Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 94

Văn bản gốc(Tây Tạng)

Trang 2 / 21 (50.000 ký tự/trang)
་ཡིན་ནོ། །ཤིན་ཏུ་རྣམ་པར་དག་པའི་
གནས་སྐབས་ལ་གཅིག་ཏུ་ན་རྣམ་པར་དག་པའི་གནས་སྐབས་ཁོ་ན་དེ་བཞིན་ཉིད་དེ་དེའི་ཚེ་ནི་དེ་བཞིན་གཤེགས་པའི་མིང་གིས་བརྗོད་པ་ཡིན་ཏེ། ཇི་སྐད་དུ་གསུངས་པ། རབ་འབྱོར་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཡང་དག་པའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་ཞེས་བྱའོ། །སེམས་དཔའ་ཆེན་པོ་

ཞེས་བྱ་བ་ནི་རིགས་དང་མཐུན་པའི་རིགས་སོ། །རིགས་དང་རྗེས་སུ་མཐུན་པ་ནི་ལྷག་པར་མོས་པའོ། །ལྷག་པར་མོས་པ་དང་རྗེས་སུ་མཐུན་པ་ནི་རྟེན་ནོ། །རྟེན་དང་རྗེས་སུ་མཐུན་པ་ནི་སྨོན་ལམ་མོ། །སྨོན་ལམ་དང་རྗེས་སུ་མཐུན་པ་ནི་སྤྱོད་པའོ། །སྤྱོད་པ་དང་རྗེས་སུ་མཐུན་
པ་ནི་བརྩོན་འགྲུས་སོ། །བརྩོན་འགྲུས་དང་རྗེས་སུ་མཐུན་པ་ནི་དུས་སོ། །དུས་དང་རྗེས་སུ་མཐུན་པ་ནི་ཚོགས་སོ། །ཚོགས་དང་རྗེས་སུ་མཐུན་པ་ནི་ཡང་དག་པར་བྱུང་བའོ། །ཡང་དག་པར་བྱུང་བ་དང་རྗེས་སུ་མཐུན་པ་ནི་འབྲས་བུའོ། །འབྲས་བུ་དང་རྗེས་སུ་མཐུན་པ་ནི་སེམས་
ཅན་གྱི་དོན་ནོ་ཞེས་བྱ་བའི་ཆེན་པོ་ཉིད་རྣམ་པ་བཅུ་གཅིག་དང་ལྡན་པས་སེམས་དཔའ་ཆེན་པོ་ཞེས་བརྗོད་པ་ཡིན་ནོ། །ཅིའི་དབང་དུ་མཛད་ཅེ་ན་གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་ཞེས་བྱ་བ་ནི་དེ་ལ་དོན་དམ་པར་སྨོན་ལམ་དང་བརྩོན་འགྲུས་བརྩམས་པ་དང་
ཉོན་མོངས་པ་དང་ལས་དང་སྡུག་བསྔལ་དང་འཁོར་བ་དང་རྣམ་པར་རྟོག་པ་དང་ཡོན་ཏན་དང་ཤེས་བྱ་སྟེ། དགུ་པོ་རྣམས་ལ་ཕ་རོལ་ཏུ་སོན་པའི་ཕྱིར་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཡང་དག་པར་བསྡུས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ནི་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ། །དེ་ལས་དེའི་རྗེས་སུ་ཐོབ་པ་རྣམས་རྣམ་པར་རྟོག་པ་དང་བཅས་པ་རྣམ་པར་མི་རྟོག་པ་ཡང་མེ་ལོང་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་རྣམས་དེའི་རྒྱུ་ཉིད་ཀྱི་ཕྱིར་འབྲས་བུ་ལ་རྒྱུས་བཏགས་པས་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཉིད་བསྙེན་པ་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡང་མཐར་ཐུག་པའི་སས་ཡང་དག་པར་བསྡུས་པ་དགྲ་བཅོམ་པའི་ལམ་གྱི་རྣམ་པ་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཉིད་
བསྙེན་པ་ཡིན་ནོ། །གང་རྣམས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པ་སྤྱོད་པའི་ས་ལ་བརྟེན་ནས་ཇི་སྲིད་ཆོས་ཀྱི་སྤྲིན་གྱི་ས་ལ་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་པས་མངོན་པར་འཕེལ་བ། ཆོས་ཀྱི་དབྱིངས་དྲི་མ་མེད་པར་བྱེད་པའི་ཐབས་དང་ལམ་གྱི་ཡང་དག་པར་

