ་ཁྱོད་ནི་བཅོམ། །དེ་བས་ན་རྣམ་པར་ཤེས་པ་དོན་དམ་པར་ཡོད་པར་སྨྲ་བ་རྣམས་ཀྱི་རྒྱུ་འབྲས་ཀྱི་ངོ་བོ་ནི་དོན་དམ་པ་པ་ཉིད་དེ་རིགས་མི་འདྲ་བ་ཙམ་གྱིས་གཞན་དུ་བྱེད་པར་འདོད་ཅིང་སླར་འདི་ལྟར་ རབ་ཏུ་སད་པར་བྱའོ། །དེ་ལྟ་ན་ཡང་རྣམ་པར་རིག་པ་ཐམས་ཅད་ཀྱི་འཛིན་པར་བྱེད་ཅིང་རང་རང་གི་ངོ་བོ་ཙམ་ལ་ནུབ་པ་ཉིད་ཀྱིས་འདི་ལས་འདི་ཞེས་གཟུང་བར་མི་ནུས་པའི་ཕྱིར་རོ། །ཚད་མ་མེད་པར་གཞལ་བྱ་རྣམ་པར་གཞག་པ་མ་ཡིན་ཞེས་བརྗོད་པར་བྱ་བ་སྟེ་དུས་ཐམས་ཅད་ དུ་ཤེས་པའི་ཚོགས་འདི་དུས་ཐམས་ཅད་དུ་གཅིག་པའི་ངོ་བོ་ཉིད་ནི་རིམ་གྱིས་སྐྱེ་བ་མ་ཡིན་ཏེ་རེ་ཞིག་སྔ་ཕྱིའི་ངོ་བོ་ནི་ཡོད་པ་མ་ཡིན་ནོ། །དེ་བས་ན་སྔ་མའམ་ཕྱི་མའི་བློ་བདག་ཉིད་སྔ་ཕྱིའི་ངོ་བོ་ཉིད་ཉམས་སུ་མྱོང་བའི་སྣོད་དུ་བྱེད་པ་ཡིན་ཏེ་ སྤྱོད་པའི་རྣམ་པ་དང་བྲལ་བའི་ཕྱིར་སྒྲ་ཉིད་གཅིག་པར་འཇུག་པ་མ་ཡིན་ནོ། །དེ་ནི་སྔ་ཕྱི་ཉམས་སུ་མྱོང་བ་ལས་བྱུང་བ་དེ་དང་དེའི་རྣམ་པ་རྗེས་སུ་བཟུང་བའི་རྣམ་པར་རྟོག་པ་ལ་གང་ཞིག་སྔ་ཕྱིའི་རྣམ་པར་སྣང་བ་དེ་དེའི་ངེས་པའི་ཡུལ་ཡང་དག་པར་འབྱུང་བས་མི་སླུ་བ་ སྐད་ཅིག་མ་ལ་སོགས་པ་རྣམ་པར་རྟོག་པ་བཞིན་དུ་དེ་ཉིད་ནི་རྒྱུ་འབྲས་ཀྱི་ངོ་བོ་རྣམ་པར་གཞག་པར་བྱེད་དོ། །དེ་བས་ན་དེའི་རྗེས་ལ་རབ་ཏུ་འཇུག་པར་བྱའོ། །ཁྱོད་ལ་ཡང་རྣམ་པར་རྟོག་པའི་རྣམ་པ་སྐྱེ་བའི་ཁྱད་པར་ལས་གཞན་པ་རྒྱུ་འབྲས་ཀྱི་ངོ་བོའི་སུན་འབྱིན་ པའི་ཐབས་ཡོད་པ་མ་ཡིན་ནོ། །འདི་ཙམ་ནི་ཁྱད་པར་ཏེ་འགྲོ་བ་ལ་གྲགས་པའི་རིམ་གྱིས་ཉམས་སུ་མྱོང་བ་དང་འགལ་བ་དེའི་ཕྱིར་དེ་མངོན་སུམ་གྱི་རྗེས་ལས་བྱུང་བ་མ་ཡིན་ནོ། །རྣམ་པར་རྟོག་པ་ཐམས་ཅད་ལ་རྗེས་སུ་དཔག་པའི་ངོ་བོ་ཉིད་དུ་རྣམ་པར་རིག་པ་ ཙམ་ངོ་བོ་ཉིད་ཀྱིས་ཕ་རོལ་པོ་རྣམ་པར་གཞག་པ་ལ་དབང་དུ་བྱ་བ་མེད་པས། འདིས་ཇི་ལྟར་རྣམ་པར་རིག་པ་རྣམས་ཀྱི་སྔ་ཕྱིའི་ངོ་བོ་སུན་འབྱིན་པར་བྱེད་ཅེས་རིགས་པ་མཉམ་པ་ཡིན་ནོ། །དེ་བས་ན་རྣམ་པར་རྟོག་པ་ལ་སྣང་བའི་དབང་གིས་ཡང་དག་པར་རིག་ པ་གཞན་གྱི་ཡུལ་ཉིད་ངེས་པའི་དབང་གིས་སུན་འབྱིན་པར་དཀའ་བ་དང་དོར་བར་དཀའ་བ་མ་ཡིན་མོད། དེ་ཁོ་ན་ཉིད་རྟོགས་པའི་ཐབས་གཞན་ཡང་དག་པར་མི་འབྱུང་བའི་ཕྱིར་རོ། །དེ་ལྟ་ན་དེ་ཀུན་རྫོབ་པ་ཡིན་ཏེ། དེ་ཉིད་པ་ནི་མ་ཡིན་ནོ། །དེ་ལྟར་ཁས་ལེན་ན་རྒྱུ་ འབྲས་ཀྱི་ངོ་བོ་མེད་པ་ཡང་དེ་ཉིད་པར་མི་འགྱུར་རོ། །རྗེས་སུ་དཔག་པས་བསྒྲུབ་པའི་ཤེས་པ་ཉིད་དང་སྣ་ཚོགས་པ་གཉིས་སུ་མེད་པ་ལ་སོགས་པ་རྣམས་ཀྱི་དེ་ཉིད་པ་ཉིད་ཀྱི་དོན་དུ་ཆུའི་སྙིམ་པ་སྦྱིན་པར་བྱ་བ་སྟེ། དེའི་ཕྱིར་ཅི་ཡང་མེད་པར་འདུག་ཅིག །དེ་བས་ན་དོན་དམ་ པར་ཡོད་པའི་རྣམ་པར་ཤེས་པ་ལ་རྒྱུ་འབྲས་ཀྱི་ངོ་བོ་ལོག་པ་དེའི་ཕྱིར་འདི་ནི་ལྟ་བ་ངན་པ་མེད་པ་ཉིད་བསྟན་པར་བྱེད་པ་དང་གཞན་གྱི་དབང་གི་ངོ་བོ་མེད་པར་བྱེད་པ་དང་། གང་ཞིག་རྟེན་ཅིང་འབྲེལ་འབྱུང་བ། །དེ་ཉིད་སྟོང་པ་ཉིད་ཁྱེད་འདོད། །ཅེས་བྱ་བའི་ རིགས་པས་ཐོག་ཏུ་འབབ་པ་ཆོས་ཉིད་ཀྱང་ཟློག་པར་བྱེད་པ་དེ་བས་ན། བདག་ཉིད་འདོད་པ་རྣམས་ཀྱིས་རིང་པོར་ཡོངས་སུ་སྤང་བར་བྱའོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ། དངོས་པོ་རང་དགའ་མེད་པ་ཞེས། །ཁྱེད་ཀྱི་སེང་གེའི་སྒྲ་མི་འདྲ། །ཞེས་བྱ་བའོ། །གལ་ཏེ་དེ་ལྟར་ དོན་དམ་པར་ཡོད་པའི་ཤེས་པའི་རྒྱུ་འབྲས་ཉིད་ཀྱང་དོན་དམ་པ་ཡོད་མོད། ཁྱེད་ལ་ཡང་འདི་ནི་གཟུགས་བརྙན་ཞེས་སྐད་དཔངས་མཐོ་བ་ཙམ་ལས་གཞན་གནོད་བྱེད་ཀྱི་ཚད་མ་མེད་ཅེ་ན། འདི་བརྗོད་པར་བྱ་སྟེ་གང་ཞིག་གཅིག་དང་དུ་མའི་རང་བཞིན་མ་ཡིན་པ་དེའི་དོན་དམ་ པར་ཡོད་པ་མ་ཡིན་ཏེ་དཔེར་ན་ནམ་མཁའ་ལ་པད་མའོ། །ཡོངས་སུ་མཐོང་བར་གྱུར་པའི་སྔོན་པོ་ལ་སོགས་པ་ཡང་གཅིག་དང་དུ་མའི་རང་བཞིན་མ་ཡིན་པ་སྟེ་ཞེས་བྱ་བའི་ཁྱབ་བྱེད་མི་དམིགས་པའོ། །ཆོས་ཐམས་ཅད་རང་བཞིན་མེད་པར་སྨྲ་བའི་ཁྱེད་ལ་བསྒྲུབ་བྱ་དང་ སྒྲུབ་བྱེད་ལ་སོགས་པའི་ཆོས་ཡང་དག་པར་འབྱུང་བ་ག་ལས་ཡིན་ཞེ་ན། ཐམས་ཅད་དུ་འཇིག་རྟེན་ལ་གྲགས་པ་ཉིད་ཀྱི་ཆོས་ཅན་ལ་དོན་དམ་པའི་བསམ་པ་འཇུག་པ་ཡིན་ནོ། །ཇི་སྐད་དུ་རྣམ་འགྲེལ་ལས། ཆོས་ཅན་ཆོས་ཀྱི་རྣམ་གཞག་དང་། །ཐ་དད་ཐ་མི་དད་ ཇི་འདྲ། །མ་མཐོང་བ་ཡི་དེ་ཉིད་དོན། །ཇི་ལྟར་འཇིག་རྟེན་ལས་རྟོགས་འགྱུར། །དེ་ནི་དེ་ལྟར་བརྟེན་ནས་ནི། །བསྒྲུབ་བྱ་སྒྲུབ་བྱེད་ཡང་དག་གནས། །དོན་དམ་པ་ལ་འཇུག་དོན་དུ། །མཁས་པ་རྣམས་ཀྱིས་ཉེ་བར་བརྟགས། །ཞེས་བྱ་བའོ། །སྔོན་པོ་ལ་སོགས་པ་ རྣམས་ལ་རྟོགས་པ་ཙམ་ཡང་ཁོ་བོ་ཅག་མི་འདོད་པ་མ་ཡིན་ཏེ། གང་གིས་ཆོས་ཅན་ལ་ཕྱི་རོལ་དུ་གྲུབ་པ་ཉིད་དུ་འགྱུར་རོ། །རང་གི་ངོ་བོ་མ་གྲུབ་པ་ཡང་མ་ཡིན་ཏེ། །ཆ་བཅས་ཡན་ལག་རང་བཞིན་སྐྱོན། །ཕྲ་རབ་རྡུལ་ལྟར་ཆ་མེད་ལ། །གཅིག་ཉིད་མ་གྲུབ་པ་ལ་ཡང་། ། དུ་མ་ཉིད་ནི་འགྲུབ་མི་འགྱུར། །ཁྱབ་པ་མ་གྲུབ་པ་ཡང་མ་ཡིན་ཏེ། །གཅིག་དང་དུ་མ་ཉིད་དག་ལས་རྣམ་པ་གཞན་མེད་པ་དང་། ལྷན་ཅིག་ཏུ་དངོས་པོ་ཉིད་ཀྱི་ཁྱབ་པ་སྟེ། དེ་བས་ན་ཁྱབ་བྱེད་མེད་པ་ལ་ཁྱབ་བྱ་ཡོད་པ་ཉིད་ཀྱི་ཡང་ དག་པར་སྲིད་པ་ག་ལ་འགྱུར། འདིར་སྨྲས་པ། ཁྱད་པར་ཐམས་ཅད་བྲལ་བའི་གསལ་བ་ཙམ་གྱི་མཚན་ཉིད་སྔོན་པོ་ལ་སོགས་པ་རྣམས་ཀྱི་ཡོད་པ་ཉིད་རང་རིག་གི་མངོན་སུམ་གྱིས་གྲུབ་པ་སྟེ། དེ་གནོད་པ་ལ་མངོན་སུམ་གྱི་གནོད་པ་ཉིད་དམ་བཅའ་ལའོ། །གསལ་བ་ ལས་ལྷག་པའི་ཡོད་པ་ཉིད་གནོད་པ་ལ་གྲུབ་པ་ལ་གྲུབ་པའོ། །རང་རིག་པ་ནི་ཡོད་མོད་ཀྱི། །རང་ཉིད་བརྫུན་པར་ཤེས་པར་གྱིས། །ཚད་མ་དག་ལ་འགལ་བ་མེད། །སྔོན་པོ་མཐོང་བཞིན་སྐད་ཅིག་ལའོ། །རྗེས་སུ་དཔག་པས་འགྲུབ་པའི་ལྡོག་པ་གཞན་གྱིས་ཁྱད་པར་དུ་བྱས་པའི་ མངོན་སུམ་གྱིས་མངོན་དུ་བྱས་པ་ལ་ཚད་མ་དག་ལ་འགལ་བ་མེད་དེ། སྐད་ཅིག་མ་ལྟར་མི་བདེན་པ་ཉིད་ལ་ངེས་པའི་ཤེས་པའི་རྐྱེན་མི་འབྱུང་བའི་ཕྱིར་ཡུལ་ཐ་དད་པ་ནི་གསལ་བ་ཞེས་བྱ་བའོ། །གང་གི་ཕྱིར་སྔོན་པོའི་ཡོད་པ་ཉིད་བཟུང་བའི་མངོན་སུམ་གྱི་སྐད་ཅིག་མ་འཇིག་པའི་སྒྲུབ་ པ་ཡོད་པ་ཉིད་ཀྱི་ཁྱད་པར་སྒྲུབ་པ་ཉིད་ཡིན་ཏེ། དེའི་ཕྱིར་འགལ་བ་མ་ཡིན་ནོ། །ཡོད་པ་ཉིད་ལ་གནོད་པ་ནི་འགལ་བ་ཁོ་ན་སྟེ་མངོན་སུམ་གྱིས་གནོད་པར་བྱས་པའོ། །དེ་བས་ན། མི་བདེན་ངོ་བོ་རིག་པ་འདི་ནི་དོན་གང་ཡིན། །མེད་པའི་ངོ་བོ་རིག་པ་ཞེས་བྱ་དོན་གང་ཞིག ། རིག་པ་ཉིད་ནི་འདི་ཡི་ཡོད་པ་ཉིད་བཤད་དེ། །དེ་ཡི་དགག་པ་དང་ནི་སྒྲུབ་པ་ཇི་ལྟར་ཡིན། །ཁྱབ་པ་སྒྲུབ་པ་ཡང་མ་ཡིན་ཏེ་ཆ་དང་བྲལ་བ་ནི་གཅིག་ཡིན་ལ་དེའི་ཚོགས་ནི་དུ་མ་སྟེ། ཆ་དང་བྲལ་བ་ནི་ཅུང་ཟད་མངོན་སུམ་མམ་རྗེས་སུ་དཔག་པས་སྒྲུབ་པ་མ་ཡིན་ཏེ། དེ་བས་ན་ཇི་ལྟར་ དེ་དག་གིས་དངོས་པོའི་ཁྱབ་པའོ། །དངོས་པོ་ཡང་ཅུང་ཟད་པ་མ་ཡིན་ཏེ། གང་གི་གཅིག་དང་དུ་མ་དག་གིས་དངོས་པོ་དང་ཁྱབ་པའོ། །དེ་ལ་ནི་སྐྱོན་ཏེ་བསལ་བ་ཙམ་གྱིས་ཁོ་བོ་ཅག་ལ་ཡོད་པ་ཉིད་དེའི་ཕྱིར་དེའི་ངོ་བོར་གང་ཡིན་གལ་ཏེ་དངོས་པོ་ཅུང་ཟད་གཅིག་དང་དུ་མ་ཉིད་ དག་གིས་ཁྱབ་པ་ཉེ་བར་དམིགས་པ་དེའི་ཚེ་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ལ་གནོད་པའོ། །གཅིག་དང་དུ་མ་ཉིད་ཀྱིས་དངོས་པོ་ལ་ཁྱབ་པ་གལ་ཏེ་འགའ་ཞིག་ཏུ་གྲུབ་ན་དེའི་ཚེ་ཐམས་ཅད་སྟོང་པ་ཉིད་ཀྱི་དུས་སུ་གཏན་ཚིགས་ནི་འདོད་པ་རྣམ་པར་འཇོམས་པར་ བྱེད་པའོ། །གཞན་ཡང་ཤེས་པའི་མི་བདེན་པ་ཉིད་འདི་གང་ཡིན། གལ་ཏེ་གནོད་པར་བྱེད་པ་ཉིད་ཡིན་ན་གཉིས་སུ་མེད་པའི་རང་གི་ངོ་བོ་ཙམ་ལ་ནུབ་པའི་ཡང་དག་པར་རིག་པ་རྣམས་ཀྱིས་ཕན་ཚུན་དུ་གནོད་པ་ཞེས་བྱ་བ་ལ་ཡིད་ཆེས་གང་ཡིན་ཞེ་ན། འདི་ལྟར་བརྗོད་ པར་བྱ་སྟེ། གང་དུ་རེ་ཞིག་སྨྲས་པ། གསལ་བའི་ངོ་བོ་ཡོད་པ་ཉིད་ལ་གནོད་པར་ནུས་པར་བྱ་བ་མ་ཡིན་ཞེས་དེ་ལ་ཡོད་པ་ཉིད་ནི་ཡོད་པ་ཉིད་དོ། །གསལ་བ་ནི་ཉམས་སུ་མྱོང་བ་ཞེས་བྱ་བའོ། །ལྡོག་པ་ཐ་དད་པ་ལས་ཡང་དག་པར་འབྱུང་བ་ལ་གསལ་བས་རྟོགས་ པ་ཙམ་ལ་སྒྲུབ་པ་ཡོད་མོད། །ཡོད་པ་ཉིད་བདེན་པ་ཉིད་ཀྱི་མཚན་ཉིད་ལ་ནི་གནོད་པ་ལ་སྐྱོན་གང་ཡིན། ལྡོག་པ་ཐ་དད་པ་མེད་པ་ལ་སྔོན་པོ་ལ་སོགས་པ་ཅིའི་ཕྱིར་ཡོད་པ་ཉིད་ཅེས་ཡོངས་སུ་འདྲི་བ་ལ་གང་ཞིག་སྨྲས་པ། གསལ་བ་ལས་ཡོད་པ་ཉིད་ཅེས་དེ་ལ་གསལ་བ་ ལས་གསལ་བ་ཞེས་བརྗོད་པར་འགྱུར་རོ། །སྔོན་པོ་ལ་སོགས་པ་རྣམས་ཀྱི་རྟོགས་པ་ཙམ་ནི་གང་གིས་མེད་པར་སྨྲ་བར་ནུས་གང་གི་སླད་དུ་འདི་བརྗོད་པ་ཡིན། དེ་བས་ན། གང་ཞིག་གསལ་བ་ལས་ནི་འདིའི་ཡོད་འདོད་པ་སྟེ། །གལ་ཏེ་ལྡོག་པ་ཐ་དད་དེ་ཡི་ཡོད་མ་ཡིན། ། གང་གིས་གསལ་བར་བྱེད་པ་དེའི་ཕྱིར་གསལ་བ་སྟེ། །ལྡོག་པ་ཐ་དད་ལ་ནི་དེ་ཉིད་གནོད་བྱའོ། །འདི་ཉིད་ཀྱིས་ནི་མི་བདེན་ངོ་བོ་རིག་པ་འདི་ནི་དོན་གང་ཡིན། །ཞེས་བྱ་བ་ལ་སོགས་པ་དེ་གང་ཞིག་སྨྲ་བ་དེ་ཡང་གསལ་ཟིན་ཏོ། །མི་བདེན་ངོ་བོ་རིག་པ་འདི་ནི་དོན་གང་ཡིན། །སྤྱོད་ པས་སྟོང་པ་རིག་པ་ཞེས་བྱ་དོན་གང་ཞིག །གསལ་བ་ལས་འདི་གནོད་པ་ཡོད་པ་མ་ཡིན་ཏེ། །དེ་ཡི་དགག་པ་དང་ནི་སྒྲུབ་པ་ཇི་ལྟར་ཡིན། །ཞེས་བྱ་བའོ། །གང་ཞིག་ཡང་སྨྲས་པ། ཇི་ལྟར་གཅིག་དང་དུ་མ་ཉིད་དག་གིས་དངོས་པོ་ལ་ཁྱབ་པ་སྒྲུབ་པ་ཞེས་དེ་ལ་ཤིན་ཏུ་མེད་ པ་རྣམས་དགག་པ་ལ་ཐམས་ཅད་དུ་མཚན་ཉིད་དུ་བསྒྲུབ་པ་སྟེ། རྟག་པ་དང་དབང་ཕྱུག་ལ་སོགས་པ་བཞིན་ནོ། །དེ་བས་ན་འདིར་ཡང་རེ་ཞིག་དངོས་པོ་དོན་དམ་པར་ཡོད་པ་ལ་མཚན་ཉིད་ལས་སྒྲུབ་པའོ། །དངོས་པོའི་རྣམ་པ་གཞན་མེད་པའི་ཕྱིར་ གཅིག་དང་དུ་མ་དག་གིས་ཁྱབ་པ་སྒྲུབ་པ་ནི་བདག་དང་བདག་མེད་པ་བཞིན་དུའོ། །ཇི་སྐད་དུ་གསུངས་པ། བདག་དང་བཅད་པ་དང་བདག་མེད་པ་དག་ལས་ཕུང་པོ་གཞན་ཡོད་པ་མ་ཡིན་ཞེ་ན། བདག་འཇུག་པ་དང་རྣམ་པར་གཅོད་པ་དག་གིས་ཐམས་ཅད་བསྡུས་པའི་ཕྱིར་ ཞེས་བྱ་བའོ། །དེ་བས་ན་ལྡོག་པ་ལ་གནོད་བྱེད་ཀྱི་ཚད་མ་གཞན་དུ་རྣམ་པ་གཞན་དང་བྲལ་བ་ཡང་རྣམ་པ་གཉིས་ཀྱིས་འགའ་ཞིག་ལ་དངོས་པོ་སྒྲུབ་པའི་དོན་དུ་ཡོད་པ་ལ་རིམ་དང་ཅིག་ཅར་ལ་སོགས་པ་བཞིན་དུ་སྟེ། རྟོག་གེའི་བསྟན་བཅོས་ཉིད་ལས་རྒྱས་པར་བཤད་པ་ ཞེས་འདིར་ལོག་པར་རྟོག་པས་ཆོག་གོ། །གང་ཞིག་སྨྲས་པ་གཉིས་སུ་མེད་པ་ལ་གནོད་པ་ཞེས་བྱ་བའི་ཡིད་ཆེས་པར་བྱེད་པ་གང་ཡིན་པ་ཞེས་བྱ་བ་དེ་ལ། ངེས་པའི་ཤེས་པའི་དབང་གིས་དངོས་པོ་གཟུང་བ་ལ་རྣམ་པར་དཔྱོད་པ་མི་བཟོད་པ་ཉིད་གང་ཞིག་རྟོགས་པ་དེས་དོན་དམ་ པར་ཡོད་པའི་ངེས་པ་ལ་མི་བདེན་པ་ཉིད་བསྟན་པ་འདི་ནི་འདིར་གནོད་པའི་དོན་ཏོ། །དེ་ལྟར་ཁས་མི་ལེན་ན་ཐམས་ཅད་རྗེས་སུ་དཔག་པའི་ངེས་པས་སྒྲུབ་པ་དོར་བ་ལ་གཉིས་སུ་མེད་པ་ལ་སོགས་པ་སྒྲུབ་པ་ཡང་ག་ལ་འགྱུར། འོན་ཏེ་འགལ་བའི་ཆོས་ལྷག་པར་གནས་པས་ ཐ་དད་པ་ལ་གཅིག་དང་བྲལ་བ་སྒྲུབ་པ་ཡིན་ཏེ། གལ་ཏེ་ཡང་དེའི་སྟོབས་ཀྱིས་སྔོན་པོ་དང་སེར་པོ་དག་ལ་ཐ་དད་པ་དེའི་ཕྱིར་སྔོན་པོའི་དུམ་བུ་དག་ལ་ཡང་དེའི་ཡུལ་དང་དེའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རྡུལ་ཕྲ་རབ་མཐོང་བས་རྡུལ་ཕྲ་རབ་གཅིག་སྣང་བར་འགྱུར་རོ། །འོན་ཏེ་ཐ་དད་པ་ ཡོད་པ་ལ་ཡང་དག་པར་རིག་པ་རྣམས་ལ་ཅུང་ཟད་ཡོད་པ་ཞེས་བྱ་བའོ། །སྣ་ཚོགས་ཉིད་ཡོད་པ་ལ་རག་ལུས་པར་སྣང་བ་མེད་པར་ཐལ་བར་འགྱུར་རོ། །གཅིག་དང་ཉེ་བར་ལེན་པ་ཉིད་ཀྱིས་སོ་སོར་རིག་པ་མ་ཡིན་ཏེ་ཉེ་བར་ལེན་པ་ཡང་གཅིག་ཉིད་མ་གྲུབ་པའི་ཕྱིར་ཡོད་པའམ། དེ་ལྟ་ན་ཡང་། ཉེར་ལེན་ཉིད་གཅིག་དེ་རྣམས་ཀྱིས། །སྣ་ཚོགས་པ་ཉིད་སེལ་ལམ་ཅི། །སྣ་ཚོགས་ཉིད་ཀྱིས་ཕན་ཚུན་དུ། །རིག་པ་དེ་རྣམས་ལ་མི་འདོད། རང་རིག་གཅིག་ལ་ནུབ་པ་སྟེ། །ཡང་དག་རིག་པ་གཞན་མི་རིག །ཕན་ཚུན་དུ་ནི་མངོན་དུ་བྱེད། །ཅི་ཡང་ འདི་ནི་ངོ་མཚར་ཆེ། །དེའི་ཕྱིར་རྣམ་པར་རིག་པ་རྣམས་ནི་སེམས་ཀྱི་ངོ་བོ་ཡིན་ཡང་གཅིག་ཉིད་ཡོངས་སུ་སྤོང་བ་མ་ཡིན་ཞེས་གཅིག་ཉིད་དང་བྲལ་བ་མ་གྲུབ་པ་ཡིན་ནོ། །གཞན་ཡང་འགལ་བའི་ཆོས་ལྷག་པར་གནས་པ་འདི་ཐམས་ཅད་དུ་མངོན་སུམ་གྱི་སྒྲུབ་པའི་ཐ་དད་པ་ ལ་དེའི་ཐ་སྙད་རབ་ཏུ་འཇུག་པར་བྱེད་པའོ། །འདིར་སྔོན་པོ་སེར་པོ་ལས་ཐ་དད་པར་སྣང་བ་ནི་མངོན་སུམ་མ་ཡིན་པ་མ་ཡིན་ཏེ། གལ་ཏེ་དཀར་པོ་རྣམས་ཀྱིས་དཀར་པོ་མངོན་སུམ་ཉིད་དུ་འབྱེད་པ་སྟེ། །དེ་ནི་འབྱེད་པར་འགྱུར་བ་ཡང་ན་ཐ་མི་དད་པ་ཉིད་དུ་འབྱེད། །ཐ་དད་པ་ལ་ གཞན་གྱི་ཆ་བྱད་ཀྱང་ནི་ཡོད་མེད་ག་ལས་འབྱེད། །ཐ་མི་དད་པའི་ཡིད་ནི་འབྱེད་པ་ཞེས་བྱ་བར་ཡང་གང་གིས་ནུས། །ཞེས་བྱ་བས་ཁྱེད་དགའ་བས་འདོད་པ་རྗེས་སུ་བསྒྲུབས་སོ། །དུ་མ་ཉིད་དུ་ཕྲ་རབ་རྡུལ་ལྟར་རྣམ་འབྱེད་ལས། །གལ་ཏེ་རྣམ་རིག་ཉིད་ནི་འཇིག་ན་དུ་མ་མེད། །ཁྱབ་བྱེད་ཐ་ དད་ཐ་མི་དད་པ་སེལ་བ་ལ། །དེ་ཕྱིར་གནོད་པ་ཉིད་ནི་བདག་ལ་ལྷག་མ་ཡིན། །དེ་ཡང་སྣང་བ་ཐ་དད་པར་ཡང་དག་པར་འབྱུང་བ་ཉིད་ཀྱིས་རྙེད་པར་སླ་བ་ཉིད་དེ་འགལ་བའི་ཆོས་ལྷག་པར་གནས་པའི་ཕྱིར་དང་ཐ་དད་པ་ཡོངས་སུ་སྤང་བར་དཀའ་བ་ཉིད་ཀྱི་ཕྱིར་རོ། །འོ་ན་དེ་ཉིད་ཐ་དད་ པ་ཡིན་ནོ། །ཇི་སྐད་དུ་གསུངས་པ། འདི་ཉིད་ནི་ཐ་དད་པ་ཡིན་པ་འདི་ལྟ་སྟེ། འགལ་བའི་ཆོས་དང་ལྷག་པར་གནས་པ་ཞེས་བྱ་བའོ། །འདིར་ནི་ཕན་ཚུན་ཡོངས་སུ་སྤངས་པ་ལས་གཞན་འགལ་བ་ཡོད་པ་མ་ཡིན་ཏེ། སྔོན་པོ་ནི་སེར་པོ་ཡོངས་སུ་སྤངས་པས་སྣང་བ་སྟེ། །གཞན་དུ་ན་ སྔོན་པོ་དང་སེར་པོ་དག་ལ་གཅིག་པའི་རང་བཞིན་དུ་གྱུར་ནས་འདྲིས་པའི་ངོ་བོ་ཉིད་ཀྱིས་འོ་མ་དང་ཆུ་བཞིན་དུ་སྣང་བར་འགྱུར་རོ། །དེ་ཕྱིར་གལ་ཏེ་ཐ་དད་ཅེས། །འདི་ནི་ཇི་ལྟར་ཡིད་སྐྱེ་བ། །གལ་ཏེ་དེ་ལྟར་ཉམས་མྱོང་མེད། །འདྲིས་པའི་བློ་ནི་གང་གིས་བཟློག །གང་ཡང་སྨྲས་པ་ མངོན་སུམ་ཉིད། །ཅེས་བྱ་བ་ལ་སོགས་པ་དེར་ཡང་། དཀར་པོ་རྣམས་ཀྱིས་དཀར་པོའི་ཐ་དད་གལ་ཏེ་དབང་པོའི་བློས་མི་རིག །དེ་ནི་འབྱེད་པར་འགྱུར་ཏེ་ཡང་ན་ཐ་དད་ནུབ་པར་བྱེད་པ་ཅི། །ཐ་དད་པ་ནི་ཐ་དད་ཉེ་བར་རྟོགས་པ་མེད་པར་གང་གིས་ནུས། ། གལ་ཏེ་གཅིག་ཉིད་ཡིན་ན་ཇི་ལྟར་འདི་ནི་སྣང་བ་ཐ་དད་པའོ། །དེའི་ཕྱིར་གཅིག་ཉིད་ནི་མངོན་སུམ་ཉིད་ཀྱིས་བཟོད་པ་མ་ཡིན་ནོ། །སྣ་ཚོགས་པ་ཉིད་ནི་ཁྱད་པར་འབྱེད་པ་མེད་པར་ཐལ་བས་ཁྱེད་ཉིད་ཀྱིས་བཀག་པས་ཞེས་གཅིག་དང་། དུ་མ་ཉིད་ཀྱིས་དཔྱད་པ་ནི་མི་བཟོད་པ་གསལ་ བར་མི་བདེན་པ་ཉིད་སྣང་བ་འདི་ཞེས་གྲུབ་ཟིན་ཏོ། །འདིར་ཡང་། དངོས་རྣམས་གང་གིས་དཔྱོད་བྱེད་པ། །དེ་ཉིད་ལས་ནི་དེ་དངོས་མེད། །གང་ཕྱིར་གཅིག་དང་དུ་མ་ཡང་། །ངོ་བོ་དེ་རྣམས་ལ་ནི་མེད། །ཅེས་བྱ་བའི་སློབ་དཔོན་གྱི་ཚིག་ཉིད་ནི་ཚད་མ་ཡིན་ནོ། །རྣམ་པ་མེད་ པའི་རྣམ་པ་ཤེས་པར་སྨྲ་བ་ནི་ཁྱབ་བྱེད་མི་དམིགས་པ་འདིས་གྲོགས་པོ་སྦྱིན་པའི་བདག་ཉིད་འདོད་པར་གྱུར་པ་སོ་སོར་གནས་པ་ཡིན་ནོ། །རྣམ་པ་རྣམས་གནོད་པས་མི་བདེན་པ་ཉིད་ཡིན་མོད།