Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 94
Văn bản gốc(Tây Tạng)
Trang 4 / 21 (50.000 ký tự/trang)
ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ལ་གནས་པར་འགྱུར་ཞེས་བྱ་བས་ཐེག་པ་ཆེན་པོ་ལ་ཡང་དག་ པར་གནས་པ་ཞེས་བརྗོད་པ་ཡིན་ནོ། །འདིས་ནི་ཡང་དག་པར་གནས་པ་ཆེན་པོ་ཉིད་ཀྱིས་སེམས་དཔའ་ཆེན་པོ་ཞེས་བསྟན་པ་ཡིན་ནོ། །གང་ཡིན་གང་ཡང་དེས་ཞེས་བྱ་བའི་དྲི་བ་ལ་ལན་གསུངས་པ་ནི་འོན་ཀྱང་གནས་གང་ནས་ཀྱང་ངེས་པར་འབྱུང་བ་མེད་ཅེས་བྱ་བ་སྟེ། ངེས་ པར་འབྱུང་བར་བྱེད་པ་པོ་ནི་དོན་དམ་པར་འགའ་ཡང་མེད་དེ་གང་ཟག་དང་ཆོས་དག་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དགོངས་པའོ། །ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་ངེས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ལྷག་པར་འབྱུང་བ་ཡིན་ཏེ། དེ་ཞེས་བྱ་བ་ནི་ངེས་པར་མ་ཕྱུང་བའོ། ། ཅིའི་ཕྱིར་ཞེ་ན་གང་ཞེས་བྱ་བ་ནི་གང་ཟག་གམ་ཆོས་སོ། །གང་གིས་ཞེས་བྱ་བ་ནི་རྟོགས་ནས་ཆོས་ཀྱིས་སོ། །དེ་ལྟར་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་འདི་ནི་ཉེ་བར་བསྡུ་བའི་ངག་གོ། །འདིའི་འདོན་པ་ནི་རིགས་པ་ཁོ་ན་ སྟེ། འོན་ཀྱང་པོ་ཏི་རྙིང་པ་རྣམས་ལ་འདོན་པ་འདི་མཐོང་བ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱི་བ་བརྗོད་པར་བྱ་བ་ཞེས་བྱ་བ་ནི་ཡང་སྐབས་གང་ཡིན། གཞལ་དུ་མེད་པའི་ཚིག་བླ་དགས་སོ་ཞེས་བྱ་བའི་ཐེག་པ་ཆེན་པོའི་བཤད་པ་ སྔར་ཉིད་དུ་བྱས་པ་ཡིན་ཞེ་ན། འདི་ནི་བདེན་ཏེ། སྔར་གྱི་ལམ་གྱི་ངོ་བོ་ཐེག་པ་ཆེན་པོ་གཙོ་བོ་ཉིད་དུ་བཤད་པ་སྟེ། ད་ལྟར་ནི་ཁམས་གསུམ་ནས་ངེས་པར་འབྱུང་བར་འགྱུར་བ་ཞེས་བྱ་བ་ངེས་པར་འབྱུང་བའི་སྐབས་སུ་ཐེག་པ་ཆེན་པོ་སངས་རྒྱས་བཤད་པ་ཡིན་ནོ། །དེའི་ཕྱིར་ད་ ལྟར་ཐེག་པ་ཆེན་པོ་འདིའི་འབྲས་བུའི་ངེས་པའི་ཚིག་ཅེས་བྱ་བའི་སྐབས་འདི་ཡིན་ནོ། །ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ཞེས་བྱ་བ་སྟེ། འདིར་སོང་བ་ནི་ཐེག་པ་ཞེས་བརྗོད་དེ་ངེས་པར་འབྱུང་བ་ཆེན་པོ་གང་ལ་ཡོད་པ་དེ་ནི་ ཐེག་པ་ཆེན་པོའོ། །གང་གི་ཕྱིར་འཇིག་རྟེན་གསུམ་ཟིལ་གྱིས་མནན་ནས་ཐམས་ཅད་ལས་ངེས་པར་འབྱུང་བ་དེའི་ཕྱིར་འདིའི་ངེས་པར་འབྱུང་བ་ཆེན་པོ་སྟེ། དེའི་ཕྱིར་ཐེག་པ་ཆེན་པོ་ཞེས་བརྗོད་དོ། །དེ་ཉིད་ནི་ཆེན་པོ་ཉིད་སྒྲུབ་པར་བྱེད་དེ། ནམ་མཁའ་ལྟར་ཆེན་པོ་ཉིད་ཀྱིས་ཤེས་པར་ བྱ་བ་སྟེ། རྒྱུ་གསུམ་གྱི་ནམ་མཁའ་ནི་གཟུགས་མེད་པར་བསྟན་ཏེ། གོ་འབྱེད་པ་ཆེན་པོ་ཉིད་ཀྱིས་ཏེ་སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པ་ཉིད་ཀྱིས་སོ། །དུས་གསུམ་དུ་མ་བསྡུས་པ་ཉིད་ཀྱིས་ཏེ་ཇི་ལྟར་ནམ་མཁའ་ནི་སེམས་ཅན་ཐམས་ཅད་ཀྱིས་སྐད་ཅིག་མ་གཅིག་ལ་འདོད་པ་ཇི་ལྟ་ བར་སྤྱོད་ལམ་ཐམས་ཅད་ཀྱིས་གནས་པ་ན་གནོད་པ་མེད་པར་ཆེན་པོའི་གོ་སྐབས་དེ་བཞིན་དུ། ཐེག་པ་ཆེན་པོ་འདི་ལ་ཅིག་ཅར་སྐད་ཅིག་མ་གཅིག་ལ་སེམས་ཅན་ཐམས་ཅད་ཀྱང་འོངས་ནས་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམས་ལ་གནས་ནས་རྣམ་པར་གནས་པར་འགྱུར་བར་གནོད་པ་གང་ཡང་ཡོད་པ་མ་ཡིན་ཞེས་གོ་སྐབས་ཆེན་པོ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་ནམ་མཁའ་ནི་དུས་འདི་ལ་འོང་བ་ནི་སྐྱེས་པ་ཞེས་སམ་འགྲོ་བ་ནི་འགག་པ་ཞེས་ཡོད་པ་མ་ཡིན་པ་གནས་པའི་ མཚན་ཉིད་ཀྱི་དབང་གིས་གནས་པ་ཞེས་བརྗོད་པར་མི་ནུས་པ་དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་ངོ་། །ཇི་ལྟར་ཡང་ནམ་མཁའ་ནི་སྔོན་གྱི་དུས་ན་ཡོད་པར་གྱུར་པ་དུས་འདི་ལ་ཕྱི་མའི་མཐའ་ལ་ཡོད་པར་འགྱུར། དུས་འདི་ལ་དབུས་ཀྱི་མཐར་ཡོད་པ་ཞེས་བརྗོད་པར་ནུས་པ་མ་ཡིན་པ་དེ་ བཞིན་དུ་ཐེག་པ་ཆེན་པོ་ཡང་ཞེས་བྱ་བའོ། །དེའི་གོ་རིམས་ཀྱིས་སྒོ་གསུམ་ནས་བསྟན་པར་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་བརྟན་གྱིས་གསུངས་པ་ཉིད་ཀྱི་རྣམ་གྲངས་ལ་མངོན་པར་བསྟོད་པར་བྱེད་དེ། ལེགས་སོ་ལེགས་སོ་ཞེས་བྱ་བ་ལ་སོགས་པས་སོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐབས་ལ་ཐེག་པ་ཆེན་པོ་གཞན་དག་རྣམས་ཀྱི་སྐབས་མ་ཡིན་པའི་དོགས་པ་བསལ་བའི་དོན་དུ་གང་པོའི་དྲི་བའོ། །གནས་བརྟན་རབ་འབྱོར་ནི་ཞེས་བྱ་བ་ལ་སོགས་པ་སྟེ། དང་པོ་ནི་བསྟན་པ་བརྩམས་པ་ལ་བཅོམ་ལྡན་འདས་ཀྱིས་རབ་ འབྱོར་སྤོབས་པར་བྱོས་ཤིག་ཅེས་བྱ་བ་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སླད་དུ་བྱིན་གྱིས་བརླབས་པ་དེ་ལྟར་ནི་ཐེག་པ་ཆེན་པོའི་བཤད་པ་བྱས་པར་གྱུར་ཞེས་དྲི་བར་བྱེད་དེ། བཅོམ་ལྡན་འདས་ཀྱིས་བདག་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་དང་ཐེག་པ་ཆེན་པོ་དག་ལ་ཐ་མི་དད་པའི་ཕྱིར་ཐེག་པ་ཆེན་པོ་བཤད་པ་བྱས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པར་འགྱུར་ཞེས་བྱ་བའི་དགོངས་པའོ། །དགོངས་པ་དེ་ཉིད་བཅོམ་ལྡན་འདས་ཀྱིས་གསལ་བར་མཛད་དེ། རྗེས་སུ་མཐུན་པར་སྟོན་ཏོ་ཞེས་བྱ་བ་སྟེ་ཁྱོད་ནི་ཐེག་པ་ཆེན་ པོ་ལ་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་པར་བྱེད། རང་བཞིན་མེད་པར་ཤེས་པ་ཡང་དེ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །གནས་བརྟན་རབ་འབྱོར་གྱིས་བཅོམ་ལྡན་འདས་གཞན་ཡང་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་བསྟན་པའི་ས་བོན་གྱི་ངག་རྣམས་ འཆད་པར་བྱེད་ཅིང་བསྟན་པའི་སྐབས་སྐྱེད་པར་བྱེད་དེ། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་ཡང་ཉེ་བར་མ་རྟོགས་ཞེས་བྱ་བ་ལ་སོགས་པས་སོ། །བྱང་ཆུབ་སེམས་དཔའ་ནི་ཡོད་པར་གྱུར་ཡོད་པར་འགྱུར་ཡོད་ཅེས་བྱ་བའི་དུས་གསུམ་ལ་ཡང་བྱང་ཆུབ་སེམས་དཔའ་མི་དམིགས་ཞེས་གསུངས་པའོ། ། གང་གི་ཕྱིར་མཐའ་གསུམ་པོ་འདི་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་མི་དམིགས་པ་དེའི་ཕྱིར་མཐའ་མེད་པས་བྱང་ཆུབ་སེམས་དཔའ་མུ་མ་མཆིས་ཞེས་སྟོན་ཅིང་འོག་ཏུ་གཟུགས་མུ་མ་མཆིས་པས་ན་བྱང་ཆུབ་སེམས་དཔའ་ཡང་མུ་མ་མཆིས་པར་རིག་པར་བགྱིའོ་ཞེས་བྱ་བ་ལ་སོགས་པས་གསུངས་ སོ། །གཟུགས་ལ་སོགས་པའི་ཆོས་རྣམས་ཐམས་ཅད་ལ་མཐའ་གསུམ་དང་མེད་པ་ཉིད་ཀྱིས་མུ་མ་མཆིས་པ་ཉིད་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་མུ་མ་མཆིས་པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གཟུགས་ལ་སོགས་པ་རྣམས་ལ་མུ་མ་མཆིས་པ་ཉིད་ཀྱིས་བྱང་ ཆུབ་སེམས་དཔའ་མུ་མ་མཆིས་པ་ཉིད་ཅེས་བརྗོད་ན། འོ་ན་དེ་ལྟར་གཟུགས་ལ་སོགས་པ་རྣམས་ནི་བྱང་ཆུབ་སེམས་དཔའ་ཞེས་ཐོབ་པར་འགྱུར་རོ། །དེའི་ཕྱིར་གསུངས་པ། གཟུགས་ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་ནི་བྱང་ཆུབ་ སེམས་དཔའོ་ཞེས་ཉེ་བར་མ་རྟོགས་པ་ནི་མ་རྟོགས་པ་མ་ཡིན་ནོ། །གང་གི་ཕྱིར་འདི་ཡང་མ་མཆིས་མི་དམིགས་སོ། །དེ་བཞིན་དུ་ཞེས་བྱ་བ་ནི་དུས་གསུམ་ལ་བྱང་ཆུབ་སེམས་དཔའ་མི་དམིགས་པས་གཟུགས་ལ་སོགས་པ་རྣམས་ལ་ཡང་བྱང་ཆུབ་སེམས་དཔའ་མི་དམིགས་པའི་ཕྱིར་རོ། །བྱང་ཆུབ་ སེམས་དཔའ་མི་དམིགས་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གཟུགས་ལ་སོགས་པའོ། །བྱང་ཆུབ་སེམས་དཔའི་ཆོས་ཞེས་འདོན་པ་ལ་ཡང་དོན་འདི་ཉིད་དོ། །ཐམས་ཅད་ནས་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་ལ་སོགས་པ་ཚོགས་ཀྱི་དབྱེ་བ་ཐམས་ཅད་ཀྱིས་སོ། །ཐམས་ ཅད་ཀྱིས་ཞེས་བྱ་བ་ནི་ཐམས་ཅད་ཇི་ལྟར་གྱུར་པ་ཚོགས་རྣམས་ཀྱི་ཡན་ལག་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཡང་ཐམས་ཅད་ཅེས་བྱ་བ་ནི་ཚོགས་དེ་རྣམས་ལ་གཅིག་ནི་ཐམས་ཅད་དོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་རང་རང་གིས་གཞན་རྣམས་ཐམས་ཅད་ཀྱི་མི་དམིགས་པ་སྟེ་དེ་རྣམས་ཀྱིས་སྟོང་ པའི་ཕྱིར་རོ། །དེ་ལྟར་ཡང་བྱང་ཆུབ་སེམས་དཔའ་མི་དམིགས་པས་སྐུར་པ་འདེབས་པ་བྱེད་པར་མི་ནུས་ཞེས་བྱ་བ་ཉེ་བར་བསྟན་ནས་ཡུལ་ལ་ལྟོས་ནས་ཀྱང་མི་ནུས་པ་ཉིད་གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། འབྲས་བུ་ལ་ལྟོས་ནས་ཀྱང་ གསུངས་པ། ཐམས་ཅད་མཁྱེན་པ་ཉིད་ཀྱང་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་མང་བར་འགྱུར་བ་གསུངས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ལ་སོགས་པ་མི་དམིགས་པས་གདམས་པ་དང་རྗེས་སུ་བསྟན་པ་དང་ཡོད་པ་མ་ཡིན་ཞེས་བྱ་བའོ། །སྔར་བཤད་ པ་ཉིད་ཀྱི་དོན་འཆད་པར་བྱེད་དེ། བཅོམ་ལྡན་འདས་བདག་གིས་ཞེས་བྱ་བ་ལ་སོགས་པས་སོ། །ཆོས་དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱང་ཞེས་བྱ་བ་སྐབས་ཀྱིས་གོ་བར་བྱའོ། ། ཆོས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའོ། །ཆོས་ཀྱིས་ཞེས་བྱ་བ་ནི་ལམ་དུ་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བས་སོ། །ཆོས་གང་ལ་ཞེས་བྱ་བ་ནི་འབྲས་བུར་གྱུར་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ཐོབ་པར་བྱ་བ་ལའོ། །གདམས་ཤིང་ཞེས་བྱ་བ་ནི་ཐོབ་ པའི་དོན་དུ་ཅུང་ཟད་ཀྱང་མ་ཡིན་ཏེ་གང་གིས་ཀྱང་གང་དུ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་ཉིད་དེ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་དོན་ཏོ། །འདི་ནི་མིང་ཙམ་མོ་ཞེས་བྱ་བ་ནི་འདི་ཐམས་ཅད་མཁྱེན་པ་ཉིད་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཀུན་ཏུ་བརྟགས་ པ་ཙམ་ཞེས་བསྟན་པར་བྱེད་དེ། དེ་ལྟར་འདི་ཐམས་ཅད་དོན་དམ་པར་མེད་ཅེས་ཉེ་བར་བསྟན་ནས་ཆོས་མཐུན་པ་ཉིད་གསུངས་པ་ནི་ཇི་ལྟར་བདག་བདག་ཅེས་བརྗོད་ཀྱང་བདག་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། མཐའ་གཅིག་པ་ཉིད་ཀྱིས་མེད་པའི་ཕྱིར་སྐྱེ་བ་མེད་པས་མངོན་པར་མ་གྲུབ་པ་ ཇི་ལྟར་གྱི་སྒྲ་དང་སྐབས་ཀྱིས་ཀྱང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་གོ་བ་ཡིན་ཏེ། འདིས་ནི་མངོན་པར་གྲུབ་པའི་མཚན་ཉིད་འདི་པ་གསུངས་སོ། །འོག་ནས་མངོན་པར་མ་གྲུབ་པའི་མཚན་ཉིད་མེད་པ་གསུངས་པའོ། །དེ་ལྟར་ངོ་བོ་ཉིད་མ་མཆིས་པ་ལ་ཞེས་ བྱ་བ་ལ་སོགས་པ་སྟེ། བྱིས་པ་རྣམས་ཀྱིས་བརྟགས་པའི་ངོ་བོས་མ་བཟུང་བ་ཉིད་དང་མངོན་པར་མ་གྲུབ་པའི་མཚན་ཉིད་ཀྱང་ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཀུན་ཏུ་བརྟགས་པའི་གཟུགས་ལ་སོགས་པ་རྣམས་ཀྱིས་མ་ཡིན་ཞེས་བྱ་བར་དགོངས་པའོ། །དེ་ལྟར་ཀུན་ཏུ་བརྟགས་ པའི་ངོ་བོ་ཉིད་མེད་པའི་ཕྱིར་གདམས་པ་ལ་མི་ནུས་པ་ཉིད་བསྟན་པ་ཡིན་ནོ། །འོ་ན་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡོད་པའི་ཕྱིར་གདམས་པ་ལ་ནུས་པ་ཉིད་ཡོད་པར་འགྱུར་ཞེས་བྱ་བའི་དོགས་པ་བསལ་བའི་དོན་དུ་ཡོངས་སུ་གྲུབ་པ་ཉིད་རེ་ཞིག་ངོ་བོ་ཉིད་བསྟན་པར་བྱེད་དེ། དེ་ལྟར་ཆོས་དེ་ དག་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཞེས་བྱ་བ་ནི་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ཀྱིས་གང་ཞིག་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་སྟོང་པ་ཉིད་དེ་ནི་མངོན་པར་མ་གྲུབ་པ་ཞེས་བྱ་བ་སྟེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །འོན་ཏེ་སྟོང་པ་ཉིད་ནི་ཆོས་ཉིད་ དེ་གལ་ཏེ་དེ་ཀུན་ཏུ་བརྟགས་པ་ལས་ཐ་མི་དད་ན་དེའི་ཚེ་འཁྲུལ་པ་ཟད་པ་ལ་སྟོང་པ་ཉིད་ཀྱང་ཟད་པར་འགྱུར་རོ། །འོན་ཏེ་སྟོང་པ་ཉིད་རྟག་པ་ཡིན་ན་དེའི་ཚེ་དེ་དང་ཐ་མི་དད་པའི་ཕྱིར་འཁྲུལ་པ་ཡང་རྟག་པར་འགྱུར་ཞེ་ན་འདིའི་ཕྱིར་གསུངས་པ། གང་ ཞེས་བྱ་བ་ལ་སོགས་པ་སྟེ། གང་ཞིག་ཡོངས་སུ་གྲུབ་པའི་ངོ་བོ་དེ་རྣམས་འཁྲུལ་པའི་རང་བཞིན་ཀུན་ཏུ་བརྟགས་པའི་ཆོས་རྣམས་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་གསུངས་པ། མིང་ནི་གང་དང་གང་གིས་ཀྱང་། །ཆོས་ནི་གང་ཞིག་མངོན་པར་བརྗོད། །ཀུན་ཏུ་ བརྟགས་པ་ཉིད་འདི་སྟེ། །རང་བཞིན་ཡོད་པ་མ་ཡིན་ནོ། །གཞན་ནི་དབང་གི་ངོ་བོ་སྟེ། །རྣམ་རྟོག་རྐྱེན་ལས་བྱུང་བ་སྟེ། །ཡོངས་གྲུབ་དེ་ཡི་སྔར་དུ་ཡང་། །རྟག་ཏུ་གང་ཞིག་བྲལ་བ་ཉིད། །དེ་ཉིད་ཕྱིར་ཡང་གཞན་མ་ཡིན། །མི་གཞན་མ་ཡིན་གཞན་དབང་ལས། །བརྗོད་ བྱ་མི་རྟག་ལ་སོགས་བཞིན། །ཞེས་བྱ་བའོ། །གཞན་དབང་དེའི་ཕྱིར་གྱི་ཀུན་ཏུ་བརྟགས་པས་བྲལ་བ་ཉིད་ཅེས་བྱ་བ་ནི་གཞན་དབང་གི་ཆོས་ཀྱིས་སོ། །དེའི་ཕྱིར་ཐ་དད་པ་དང་ཐ་མི་དད་པ་དག་གིས་བརྗོད་པར་བྱ་བ་མ་ཡིན་པ་ཆོས་ཉིད་ཀྱི་ངོ་བོ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀུན་ནས་ཉོན་མོངས་ པ་དང་བཅས་པའི་གནས་སྐབས་སུ་གསུངས་སོ། །རྣམ་པར་བྱང་བའི་གནས་སྐབས་སུ་ནི་གཞན་དབང་ཆད་པ་ཉིད་དེའི་དམིགས་སོ། །དེའི་ཚེ་ན་ཡང་ཆོས་ཉིད་ཅེས་བྱ་བའོ། །སྔོན་གྱི་རྗེས་སུ་འགྲོ་བ་ཐ་སྙད་དོ། །ཇི་སྐད་དུ་གསུངས་པ། གླང་པོ་ཆེ་ནི་མི་དམིགས་པས། །དེ་ཡི་རྣམ་པའི་ རྣམ་པ་བྲལ། །ཞིང་གི་ཉེ་བར་དམིགས་པ་ཡང་། །ཇི་ལྟར་ཅིག་ཅར་སྒྱུ་མ་ལའོ། །བསྟན་བཅོས་ལས་ཀྱང་། ཡང་དག་མ་ཡིན་ཀུན་བརྟགས་ཉིད། །དེ་ཕྱིར་འདི་ལས་གྲུབ་པ་ཡིན། །ཐམས་ཅད་ཡོད་ཕྱིར་དེ་ལྟར་མེད། །དེ་ཟད་པས་ན་གྲོལ་བར་འདོད། །ཅེས་བྱ་བའོ། །གཞན་དབང་ དེ་ཟད་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་ཀུན་ཏུ་བརྟགས་པ་ལས་ཐ་དད་པ་ཉེ་བར་བསྟན་པ་ལའོ། །ཡོངས་སུ་གྲུབ་པའི་དབང་དུ་མཛད་ནས་གསུངས་པ་ནི་ཅི་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། དོན་དམ་པར་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཆོས་རྣམས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་ ཕྱིར་མངོན་པར་མ་གྲུབ་པའི་མཚན་ཉིད་དོ། །དེའི་ཕྱིར་དེ་རྣམས་ལ་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱིར་གདམས་པ་ལ་མི་ནུས་པ་ཉིད་ཅེས་བྱ་བའི་དགོངས་པའོ། །བཤད་མ་ཐག་པའི་དོན་བསྟན་པར་བྱ་བའི་ཕྱིར་གསུངས་པ། མངོན་པར་མ་གྲུབ་པ་ལས་གཞན་ན་ཞེས་བྱ་བ་སྟེ། །ཆོས་ཐམས་ ཅད་དམ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་ཤེས་བྱ་རྣམས་སོ། །སངས་རྒྱས་ཆོས་སམ་ཞེས་བྱ་བ་ནི་ཐོབ་པར་བྱ་བ་རྟོགས་པ་དང་མི་འཇིགས་པ་ལ་སོགས་པ་རྣམས་སོ། །བྱང་ཆུབ་སེམས་དཔའི་ཆོས་སམ་ཞེས་བྱ་བ་ནི་སྔར་ཐོབ་པའི་ཡོན་ཏན་རྣམས་སོ། །གང་བྱང་ཆུབ་ཏུ་སྤྱོད་པ་ལ་ཞེས་བྱ་བ་ནི་བྱང་ ཆུབ་སེམས་དཔའོ། །འདི་རྣམས་ཐམས་ཅད་དོན་དམ་པའི་གནས་སྐབས་སུ་མངོན་པར་མ་གྲུབ་པ་ལས་གཞན་དུ་ཞེས་སྟོང་པ་ཉིད་ལས་ཐ་དད་པས་དམིགས་པ་མ་ཡིན་ནོ། །ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སྟོང་པ་ཉིད་ཁོ་ན་དེའི་ཚེ་འབའ་ཞིག་ལྷག་པར་འགྱུར་བ་ཡིན་ནོ། ། དེ་བས་ན་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱིར་གདམས་པ་ཡང་དག་པར་ཡོད་པ་མ་ཡིན་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་དོན་དམ་པའི་ངོ་བོ་བྱང་ཆུབ་སེམས་དཔའ་རྣམས་ཉེ་བར་བསྟན་ནས། དོན་དམ་པའི་སྤྱོད་པ་བཤད་པར་བྱེད་དེ། བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ལ་སོགས་ པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བ་ནི་མདོར་བསྟན་པའོ། །སྒོམ་པའོ་ཞེས་བྱ་བ་ནི་རྒྱས་པར་བཤད་པའོ། །འགའ་ཞིག་ཏུ་ནི་ཉེ་བར་རྟོག་པ་དང་ངེས་པར་བསམ་པའོ་ཞེས་བྱ་བ་འདོན་པ་སྟེ། དེ་ལ་སྒོམ་པའོ་ཞེས་བྱ་བས་ཞི་གནས་སྨྲས་པ་ཉེ་བར་རྟོག་པ་ནི་ ལྷག་མཐོང་ངོ་། །ངེས་པར་སེམས་པ་ནི་ཞི་གནས་དང་ལྷག་མཐོང་དག་གོ། །དེ་ལྟར་རྣམ་པར་མི་རྟོག་པའི་ཡིད་ལ་བྱེད་པ་ཉེ་བར་བསྟན་ནས། དེའི་འབྲས་བུ་རྒྱས་པར་བཤད་པར་འདོད་ཅིང་དོགས་པར་བྱེད་དེ། དེ་ཅིའི་སླད་དུ་ཞེ་ན། དེ་ནི་རྣམ་པར་མི་རྟོག་པའི་ཡིད་ལ་བྱེད་པ་ དོགས་པ་གང་གིས་སོ། །ཆོས་འདི་དག་ཅེས་བྱ་བ་ནི་ཆོས་རྣམས་ཐམས་ཅད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་ཕྱོགས་པར་བྱས་པའོ། །གཟུགས་ཉེ་བར་མི་རྟོགས་ཞེས་བྱ་བ་ནི་སྔ་རོལ་དུ་མིང་གིས་མི་རྟོགས་སོ། །གཟུགས་ཉེ་བར་མི་འཛིན་ཞེས་ བྱ་བ་ནི་དེ་ནས་ཡིད་ཀྱིས་འཛིན་པ་མ་ཡིན་ནོ། །ཅིའི་ཕྱིར་དེ་ལྟར་ཞེས་རྟོག་པ་ལ་གཏན་ཚིགས་ཉིད་སྙིང་པོ་ཅན་དུ་གསུངས་པ། གཟུགས་སྐྱེ་བར་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་ཀུན་བརྟགས་ཀྱི་གཟུགས་ལ་སྐྱེ་བ་དང་འགག་པ་དག་མི་མཐོང་ སྟེ། དེ་བས་ན་དེ་མི་རྟོགས་ཞེས་བྱ་བའི་དོན་ཏོ། །གཟུགས་ཀྱི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་པ་ཞེས་བྱ་བ་སྟེ། ཡོངས་སུ་གྲུབ་པའི་ངོ་བོ་ནི་སྐྱེ་བ་མེད་པའི་རང་བཞིན་ཏེ་དེའི་ཕྱིར་སྐྱེ་བ་མེད་པ་ལ་ཀུན་བརྟགས་ཀྱི་མཚན་ཉིད་རང་བཞིན་མ་ཡིན་པ་གསུངས་པ་ ཡིན་ནོ། །གཟུགས་ཀྱི་འཇིག་པ་མ་མཆིས་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་ཏེ་ཞེས་བྱ་བ་ནི་མེད་པའི་ངོ་བོ་ལ་ཀུན་བརྟགས་པའི་རྣམ་པ་འགྱུར་བ་ཡིན་ནོ། །དེའི་ཕྱིར་འཇིག་པ་ཞེས་བརྗོད་དོ། །གང་ཡང་ཀུན་བརྟགས་ཀྱི་གཟུགས་ལ་བརྟགས་པའི་འཇིག་པ་ དེ་ནི་ཆོས་ཉིད་ཀྱི་གཟུགས་མ་ཡིན་ནོ། །མི་འཇིག་པ་ཞེས་བྱ་བའི་འདོན་པ་ལ་འཇིག་པ་ནི་འཇིག་པ་སྟེ་དེ་མེད་པས་ན་མི་འཇིག་པ་སྟེ་ཡོངས་སུ་གྲུབ་པའི་རང་བཞིན་ནོ། །དེ་ལ་ཀུན་བརྟགས་ཀྱི་མཚན་ཉིད་མེད་པ་གསུངས་པ་ཡིན་ནོ། །དེས་ན་སྐྱེ་བ་མ་མཆིས་པ་དང་གཟུགས་ ཞེས་བྱ་བ་འདི་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་བགྱིར་མ་མཆིས་སོ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་ལ་སྐྱེ་བ་མེད་པའི་རང་བཞིན་གྱི་ཕྱིར་སྐྱེ་བ་མེད་པ་ལ་ཡང་ཆོས་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་གཟུགས་ཞེས་བྱ་བ་དང་སྐྱེ་བ་མེད་ཅེས་བྱ་བ་གཅིག་པ་ཁོ་ན་སྟེ་སོ་སོར་ མ་ཡིན་ཞེས་བྱ་བའི་དོན་ཏོ། །དེས་ན་འཇིག་པ་དང་གཟུགས་ཞེས་བགྱི་བ་འདི་ཡང་གཉིས་སུ་བགྱིར་མ་མཆིས་ཞེས་བྱ་བ་སྟེ་གཟུགས་དང་འཇིག་པ་ཡང་གཉིས་ཀ་བཏགས་པ་ཡིན་པའི་ཕྱིར་མེད་པ་ཉིད་ཀྱིས་གཅིག་པ་ཉིད་ཅེས་བྱ་བའི་དོན་ཏོ། །འཇིག་པ་མེད་ཅེས་བྱ་བའི་འདོན་པ་ ལ་ཆོས་ཉིད་ཀྱི་གཟུགས་ལ་མི་འཇིག་པའི་རང་བཞིན་ཉིད་ཀྱི་ཕྱིར་མི་འཇིག་པ་ལ་ཡང་ཆོས་ཉིད་ཀྱི་རང་བཞིན་གྱི་ཕྱིར་གཅིག་པ་ཉིད་ཅེས་བྱ་བའི་དོན་ཏོ། །གཟུགས་ཞེས་བགྱི་བ་ནི་གཉིས་སུ་མེད་པ་ལ་ཆོས་ཉིད་ཀྱི་ཕྱིར་གཅིག་པ་ཉིད་ཅེས་བྱ་བའི་དོན་ཏོ། །གཟུགས་ཞེས་བགྱི་བ་ འདི་ནི་གཉིས་སུ་མ་མཆིས་པའི་གྲངས་སུ་གཏོགས་སོ་ཞེས་བྱ་བ་སྟེ་གཉིས་སུ་མེད་པ་ཞེས་བྱ་བ་ནི་ཆོས་ཉིད་དོན་དམ་པའོ། །དོན་དམ་པ་དེའི་གྲངས་འདི་ལྟ་སྟེ་གཟུགས་དང་ཚོར་བ་ཞེས་བྱ་བ་ལ་སོགས་པས་དེ་ཅི་ཞིག་གསུངས་པར་འགྱུར་ཆོས་ཉིད་ཀྱི་གཟུགས་དང་ཆོས་ཉིད་ཚོར་བ་ཇི་སྲིད་དུ་ཆོས་ ཉིད་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པའི་སྒྲ་རྣམས་ཀྱིས་གཅིག་པ་ཉིད་གཉིས་སུ་མེད་པའི་དོན་དམ་པ་རྣམ་པ་མང་པོ་བྱས་ནས་མངོན་པར་བརྗོད་པ་ཡིན་ཞེས་བྱ་བའི་དོན་ཏོ། །ཉེ་བར་བསྡུ་བ་གསུངས་པ་ནི་དེ་ལྟར་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། འདི་ལས་གཞན་ དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་བྱ་བ་ལ་སོགས་པ་ནས། གནས་བརྟན་དག་གིས་སྨྲས་པའི་དྲི་བ་དང་ལན་དག་སྟོན་པར་བྱེད་དེ། བྱང་ཆུབ་སེམས་དཔའ་ཡང་སྐྱེ་བ་མེད་པ་ཡིན་ནོ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་སྒྲས་བྱང་ཆུབ་སེམས་དཔའི་དེ་བཞིན་ཉིད་བརྗོད་པ་ཡིན་ནོ། ། དེ་ཡང་བྱང་ཆུབ་ཀྱི་རང་བཞིན་ལས་བདག་ཉིད་གཅིག་པ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔས་ཐོབ་པ་ཉིད་ཅེས་བྱ་བའོ། །དཀའ་བ་སྤྱད་པ་སྤྱོད་པའམ། ནང་གི་བདག་ཉིད་ཕྱིའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་ལ་སོགས་པའི་མཚན་ཉིད་གནོད་པ་ཉིད་དུ་འགྱུར་རོ། །སྦྱོར་བའི་ བརྩོན་འགྲུས་ཀྱི་དཀའ་བ་སྤྱོད་པ་ཉེ་བར་བསྟན་ནས། གོ་ཆའི་བརྩོན་འགྲུས་ཀྱི་ཡང་གསུངས་པ། སྡུག་བསྔལ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྡུག་བསྔལ་གང་ཡིན་པ་དེ་དག་ཉམས་སུ་མྱོང་བའི་དོན་དུ་སྤྲོ་བ་ཅི་ཞིག་ཅེས་བྱ་བ་ནི་ངན་སོང་ཐམས་ཅད་ནས་སྐྱེས་པ་རྣམས་ ཀྱིས་སེམས་ཅན་རེ་རེའི་དོན་གྱི་ཕྱིར་དེ་རྣམས་ཀྱང་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཕྱིར་རོ། །རང་ཉིད་ཀྱིས་དེ་དང་དེའི་སྡུག་བསྔལ་ཉམས་སུ་མྱོང་བ་ཁས་བླངས་པས་སེམས་ཅན་རྣམས་ཀྱི་དོན་དུ་དེ་རྣམས་ཀྱང་ཅིའི་ཕྱིར་ཉམས་སུ་མྱོང་བར་བྱེད་དེ། བྱང་ཆུབ་ཐོབ་པ་ཉིད་ཀྱི་ཕྱིར་ དཀའ་བའི་སྤྱོད་པ་མ་ཡིན་དེ་ཡང་རྣམ་པར་གཞག་པ་མ་ཡིན་ཏེ་ཞེས་བྱ་བའི་དོན་ཏོ། །ཁོ་བོ་ནི་བྱང་ཆུབ་སེམས་དཔའ་དཀའ་བ་སྤྱད་པ་སྤྱོད་པར་མི་འདོད་དོ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ལ་དོན་དམ་པར་དེ་ལྟ་བུའི་རྣམ་པར་རྟོག་པ་མེད་པའི་ཕྱིར་གསུངས་པ། བྱང་ཆུབ་ སེམས་དཔའ་ནི་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་གང་གི་ཚེ་ཆོས་ཐམས་ཅད་མི་དམིགས་པ་དེའི་ཚེ་སྐྱེས་རབས་ལ་སོགས་པས་བྱས་པའི་དཀའ་བ་སྤྱོད་པ་རྩོམ་པ་ཡིན་ནོ། །དེའི་ཚེ་ན་ཡང་འགའ་ཞིག་ཏུ་ཡང་མི་དམིགས་པ་ཡིད་ ལ་བྱེད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་མགོ་གཅོད་པ་ལ་སོགས་པའི་དཀའ་བ་སྤྱོད་པའི་འདུ་ཤེས་སམ་སྡུག་བསྔལ་གྱི་འདུ་ཤེས་རབ་ཏུ་འཇུག་པ་མ་ཡིན་ཞེས་སྟོན་པར་བྱེད་དོ། །ཡང་ཞེས་བྱ་བ་ལ་སོགས་པས་ལན་གཉིས་པ་ཡིན་ནོ། །སྤྱོད་པ་མ་ཡིན་ཞེས་བྱ་ བ་ནི་འགྲུབ་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །འཐད་པ་གསུངས་པ་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་སྟེ། བདེ་བའི་འདུ་ཤེས་ཉིད་ནི་ཇི་ལྟར་ཡིན་ཞེ་ན་གསུངས་པ། སེམས་ཅན་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པ་སྟེ། འཁོར་བ་ཐོག་མ་མེད་པ་ནས་སེམས་ཅན་ཐམས་ ཅད་ཀྱི་མ་ཉིད་ལ་སོགས་པ་ཡང་དག་པར་འབྱུང་བའི་ཕྱིར་འདི་ལྟར་གསུངས་སོ། །འདུ་ཤེས་ཀྱི་རབ་ཉིད་གསུངས་པ་ནི་ཇི་སྲིད་དུ་བདག་ཉིད་ཀྱི་བར་དུ་ཡང་འདུ་ཤེས་བསྐྱེད་པར་བྱ་སྟེ། ཇི་ལྟར་བདག་ནི་ཞེས་བྱ་བ་ལ་སོགས་པའོ། །སྡུག་བསྔལ་ཐམས་ཅད་ནི་ཟག་པ་དང་ བཅས་པའི་ཕུང་པོ་ལྔ་རྣམས་ཐམས་ཅད་དོ། །དེ་རྣམས་ཐམས་ཅད་ལས་ཐར་བར་བྱའོ། །ཐམས་ཅད་ནས་ཞེས་བྱ་བ་ནི་འགྲོ་བ་གཞན་མ་ཡིན་པའི་དབྱེ་བ་ཐམས་ཅད་ཀྱིས་སོ། །ཐམས་ཅད་ཅེས་བྱ་བ་ནི་སྡུག་བསྔལ་གསུམ་གྱིས་སོ། །རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་ རྣམ་པར་རྟོག་པ་ཐམས་ཅད་ཀྱིས་སོ། །ཐམས་ཅད་ཅེས་བྱ་བ་ནི་མ་ལུས་པའོ། །ཐར་བར་བྱ་བ་ནི་སྡུག་བསྔལ་གྱི་ཕུང་པོ་ལས་ཞེས་བྱ་བའོ། །སྡུག་བསྔལ་ནི་སྤུངས་པ་ལས་སོ། །གནོད་སེམས་ནི་ཁོང་ཁྲོ་བའོ། །འདི་ནི་ཀུན་རྫོབ་ཏུ་ཡང་དཀའ་བའི་འདུ་ཤེས་མེད་ པ་བསྟན་པ་ཡིན་ནོ། །སྔར་ནི་དོན་དམ་པར་དཀའ་བའི་རྣམ་པར་རྟོག་པ་མེད་པར་ཉེ་བར་བསྟན་ཏོ། །དཔེས་གསལ་བར་བྱེད་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པས་སོ། །ཇི་ལྟར་བདག་མེད་པ་ཐམས་ཅད་ནས་ཞེས་བྱ་བ་ནི་བདག་དང་སེམས་ཅན་དང་སྲོག་ལ་སོགས་པ་དབྱེ་བ་ཐམས་ཅད་ ཀྱིས་སོ། །ཐམས་ཅད་ནི་ཇི་ལྟར་གྱུར་པ་མཐོང་བར་བྱ་བ་དང་མཐོང་བར་བྱ་བ་མ་ཡིན་པ་ལ་སོགས་པའི་དབྱེ་བས་སོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ལས་ཐ་དད་པ་དང་ཐ་མི་དད་པས་སོ། །ཐམས་ཅད་ཅེས་བྱ་བ་ནི་དུས་ཐམས་ཅད་ལའོ། ། ཇི་ལྟར་བདག་དེ་ལྟར་ཆོས་རྣམས་ཐམས་ཅད་ཡོད་པ་མ་ཡིན་ནོ། །ཐམས་ཅད་ནས་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་ལ་སོགས་པ་ཚོགས་ཀྱི་དབྱེ་བ་ཐམས་ཅད་ཀྱིས་སོ། །ཐམས་ཅད་ཅེས་བྱ་བ་ཇི་ལྟར་ཡིན་པ་ཚོགས་རྣམས་ལ་ཡན་ལག་ཡོངས་སུ་རྫོགས་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་ཞེས་ བྱ་བ་ནི་རབ་ཏུ་དབྱེ་བ་ཐམས་ཅད་ལས་བདག་ཉིད་དང་གཞན་རྣམས་ལ་ཐམས་ཅད་དང་ཐམས་ཅད་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །སྔར་ནི་གནས་བརྟན་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་ཡང་སྐྱེ་བ་མེད་ཅེས་བྱ་བ་དགོངས་པ་གང་གིས་གསུངས་པ་དེའི་ ལན་གདབ་པའི་དོན་དུ་གསལ་བའི་ཕྱིར་རབ་འབྱོར་གྱིས་སྨྲས་པ། གང་ཡང་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་ནི་གཟུགས་ལ་སོགས་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་པའི་ཕྱིར་སྐྱེ་བ་མེད་པའི་ངོ་བོ་ཉིད་དང་བྱང་ཆུབ་སེམས་དཔའ་ལ་འབྲས་ བུའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཡིན་མོད། ཐམས་ཅད་མཁྱེན་པ་ཉིད་ནི་འབྲས་བུའི་རང་བཞིན་ཏེ་དེའི་ཕྱིར་ཇི་ལྟར་སྐྱེ་བ་མེད་པ་ཡིན་ཞེས་གདུལ་བྱའི་སྐྱེ་བོ་ལ་ལྟོས་ནས་མི་སྲིད་པ་ཉིད་སྟོན་ཅིང་གསུངས་པ། འོན་ཏེ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྐྱེ་བ་མེད་ཅེས་བྱ་སྟེ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་ཆོས་རྣམས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །བསྒྲུབ་པར་བྱ་བའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྐྱེ་བ་མེད་པ་ཡིན་མོད། འོ་ན་གྲུབ་པའི་སོ་སོའི་སྐྱེ་བོ་ལ་སོགས་པ་ལའང་དེ་ཡོད་པ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སོགས་པ་མེད་པར་ཐལ་བར་ འགྱུར་ཞེས་བྱ་བ་གསུངས་པ། འོན་ཏེ་སོ་སོའི་སྐྱེ་བོ་ཡང་སྐྱེ་བ་མེད་ཅེས་བྱ་བ་སྟེ། དེ་ལྟར་ཆོས་ཐམས་ཅད་ལ་མི་སྐྱེ་བའི་ངོ་བོ་ཉིད་ཉེ་བར་བསྟན་ནས། སྔར་མངོན་པར་འདོད་པའི་མི་འདོད་པ་འབབ་པ་བསལ་བར་བྱེད་པ་གསུངས་པ། ཚེ་དང་ལྡན་པ་རབ་འབྱོར་འོ་ན་ཞེས་བྱ་ བ་ལ་སོགས་པ་སྟེ། རྗེས་སུ་ཐོབ་པ་ཡིན་ནམ་ཞེས་བྱ་བ་ནི་དང་པོ་ཉིད་དུ་ཐམས་ཅད་ལ་སྐྱེ་བ་མེད་པའི་རང་བཞིན་ཆོས་ཀྱི་དབྱིངས་ཉིད་ཙམ་གྱི་ཕྱིར་ཆོས་ཀྱི་དབྱིངས་ཀྱང་རང་བཞིན་གྱི་དུས་ཐམས་ཅད་དུ་གདོད་མ་ནས་རྟག་པའི་ཕྱིར། གཟུགས་ལ་སོགས་ པ་ཡང་དག་པར་རྟོགས་པ་ལས་ཆོས་ཀྱི་དབྱིངས་ཉིད་ཡང་དག་པར་རྟོགས་པ་ཡིན་ནོ་ཞེས་སེམས་ཅན་ཐམས་ཅད་ཀྱང་དོན་དམ་པར་མཐོང་བར་འགྱུར་བ་ཞེས་བྱ་བའི་དགོངས་པའོ། །དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ལ་སོགས་པས་རབ་འབྱོར་གྱི་ལན་ནོ། །མ་སྐྱེས་པའི་ཆོས་ ལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་ཀྱི་དབྱིངས་བྱེད་པ་པོར་བྱེད་པ་ལའོ། །ཐོབ་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་ཆོས་ཀྱི་སྐུ་ལས་སུ་གྱུར་པ་ལ་ཐོབ་པ་འདོད་པ་མ་ཡིན་ནོ། །མངོན་པར་རྟོགས་པར་ཡང་མ་ཡིན་ཞེས་བྱ་བ་ནི་ཐོབ་པའི་མངོན་པར་རྟོགས་ པའོ། །གལ་ཏེ་འདོད་ན་དེའི་ཚེ་མི་སྐྱེ་བའི་ངོ་བོས་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ངོ་བོའི་བྱང་ཆུབ་ཐོབ་ཅེས་བདག་ལ་མི་འདོད་པ་ཐལ་བར་འགྱུར་རོ། །དེ་ལྟར་ནི་བདག་མི་འདོད་པས་དེའི་ཕྱིར་ཐལ་བར་རིགས་པ་མ་ཡིན་ནོ། །མ་སྐྱེས་པའི་ཆོས་ཀྱིས་ཐོབ་པ་མ་སྐྱེས་པ་འཐོབ་པར་མི་འགྱུར་རོ་ ཞེས་བྱ་བ་སྟེ། ཆོས་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་སོ་སོར་རྟོག་པར་བྱེད་ཅེས་བྱ་བ་ཡང་བདག་འདོད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ནས་གནས་བརྟན་ཤཱ་རིའི་བུས་གལ་ཏེ་མ་སྐྱེས་པས་མ་སྐྱེས་པའི་ཐོབ་པ་ཐོབ་པར་མི་འགྱུར་འོན་ཏེ་སྐྱེས་པས་སྐྱེས་པའི་ཐོབ་པ་ཐོབ་པར་འགྱུར། འོན་ཏེ་ སྐྱེས་པས་མ་སྐྱེས་པའི་ཐོབ་པ་ཐོབ་པར་འགྱུར་ཞེས་བརྟགས་པ་བྱས་ནས་དེ་གཉི་ག་དྲི་བར་བྱེད་དེ། ཡང་ཅི་ཞེས་བྱ་བ་ལ་སོགས་པས་སོ། །གལ་ཏེ་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བརྟགས་པ་ཡོངས་སུ་ཐོབ་པར་གྱུར་ན། དེ་ལྟར་ཡོད་ན་ནི་མི་སྐྱེ་བའི་ཆོས་ཀྱིས་ སྐྱེས་པའི་ཐོབ་པ་ཐོབ་པར་འགྱུར་རོ། །གལ་ཏེ་ཀུན་ཏུ་བརྟགས་པའི་བྱང་ཆུབ་སེམས་དཔའ་ཡང་དག་པའི་བྱང་ཆུབ་དེ་བཞིན་ཉིད་ཀྱི་བདག་ཉིད་ཐོབ་པར་འགྱུར་བ་དེ་ལྟར་ཡོད་ན་ནི་སྐྱེ་བའི་ཆོས་ཀྱིས་མི་སྐྱེ་བའི་ཐོབ་པ་ཐོབ་པར་འགྱུར་རོ། །དེ་སྲིད་པའི་འདོད་པས་སེལ་བར་བྱེད་དེ། མ་སྐྱེས་པའི་ ཆོས་ཞེས་བྱ་བ་ལ་སོགས་པ་སྟེ། དོན་ནི་འདི་ཡིན་ཏེ་གཉིས་སུ་མེད་པའི་དོན་ནི་དེ་ཁོ་ན་ཉིད་དེ། དེ་ལྟ་ན་ཡང་གལ་ཏེ་མ་སྐྱེས་པ་དང་སྐྱེས་པ་དག་ལ་གཅིག་པའི་ངོ་བོ་ཉིད་དུ་འགྱུར་ན་དེའི་ཚེ་མ་སྐྱེས་པ་སྐྱེས་པ་དང་སྐྱེས་པས་མ་སྐྱེས་པའི་ཐོབ་པ་ཐོབ་པར་འགྱུར་ཏེ། དེ་ལྟར་ཡོད་ན་ནི་ཕྱོགས་གཉིས་ལ་ ཡང་མ་སྐྱེས་པའི་ཆོས་སྐྱེ་བ་ཡིན་ཞེས་བྱ་བར་འགྱུར་རོ། །འདི་ཡང་མི་རིགས་ཏེ། མ་སྐྱེས་པའི་ཆོས་ནི་ཡོངས་སུ་གྲུབ་པ་སྟེ། དེའི་ཇི་ལྟར་ཀུན་ཏུ་བརྟགས་པའི་ངོ་བོ་སྐྱེ་བ་སྲིད་ཅེས་བྱ་བའོ། །གལ་ཏེ་ཡང་མ་སྐྱེས་པའི་ཆོས་མ་སྐྱེས་པ་ཉིད་ཡིན་ན་དེའི་ཚེ་ལེགས་པར་སྨྲས་པར་འགྱུར་ཏེ། མ་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཐོབ་པ་མ་ཡིན་ཞེས་བྱ་བའི་དགོངས་པའོ། །གནས་བརྟན་ཤཱ་རིའི་བུས་སྐྱེས་པ་དང་མ་སྐྱེས་པ་དག་གཉི་ག་ལ་ཡང་ཡོད་པ་བསྟན་པའི་ཕྱིར་གསུངས་པ། སྐྱེ་བའི་ཆོས་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། དོན་ནི་འདི་ཡིན་ཏེ་སྐྱེ་བ་ཡང་རེ་ཞིག་རྒྱུ་ཡོད་པ་རྣམས་ལ་ མངོན་སུམ་གྱིས་གྲུབ་པ་སྟེ་ཅིའི་ཕྱིར་མི་སྐྱེ་བའི་སྟོང་པ་ཉིད་ཀྱི་རང་བཞིན་ཡིན། གང་ཞིག་ཡང་མི་སྐྱེ་བའི་ཆོས་སྟོང་པ་ཉིད་ཅེས་བྱ་བ་དེ་ཡང་སྐྱེ་བ་ཡིན་ཞེས་རིགས་པ་མ་ཡིན་ནོ། །དེའི་ཕྱིར་སྐྱེ་བ་དང་མི་སྐྱེ་བ་དག་གཉི་ག་ཡང་སོ་སོ་ཁོ་ན་ཡིན་ཞེས་བྱ་བའི་དགོངས་པའོ། །གནས་བརྟན་རབ་འབྱོར་ནི་ཀུན་ བརྟགས་ཀྱི་ངོ་བོས་མི་སྐྱེ་བ་ཡང་མེད་པ་གསུངས་པ་ནི་སྐྱེ་བའི་ཆོས་སམ་ཞེས་བྱ་བ་ལ་སོགས་པས་སོ། །སྨྲ་བར་མི་སྤོབས་སོ་ཞེས་བྱ་སྟེ། མ་སྐྱེས་པ་ཡང་སྨྲ་བ་ནི་གནས་པར་ཀུན་ཏུ་བརྟགས་པའི་ངོ་བོ་ཡིན་པའི་ཕྱིར་ཁོ་བོ་འདོད་པ་ཉིད་མ་ཡིན་སྔོན་ཉིད་སྐྱེ་བ་ཞེས་བྱ་བའི་དགོངས་པའོ། ། གལ་ཏེ་མི་སྐྱེ་བ་ཡོད་ན་འོ་ན་ཐོབ་པ་དང་མངོན་པར་རྟོགས་པ་ཡང་རིགས་པ་མ་ཡིན་ཞེས་ཐ་དད་པར་འགྱུར་བ་གནས་བརྟན་ཤཱ་རིའི་བུས་བསྟན་པར་བྱེད་དེ། ཁྱོད་ཀྱི་སྐྱེ་བ་མེད་པ་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་སྐྱེ་བ་མེད་པ་ཉིད་བརྗོད་པ་མ་ཡིན་ ལ་ཞེས་བྱ་བ་ནི་སྐྱེ་བ་མེད་པ་ཡང་གཟུགས་ལ་སྐྱེ་བ་མེད་པ་དང་། སྒྲ་ལ་སྐྱེ་བ་མེད་པ་ཞེས་བྱ་བ་ལ་སོགས་པའི་ངོ་བོས་ཀུན་ཏུ་བརྟགས་པ་ཁོ་ན་སྟེ། འོ་ན་ཅི་ཞིག་མངོན་པར་རྟོགས་པར་འགྱུར་ཐོབ་པར་འགྱུར་ཞེས་བྱ་བ་དགོངས་པ་གསུངས་པ། སྐྱེ་བ་མེད་པ་ཉིད་སོ་སོར་སྣང་བ་ཡིན་ནོ་ཞེས་ བྱ་བ་སྟེ། རྣམ་པར་རྟོག་པ་དང་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི་མི་སྐྱེ་བ་ཉིད་གཅིག་ཏུ་དེའི་ཚེ་ནི་སོ་སོར་སྣང་། འོ་ན་སྐྱེ་བ་ལ་སོགས་པ་སོ་སོར་ཡེ་ཤེས་ཡོད་དེ་གང་དུ་འདི་སོ་སོར་སྣང་ཞེས་གསུངས་པ་ནི་སྐྱེ་བ་མེད་པ་ཉིད་སྤོབས་པ་ཡིན་ཏེ་ཞེས་བྱ་བ་ སྟེ། ཡེ་ཤེས་ཀྱང་དེའི་ཚེ་སྐྱེ་བ་མེད་པའི་ངོ་བོ་ཉིད་དུ་སོང་བ་ཞེས་བྱ་བའི་དགོངས་པའོ། །འོ་ན་ཡེ་ཤེས་དེ་ལ་ཇི་ལྟར་སྣང་ཞེས་བརྗོད་པ་ལ་ཞེས་བྱ་བའི་དགོངས་པ་གསུངས་པ། དེ་ཁོ་ན་བཞིན་དུ་ཤིན་ཏུ་སོ་སོར་སྣང་བ་ཉིད་དོ་ཞེས་བྱ་བ་སྟེ། དེ་བཞིན་ཉིད་དུ་སྐྱེ་བ་མེད་པའི་ ངོ་བོ་ཉིད་ཐོབ་པ་ཉམས་པའི་དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་ངོ་བོས་གནས་པ་གཟུང་བ་དང་འཛིན་པ་མ་ཡིན་པའི་ངོ་བོ་རྣམ་པར་མི་རྟོག་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེ་སོ་སོའི་སྐྱེ་བོ་ཐམས་ཅད་ལ་དམུས་ལོང་རྣམས་ལ་གཟུགས་ལྟར་སྤྱོད་ཡུལ་མ་ཡིན་ཏེ་དེའི་ ཚེ་སོ་སོར་སྣང་ངོ་། །ཤིན་ཏུ་ཞེས་བྱ་བ་ནི་འགའ་ཞིག་ལས་འདོན་པ་སྟེ། དེར་ཤིན་ཏུ་འདས་པ་དང་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའོ། །ཀུན་ཏུ་བརྟགས་པ་དང་གཞན་གྱི་དབང་དག་མེད་པའི་ཕྱིར་སྒྲོ་འདོགས་པའི་མཐའ་མེད་པའོ། །ཡོངས་སུ་གྲུབ་པ་དེ་བཞིན་ ཉིད་ཀྱི་ངོ་བོ་ཡོད་པའི་ཕྱིར་སྐུར་པ་འདེབས་པའི་མཐའ་མེད་པའོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ། སེམས་མེད་མི་དམིགས་པ་ནི་འདི། །ཡེ་ཤེས་འཇིག་རྟེན་འདས་ཀྱང་དེ། །དེ་ཉིད་ཟག་པ་མེད་པའི་དབྱིངས། །བསམ་གྱིས་མི་ཁྱབ་དགེ་བ་བརྟགས། །བདེ་བ་རྣམ་པར་གྲོལ་སྐུ་འདི། ། ཆོས་ཞེས་བྱ་དང་ཐུབ་ཆེན་གྱི། །ཞེས་བྱ་བའོ། །འདི་ནི་འདིར་སྐབས་ཀྱི་དོན་ཏེ་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པ་གཉི་ག་ལ་ཡང་དོན་དམ་པར་མི་སྐྱེ་བའི་རང་བཞིན་ཉིད་ཀྱི་ཕྱིར་ཆོས་འགའ་ཡང་གང་གིས་ཀྱང་ཐོབ་པར་བྱ་བའི་ཕྱིར་དང་མངོན་པར་རྟོགས་པའི་ཕྱིར་ནུས་པ་མ་ཡིན་ཏེ། གཅིག་ཏུ་ན་ཆོས་ཐམས་ཅད་ཀྱི་དོན་དམ་པ་ནི་ཆོས་ཀྱི་དབྱིངས་ཏེ། དེ་ཡང་རང་བཞིན་གྱིས་འོད་གསལ་བ། ཐོག་མ་དང་ཐ་མ་མེད་པའོ། །དེ་བས་ན་རང་བཞིན་གྱིས་འོད་གསལ་བ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་ཀྱི་དབྱིངས་གློ་བུར་བའི་སྒྲིབ་པ་དང་དྲི་མ་རྣམས་ཀྱིས་དྲི་མ་ ཅན་དུ་བྱས་པ་དེ་ན་དེ་རྣམས་ལ་ཟད་པ་ཡོད་ན་དེ་ཟད་པའི་མཚན་ཉིད་ཅན་གྱི་རྣམ་པར་དག་པ་སྔོན་ཆད་མེད་པ་ཐོབ་པ་ཡིན་ནོ། །དཔེར་ན་རང་བཞིན་གྱིས་ནམ་མཁའ་ནི་གློ་བུར་བའི་ཁ་བ་དང་རྡུལ་དང་སྤྲིན་དང་དུ་བ་ལ་སོགས་པའི་སྒྲིབ་པ་རྣམས་ཀྱིས་དྲི་མ་ཅན་དུ་བྱེད་པ་ཡིན་ཏེ། ཕྱིས་དེ་མེད་པའི་ མཚན་ཉིད་ཅན་རྣམ་པར་དག་པ་དེས་ཐོབ་པ་ཡིན་ནོ། །དེའི་གློ་བུར་བའི་འཁྲུལ་བ་ཐམས་ཅད་ལོག་པ་ལ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་མཚན་ཉིད་ཐམས་ཅད་སྔོན་ཆད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔས་ཐོབ་པ་ཡིན་ནོ། །དེ་ཉིད་རྣམ་པར་དག་པ་དེའི་བདག་ ཉིད་དུ་གྱུར་པ་རྟོགས་པའི་ཕྱིར་ཐོབ་པ་དང་མངོན་པར་རྟོགས་པ་ཡང་དག་པར་ཡོད་པ་ཡིན་ཞེས་ཀུན་ཏུ་བརྟགས་པའི་སྒྲིབ་པ་ཙམ་བསལ་བ་ཐོབ་པ་དང་། མངོན་པར་རྟོགས་པ་ཞེས་འདོད་པ་ཡིན་ཏེ། གཟུང་བ་དང་འཛིན་པའི་ངོ་བོ་མེད་པའི་ཕྱིར་ཞེས་བྱ་བའོ། །འདིར་ནི་འཕགས་པ་ རབ་འབྱོར་གྱིས་སྐྱོན་མེད་པའི་ཆོས་ཉེ་བར་བསྟན་པ་སྤོབས་པ་ལ་གདུལ་བྱ་རྣམས་ཀྱི་ལྷག་པར་མོས་པ་བརྟེན་པའི་དོན་དུ་གནས་བརྟན་ཤཱ་རིའི་བུས་བསྔགས་པ་གསུངས་ཏེ། ཆོས་སྟོན་པའི་ནང་ན་ཞེས་བྱ་བ་ལ་སོགས་པ་སྟེ། དྲི་བ་ཐམས་ཅད་ལ་ལན་གདབ་པ་ངེས་པར་འབྱུང་བའི་ཕྱིར་མཆོག་ ཏུ་གཞག་པར་བྱའོ། །ཐེ་ཚོམ་མེད་པར་བགྲང་བར་བྱའོ། །གང་དང་གང་ཉིད་ལ་ཞེས་བྱ་བ་སྟེ། གང་དང་གང་ཉིད་ཀྱིས་གནས་པའོ། །ངེས་པར་འབྱུང་བར་འགྱུར་བ་ཞེས་བྱ་བ་ནི་བརྒལ་བར་འགྱུར་རོ། །མི་གཡོ་ཞེས་བྱ་བ་ནི་སྟོར་བར་མི་འགྱུར་རོ། །འགལ་བར་ཡང་མི་ བྱེད་དོ་ཞེས་བྱ་བ་ནི་འཁྲུག་པར་མི་བྱེད་པའོ། །མི་གནས་པའི་ཆོས་ཅན་རྣམས་ཀྱི་ཞེས་བྱ་བ་ནི་མི་གནས་པ་ནི་མངོན་པར་མི་ཞེན་པ་ཆོས་གང་རྣམས་ཀྱིས་དེ་རྣམས་དེ་ལྟར་བརྗོད་པ་ཡིན་ནོ། །མི་འདའོ་ཞེས་བྱ་བ་ནི་སྐྲག་པར་མི་བྱེད་པའོ། །དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ནི་ ཆོས་ཐམས་ཅད་མི་གནས་པར་གསུངས་པའོ། །འདི་ཞེས་བྱ་བ་ནི་དེ་མ་ཐག་པར་གསུངས་པའོ། །ཆོས་ཐམས་ཅད་ལ་མི་གནས་པ་ཡང་ཡིན་ལ་མཆོག་ཉིད་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་ནོ། །གང་ཡིན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་གཞན་ཉིད་ཀྱི་ དགོས་པས་དྲི་བར་བྱེད་དེ། རབ་འབྱོར་གྱིས་སྨྲས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་ཞེས་བྱ་བ་སྟེ། གང་ལ་བཤད་པའི་དོན་དུ་བདག་ལ་སྨྲས་པ་དེ་ནི་འདི་ཡིན་ནོ། །གཞན་ཉིད་ལ་དེ་ལྟར་མི་གནས་པ་ཉིད་མི་རིགས་པའི་ཕྱིར་རོ། །འདི་ཉིད་ནི་ཇི་ ལྟར་ཤེས་པར་བྱ་ཞེ་ན་གསུངས་པ། ཐེག་པ་ཐམས་ཅད་པ་ཞེས་བྱ་བ་སྟེ། སྔར་གསུངས་པ་ཁོ་ན་སྟེ་ཉན་ཐོས་ཀྱི་ས་ལ་ཡང་ཞེས་བྱ་བ་ལ་སོགས་པས་ཐེག་པ་ཐམས་ཅད་པ་ཉིད་དེའི་ཕྱིར་འདི་ཉིད་འདི་ཞེས་བྱ་བའི་དགོངས་པའོ། །འདི་ནི་གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ བྱང་ཆུབ་སེམས་དཔའི་གདམས་ངག་སྦྱོར་བར་བྱེད་དེ། དེ་ལྟར་ཞེས་བྱ་བ་སྟེ། གང་གི་ཕྱིར་དེ་ལྟར་དེའི་ཕྱིར་རོ། །ཞུམ་པ་ཉིད་ནི་སྡུག་བསྔལ་ལོ། །ནེམ་ནུར་ཞེས་བྱ་བ་ནི་ཐེ་ཚོམ་ཟ་བ་ཉིད་དོ། །རྨོངས་པ་ཉིད་ནི་རྩེ་གཅིག་པ་མེད་པའོ། །གཞན་པ་ཉིད་ནི་རྒྱབ་ཏུ་ཕྱོགས་པའི་ངོ་བོའོ། ། འགའ་ཞིག་ཏུ་ནི་ཚིག་རྣམས་ཐམས་ཅད་འདོན་པ་མ་ཡིན་ཏེ། དེ་བཞིན་དུ་གནས་གཞན་རྣམས་ལ་ཡང་ཉུང་བ་དང་ཉུང་བའི་ཚིག་རྣམས་པོ་ཏི་རྙིང་པ་རྣམས་ལ་མཐོང་བ་ཡིན་ནོ། །དེ་ཙམ་ཡང་དེ་འདོན་པ་བཤད་པ་པོ་རྣམས་ཀྱིས་བཤད་པ་ཡིན་ཞེས་བྱ་བའོ། །ཡིད་ལ་བྱེད་པ་འདི་དང་ཞེས་བྱ་བ་ནི་ཀུན་ རྫོབ་ཏུ་གནས་རབ་ཏུ་གནས་པ་ལ་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ཡིད་ལ་བྱེད་པས་སྙིང་རྗེ་ཆེན་པོ་ཉེ་བར་སྐྱེས་པས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཤཱ་རིའི་བུའི་དགོངས་པ་འདི་ཡིན་ཏེ་རྣམ་པར་རྟོག་པ་ནི་རྣམ་པ་ཐམས་ཅད་དུ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གནས་པར་འགལ་བ་ཅན་ཡིན་ནོ། །དེ་བས་ན་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ཡིད་ལ་བྱེད་པ་ཡང་འགལ་བ་ཅན་ཁོ་ན་སྟེ། འདི་ཉིད་ཀྱི་ཕྱིར་གསུངས་པ། དོན་དམ་རྣམ་པར་རྟོག་ལ་ཡང་། །མཁས་པས་ཞུམ་པ་མི་བྱ་སྟེ། །རྣམ་རྟོག་ལ་ནི་ཐ་དད་ གང་། །དགེ་བའམ་ནི་མི་དགེ་ལ། །བརྟེན་པའི་དབྱེ་བས་ཐ་དད་མེད། །ཆེད་དུ་མེ་ཡིས་བསྲེག་པ་ཉིད། །ཙནྡན་ལས་འབར་དེ་ཡང་ནི། །རེག་པར་གྱུར་ན་སྲེག་པ་ཡིན། །ཞེས་བྱ་བའོ། །འདིར་ནི་རབ་འབྱོར་གྱིས་ལེགས་སོ་ཞེས་བྱ་བའི་སྔོན་དུ་འགྲོ་བ་ཅན་ལན་ཏེ། རྒྱས་པར་ཕྱོགས་ སྔ་མ་བརྒྱ་བྱས་པའི་ཕྱིར་ལེགས་སོ་ཞེས་བྱ་བའོ། །དོན་ཉིད་ནི་ཁོ་བོ་ཅག་ལ་འདོད་པ་ཉིད་དེ་དོན་ལ་འདོད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །ཡང་དག་པའི་ཚིག་ཏུ་བརྗོད་པས་ཞེས་བྱ་བ་སྟེ། རྣམ་པར་རྟོག་པའི་ངོ་བོ་ཐམས་ཅད་ཡིད་ལ་བྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་ དང་འགལ་བ་ཉིད་ཡང་དག་པའི་ཚིག་ནི་ཡང་དག་པའི་དངོས་པོ་སྟེ་དེའི་བརྗོད་པས་སོ། །རྒྱས་པར་མི་འདོད་པ་འབབ་པས་ཕྱོགས་སྔ་མའི་དོན་མི་འདོད་པ་བརྗོད་པ་ཉིད་ཅེས་ཁྱོད་ལ་ཡང་ཀླན་ཀར་འགྱུར་བའོ། །འདོད་པ་ཉིད་ལ་ཕྱོགས་སྔ་མ་ཉིད་ཀྱིས་བརྗོད་པའི་ཕྱིར་རོ། །ཆེན་མོ་རྣམས་ལ་ཡང་འདོན་ པ་འདི་མཐོང་བ་ཡིན་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལེགས་སོ་ལེགས་སོ་ཁྱོད་ལ་ཡང་ཀླན་ཀར་འགྱུར་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དོན་ཉིད་ནི་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཡང་དག་པའི་ཚིག་ཏུ་བརྗོད་པས་ཡོངས་སུ་བཟུང་བ་ཡིན་ཞེས་བྱ་བའོ། །འདི་ཉིད་རྗེས་སུ་བརྗོད་ནས་ཉི་ཁྲིའི་གཞུང་ འགྲེལ་ལས་བཤད་པ་སྟེ། ཚིག་གསུམ་གྱིས་རྗེས་སུ་ཡི་རང་བར་བྱེད་དོ། །ཚིག་ནི་ལེགས་པའི་རིགས་པས་ཀླན་ཀར་བྱེད་དེ། ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་གཅིག་གོ། །ཀླན་ཀར་འགྱུར་བ་ཞེས་བྱ་བ་ནི་གཉིས་པ་སྟེ་རིགས་པས་འདི་ལ་དམིགས་པ་འབྱུང་བར་འགྱུར་ཞེས་བྱ་བའི་དོན་ ཏོ། །དོན་ཡོངས་སུ་བཟུང་བ་ཞེས་བྱ་བ་ནི་གསུམ་པ་སྟེ་རིམ་པ་འདིས་ཀྱང་བཅོམ་ལྡན་འདས་མ་འདི་ལ་ཡང་འདོན་པ་ཉམས་པ་སྟེ། འདི་ཁྱོད་ལ་ཀླན་ཀར་འགྱུར་ཏེ་ཞེས་བྱ་བ་ཉིད་ཀྱི་འདོན་པ་འབྱུང་བར་འགྱུར་རོ། །ཀླན་ཀའི་དོན་ནི་ཤིན་ཏུ་ཡང་ལེགས་པར་འབྲེལ་བ་མ་མཐོང་སྟེ། སེམས་ ཅན་ཐམས་ཅད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པར་ཐལ་བ་ལ་མ་སྤངས་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་རྗེས་སུ་ཡི་རང་བ་ཞེས་བྱ་བའི་དགོས་པ་གསུངས་པ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ངོ་བོ་ཉིད་མེད་པས་ན་ཞེས་བྱ་བ་སྟེ། ངོ་བོ་ཉིད་མེད་པ་ཉིད་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ དེ་ངོ་བོ་ཉིད་མེད་པ་ཉིད་དང་དེ་དང་བྲལ་བའོ། །ངོ་བོ་ཉིད་མེད་པ་ནི་རྣམ་པར་དབེན་པ་ཉིད་དང་མེད་པ་ཉིད་དང་བསམ་གྱིས་མི་ཁྱབ་པ་ཉིད་དེ་དེའི་བསམ་པ་ལ་ཡུལ་མེད་པའི་ཕྱིར་རོ། །མངོན་པར་རྫོགས་པར་བྱང་མ་ཆུབ་པས་ན་ཞེས་བྱ་བ་ནི་མ་རྟོགས་པ་ཉིད་དོ། །སེམས་ཅན་ཡང་དག་ པ་ཇི་ལྟ་བ་མ་ཡིན་པའི་དོན་དུ་མངོན་པར་རྫོགས་པར་བྱང་ཆུབ་པས་ཞེས་བྱ་བའི་ཚིག་དྲུག་པ་ཡང་འགའ་ཞིག་ཏུ་འདོན་པ་ཡིན་ནོ། །དེ་ལ་སེམས་ཅན་གྱི་ཡང་དག་པ་ཇི་ལྟ་བ་མ་ཡིན་པའི་དོན་ཉིད་དང་བརྫུན་པའི་དངོས་པོ་ཉིད་ཀྱིས་མངོན་པར་རྫོགས་པར་བྱང་ ཆུབ་པ་ཞེས་བྱ་བ་ནི་དོན་འདི་ཡིན་ཏེ། ངོ་བོ་ཉིད་མེད་པ་ལ་སོགས་པ་ཡིད་ལ་བྱེད་པའི་ཡུལ་འདི་རྣམས་ནི་དེ་ལས་གཞན་རྣམས་ལ་ཡོད་པ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱི་སྒྱུ་མ་དང་། སྨིག་རྒྱུ་དང་། ཆུའི་ཟླ་བ་དང་ མཉམ་པར་ཆོས་ཐམས་ཅད་མཐོང་བས་ན། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་ཡིད་ལ་བྱེད་པ་ཡང་བརྫུན་པར་སྣང་བ་ཙམ་མཐོང་བ་ཡིན་ཏེ། དེ་རྣམས་ལས་གཞན་པའི་སེམས་ཅན་ནི་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན་ཞེས་བརྗོད་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་གསུངས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟ་བུའི་ངོ་བོ་ཉིད་ལ་བྱེད་པ་འདི་དང་གནས་པ་འདིས་གནས་པར་འདོད་དོ་ཞེས་བྱ་བ་སྟེ། དེ་ལྟ་བུའི་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པ་ལ་སོགས་པའི་ངོ་བོ་སོ་སོར་རྟོགས་པས་སོ། ། གནས་པ་འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པས་སོ་ཞེས་བྱ་བའི་སྒྲས་ནི་ལེའུ་རྫོགས་པའི་དོན་དུའོ། །རབ་འབྱོར་གྱི་ལེའུ་ཞེས་བྱ་བ་ནི་སྔོན་གྱི་པོ་ཏི་རྣམས་ལ་འདོན་པ་ཡིན་ཏེ་རབ་འབྱོར་གཙོ་བོ་ཉིད་དུ་བསྟན་པའི་ཕྱིར་རབ་འབྱོར་གྱི་ལེའུ་སྟེ། འདི་ཉིད་ཀྱི་ཕྱིར་འཆད་པར་ འགྱུར་བ་རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱ་ཞེས་བྱ་བའོ། །སྤྱོད་པའི་ལེའུ་སྟེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྤྱོད་པའི་ལེའུ་ཞེས་བྱ་བ་འགའ་ཞིག་ཏུ་འདོན་པའོ། །དེ་ལ་སྤྱོད་པ་ནི་སྤྱོད་པ་བྱེད་པ་སྟེ་དེ་གསལ་བར་བྱེད་པའི་ལེའུ་ནི་དེའི་ལེའུ་སྟེ་ལེའུ་དང་པོའོ།། །། དེ་ལྟར་རེ་ཞིག་བར་མའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་རྫོགས་པར་བྱ་སྟེ། གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་བཞིན་གཤེགས་པས་རྣམ་པ་གསུམ་དུ་གསལ་བར་མཛད་དེ་མདོར་བསྡུས་པ་དང་། བར་མ་དང་། རྒྱས་པ་ཞེས་བྱ་བ་གསུངས་སོ། །དེ་ལ་གདུལ་ བྱའི་དབང་གིས་མདོར་བསྡུས་པ་དང་བར་མའི་ཚུལ་དག་གིས་འཆད་པ་ལས་འདིའི་འོག་ཏུ་གདུལ་བྱ་ཡོངས་སུ་མ་སྨིན་པ་རྣམས་ལ་མ་སྐྱེས་པ་དང་སྐྱེས་པའི་ཐེ་ཚོམ་བསལ་བས་ཡོངས་སུ་སྨིན་པར་བྱེད་པ་ཡོངས་སུ་སྨིན་པ་རྣམས་ལའོ། །དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པར་བྱེད་པ་སྟེ་ཀུན་རྫོབ་དང་དེ་ནི་ དམ་པའི་ཚུལ་རྣམ་པར་འབྱེད་པས་རྣམ་པ་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནས་བརྩམས་ཏེ་རྒྱས་པར་བཤད་པར་བྱ་བ་ནི་དེའི་ཚེ་ཡང་ཞེས་བྱ་བ་ལ་སོགས་པའོ། །དེའི་ཚེ་ཞེས་བྱ་བ་སྟེ་དུས་དེ་ལའོ། །བརྗོད་པར་འདོད་པའི་དབང་གིས་བྱེད་པ་པོ་ རྣམས་འབྱུང་བ་དེ་བས་ན་བྱེད་པ་ཉིད་དོ། །ཁ་ལུ་ཞེས་བྱ་བའི་སྒྲ་ནི་ངག་གི་རྒྱན་ལའོ། །ཡང་གི་སྒྲ་ནི་ཁྱད་པར་གྱི་དོན་དུའོ། །རྒྱས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ནི་ཁྱད་པར་རོ། །བརྒྱ་བྱིན་ཞེས་བྱ་བ་སྟེ་དང་པོར་བཤད་པ་སྟེ། དེ་ཉིད་ཀྱིས་འཕགས་པ་རབ་འབྱོར་ལ་ཡོངས་སུ་ དྲི་བ་ལ་སོགས་པ་བྱེད་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་དོ་ཞེས་བྱ་བ་ནི་གང་ལ་བསྟན་པའི་དོན་དུ་རབ་འབྱོར་ལ་བཀའ་སྩལ་པ། འདུས་པ་ནི་ཡང་དག་པར་འོངས་པས་སོ། །འཁོད་པ་ནི་འདུག་པའི་ཕྱིར་རོ། །ལྷན་ཅིག་ཏུ་བྱས་ཏེ། ལེགས་པར་བྱས་པས་སུམ་ཅུ་རྩ་གསུམ་དེར་སྐྱེས་ པ་དེའི་ཕྱིར་སུམ་ཅུ་རྩ་གསུམ་པ་སྟེ་དེ་རྣམས་ཀྱི་ཚོགས་ནི་རིས་སོ། །དེ་ལས་འབྱུང་བ་ཞེས་ཐ་ཉ། འཇིག་རྟེན་སྐྱོང་བ་བཞི་ནི་རྣམ་ཐོས་སྲས་དང་། ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་རྣམས་སོ། །དེ་རྣམས་ཀྱི་ཚོགས་ནི་དེ་ལས་བྱུང་བའོ། །འདི་རྣམས་ལ་ཚངས་ པ་ལ་སོགས་པ་རྣམས་ལས་དང་པོ་བཤད་པ་ནི་འཇིག་རྟེན་སྐྱོང་བའི་དབང་དུ་བྱེད་པས་འཇིག་རྟེན་ལ་མཐོ་རིས་དང་ངེས་པར་ལེགས་པ་དང་མངོན་པར་མཐོ་བ་ཐོབ་པའི་སྣོད་དུ་རུང་བ་ཉིད་སོ་སོར་ཀུན་ཏུ་བརྟགས་པས་འཇིག་རྟེན་པའི་དོན་དུ་འཁོར་བའི་ཕྱིར་རོ། །དེ་ཉིད་ནི་སྟོང་གསུམ་གྱི་འཇིག་རྟེན་ གྱི་ཁམས་མི་མཇེད་དེ་དེའི་བདག་པོ་ནི་ཚངས་པ་སྟེ། འཇིག་རྟེན་གྱི་ཁམས་འདིར་སྐྱེ་བར་གྱུར་པ་ན་དང་པོར་སྐྱེས་པ་དེའི་རྗེས་ལ་གཞན་དག་དེའི་ཕྱིར་དེ་ལ་བདག་པོ་ཉིད་ཀྱི་མངོན་པའི་ང་རྒྱལ་ལོ། །བསམ་གཏན་གཉིས་པ་ལ་སོགས་པ་རྣམས་ནི་འཇིག་རྟེན་གྱི་ཁམས་ཀྱིས་ཡང་དག་པར་ བསྡུས་པ་ཡོད་པ་མ་ཡིན་ཏེ། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། ། མཉམ་དུ་འཇིག་ཅིང་འཇུག་པ་ཡིན། །ཞེས་བྱ་བའི་ཚིག་གིས་སོ། །ཚངས་པའི་ཚོགས་དེ་དེ་ལས་འབྱུང་བའོ། །འདིར་ནི་འོག་མའི་ཚོགས་ལ་འཇུག་པའོ། །འདི་རྣམས་ནི་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའོ། །བསམ་གཏན་བཞི་པའི་མདུན་དུ་གནས་གཙང་མ་ལྔ་སྟེ་མི་ཆེ་བ་དང་ མི་གདུང་བ་དང་ཤིན་ཏུ་མཐོང་བ་དང་བལྟ་ན་སྡུག་དང་འོག་མིན་ཞེས་བྱ་བའོ། །ཅིའི་ཕྱིར་གནས་གཙང་མ་རྣམས་ཏེ་འཕགས་པ་རྣམས་ཉིད་དེ་རྣམས་ལས་སྐྱེས་པའི་ཕྱིར་རོ། །རིགས་ལྔ་པོ་དེ་རྣམས་ཀྱི་སྟོང་ཕྲག་ལྔ་ཉིད་དོ། །གང་ཡིན་པ་དེ་ཞེས་བྱ་བ་ལ་སོགས་པ། དེ་རྣམས་ཀྱང་འཁོད་ པར་གྱུར་པ་གང་ཞིག་ཡང་དེ་རྣམས་ཀྱི་འོད་དེ་ཡང་ཟིལ་གྱིས་མནན་ཏོ། །དུས་མཉམ་ཉིད་དུ་གང་ཡིན་པ་ཡང་དེ་གཞན་གྱི་སྒྲའི་དོན་ཏོ། །ཅིའི་ཕྱིར་ལྷའི་འདུ་བ་བཤད་པར་བྱེད། གང་ཡང་དེ་བཞིན་གཤེགས་པའི་འོད་ཡང་དག་པར་བརྗོད་པ་ལ་གནས་སྐབས་ཡིན་ཞེ་ན། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ལ་སྔོན་ཆད་མ་བྱུང་བའི་ཕྱིར་རོ། །སླར་ནི་གྲངས་སུ་བྱ་བའི་འཁོར་འདུས་པ་ཡང་བསྟན་པར་བྱ། འོད་ཟེར་འབྱུང་བ་ཡང་སྔ་ན་མེད་པའི་ཆོས་བསྟན་པ་ལ་རྒྱུ་མཚན་ནོ། །འོད་ཟེར་འབྱུང་བ་ནི་འོད་ཀྱི་ཚོགས་བསྟན་པ་ཞེས་བྱ་བའི་ཚིག་གིས་སོ། །འོད་ ཅེས་བྱ་བ་ནི་འདོད་དོ། །ལས་ཀྱི་རྣམ་པར་སྨིན་པར་བྱེད་པ་ནི་རྣམ་པར་སྨིན་པའོ། །དེ་ལས་སྐྱེས་པ་ནི་ལྷན་ཅིག་སྐྱེས་པ་སྟེ་མངོན་པར་འདུས་བྱས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །རྒྱུ་གང་གིས་ཟིལ་གྱིས་མནན་སྙམ་ན། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ནི་སངས་རྒྱས་ དང་ཉེ་བས་སོ། །གང་གིས་གང་དུ་ཞེ་ན། སངས་རྒྱས་ཀྱི་གཟི་བརྗིད་དང་སངས་རྒྱས་བཅོམ་ལྡན་འདས་ཀྱི་འོད་ཀྱིས་སོ། །དེ་རྣམས་ཀྱང་མཐུ་ཆེན་པོ་དང་ལྡན་པ་དེའི་ཕྱིར་ཇི་ལྟར་ཟིལ་གྱིས་ནོན་ཞེ་ན། གསུངས་པ། སངས་རྒྱས་ཀྱི་མཐུ་དང་ཞེས་བྱ་བ་སྟེ། སངས་ རྒྱས་ཀྱི་མཐུས་མཐུ་ཐམས་ཅད་ཟིལ་གྱིས་གནོན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཅིའི་ཕྱིར་ལྷའི་དབང་པོ་དེ་བཞིན་གཤེགས་པ་ལ་གསོལ་བ་མི་འདེབས་པར་གནས་བརྟན་རབ་འབྱོར་ལ་འདྲི་བར་བྱེད། ཉན་ཐོས་ཀྱིས་བསྟན་པས་འདུལ་ བར་བྱ་བ་ཉིད་ཀྱི་ཕྱིར་དེའི་དུས་ཀྱི་འཁོར་རྣམས་ལའོ། །འཁོར་དེར་རབ་འབྱོར་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་དོན་དུ་བཀའ་སྩལ་པ་ཉིད་ཀྱི་ཕྱིར་དེ་ལ་གསོལ་བ་འདེབས་པའི་སྒོ་ཉིད་ཀྱིས་དེ་བཞིན་གཤེགས་པ་ལ་ཡང་གསོལ་བ་འདེབས་པར་འགྱུར་ཞེས་བྱའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞེས་བྱ་བ་འདི་དང་འབྲེལ་ཏེ་ལམ་མཁྱེན་པ་ཉིད་ཅེས་བྱ་བའི་དོན་ཏོ། །ཉེ་བར་བསྟན་པར་བྱེད་པས་ན་ཉེ་བར་བསྟན་པ་སྟེ་དེ་ཉིད་ཀྱི་དོན་ཏོ། །རྟོགས་པར་བྱ་བའི་ཕྱིར་བརྗོད་པ་ནི་གདམས་པའོ། ། རྟོགས་པ་དང་རྗེས་སུ་མཐུན་པ་རྣམས་ལ་བྱ་བ་ཉིད་ཀྱིས་བར་དུ་གཅོད་པར་བྱེད་པ་རྣམས་དོར་བ་ཉིད་ཀྱིས་ཉེ་བར་བསྟན་པས་རྗེས་སུ་བསྟན་པ་དེ་དང་བཅས་པ་དེ་ཞེས་བྱ་བའི་བསྡུ་བའོ། །བྱང་ཆུབ་སེམས་དཔའ་དེས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་ཞེས་བྱ་བ་སྟེ། དེ་ལ་སྔར་ནི་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་བརྩམས་ནས་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཟུང་སྟེ་བར་མ་བསྟན་པ་གསལ་བར་བྱས་སོ། །འདིར་ཡང་ལམ་གྱི་རྣམ་པ་མཁྱེན་པ་ཉིད་ལས་བརྩམས་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་རྟོག་པ་དང་བཅས་པ་དང་ རྣམ་པར་མི་རྟོག་པ་ཡང་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དབང་དུ་བྱེད་པ་ཡིན་ནོ། །མཐུ་ལ་སོགས་པ་རྣམས་ནི་མཐུའི་རྣམ་གྲངས་སོ། །དེ་ལ་མཐུ་དང་ཞེས་བྱ་བ་ནི་མདོར་བསྟན་པ་སྟེ་གཞན་དག་གིས་རྒྱས་པར་བཤད་པའོ། །གཟི་བརྗིད་དང་ཞེས་བྱ་བ་ནི་སྤོབས་པའི་ནུས་པ་ལ་བྱེད་པ་པོའི་ མཐུས་སོ། །བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ནི་རབ་ཏུ་སད་པར་བྱེད་པའོ། །གང་དག་ཡང་ཞེས་བྱ་བ་ལ་སོགས་པས་མྱ་ངན་ལས་འདས་པ་ནི་ཡང་དག་པ་ཉིད་དོ། །དེ་ལ་ངེས་པ་ནི་ཡང་དག་པ་ཉིད་དུ་ངེས་པའོ། །དེ་ལ་ཞུགས་པ་ཞེས་བྱ་བ་སྟེ། ཤིན་ཏུ་འདས་ནས་གནས་པ་རིགས་ ཅན་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་དུས་ཇི་སྲིད་པར་ཡང་སྐལ་བ་མེད་པ་ཞེས་བརྗོད་པ་ཡིན་ནོ། །དེ་དག་གིས་འཁོར་བའི་རྒྱུན་ལས་མཚམས་བཅད་པས་གང་རྣམས་ཀྱིས་འཁོར་བའི་རྒྱུན་ལ་དེ་རྣམས་ཀྱིས་མཚམས་བཅད་པ་ཡོད་པ་དེའི་ཕྱིར་འཁོར་ བའི་རྒྱུན་ལས་འདས་ནས་དེ་རྣམས་འགྲོ་བའི་དོན་དུ་ནུས་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སེམས་བསྐྱེད་པའི་དོན་དུ་སྐལ་བ་དང་མི་ལྡན་པའོ། །གང་གི་ཕྱིར་དེ་རྣམས་ནི་ཡང་ནས་ཡང་དུ་འཁོར་བ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་གལ་ ཏེ་དེ་དག་གིས་ཀྱང་དེ་རྣམས་ལ་རྗེས་སུ་ཡི་རང་བར་བྱའོ་ཞེས་བྱ་བ་སྟེ། དེ་རྣམས་ཀྱི་ཡང་རྣ་བའི་ལམ་དུ་སོང་བ་བསྟན་པ་འདི་ཡིན་ཏེ་རྗེས་སུ་ཡི་རང་བའི་ཕྱིར་རོ། །བསྐལ་པ་བྱེ་བ་ཁྲི་ཕྲག་བརྒྱ་སྟོང་གཞལ་དུ་མེད་གྲངས་མེད་པར་གཞན་གྱིས་ཀྱང་དེ་རྣམས་སངས་རྒྱས་ཉིད་ཀྱི་བར་དུ་རྒལ་བར་བྱེད་ཅེས་བྱ་ བའི་ལུང་ལས་སོ། །དགེ་བའི་ཕྱོགས་ལ་ཞེས་བྱ་བ་ནི་དོན་དམ་པར་དགེ་བ་མྱ་ངན་ལས་འདས་པ་སྟེ། དེའི་ཕྱོགས་ནི་རྗེས་སུ་མཐུན་པ་བྱང་ཆུབ་ཀྱི་སེམས་ལ་སོགས་པའོ། །ཁྱད་པར་དུ་འཕགས་པའི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་རྣམས་སོ། །ལྔ་པ་ནི་རྒྱུ་ལའོ། །ཆེས་ཁྱད་པར་ དུ་འཕགས་པའི་ཆོས་ཀྱི་བྱ་བ་ནི་ཡང་དག་པ་ཉིད་ཀྱི་ངེས་པ་ལ་སོགས་པ་རྣམས་སོ། །ལྷག་པར་དམིགས་པར་བྱའོ་ཞེས་བྱ་བ་ནི་ཐོབ་པར་བྱ་བའོ། །དེའི་ཕྱིར་བར་དུ་གཅོད་པར་མི་བྱེད་ཅེས་བྱ་བ་ནི་གང་གི་ཕྱིར་གྱི་སྒྲའི་དོན་ཏོ། །དེ་ལྟར་ཁ་ཅིག་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་དོན་དུ་སྤྲོ་བ་བསྐྱེད་པའོ། ། བྱང་ཆུབ་ཀྱི་སེམས་སྔར་བསྐྱེད་པ་རྣམས་ནི་ཡང་དག་པར་དགའ་བ་བསྐྱེད་པའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་དེ་དག་གཉི་ག་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་པར་གྱུར་པ་ལས་ལམ་ཤེས་པ་ཉིད་ལ་སྤྲོ་བ་བསྐྱེད་པའོ། །འདི་ཉིད་ཀྱི་ཕྱིར་གསུངས་པ། དེ་ནས་ ཞེས་བྱ་བ་ལ་སོགས་པ་སྟེ། ཁྱོད་ལེགས་སོ་ཞེས་བྱ་བ་ནི་གཞན་གྱི་དོན་ཆེ་བ་བྱས་པའི་ཕྱིར་རོ། །བདག་ཅག་གིས་ནི་བཀའ་དྲིན་གཟོ་བར་བགྱི་ཞེས་བྱ་བ་ལ་སོགས་པ་སྟེ། སྔར་ཉན་ཐོས་རྣམས་ཀྱིས་བཅོམ་ལྡན་འདས་ལ་གང་ཞིག་བྱས་པ་དེ་རིག་པ་ཁོ་བོ་ཅག་གིས་བགྱིའོ། །ཅི་སྨྲས་ པར་འགྱུར་རོ། །སྔར་ནི་ཁོ་བོ་ཅག་ལ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པའི་སྔོན་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་འཁོར་གྱི་ནང་དུ་ཉན་ཐོས་རྣམས་ཀྱིས་གདམས་པ་དང་རྗེས་སུ་བསྟན་པས་ཡང་དག་པར་སྒྲུབ་པ་ལ་ངེས་པར་ཞུགས་པར་བྱེད་པ་དེས་སྨྲས་པའི་ སྒྲུབ་པའི་རིམ་གྱིས་གྲུབ་པས་མངོན་པར་རྫོགས་པར་སངས་རྒྱས་པ་གང་དེའི་ཕྱིར། ཁོ་བོ་ཅག་གིས་ཀྱང་འདིའི་འཁོར་གྱི་ནང་དུ་བྱང་ཆུབ་སེམས་དཔའ་འདི་རྣམས་གདམས་ངག་དང་རྗེས་སུ་བསྟན་པ་དང་ཡང་དག་པར་སྒྲུབ་པ་ལ་ངེས་པར་ཞུགས་པར་བྱའོ། །སྔ་མ་དེས་ཁོ་བོ་ཅག་ ལ་ཉེ་བར་བསྟན་པའི་རིམ་པས་རྟོགས་པར་བྱེད་པ་ན་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེའི་ཕྱིར་སྔོན་གྱི་ཉན་ཐོས་བཀའ་དྲིན་གཟོ་བ་ཁོ་བོ་ཅག་གིས་བགྱི་སྟེ་ཞེས་བྱ་བ་གསུངས་སོ། །སྔོན་གྱི་ནི་སྔོན་ཉིད་དོ། །ཚངས་པ་ནི་མྱ་ངན་ལས་འདས་པ་སྟེ། དེའི་ཕྱིར་སྤྱོད་ པ་ནི་ཚངས་པར་སྤྱོད་པའོ། །དེ་སྤྱོད་པ་ན་ཞེས་བྱ་བ་སྟེ་བྱང་ཆུབ་ཀྱི་ཕྱིར་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་དོན་དུའོ། །བྱང་ཆུབ་ཀྱི་སྤྱད་པ་སྤྱོད་ཅིང་ཞེས་བྱ་བའི་ཐ་ཚིག་གོ། །གང་བདག་གིས་ཞེས་བྱ་བ་ནི་བྱེད་ཚིག་དང་འདྲ་བའི་མི་འཇིག་པ་ཇི་ལྟར་གྱི་དོན་ནོ། །གདམས་ཤིང་ཞེས་བྱ་བ་ནི་གདམས་ ངག་དུ་བྱས་པ་ཡང་དག་པར་བསྐྱང་བའོ། ཁ་ད་ཞེས་བྱ་བ་ནི་གསལ་བའི་ངག་ལའོ་ཞེས་བྱ་བ་འདི་ཡང་ཛ་ལ་སོགས་པའི་བར་དུ་བཤད་པའི་ཕྱིར་རོ། །གདམས་པར་བྱས་པ་ཞེས་བྱ་བ་ནི་འགའ་ཞིག་ལས་འབྱུང་བ་ཡིན་ནོ། །དེར་བ་ད་ཞེས་བྱ་བ་ནི་བསྟན་པའི་དངོས་པོ་ལ་སྟེ་ཁམས་ འདི་ལ་དོན་མང་བ་ཉིད་ཀྱི་ཕྱིར་རོ། །རྗེས་སུ་ཡོངས་སུ་གཟུང་བར་བགྱི་ཞེས་བྱ་བ་ནི་གདམས་པར་བྱའོ། །རྗེས་སུ་ཡོངས་སུ་བསྐོར་བར་བགྱིའོ་ཞེས་བྱ་བ་ནི་རྗེས་སུ་བསྟན་པར་བྱའོ། །འོག་མའི་ཚིག་དག་ལ་ཡང་དག་པའི་དོན་ཏོ། །བདག་ཅག་གིས་ཞེས་བྱ་བ་ནི་ཉན་ཐོས་རྣམས་ཀྱིས་ཡང་བདག་ ཉིད་དང་རིགས་མཐུན་པ་རྣམས་ལ་བདག་ཉིད་ཀྱི་ཐ་སྙད་ཡོད་པའི་ཕྱིར་རོ། །ངས་ཁྱོད་ལ་བཤད་པར་བྱའོ། །ཀཽ་ཤི་ཀ་ཉོན་ཅིག་ཅེས་འབྲེལ་ཏོ། །ཇི་ལྟར་ལྷས་ཆར་འབེབས་ཀྱང་སྣོད་གསུམ་ལ་ཆུས་ཆུའི་བྱ་བ་མི་བྱེད་པ་ནི་གང་དུ་ཁ་ཕུབ་པ་ལ་ཆུ་མི་འཇུག་པ་སྟེ། གང་དུ་ཡང་མི་ གཙང་བ་ལ་ཞུགས་པ་སྐྱོན་དང་བཅས་པར་འགྱུར་རོ། །གང་དུ་ཞབས་རྡོལ་ལ་ནི་མི་གནས་པ་དེ་བཞིན་དུ། ཉན་པ་པོའི་སྐྱེ་བོའི་ཡིད་ཀྱི་སྣོད་གསུམ་ལ་ཆོས་ཀྱི་ཆར་བབ་ཀྱང་ཆོས་སྨྲ་བ་པོའི་ཆོས་ཀྱི་ཆུས་བྱ་བ་མི་བྱེད་དོ། །གང་དུ་མ་ཐོས་པས་ གཡེང་བ་ལ་སོགས་པས་མི་ཞུགས་པ་དང་། གང་དུ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཞུགས་པས་འཇིག་པར་འགྱུར་རོ། །གང་དུ་ཡང་དྲན་པ་བརྗོད་པས་གནས་པ་མེད་པའོ། །སྐྱོན་གསུམ་པོ་ནི་བསལ་བའི་དོན་དུ་གསུངས་པ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་ དང་། དེ་ནི་ཉན་པའི་སྐྱོན་རྣམ་པ་གསུམ་དུ་མ་གྱུར་ཅིག་ཅེས་བྱ་བ་སྟེ། ཡང་དག་པར་གུས་པར་བྱས་ནས་ཆོས་ཉོན་ཅིག་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་གནས་པར་བྱ་ཞེས་བརྒྱ་བྱིན་གྱི་སྔར་གྱི་དྲི་བ་དེའི་དོན་དུ་གསུངས་པ། ཇི་ལྟར་གནས་པར་བྱ་ཞེས་བྱ་བ་སྟེ། སྟོང་པ་ཉིད་ལ་ ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ལའོ། །གནས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལམ་མཁྱེན་པ་ཉིད་ཀྱི་ངོ་བོ་ལ་གནས་པར་བྱའོ། །སྟོང་པ་ཉིད་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་ལ་མཚན་ཉིད་གཅིག་པ་ཉིད་ཀྱི་ཕྱིར་རོ། །གནས་བཀག་པས་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་གནས་པ་ཞེས་བསྟན་པར་བྱེད་དེ། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཐམས་ཅད་མི་དམིགས་པ་ནི་བྱང་ཆུབ་སེམས་དཔའི་གོ་ཆ་ཆེན་པོ་སྟེ་དེར་གནས་ཀྱི་སྒྲོ་འདོགས་པ་ནི་རྣམ་པ་གསུམ་གྱིས་བསྟན་ཏེ། ཆོས་རྣམས་ལ་གནས་པར་མི་བྱ་ཞེས་བྱ་བ་ནི་གཅིག་གོ། ། ཆོས་ཉིད་ལ་གནས་པར་མི་བྱ་ཞེས་བྱ་བ་ནི་གཉིས་པའོ། །གང་ཟག་རྣམས་ལ་གནས་པར་མི་བྱ་ཞེས་བྱ་བ་ནི་གསུམ་པའོ། །ཆོས་ལ་སྤྱོད་པ་ཡང་རྣམ་པ་གཉིས་ཏེ། ཆོས་བཤད་པ་དང་ཆོས་ཀྱི་མཚན་ཉིད་སྤྱད་པའོ། །དེ་ལ་གཟུགས་ལ་གནས་པར་མི་བྱའོ་ཞེས་བྱ་བ་ནས་བརྩམས་ཏེ་ཇི་སྲིད་སངས་ རྒྱས་ཉིད་ལ་ཡང་གནས་པར་མི་བྱའོ་ཞེས་བྱ་བས་ཆོས་ཀྱི་བཤད་པའོ། །དེ་བཞིན་དུ་གཟུགས་སོ་ཞེས་གནས་པར་མི་བྱའོ་ནས་ཇི་སྲིད་དེ་བཞིན་དུ་སངས་རྒྱས་ཞེས་གནས་པར་མི་བྱའོ་ཞེས་བྱ་བ་ནས་ཆོས་ཀྱི་མཚན་ཉིད་བཤད་པའོ། །གཟུགས་རྟག་པ་དང་མི་རྟག་པའོ་ཞེས་གནས་པར་མི་བྱའོ་ ཞེས་བྱ་བ་ནས་བརྩམས་ཏེ་ཇི་སྲིད་སངས་རྒྱས་ཉིད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་གནས་པར་མི་བྱའོ་ཞེས་བྱ་བས་ཆོས་ཉིད་ཀྱི་བཤད་པའོ། །རྒྱུན་དུ་ཞུགས་པ་སྦྱིན་པའི་གནས་སོ་ཞེས་བྱ་བ་ནས་བརྩམས་ཏེ་ཇི་སྲིད་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བས་མྱ་ངན་ལས་འདའ་བར་འགྱུར་རོ་ ཞེས་བྱ་བའི་མཐས་གང་ཟག་བཤད་པའོ། །དེ་ལ་ཆོས་ཀྱི་གནས་བཀག་པ་ལ་གཟུགས་ནས་ཇི་སྲིད་རྣམ་པར་ཤེས་པ་ལ་གནས་པར་མི་བྱ་ཞེས་བྱ་བས་ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་གནས་བཀག་པའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པས་རྣམ་ པར་བྱང་བའི་ཆོས་ཀྱི་གནས་པ་བཀག་པའོ། །པོ་ཏི་འགའ་ཞིག་ལ་རྣམ་པར་ཤེས་པ་ལ་གནས་པར་མི་བྱ་བ་འདིའི་རྗེས་ལ་མིག་ལ་གནས་པར་མི་བྱའོ། །ཇི་སྲིད་ལམ་གྱི་ཡན་ལག་རྣམས་ལ་གནས་པར་མི་བྱའོ་ཞེས་བྱ་བ་ལྷག་པར་འདོན་པ་ཡིན་ནོ། །དེ་ལ་མིག་ལ་ཞེས་བྱ་བ་ལ་སོགས་ པས་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རབ་ཏུ་དབྱེ་བ་བསྟན་ཏོ། །མིག་གི་འདུས་ཏེ་རེག་པ་ལ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་འདུས་པ་ཡོད་པ་ལ། གང་ཞིག་བདེ་བ་ལ་སོགས་པའི་ཚོར་བ་བསྐྱེད་པ་ལ་རྗེས་སུ་མཐུན་པའི་དབང་པོར་འགྱུར་བའི་ཡོངས་སུ་གཅོད་པར་བྱེད་པ་ འདྲ་བ་ཙམ་ཉིད་ཀྱིས་བདེ་བ་ལ་སོགས་པའི་ཚོར་བ་སྐྱེད་པར་བྱེད་པ་དང་བཅས་པའི་སེམས་ལས་བྱུང་བ་ནི་རེག་པ་ཞེས་བརྗོད་དོ། །དབང་པོའི་འགྱུར་བ་ནི་འདྲ་བས་རེག་པར་བྱེད་ཅེས་བྱ་བ་བྱས་པས་སོ། །དེའི་ཕྱིར་དབང་པོའི་དབྱེ་བས་མིག་གི་འདུས་ཏེ་རེག་པ་ནས་ཇི་སྲིད་ཡིད་ཀྱི་འདུས་ ཏེ་རེག་པའོ། །ཆོས་མངོན་པ་ལས་གསུངས་པ། གསུམ་འདུས་པ་ལས་དབང་པོའི་འགྱུར་བ་ཡོངས་སུ་གཅོད་པ་ནི་རེག་པ་སྟེ། ཚོར་བ་བསྐྱེད་པ་ཡང་དག་པའི་རྟེན་སྦྱིན་པའི་ལས་ཅན་ཞེས་བྱ་བའོ། །འདོན་པ་འདི་ཐམས་ཅད་སྔར་གྱི་པོ་ཏི་རྣམས་ལ་མ་མཐོང་སྟེ། དེའི་ཕྱིར་གཞག་པ་བྱུང་བར་གྱུར་ཏོ། །བཅོམ་ལྡན་འདས་མ་འདི་ལ་མདོར་བསྡུས་པ་བཤད་པ་ཐམས་ཅད་དུ་ཆོས་འཆད་པ་ལ་ཕུང་པོ་རྣམས་ཉིད་འདོན་པ་ཡིན་ཏེ། ཁམས་དང་སྐྱེ་མཆེད་ལ་སོགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་གནས་པ་འདི་ལ་འདི་ལྟ་བུའི་འདོན་པ་རིགས་ པ་ཡིན་ནོ། །གཞན་ཡང་ཆོས་ཉིད་བཤད་པའི་དུས་ན་གཟུགས་ནི་རྟག་པ་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པ་ཕུང་པོ་རྣམས་ཉིད་ལ་གཅིག་ཏུ་ཆོས་ཉིད་བསྟན་པ་ཡིན་ཏེ། ཆེན་པོ་རྣམས་ལ་ཡང་འདི་མིག་ལ་གནས་པར་མི་བྱ་ཞེས་ བྱ་བ་ལ་སོགས་པས་འདོན་པ་ཡིན་ནོ། །ཆོས་ཀྱི་མཚན་ཉིད་ལ་ཡང་གནས་པར་མི་བྱ་ཞེས་གསུངས་པ། དེ་བཞིན་དུ་གཟུགས་སོ་ཞེས་གནས་པར་མི་བྱ་ཞེས་བཤད་མ་ཐག་པའི་རིམ་པས་ཆོས་རྣམས་ལ་གནས་པར་མི་བྱའོ། །གང་གི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ལའོ། ། དེའི་ཕྱིར་གཟུགས་ཞེས་བྱ་བ་ནི་གཟུགས་སུ་བྱེད་པའི་མཚན་ཉིད་ཅན་གཟུགས་ཞེས་བྱ་བ་སྟེ་ཆོས་ཀྱི་མཚན་ཉིད་ལ་གནས་པར་མི་བྱ་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་གཟུགས་ཞེས་བྱ་བ་སྟེ་ཆོས་ཀྱི་མཚན་ཉིད་ལ་ཡང་གནས་པར་མི་བྱ་ཞེས་བྱ་བའི་དོན་ཏོ། །ཆོས་ཉིད་ལ་ཡང་ གནས་པ་མེད་པ་གསུངས་པ་ནི་གཟུགས་རྟག་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ་རེ་ཞིག་ཆོས་དང་ཆོས་ཀྱི་མཚན་ཉིད་ལ་ཡང་གནས་པར་མི་བྱའོ། །གང་ཞིག་ཡང་དེ་རྣམས་ལ་ཕྱིན་ཅི་ལོག་གི་ངོ་བོས་སྐྱེ་བའི་ཆོས་ཉིད་བརྟགས་པ་ཉོན་མོངས་པ་དང་ཟད་པའི་རྒྱུ་ཉིད་ཀྱིས་ཕྱིན་ཅི་ལོག་མ་ ཡིན་པའི་མངོན་པའི་ང་རྒྱལ་ལས་མི་རྟག་པ་ཉིད་དེ་དག་ལ་ཡང་གནས་པར་མི་བྱ་སྟེ། གཟུགས་ལ་སོགས་པ་རྣམས་ལ་རང་བཞིན་མེད་པ་ཉིད་ཀྱིས་དེའི་ཆོས་ཉིད་ཀྱི་ངོ་བོ་རྣམས་མེད་པའི་ཕྱིར་རོ། །སྡུག་པ་ནི་གཙང་བའོ། །མི་སྡུག་པ་ནི་མི་གཙང་བའོ། །གཟུགས་སྟོང་པའོ་ཞེས་བྱ་ བ་ཡང་མི་དམིགས་པ་སྟེ་དམིགས་པ་ཡིན་པས་ན་དམིགས་པའོ། །དེ་བས་ནི་འདི་གཉི་ག་ཡང་ངོ་། །འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་བྱ་བ་ལ་འདུས་མ་བྱས་པ་ནི་མྱ་ངན་ལས་འདས་པ་སྟེ། དེས་རབ་ཏུ་ཕྱེ་བ་ནི་བསྐྱེད་པ་སྟེ་དམིགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །སྦྱིན་པའི་གནས་ ཞེས་བྱ་བ་ནི་ཡོན་གནས་ཀྱི་ངོ་བོ་ཅན་ཆོས་ཉིད་གསུངས་སོ། །ལམ་ལ་གནས་པ་ལ་ཡང་ཡོན་ནི་གཞལ་དུ་མེད་པའི་འབྲས་བུ་སྟེར་བ་ཞེས་གསུངས་པའི་ཕྱིར་རོ། །སྲིད་པ་ལན་བདུན་པའོ་ཞེས་བྱ་བ་ནི་ལས་ཀྱི་སྒོམ་པ་ལ་བརྩོན་འགྲུས་དང་མི་ལྡན་ཡང་ཆོས་ཉིད་ཀྱི་སྟོབས་ཀྱིས་སྐྱེ་བ་བདུན་ པ་ལ་དགྲ་བཅོམ་པ་ཉིད་ཐོབ་པའི་ཕྱིར་རོ། །མཐར་མ་ཕྱིན་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱིས་འདོད་པའི་ཆགས་པ་མ་སྤངས་པའི་ཕྱིར་རོ། །འཇིག་རྟེན་འདིར་ལན་ཅིག་ཕྱིར་འོངས་ནས་ཞེས་བྱ་བ་ནི་ལན་ཅིག་སླར་འདོད་པའི་ཁམས་སུ་འོངས་ནས་སོ། །དེ་ཉིད་དུ་ཞེས་བྱ་བ་ ནི་འདོད་པ་མེད་པའི་འཇིག་རྟེན་ལའོ། །འདི་ཉིད་དུ་ཞེས་བྱ་བ་ནི་སྐྱེ་བའི་གནས་གང་ལ་ཁམས་གསུམ་པའི་ཉོན་མོངས་པ་སྤངས་པ་ལྷག་མར་གྱུར་པ་འདི་རྣམས་ལ་བདག་ཏུ་བརླན་པ་དེའི་ཕྱིར་ལྷག་མ་རྣམས་ནི་ཕུང་པོ་རྣམས་སོ། །དེ་ཉིད་ནི་ལྷག་མ་སྟེ་ཕུང་པོ་ལྷག་མ་དང་བཅས་པ་ལ་དེ་ བཟློག་པས་ལྷག་མ་མེད་པའོ། །མྱ་ངན་ལས་འདས་པ་ཉིད་ནི་དབྱིངས་ཏེ། དམིགས་པའི་ངོ་བོས་འཕགས་པ་རྣམས་བསྐྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཉན་ཐོས་ཀྱི་ས་ལས་འདས་ནས་ཞེས་བྱ་བ་ནི་གཞན་གྱི་སྒྲ་ལ་རྗེས་སུ་འགྲོ་བ་ནི་ཉན་ཐོས་ཀྱི་སའོ། །དེ་ཡང་གཞན་གྱིས་ཉེ་བར་བསྟན་ པ་མེད་ན་རང་ཉིད་ཀྱིས་མངོན་པར་རྫོགས་པའི་ཕྱིར་རང་སངས་རྒྱས་ཀྱི་ས་འདའ་བའོ། །དེའི་ཕྱིར་དེའི་ཡེ་ཤེས་ཀྱང་ཁྱད་པར་དུ་འགྱུར་རོ། །སངས་རྒྱས་ཀྱི་ས་ཞེས་བྱ་བ་ནི་ཀུན་ཏུ་འོད་ལ་གནས་ནས་སོ། །སངས་རྒྱས་ཀྱི་མཛད་པ་ཞེས་བྱ་བ་ནི་བདུད་བཅོམ་པ་དང་ཆོས་ཀྱི་འཁོར་ལོ་རབ་ཏུ་ བསྐོར་བ་ལ་སོགས་པའོ། །སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བས་ཞེས་བྱ་བ་ནི་ཇི་སྲིད་དུ་སངས་རྒྱས་རྣམས་ཀྱི་བར་ཆད་མེད་པའི་བྱང་ཆུབ་ཐོབ་པར་རུང་བ་བྱང་ཆུབ་སེམས་དཔའི་ལུང་བསྟན་པ་ལ་སོགས་པ་གདོན་མི་ཟ་བར་བྱ་བ་དེ་ཐམས་ཅད་བྱས་ནས། ཇི་ལྟ་བུར་གྱུར་པའི་ཡུལ་དང་ དུས་ལ་སོགས་པ་རྣམས་ལ་སངས་རྒྱས་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ལྟ་བུར་གྱུར་པ་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཞེས་བརྗོད་དོ། །ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་བྱ་བ་ནི་སྤྲུལ་པའི་སྐུས་ཞེས་རྟོགས་པར་བྱའོ། ། ཇི་སྐད་དུ་གསུངས་པ། བཟོ་ཡི་སྐྱེ་གནས་བྱང་ཆུབ་ཆེ། །རྟག་ཏུ་སྤྲུལ་པ་མཐོང་རྣམས་ཀྱིས། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་ལ་ཐབས་ཆེན་ཡིན། །ཇི་ལྟར་གཞན་དུ་མེ་འབར་ཏེ། །སླར་ཡང་གཞན་དུ་ཞི་བར་འགྱུར། །ཡང་དག་མཐོང་དང་མ་མཐོང་དང་། །སངས་རྒྱས་ རྣམས་ལ་ཡང་ཞེས་བྱ། །ཞེས་བྱ་བའོ། །འདིར་བྱེ་བྲག་ཏུ་སྨྲ་བ་རྣམས་ཕྱོགས་སྔ་མར་གནས་པ་ཡིན་ཏེ། གལ་ཏེ་སངས་རྒྱས་མི་འདའ་ན། །སྐྱོན་དང་དགོས་པ་ཐལ་བར་འགྱུར། །དོན་མེད་ནུས་པ་མི་ཚང་ཕྱིར། །ཐམས་ཅད་གདུལ་བྱ་མ་ཡིན་ཉིད། །ཉན་ཐོས་ རྣམས་ཀྱི་མཉམ་ཉིད་དང་། །གདུང་རྣམས་ཀྱང་ནི་མི་སྲིད་པས། །གླིང་བཞི་རྣམས་ལ་དེ་རྣམས་ཀྱིས། །སྐྱེ་བ་ཡང་ནི་ཐལ་བར་འགྱུར། །རིགས་ནི་མཐུན་པ་ཆད་པའི་ཕྱིར། །བདེ་གཤེགས་རྣམས་ཀྱང་མྱ་ངན་འདའ། །མཐོང་བ་མྱ་ངན་འདས་སྐུའི་ཕྱིར། །ཇི་ལྟར་ཉན་ཐོས་ལ་སོགས་རྣམས། །གཞན་དུ་རིང་བསྲེལ་མེད་པ་ནི། །གནོད་ པར་བྱེད་པའི་ཚད་མར་འདོད། །ཅེས་བྱ་བས་སོ། །དོན་ནི་འདི་ཡིན་ཏེ་གལ་ཏེ་འཁོར་བ་ཇི་སྲིད་ཀྱི་བར་དུ་ཐུབ་པ་ཆེན་པོ་ལ་གནས་པ་ཡིན་ན་དེའི་ཕྱིར་ཇི་སྟེ་ཅིག་ཅར་རམ་རིམ་གྱིས་འཇིག་རྟེན་གྱི་ཁམས་རྣམས་སུ་བཅོམ་ལྡན་འདས་རྣམས་འབྱུང་བར་འགྱུར། ཐམས་ཅད་ཀྱང་དུས་ཐམས་ཅད་ལ་གཅིག་ཉིད་ལ་ ཐོགས་པ་མེད་པའི་ཡེ་ཤེས་ཀྱི་ནུས་པ་ཉིད་ཀྱིས་སངས་རྒྱས་ཀྱི་མཛད་པ་ནུས་པ་ཉིད་ཡིན་པའི་ཕྱིར་གཞན་རྣམས་དོན་མེད་པ་ཉིད་དོ། །གཞན་དུ་དུས་གཞན་ལ་སངས་རྒྱས་གཞན་སྐྱེ་བ་ལ་འདི་ཐོགས་པ་མེད་པའི་ནུས་པའི་ཡེ་ཤེས་ཉིད་མི་འཐད་པ་ལ་ནུས་པ་མི་ཚང་བ་ཉིད་དོ། །འདིའི་དེ་རྣམས་གདུལ་ བྱ་མ་ཡིན་ཞེས་སྨྲ་བར་ནུས་པ་ཡང་མ་ཡིན་ནོ། །ཐམས་ཅད་སྨོན་ལམ་དང་ཚོགས་པ་སོགས་ལ་མཉམ་པ་ཉིད་ཀྱིས་ནུས་པ་མཉམ་པ་ཉིད་ཀྱི་ཕྱིར་དང་། སངས་རྒྱས་ཐམས་ཅད་ལ་ཡང་གདུལ་བྱ་མ་ཡིན་པ་ཉིད་དུ་ཐལ་བའི་ཕྱིར་རོ། །རང་གིས་ཡོངས་སུ་སྨིན་པར་བྱེད་པ་ཉིད་གདུལ་བར་བྱ་བ་ལ་ ནི་ཉན་ཐོས་དང་མཉམ་པ་ཉིད་དོ། །ཤིན་ཏུ་ཡང་དེ་བཞིན་གཤེགས་པ་རྣམས་ལ་ཐོགས་པ་མེད་པའི་ནུས་པའི་ཡེ་ཤེས་ཉིད་ཐོབ་པར་འགྱུར་བ་མ་ཡིན་ནོ། །རང་གི་ཇི་ལྟ་བར་ཡོངས་སུ་སྨིན་པར་བྱེད་པའི་སེམས་ཅན་འདུལ་བ་ལས་ཉན་ཐོས་བཞིན་དུ་ཐམས་ཅད་རང་གིས་རྣམ་པར་སྨིན་པར་བྱས་ པའི་གདུལ་བྱ་ལེགས་བཟང་གི་མཐའ་ཅན་རྣམས་གདུལ་བས་འདུལ་བ་མེད་པའི་ཕྱིར་མྱ་ངན་ལས་འདའ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱི་གོ་སྐབས་བྱེད་པའི་དོན་དུ་འཇིག་རྟེན་གྱི་ཁམས་གཞན་རྣམས་ལ་སངས་རྒྱས་རྣམས་སེམས་ཅན་གྱི་དོན་མི་མཛད་ཀྱི་ནུས་པ་མེད་པ་ཉིད་ཀྱི་ ཕྱིར་སླར་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ན་གླིང་བཞི་ཙམ་ལ་སངས་རྒྱས་འབྱུང་བ་དེ་ལྟ་ན་ཡང་མང་བ་རྣམས་ལ་ཤིན་ཏུ་ཡང་གོ་སྐབས་བྱས་པར་འགྱུར་རོ། །སྟོང་གསུམ་པ་གཅིག་གི་དོན་དུ་གླིང་བཞི་པའི་འབྱུང་བ་འདོད་པ་ཁོ་ན་ཡིན་ཏེ། གལ་ཏེ་དེ་ལྟར་ན་སྟོང་གསུམ་ཐམས་ཅད་ལ་དེ་ བཞིན་གཤེགས་པ་གཅིག་གླིང་རེ་རེར་སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་ཞེས་ཁས་ལེན་པར་གྱིས། གཞན་དུ་ན་ཐོགས་པ་མེད་པའི་ནུས་པ་ཅན་དེ་བཞིན་གཤེགས་པ་ཞེས་སྙན་པ་སྨྲ་བ་ཙམ་དུ་འགྱུར་རོ། །འཇིག་རྟེན་ཡོངས་སུ་གཏོང་བའི་དོན་དུ་བདག་སངས་རྒྱས་སུ་གྱུར་ཅིག་ཅེས་བྱ་བ་ཡང་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་མོ། །དེའི་ཕྱིར་འཇིག་རྟེན་གྱི་ཁམས་གཞན་ལ་ཇི་ལྟར་དེ་བཞིན་གཤེགས་པ་ཡང་དག་པར་འབྱུང་། དེ་བཞིན་གཤེགས་པ་གནས་པར་གྱུར་པ་ལ་མཐའ་ཡས་པ་ཉིད་ནི་འཐད་པར་གྱུར་པ་མ་ཡིན་ནོ། །ཁྱད་པར་མེད་པར་ འཇིག་རྟེན་ཞེས་བརྗོད་པ་ན་སྟོང་གསུམ་རྟོགས་པ་ནི་མ་ཡིན་ཏེ། གླིང་བཞི་ཙམ་ལ་ཡང་རྟོགས་པར་ཐལ་བར་འགྱུར་རོ། །དེ་ལྟར་ན་ཡང་མང་བའི་བྱང་ཆུབ་སེམས་དཔའ་ཚོགས་ཡང་དག་པར་བསགས་པ་རྣམས་ལ་ཤིན་ཏུ་ནས་ཀྱང་གོ་སྐབས་བྱས་པར་འགྱུར་རོ། །དེའི་ ཕྱིར་འཁོར་བ་ལ་ཡོངས་སུ་གནས་པའི་སྟོང་གསུམ་ཐམས་ཅད་དུ་ལོང་བའི་འཇིག་རྟེན་ལ་དུས་གཅིག་ནས་འབྱུང་གནས་དེ་བཞིན་གཤེགས་པ་གཅིག་གོ། །སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད་ནས་རང་གིས་ཡོངས་སུ་སྨིན་པ་རྣམས་གདུལ་བར་བྱ་སྟེ། རང་གི་གདུལ་ བྱ་མེད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །གལ་ཏེ་བཅོམ་ལྡན་འདས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བ་མེད་ན་ཇི་ལྟར་རིང་བསྲེལ་མཐོང་བར་འགྱུར་ཞེས་བྱའོ། །འདིར་ཐོགས་པ་མེད་པའི་ནུས་པ་ཉིད་ལ་སངས་རྒྱས་རྣམས་ཀྱི་སངས་རྒྱས་མང་བ་ཉིད་མ་ཡིན་པ་ལ་ ཚིགས་སུ་བཅད་པའོ། །རིགས་ཐ་དད་ཕྱིར་དོན་བཅས་ཕྱིར། །ཚང་ཕྱིར་ཐོགས་པ་མེད་པའི་ཕྱིར། །ཐ་མི་དད་ཕྱིར་སངས་རྒྱས་གཅིག །དྲི་མེད་གནས་ལ་མང་ཉིད་མིན། །ཞེས་བྱ་བ་སྟེ། སངས་རྒྱས་གཅིག་ཁོ་ན་ཞེས་འདི་ནི་འདོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རིགས་ ཐ་དད་པའི་ཕྱིར་རོ། །གང་གི་ཕྱིར་སངས་རྒྱས་ཀྱི་རིགས་ཅན་རྣམས་ཀྱི་མཐའ་ཡས་པ་སྟེ་དེ་ལ་གཅིག་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་ན་གཞན་རྣམས་མངོན་པར་རྫོགས་པར་སངས་རྒྱས་པར་མི་འགྱུར་ཞེས་བྱ་བ་ཅིའི་ཕྱིར་འདི་ཡིན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱང་དོན་མེད་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་གཞན་རྣམས་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་ཕྱིར་རོ། །དོན་མེད་ཀྱང་རིགས་པ་མ་ཡིན་ཏེ་དེའི་ཕྱིར་དོན་མེད་པ་མ་ཡིན་པས་སངས་རྒྱས་གཅིག་ཁོ་ན་ཡིན་ནོ། །སེམས་ཅན་གྱི་དོན་གྱི་བྱ་བ་ཚང་ བ་ཉིད་ཀྱང་མི་འགྱུར་ཏེ་སངས་རྒྱས་ཉིད་ལ་གང་གིས་ཀྱང་མི་གནས་པའི་ཕྱིར་རོ། །འདི་ཡང་རིགས་པ་མ་ཡིན་ཏེ་ཐོག་མའི་སངས་རྒྱས་འགའ་ཡང་ཡོད་པ་མ་ཡིན་ལ་ཚོགས་བསགས་པ་མེད་པས་སངས་རྒྱས་ཉིད་མི་རིགས་པའི་ཕྱིར་རོ། །སངས་རྒྱས་གཞན་མེད་པས་ཀྱང་ ཚོགས་བསགས་པ་མི་རིགས་པའི་ཕྱིར་རོ། །ཐོག་མ་མེད་པ་ཉིད་ཀྱིས་ཀྱང་སངས་རྒྱས་གཅིག་རིགས་པ་མ་ཡིན་ནོ། །མང་བ་ཉིད་ཀྱང་འདོད་པ་མ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཟག་པ་མེད་པའི་དབྱིངས་ལས་ཐ་མི་དད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ སངས་རྒྱས་ཀྱི་ཞིང་འགའ་ཞིག་ཏུ་སེམས་ཅན་འགའ་ཞིག་རྣམས་ལ་གཟུགས་བསྟན་པར་མི་མཛད་དེ་གཞན་རྣམས་ལ་མ་ཡིན་ནོ། །གང་གི་ཕྱིར། ཇི་ལྟར་ཆུ་སྣོད་ཆགས་པ་ལ། །ཟླ་བའི་གཟུགས་བརྙན་མི་མཐོང་བ། །དེ་བཞིན་སེམས་ཅན་སྐྱོན་བཅས་ལ། །སངས་རྒྱས་གཟུགས་ བརྙན་མི་མཐོང་ངོ་། །དེ་ལྟར་ན་ཡང་ཐམས་ཅད་དུ་འགྲོ་བ་ཉིད་ཀྱིས་ཀྱང་སྣོད་མ་ཡིན་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་གཟུགས་བརྙན་མི་མཐོང་ཞེས་གསུངས་པར་འགྱུར་རོ། །དེ་ལྟར་ཡང་། མཛད་གྲུབ་རྣམས་ཀྱིས་ཐ་དད་པ། །གྲངས་དང་ཞིང་རྣམས་ཐམས་ཅད་དུ། ། སངས་རྒྱས་སྤྲུལ་པ་བསམ་མི་ཁྱབ། །རྣམ་པ་ཀུན་ཏུ་དེ་ཤེས་བྱ། །སངས་རྒྱས་ཀྱི་སྤྲུལ་པ་དེ་ཡང་རྣམ་པ་ཐམས་ཅད་དུ་དུས་ཐམས་ཅད་ལ་བསམ་གྱིས་མི་ཁྱབ་པར་རིག་པར་བྱ་སྟེ་མཛད་པའི་བྱ་བ་སྟེ་ཐ་དད་པ་དང་གྲངས་དང་ཞིང་གིས་སོ། །གང་ཞིག་ཡང་བརྗོད་པ། སྟོང་ གསུམ་གཅིག་ནི་སངས་རྒྱས་ཀྱི་ཞིང་གཅིག་གོ། །དེར་སངས་རྒྱས་གཅིག་ནི་གླིང་བཞི་པ་སོ་སོར་དང་འཛམ་བུའི་གླིང་པ་སྐྱེ་བ་དང་ཡང་དག་པའི་བྱང་ཆུབ་ལ་སོགས་པའི་ངོ་བོ་སྤྲུལ་པ་སྟོན་པར་བྱེད་ཅེས་བྱ་བའོ། །དེ་ལ་དགོངས་པ་ནི་འདི་ཡིན་ཏེ་དེ་ལྟར་ན་ཡང་སྔར་གྱི་བྱང་ཆུབ་སེམས་ དཔའ་སྐྱབས་མེད་པའི་འཇིག་རྟེན་པ་ལ་བདག་སྐྱབས་སུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དེས་ན། སངས་རྒྱས་གཞན་ལ་དེར་བསྟན་པ་འཇུག་པ་ལ་གཞན་གྱི་ཞུགས་པ་སྨོན་ལམ་གྱིས་གནོད་པར་བྱེད་པར་འགྱུར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དེ་བཞིན་གཤེགས་ པ་ཉིད་ཀྱིས་འཇུག་པ་དང་ཡོངས་སུ་སྨིན་པར་བྱས་པ་ཕལ་ཆེར་འཇིག་རྟེན་གྱི་ཁམས་གཅིག་ལ་སྐྱེ་བར་འགྱུར་བ་དེའི་ཚེ་དེ་རྣམས་སངས་རྒྱས་གཅིག་གི་གཟུགས་བརྙན་སྐྱེ་བ་དང་བྱང་ཆུབ་ལ་སོགས་པའི་ངོ་བོ་མཐོང་བ་ཡིན་ཏེ། དེས་ན་དེའི་སངས་རྒྱས་ཀྱི་ཞིང་དེ་ཞེས་བརྗོད་པ་ཡིན་ནོ། ། མང་པོའི་སངས་རྒྱས་རྣམས་ལ་གོ་སྐབས་ཀྱི་དོན་དུ་ཡང་མ་ཡིན་ནོ། །གཅིག་ནི་གླིང་བཞི་ཙམ་ལ་སྐྱབས་མེད་པ་ལ་སྐྱབས་སུ་གྱུར་པ་ལ་སྨོན་ལམ་གྱི་ཕྱིར་བྱས་པ་དོན་མེད་པ་ཉིད་དོ། །ཤིན་ཏུ་དཀའ་བས་ཚོགས་རྫོགས་པའི་འདི་ཙམ་མང་པོ་རྣམས་ནི་ཤིན་ཏུ་མི་སྲིད་པའི་ཕྱིར་རོ། །སྟོང་གསུམ་ གྱི་ཡང་མཐར་ཐུག་པ་མེད་པ་ཉིད་ཀྱིས་དེ་རྣམས་ལ་སངས་རྒྱས་ཀྱི་ཞིང་ཉིད་ལ་ཡང་སྨོན་ལམ་བྱས་པ་ཚོགས་རྫོགས་པ་རྣམས་ལ་གོ་སྐབས་སྲིད་པའི་ཕྱིར་རོ། །དེ་ལྟར་ན་ཡང་། ཁམས་གཅིག་ལ་ནི་གཉིས་མེད་ཕྱིར། །གཞལ་མེད་ཚོགས་ཕྱིར་དུས་གཅིག་ཏུ། །རིམ་དུ་འཇུག་པ་མི་ རིགས་པས། །སངས་རྒྱས་མང་ཉིད་རབ་ཏུ་གྲུབ། །དེ་ལྟ་ན་ཡང་། སྒྲིབ་པ་ཐམས་ཅད་ངེས་སྒྲོལ་ཕྱིར། །བྱ་བ་ཡང་ནི་མ་རྫོགས་པས། །སངས་རྒྱས་ཤིན་ཏུ་མྱ་ངན་འདའ། །འདོད་དེ་མྱ་ངན་འདའ་བའང་མིན། །ཐམས་ཅད་འདྲིས་པའི་ཕྱིར་ལས་ཅན། །རྒྱ་མཚོའི་ཆུ་བཞིན་རྒྱལ་བ་ རྣམས། །བྱས་གྱུར་བྱེད་པ་བྱེད་འགྱུར་ཏེ། །གཞན་གྱི་དོན་ལ་སེམས་པ་མེད། །སེམས་ཅན་སྐྱོན་ཕྱིར་མི་མཐོང་བས། །ཆག་པའི་སྣོད་དུ་ཟླ་བ་བཞིན། །དེ་རྣམས་འཇིག་རྟེན་ཀུན་འཕྲོགས་མཛད། །ཆོས་ཀྱི་འོད་ཀྱིས་ཉི་མ་བཞིན། །བྱང་ཆུབ་སྟོན་མཛད་འགའ་ཞིག་ནི། །མེད་བཞིན་མྱང་འདས་ འགའ་ཞིག་ཏུ། །དུས་གང་ལ་ཡང་མེད་པ་མིན། །བརྟག་པའི་སྐུ་ཅན་དེ་བཞིན་གཤེགས། །ཞེས་བྱ་བའོ། །ཡོངས་སུ་མྱ་ངན་ལས་འདའ་བའི་སྐུ་མཐོང་བ་དང་རིང་བསྲེལ་མཐོང་བ་ཡང་དེ་བསྟན་པའི་གདུལ་བྱ་རྣམས་ལ་རྗེས་སུ་བཟུང་བའི་དོན་དུ་སྤྲུལ་ པ་ཁོ་ན་ཡིན་ཞེས་བྱ་བའོ། །ཇི་ལྟར་ཡང་འདིས་གནས་པར་བྱ་ཞེས་བྱ་བ་སྟེ། གནས་བརྟན་ཤཱ་རིའི་བུ་ལ་ཅིའི་ཕྱིར་བསམ་པ་སྐྱེས་སྙམ་ན། ཆོས་རྣམས་ཐམས་ཅད་ལ་གནས་པར་མི་བྱ་ཞེས་བྱ་བ་གསུངས་པས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས་ པར་ནུས་པ་མ་ཡིན་ཏེ། གནས་པར་བྱ་ཞེས་ཀྱང་བརྗོད་པ་ཡིན་ན་ཇི་ལྟར་བརྗོད་པ་ཡིན་ཞེས་བསམ་པར་བྱེད་དོ། །དེའི་རྗེས་ལ་གནས་བརྟན་རབ་འབྱོར་ལ་མི་གནས་པའི་སྒྲུབ་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གནས་པ་ཞེས་སྟོན་ཅིང་གནས་སོ། །ཐུགས་ནི་ཤིན་ཏུ་མི་གནས་པ་ཞེས་ བྱ་བ་སྟེ། རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་ལ་འགྲོ་བ་ཉིད་ཀྱི་ཕྱིར་གསུངས་