བསྡུས་པ་རྣམས་ཐམས་ཅད་དུ་མཆོག་གི་དོན་དུ་མཆོག་གི་དོན་ལ་སོགས་པ་དེ་བཞིན་ཉིད་ལ་འཇུག་པའི་ཁྱད་པར་མངོན་སུམ་དུ་བྱས་པས། ས་དང་ས་ལ་རྟེན་གྱི་དག་པ་མཆོག་དང་མཆོག་གི་དངོས་པོ་ཐོབ་པའི་ཕྱིར་རྟོགས་པའི་ཁྱད་པར་ཐོབ་པར་བྱེད་པའི་ཡེ་ཤེས་
རྣམས་དང་དེ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་རྒྱུ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པ་ཡིན་ཏེ། འདི་རྣམས་ཀྱི་ལམ་དང་སོ་སོར་རྟོག་པ་དང་མཐར་ཐུག་པའི་ས་ལ་ཡང་དག་པར་ཞེན་པ་མ་ལུས་པའི་དངོས་པོའི་ཁྱད་པར་རྟོག་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །
གང་ཞིག་ཡང་འདི་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་ཀྱི་ངོ་བོས་ཡོངས་སུ་གྱུར་པའི་ཆོས་ཀྱི་བསྟན་པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཉིད་ཀྱིས་བརྗོད་པ་ཡིན་ནོ། །དེ་བཞིན་དུ་ཇི་སྲིད་རྣམ་པ་འདི་རྣམས་ལ་མངོན་པར་གསལ་བར་བྱེད་པ་གང་ཞིག་ལ་ལ་ཞིག་
ཐེག་པ་ཆེན་པོ་ཚུལ་དེ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཉིད་དུ་བརྗོད་པ་ཡིན་ལ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བརྗོད་པར་བྱ་བ་འདི་རྣམས་ལ་འདིར་སངས་རྒྱས་ཀྱི་སས་ཡང་དག་པར་བསྡུས་པ་རྣམ་པར་མི་རྟོག་པ་དང་འཇིག་རྟེན་ལས་འདས་པའི་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་པ་ཡིན་ནོ། །དེའི་ཕྱིར་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་ཞེས་བྱ་བ་སྟེ། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཤིན་ཏུ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ནས་ཤེས་པར་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ་འདིར་ནི་
ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲས་བརྗོད་པ་ཡིན་ལ་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་སྤངས་ནས་ཐེག་པ་ཆེན་པོ་ལས་བརྩམས་ཏེ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ་ཞེས་
བྱ་བའོ། །དེ་ནས་དེ་ལ་བརྩམས་ནས་བདག་ལ་ཅི་ཞིག་སྤོབས་པར་བྱོས་ཤིག་ཅེས་གསུངས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། ཐོས་པ་དང་བསམ་པ་དང་བསྒོམ་པ་ལ་སོགས་པའི་རིམ་པས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་ཞེས་བྱའོ། །

དེ་ལ་གང་གི་ཚེ་རྣམ་པར་མི་རྟོག་པའི་ཤེས་རབ་བམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་པ་ཡིན་ན་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་རྒྱུ་མཚན་གྱི་བདུན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པའི་དོན་དང་རྣམ་པར་མི་རྟོག་པའི་ཤེས་རབ་ཉིད་དང་རྣམ་པ་ཐམས་ཅད་ལ་སོན་པའི་དོན་ལ་ངེས་པར་འབྱུང་བ་ཞེས་བྱ་བའོ། །གང་གི་ཚེ་ཐེག་པ་ཆེན་པོ་སྟེ། དེའི་ཚེ་ན་རྟེན་གྱི་བདུན་པ་ཁོ་ན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ། །ངེས་པར་འབྱུང་བ་ཞེས་བྱ་བ་ནི་མ་
ལུས་པར་སོང་བའོ། །ངེས་པར་འབྱུང་བ་ནི་རྣམ་པ་གསུམ་སྟེ། བསླབ་པ་ལ་ངེས་པར་འབྱུང་བ་དང་སྤྱོད་པ་ལ་ངེས་པར་འབྱུང་བ་དང་ཡང་དག་པར་ངེས་པར་འབྱུང་བ་ལ་ངེས་པར་འབྱུང་བའོ། །དེ་ལ་ཐོས་པ་དང་བསམ་པ་ལ་སོགས་པའི་དུས་སུ་བསླབ་པ་ལ་ངེས་པར་འབྱུང་བའོ། །
དེའི་འོག་ཏུ་བཤད་པར་འགྱུར་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་སྟེ། སྒྲུབ་པའི་དུས་སུ་སྤྱོད་པ་ལ་ངེས་པར་འབྱུང་བ་དེ་བྱེད་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱའོ་ཞེས་བྱ་བ་ནི་སོ་སོར་རྟོག་པའི་དུས་སུ་ཡང་དག་པར་བྱུང་བའི་ངེས་
འབྱུང་སྟེ། དེ་བཤད་པར་འགྱུར་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་སྟེ། དེ་བས་ན་ཚུལ་འདིས་དེ་ལ་ངེས་པར་འབྱུང་བར་བྱ་བ་དང་། གང་དུ་ཡང་ངེས་པར་འབྱུང་བར་བྱ་བ་དང་གང་ཡང་ངེས་པར་འབྱུང་བ་འདི་གསུམ་ངེས་པར་བསྟན་པར་འགྱུར་རོ། །ཉན་
ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་གདོན་མི་ཟ་བར་མ་ཡིན་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཉིད་ངེས་པར་འབྱུང་བ་ཞེས་བྱ་བའོ། །ལམ་ཐམས་ཅད་ལ་དེའི་རྩ་བ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟག་ཏུ་གུས་པར་བྱ་བ་ངེས་པ་ལ་སོགས་པས་
ངེས་པར་འབྱུང་བ་འདིར་ནི་ཕ་རོལ་ཏུ་ཕྱིན་པའི་སྒྲའི་སྒྲུབ་པ་སློབ་དཔོན་རྣམས་ཀྱི་བྱེད་པ་ཡིན་ཏེ། ཕ་རོལ་ལ་ནི་ཉེ་བའི་ཚིག་ལ་མི་ཞེས་བྱ་བ་ལ་སོགས་པའི་རྐྱེན་ནི་ཧེ་ཡིན་ཏེ། བྱེད་པ་པོ་འམ་དངོས་པོ་ལ་སྟེ་མི་ཞེས་བྱ་བ་ནི་གཞལ་བའི་དོན་ལ་སྟེ། དེའི་ཕ་རོལ་གཞལ་བར་

བྱེད་པས་ན་པཱ་ར་མི་ཞེས་བྱའོ། །ཡང་ན་མི་ཉ་ཞེས་བྱ་བ་ནི་འཚེ་བ་ལ་སྟེ་དེའི་ཕ་རོལ་ལ་འཚེ་བར་བྱེད་པས་ན་པཱ་ར་མི་ཞེས་བྱའོ། །ཌུ་མི་ཉ་ཞེས་བྱ་བ་ནི་རབ་ཏུ་གཞག་པ་སྟེ། དེའི་ཕ་རོལ་གཞལ་བར་བྱེད་པས་ན་པཱ་ར་མི་ཞེས་བྱའོ། །ཊུ་མ་སྫོ་ཞེས་བྱ་
བ་ནི་དག་པ་ལ་སྟེ། དེའི་ཕ་རོལ་ལ་མཛྫ་ཏི་དག་པར་བྱེད་པས་ན་པཱ་ར་མི་ཞེས་བྱའོ། །མ་ཧཱ་ཞེས་བྱ་བ་ནི་བཅིང་བ་ལ་སྟེ། དེའི་ཕ་རོལ་ཏུ་མརྡཱ་ཏེ་ཞེས་བྱ་བས་པཱ་ར་མི་སྟེ་ཕ་རོལ་ཏུ་སོང་བ་ཞེས་བྱ་བའི་དོན་ཏོ། །དེའི་དངོས་པོ་ནི་ཕ་རོལ་ཏུ་ཕྱིན་པ་སྟེ་ཕ་རོལ་ཏུ་སོང་བའི་བྱ་བ་ནི་ཕ་
རོལ་ཏུ་ཕྱིན་པའོ། །གང་གི་ཚེ་སླར་ཡང་དངོས་པོ་ལ་རྐྱེན་ཡིན་ན་དེའི་ཚེ་ཕ་རོལ་ཏུ་སོང་བ་ནི་པཱ་ར་མི་ཞེས་བརྗོད་དོ། །པཱ་ར་མི་ཉིད་ནི་པཱ་ར་མི་ཏ་སྟེ་དེ་བ་ཏ་བཞིན་དུའོ། །རང་གི་དོན་ལ་ནི་ཏ་ལའོ། །ཡང་ན་ཕ་རོལ་ཏུ་སོང་བ་ཉིད་ཀྱི་ཚོགས་ནི་པཱ་ར་མི་ཏ་སྟེ་གྲཱ་མ་ཏ་ལ་སོགས་པ་
བཞིན་དུའོ། །ཚོགས་ལ་ནི་ཏ་ལའོ། །འགའ་ཞིག་ཏུ་ངེས་པར་འབྱུང་ཞེས་བྱ་བར་འདོན་པ་སྟེ་འདོན་པ་ཙམ་ལ་འབྱུང་བ་ཞེས་བྱ་བ་ཁ་ཅིག་གོ། །ཇི་ལྟར་སྔར་བྱང་ཆུབ་སེམས་དཔའ་རྣམས་ངེས་པར་འབྱུང་བ་ཞེས་བྱ་བ་ནི་གཞན་ནོ། །དེ་ལྟར་ན་བསྡུས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་བསྟན་པ་རབ་འབྱོར་ལ་སྐུལ་བར་བྱེད་པའི་གཡོ་སྒྱུས་ཡོངས་སུ་རྫོགས་པར་བྱས་ནས་བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ཏོ། །ད་ནི་བར་མ་བསྟན་པ་ངེས་པར་འབྱུང་བའི་གདམས་ངག་ལ་སོགས་པ་རྣམས་ཀྱིས་རྣམ་པ་བཞིར་བྱས་ཏེ། དེ་ལ་གནས་བརྟན་རབ་འབྱོར་
གྱིས་ངེས་པར་འབྱུང་བའི་གདམས་ངག་བསྟན་པར་བྱ་བ་སྟེ་འོན་ཀྱང་བཅོམ་ལྡན་འདས་ཀྱིས་གནས་བརྟན་ལ་བསྐུལ་བར་བྱས་པ་ལ་དེ་ཉིད་ཀྱིས་བསྟན་པ་འདི་ཡིན་པར་འགྱུར་གྱི། སྟོན་པ་ན་མ་ཡིན་ནོ་ཞེས་ཁ་ཅིག་ལ་དོགས་པར་གྱུར་ན་དེ་བསལ་བའི་དོན་དུ་ཤཱ་རིའི་བུ་ལ་རྣམ་པར་
རྟོག་པ་སྐྱེས་ཏེ་དེ་གསུངས་པ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་ཏེ། ཅི་ཚེ་དང་ལྡན་པ་རབ་འབྱོར་འདི་བདག་ཉིད་ཀྱི་རང་གི་ཤེས་རབ་ཀྱི་སྤོབས་པའི་སྟོབས་བསྐྱེད་པ་དང་ཞེས་བྱ་བ་སྟེ། ཅིའི་ཕྱིར་དོགས་པ་ནི་ཤཱ་རིའི་བུ་ལ་སྐྱེ་བ་ཡིན་སྙམ་ན། ཉན་

ཐོས་ནི་ཉན་ཐོས་ཀྱི་ཡུལ་ཤེས་པ་ཞེས་བྱ་བའོ། །འདིར་ནི་གསུངས་པར་གྱུར་པ་བྱང་ཆུབ་སེམས་དཔའ་ཆེན་པོ་འདི་ནི་ཟབ་མོ་ལ་བཟོད་པ་ཞེས་གྲགས་པ་བསྒྲགས་པ་ཞེས་གསུངས་སོ། །དེའི་ཕྱིར་དེ་ལྟར་དོགས་པར་འགྱུར་བའོ། །ཤཱ་རིའི་བུའི་མ་ནི་མིང་གིས་ཤཱ་རིའི་སྟེ་
རིགས་ཀྱིས་ནི་ཤ་ར་དྭ་ཏི་ལ་དེ་བས་ན་འདིའི་མིང་གཉིས་ཏེ་ཤཱ་རིའི་བུ་དང་ཤ་ར་དྭ་ཏིའི་བུ་ཞེས་བྱ་བའོ། །བདག་ཉིད་ཀྱི་ཞེས་བྱ་བ་ནི་རང་གི་རྒྱུད་ལས་བྱུང་བས་སོ། །རང་གི་ཞེས་བྱ་བ་ནི་རང་ཉིད་ལ་རག་ལུས་པས་གཞན་གྱིས་བྱིན་གྱིས་བརླབས་པ་ལ་མ་ལྟོས་པས་སོ། །ཤེས་རབ་ཀྱང་ཡིན་
ལ་སྤོབས་པ་ཡང་ཡིན་ཏེ་དེ་དག་གི་སྟོབས་ནི་སྐྱེད་པར་བྱེད་པའི་ནུས་པའོ། །དེའི་བསྐྱེད་པ་ནི་ཀུན་ནས་འཇུག་པའོ། །རང་གི་ཤེས་རབ་ཀྱི་སྤོབས་པའི་སྟོབས་བྱིན་གྱིས་བརླབས་པས་ཞེས་བྱ་བ་ནི་འགའ་ཞིག་ཏུ་འདོན་པ་སྟེ་དེར་སྔ་རོལ་དུ་ཀུན་ལ་བརྟགས་ནས་སྟོབས་དེ་ཕྱིས་བྱིན་གྱིས་བརླབས་
ནས་ནི་རབ་ཏུ་སད་པའོ། །འོན་ཏེ་ཞེས་བྱ་བ་ནི་ཅི་ཡང་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ནི་བྱིན་གྱི་རླབས་པར་བྱེད་པའི་སངས་རྒྱས་ཀྱི་མཐུས་སོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ལ་སོགས་པས་རབ་འབྱོར་གྱིས་བདག་ཉིད་ཀྱི་ཚིག་ཉིད་ལ་གཟུང་བར་བྱ་བ་མ་ཡིན་
པའི་སྐྱོན་བསལ་བའི་དོན་དུ་བཅོམ་ལྡན་འདས་ཀྱི་ཚིག་འདི་ཡིན་ཏེ་བདག་ནི་མ་ཡིན་ནོ་ཞེས་ལན་སྟོན་པར་བྱེད་དོ། །ཡོངས་སུ་ཚོལ་བར་བྱེད་པའི་ཡིད་ཀྱི་བརྗོད་པ་ནི་རྣམ་པར་རྟོག་པ་སྟེ། དེ་ཉིད་ནི་ཡོངས་སུ་རྟོག་པ་སེམས་ལ་གནས་པ་སྟེ། གསལ་བར་བྱས་པ་ནི་མ་ཡིན་ནོ། །དེ་བས་ན་
སེམས་ཀྱི་ཡོངས་སུ་རྟོག་པའོ། །དེ་ཤེས་ནས་ནི་ཤེས་པ་ཉིད་ཀྱིས་ཤེས་པར་བྱས་ནས་ཞེས་བྱ་བ་སྟེ་ངག་གིས་མ་ཡིན་རྟགས་ཀྱིས་ཀྱང་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདི་སྐད་ཅེས་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ལན་ནོ། །ཐོས་པར་བྱེད་པས་ན་ཉན་ཐོས་རྣམས་སོ། །བཅོམ་ལྡན་
འདས་ཀྱི་ཚིག་གི་རྗེས་སུ་འཇུག་པ་ཞེས་བྱ་བའི་དོན་ཏོ། །སྨྲ་བ་དང་ཞེས་བྱ་བའི་ཚིག་རྣམས་ནི་དྲུག་སྟེ། དེ་ལ་དང་པོ་གསུམ་ནི་གདུལ་བྱ་རྣམ་པ་གསུམ་ལ་བསྡུས་པ་དང་བར་མ་དང་རྒྱས་པའི་དབྱེ་བས་སོ། །གཞན་གསུམ་ནི་བདག་ཉིད་ཀྱི་ལྷག་པའི་བསམ་པ་དང་གཞན་

གྱི་ལྷག་པའི་བསམ་པ་དང་གཉི་གའི་ལྷག་པའི་བསམ་པའི་གནས་སྐབས་ལས་འོངས་པས་རྣམ་པ་གསུམ་ཉིད་ཀྱི་ཕྱིར་རོ། །གཞན་དག་སྨྲས་པ་མདོ་ལ་སོགས་པ་དང་ཡང་དག་པར་འབྲེལ་པར་བྱ་བ་དང་རྣམ་པ་གསུམ་གྱིས་དངོས་པོ་གང་ཅི་སྨྲ་བ་དང་ཞེས་
བྱ་བ་ནི་བཅོམ་ལྡན་འདས་ཀྱི་འཁོར་གྱི་ནང་དུ་མདོ་ལ་སོགས་པ་སྨྲ་བའོ། །སྟོན་པ་དང་ཞེས་བྱ་བ་ནི་དེ་ཉིད་དུ་གཞན་རྣམས་ཀྱིས་དྲི་བ་ལ་སོགས་པ་རྣམས་ཀྱིས་སྨྲར་འཇུག་པའོ། །ཉེ་བར་སྟོན་པ་དང་ཞེས་བྱ་བ་ནི་ཕྱོགས་རྣམས་སུ་གདུལ་བྱ་རྣམས་ལ་ཉེ་བར་སོང་སྟེ། དེ་རྣམས་
ལ་སྨྲ་བའོ། །དེ་བཞིན་དུ་གང་ཅུང་ཟད་དངོས་པོ་རྗོད་པ་སྟེ་བཤད་པར་བྱེད་པའོ། །བཅོམ་ལྡན་འདས་ཀྱི་འཁོར་གྱི་ནང་དུ་གསལ་བར་བྱེད་པ་སྟེ་དེ་ཉིད་དུ་གཞན་རྣམས་ཀྱིས་སོ། །ཡང་དག་པར་གསལ་བར་བྱེད་པ་ཞེས་བྱ་བ་ནི་ཐམས་ཅད་དུ་སོང་སྟེ་རང་ཉིད་ཀྱིས་གསལ་
བར་མཛད་ཅེས་བྱ་བའོ། །དེ་དག་ཐམས་ཅད་ནི་སྨྲ་བ་ལ་སོགས་པ་རྣམས་སོ། །དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ་ཞེས་བྱ་བ་ནི་དེའི་བྱིན་རླབས་ལས་རབ་ཏུ་བྱུང་བའི་ཕྱིར་ཏེ་ཉན་ཐོས་རྣམས་ཀྱིས་མ་ཡིན་ཏེ་རང་དགའ་བ་མ་ཡིན་པའི་ཕྱིར་རོ། །འདི་ཉིད་ཀྱི་རྒྱུ་སྨྲ་བར་འདོད་
པས་རང་ཉིད་ཀྱིས་འདྲི་བར་བྱེད་པ་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བའོ། །རྒྱུ་སྨྲ་བ་ནི་གང་ཞེས་བྱ་བ་ལ་སོགས་པ་སྟེ་ཆོས་གང་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོ་པའོ། །སློབ་པ་ན་ཞེས་བྱ་བ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པ་རྣམས་ཀྱིས་སོ། །དེ་དག་གིས་
ཞེས་བྱ་བ་ནི་ཉན་ཐོས་རྣམས་སོ། །ཆོས་ཉིད་དེ་ཞེས་བྱ་བ་ནི་ཇི་ལྟར་ཐོས་པའོ། །མངོན་སུམ་དུ་བྱས་ནས་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་པའོ། །འཛིན་ཏོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་པའོ། །ཤེས་རབ་གསུམ་གྱིས་བསྟན་པ་དེའི་དྲན་པའི་ས་བོན་བཞག་པའི་ཕྱིར་རོ། །འགའ་
ཞིག་ལས་འཛིན་པ་ཞེས་མི་འབྱུང་ངོ་། །ཆོས་ཉིད་དང་ཞེས་བྱ་བ་ནི་ཇི་ལྟར་ཐོས་པའི་འོ། །དེ་བཞིན་གཤེགས་པས་ཆོས་བསྟན་པའི་ཞེས་བྱ་བ་ནི་ཇི་ལྟར་ཐོས་པ་ལ་འདྲ་བའི་ཟག་པ་ནི་རྒྱུ་མཐུན་པའོ། །ཆོས་ཉིད་དེ་ཞེས་བྱ་བ་ནི་ཇི་ལྟར་ཐོས་པའོ། །ཆོས་ཉིད་དང་ཞེས་བྱ་བ་

ནི་རང་གི་སྟེ་རང་ཉིད་ཀྱིས་བསྟན་པས་སོ། །འདིར་ནི་རྒྱུ་མཐུན་པའི་ཚིག་གིས་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ་གསུངས་སོ། །མི་འགལ་བ་ཞེས་བྱ་བས་ནི་ཉན་ཐོས་རྣམས་ཀྱི་བདག་ཉིད་ཆེན་པོ་འདི་ཙམ་གྱིས་ཡང་ཐམས་ཅད་ཇི་ལྟར་བཤད་པར་འགྱུར་ཏེ་དུས་ཐམས་
ཅད་དུ་ཐམས་ཅད་ལ་ཆོས་ཐམས་ཅད་ཀྱི་དོན་དམ་པར་གཟིགས་པའི་བཅོམ་ལྡན་འདས་ནི་མཆོག་ཏུ་ཚད་མ་སྟེ། གང་གིས་ཇི་ལྟར་བཤད་པའི་ཡོན་ཏན་རྣམས་འདི་ཙམ་ཡང་སློབ་མ་རྣམས་ལ་དེས་རྟག་ཏུ་བྱིན་གྱིས་བརླབས་པ་ལས་འདི་ལྟ་བུར་གྱུར་པ་ཡང་ཆོས་རྣམས་
ཡང་དག་པར་གསུངས་པ་ཡིན་ནོ། །དེ་བས་ན་གང་ཞིག་བཅོམ་ལྡན་འདས་དེས་རང་ཉིད་དམ་ཉན་ཐོས་ལ་སོགས་པའི་སྒོ་ནས་བསྟན་པར་མཛད་པ་དེ་ཐམས་ཅད་ཚད་མ་ཡིན་ཞེས་བྱ་བའོ། །འདིས་ནི་རབ་འབྱོར་གྱིས་བྱས་པར་འགྱུར་བའི་ངེས་པར་འབྱུང་བའི་གདམས་ངག་གི་བསྟན་པ་ལ་བྲལ་
བར་བྱ་བ་མ་ཡིན་པ་ཉིད་ཀྱི་སྐྱོན་ཡོངས་སུ་སྤང་བར་བྱས་སོ། །ད་ནི་གནས་བརྟན་རབ་འབྱོར་ལ་ངེས་པར་འབྱུང་བའི་གདམས་ངག་བཤད་པར་འདོད་ནས་གསུངས་པ། གང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལས་བརྩམས་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་བ་དེ་བཞིན་དུ་ཁྱོད་སྤོབས་པར་བྱོས་ཤིག་ཅེས་བཀའ་སྩལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་
བ་ནི། ངག་དང་པོ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བསྟན་ཟིན་ཏེ། དེ་ཉིད་རིས་བརྗོད་པར་འདོད་པས་གཅིག་གི་ཚིག་གིས་གསུངས་པ་ཡིན་ནོ། །འགའ་ཞིག་ཏུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་འབྱུང་བ་དེར་ནི་ཚིག་གཉིས་ཀྱིས་དེ་དང་དེར་ཞེས་
བྱ་བ་གོ་བ་ཡིན་ནོ། །ཚིག་བླ་དགས་ནི་མིང་ངོ་། །ཆོས་ཞེས་བྱ་བ་ནི་དངོས་པོ་ལའོ། །གང་གི་ཞེས་བྱ་བ་ནི་གང་གི་ཡང་མ་ཡིན་པའོ། །ཆོས་རྣམས་ཡོད་དེ་དེའི་ཕྱིར་ཆོས་གང་གི་ཡང་ཚིག་བླ་དགས་པར་འགྱུར་བ་ཡིན་ཞེ་ན། གསུངས་པ། བཅོམ་ལྡན་འདས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་

ཆོས་དེ་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་བྱ་བ་ལ། འདི་ལྟར་སེམས་པར་བྱེད་དེ་དངོས་པོའི་ངོ་བོ་ཡོད་པ་བྱང་ཆུབ་སེམས་དཔའ་མིང་གི་རང་བཞིན་གྱིས་འབྱུང་བར་འགྱུར་རམ། འོན་ཏེ་སེམས་ཅན་གྱི་རང་བཞིན་གྱིས་སམ། གཟུགས་ལ་སོགས་པ་དེའི་ཚེ་ཆོས་རྟག་པ་
དང་མི་རྟག་པ་ལ་སོགས་པའི་ཚིག་བླ་དགས་པའི་རང་བཞིན་གྱིས་སམ། གཟུགས་ལ་སོགས་པའི་ཆོས་ཀྱི་རང་བཞིན་གྱིས་ཞེས་བྱ་བའི་ཕྱོགས་བཞི་སྟེ། དེ་ལ་མིང་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ཆོས་གཞན་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་གལ་ཏེ་ཆོས་རྣམས་ཀྱི་མིང་ནི་ཆོས་གཞན་དུ་
གྱུར་ན་དེའི་ཚེ་དེ་དང་མིང་ཅན་གྱི་ཆོས་སྐྱེ་བར་གྱུར་པ་ན་དེ་ཡང་སྐྱེ་བར་འགྱུར་རོ་སྙམ་ན། སྐྱེ་བ་ཡང་མ་ཡིན་ཏེ་གང་གི་ཕྱིར་ཐ་སྙད་ལ་རུང་བ་ཉིད་བྱེད་པའི་དོན་དུ་བརྡའི་ངོ་བོ་ཉིད་ཀྱིས་གཞན་རྣམས་འདི་ནི་འདིའི་མིང་ཅན་ནོ་ཞེས་ཕྱིས་རྣམ་པར་གཞག་པར་བྱེད་དེ། གང་གི་ཕྱིར་གལ་ཏེ་ཆོས་
སྐྱེ་བའི་དུས་ཉིད་ལ་མིང་ཡང་སྐྱེ་བར་གྱུར་ན། དེའི་ཚེ་གཞན་བརྡ་བཟུང་བ་རྣམས་ཀྱང་མཐོང་བ་ཙམ་ཉིད་ཀྱིས་འདི་ནི་འདིའི་མིང་ཅན་ནོ་ཞེས་རྟོགས་པར་འགྱུར་རོ་སྙམ་ན། རྟོགས་པ་ཡང་མ་ཡིན་ཏེ། དེ་བས་ན་མིང་ནི་ཆོས་བསྐྱེད་པའི་དུས་སུ་སྐྱེ་བ་མ་ཡིན་ནོ། །ཆོས་འགགས་པས་འགག་པ་ཡང་
མ་ཡིན་ཏེ། གང་གི་ཕྱིར་དེའི་མིང་ཅན་གྱི་དངོས་པོ་འགགས་ཀྱང་དེའི་མིང་ཐ་སྙད་དུ་བྱེད་དེ་འཇིགས་པ་ནི་མ་ཡིན་ནོ། །དེ་བས་ན་སྐྱེ་བ་དང་འགག་པ་མེད་པའི་ཕྱིར་ཆོས་གཞན་མ་ཡིན་ན་འོན་ཀྱང་འདི་ཐ་སྙད་ཙམ་ཞེས་བྱ་བའི་དགོངས་པའོ། །སེམས་ཅན་གྱི་རང་བཞིན་ཡང་བྱང་ཆུབ་སེམས་དཔའ་
ལ་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནི་རང་བཞིན་ཉིད་མི་འཛིན་པས་བདག་ལ་སོགས་པ་བཞིན་རྟོག་པར་བྱེད་པ་རྣམ་པར་རྟོག་པ་ནི་རྣམ་པ་གཉིས་ཀྱིས་འཇུག་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ནི་རང་ཉིད་ཀྱིས་མངོན་པར་ཞེན་པས་ན་ཕུང་པོ་ལྔའི་རང་
བཞིན་ཡིན་པར་འགྱུར་རམ། ཇི་ལྟར་ཆད་པར་སྨྲ་བ་རྣམས་ཀྱིས་བདག་ཡོངས་སུ་བརྟགས་པ་ལྟར་རོ། །ཕུང་པོ་ལྔ་ལས་ཐ་དད་པར་གྱུར་པ་གཞན་ཞིག་ཡིན་ནམ་ཇི་ལྟར་རྟག་པར་སྨྲ་བ་རྣམས་ཀྱིས་བདག་ཡོངས་སུ་བརྟགས་པ་ལྟར་རོ། །དེ་ལ་རེ་ཞིག་ཕུང་པོ་ལྔ་ནི་གཟུང་བ་དང་འཛིན་

པའི་ཁྱད་པར་གྱི་ངོ་བོ་ཉིད་ཅན་ཏེ་གཟུང་བར་བྱ་བ་ནི་ཡོད་པ་མ་ཡིན་པར་གཟུང་བར་བྱ་བའི་མཚན་ཉིད་མི་འཐད་པའི་ཕྱིར་རོ། །འཛིན་པར་བྱེད་པ་ཡང་ཡོད་པ་མ་ཡིན་ཏེ་གཟུང་བར་བྱ་བ་མེད་པ་ལ་དེ་མི་རིགས་པ་ཡིན་པའི་ཕྱིར་ཞེས་བྱ་བའོ། །ཕུང་པོ་ལྔ་རྣམས་མེད་པའི་ཕྱིར་དེའི་རང་བཞིན་སེམས་
ཅན་ནི་བྱང་ཆུབ་སེམས་དཔའ་ཡིན་པར་འགྱུར། གལ་ཏེ་ཡང་ཕུང་པོ་རྣམས་ལས་ཐ་དད་པར་འགྱུར་བའི་སེམས་ཅན་ཡོད་པར་གྱུར་ན་དེ་ནི་དེ་ལྟར་རྟོགས་པར་འགྱུར་གྱི་རྟོགས་པ་ཡང་མ་ཡིན་ཏེ། དེ་བས་ན་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལ་སོགས་པ་དང་འདྲ་བའི་སེམས་ཅན་ལ་ཅིའི་
ཕྱིར་བྱང་ཆུབ་སེམས་དཔའ་ཉིད་དོ། གཟུགས་ལ་སོགས་པ་རྣམ་པ་ལྔའི་དེ་རྟག་པ་ཉིད་དང་མི་རྟག་པ་ལ་སོགས་པའི་ཚིག་བླ་དགས་པའི་རང་བཞིན་བྱང་ཆུབ་སེམས་དཔའ་ནི་རིགས་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་གཟུགས་ལ་སོགས་པ་རྣམས་ཤིན་ཏུ་ཡང་ཡོད་པ་མ་ཡིན་ཏེ་ཀུན་ཏུ་བརྟགས་པའི་
ཕྱིར་རོ། །ཅིའི་ཕྱིར་དེ་རྣམས་ཀྱི་ཚིག་བླ་དགས་པ་ཤིན་ཏུ་ཡང་མེད་པའི་བྱང་ཆུབ་སེམས་དཔའ་ཡིན་པར་འགྱུར། གཟུགས་ལ་སོགས་པའི་ཆོས་ཀྱི་རང་བཞིན་ཡང་བྱང་ཆུབ་སེམས་དཔར་རིགས་པ་མ་ཡིན་ཏེ་གཟུགས་ལ་སོགས་པ་རྣམས་ཀུན་ཏུ་བརྟགས་པའི་ངོ་བོར་མེད་པའི་ཕྱིར་རོ། །དེ་
མེད་པས་དེ་དང་སྣང་བའི་རྣམ་པར་རིག་པའི་ངོ་བོ་ཡང་གཞན་དབང་རྣམས་ལ་མི་བདེན་པའི་སྣང་བ་ཙམ་ཉིད་ཀྱིས་མེད་པའི་ཕྱིར་ལྷག་མ་ཡོངས་སུ་གྲུབ་པའི་ངོ་བོས་དེ་རྣམས་ཀྱིས་འབྱུང་བ་ཡིན་ཏེ། ཆོས་ཐམས་ཅད་ཀྱང་ཡོངས་སུ་གྲུབ་པའི་གནས་སྐབས་སུ་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། དེའི་ཕྱིར་གང་
ཞིག་གང་ལ་བལྟས་ནས་བྱང་ཆུབ་སེམས་དཔའ་ཞེས་མིང་གིས་བརྗོད་པ་ཡིན་ནོ། །གང་གི་ཕྱིར་གཞན་ནི་གཞན་ལ་མཐོང་ཞེས་བརྗོད་པ་ཡིན་ནམ་འོན་ཏེ་འདུས་བྱས་ཀྱི་ཆོས་རྣམས་འདུས་མ་བྱས་པའི་ཆོས་ཀྱི་དབྱིངས་སུ་མཐོང་ན་འདི་ཡང་ཡོད་པ་མ་ཡིན་ཏེ་ཐ་དད་པ་མེད་པའི་ཕྱིར་རོ། །འདི་ལྟ་སྟེ་དེ་བཞིན་
ཉིད་དེ་ཁོ་ན་མ་དག་པའི་གནས་སྐབས་སུ་འདུས་བྱས་རྣམས་ཞེས་བརྗོད་པ་ཡིན་གྱི་དེ་ཉིད་ཁོ་ན་ཡང་དག་པའི་གནས་སྐབས་སུ་འདུས་མ་བྱས་རྣམས་ཞེས་བྱའོ། །ཇི་ལྟར་ཡང་སྔར་དངས་པ་མ་ཡིན་པའི་ཆུ་ཕྱིས་ཤིན་ཏུ་དངས་པ་ལ་ཆུ་དེ་ཉིད་ཅེས་བརྗོད་པ་ཡིན་ལ། ཇི་ལྟར་ཡང་སྔར་སྤྲིན་ལ་སོགས་པས་དྲི་

མར་བྱས་པའི་ནམ་མཁའ་ནི་ཕྱིས་དྲི་མ་མེད་པར་གྱུར་པ་ལ་ནམ་མཁའ་དེ་ཉིད་ཅེས་བརྗོད་པ་ཡིན་ནོ། །དེ་བཞིན་དུ་སྔར་མ་དག་པའི་དེ་བཞིན་ཉིད་ཕྱིས་ཤིན་ཏུ་རྣམ་པར་དག་ཀྱང་དེ་བཞིན་ཉིད་དེ་ཁོ་ན་སྟེ་ཞེས་བྱ་བས་འདུས་བྱས་ཀྱི་ཆོས་རྣམས་དང་འདུས་མ་བྱས་ཀྱི་ཆོས་
ལ་ངོ་བོ་ཉིད་ཀྱིས་ཐ་དད་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གང་ཞིག་གང་ལ་མཐོང་བར་འགྱུར་བ་ནི་གང་གི་ཕྱིར་བདག་ཉིད་ཀྱིས་བདག་ལ་ཡང་དག་པར་རྗེས་སུ་མཐོང་ཞེས་བྱ་བ་བརྗོད་པ་མ་ཡིན་ཏེ། འདི་རྣམས་ཀྱང་ཕྱོགས་བཞི་མི་དམིགས་པའི་སྦྱོར་བ་ལ་ཆེན་པོ་རྣམས་ལས་བྱུང་བ་ཁོ་
ན་ཡིན་ནོ། །དེ་ཡང་བདག་གིས་ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མིང་ལ་སོགས་པ་རྣམས་ལས་གཞན་གྱི་ངོ་བོ་འབྱུང་བར་འགྱུར་བ་སྟེ། དེའི་ཕྱིར་དེ་ཡང་བྱང་ཆུབ་སེམས་དཔའ་ཉིད་བཞིན་དུ་ཇི་ལྟར་
མཐོང་བར་འགྱུར་ཞེས་བྱ་བའི་དགོངས་པའོ། །ཞེས་བགྱི་བའི་སྒྲ་ནི་རབ་ཏུ་གྲགས་པ་སྟེ་ཇི་ལྟར་རྒྱལ་པོ་བྱུང་བར་གྱུར་པ་ཟས་གཙང་ཞེས་བྱ་བས་རྣམ་པར་དག་པའི་ལུགས་ཞེས་བྱ་བའོ། །གཉི་ག་ཡང་མ་མཐོང་ན་ཇི་ཞིག་འཐད་པ་ཡིན་ཞེས་གསུངས་པ། བདག་གིས་མ་འཚལ་ཞེས་
བྱ་བ་ལ་སོགས་པ་སྟེ། ཇི་ལྟར་བྱང་ཆུབ་སེམས་དཔའ་མཐོང་བ་མ་ཡིན་པ་ལ་མིང་ལ་སོགས་པའི་ཆོས་བྱང་ཆུབ་སེམས་དཔའ་ཡིན་པར་འགྱུར་ཞེ་ན། གསུངས་པ། བྱང་ཆུབ་སེམས་དཔའི་ཆོས་ཀྱང་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་རང་བཞིན་ཆོས་ནི་བྱང་ཆུབ་སེམས་དཔའི་
ཆོས་དེ་ལའོ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་བརྟགས་ཀྱི་ངོ་བོས་ཡོད་པར་འགྱུར་རམ་གཞན་དབང་གི་ངོ་བོས་ཡོད་པར་འགྱུར་རམ་འོན་ཏེ་ཡོངས་སུ་གྲུབ་པའི་ངོ་བོས་ཡོད་པར་འགྱུར་སྙམ་ན། དེ་ལ་ཀུན་བརྟགས་ནི་མ་འཚལ་ཏེ་བི་དལ་ཞེས་བྱ་བ་ནི་རྙེད་པའི་དོན་ལའོ། །རྙེད་པར་
གྱུར་པ་ནི་མ་ཡིན་ནོ། །རི་བོང་གི་རྭ་བཞིན་དུ་ཤིན་ཏུ་ཡང་དེ་མེད་པའི་ཕྱིར་རོ། །གཞན་དབང་གི་ངོ་བོས་མ་དམིགས་ཏེ་དེ་བརྫུན་པ་སྣང་བ་ཙམ་གྱིས་དེ་ཉིད་ཀྱིས་ནི་མེད་པའི་ཕྱིར་རོ། །ཡོངས་སུ་གྲུབ་པས་ནི་ཡང་དག་པར་རྗེས་སུ་མི་མཐོང་སྟེ་དེའི་གནས་སྐབས་སུ་ཆོས་ཐམས་ཅད་

ལ་དེ་བཞིན་ཉིད་དང་རོ་གཅིག་པའི་ཕྱིར་གང་ཞིག་གང་ལ་མཐོང་ཞེས་བྱ་བའོ། །གཞན་ནི་སྔ་མ་བཞིན་ནོ། །མ་འཚལ་བ་ནི་དཔྱོད་པ་ལས་སྔ་རོལ་དུ་སྟེ་མཚན་ཉིད་ཇི་ལྟ་བར་མི་ཐོབ་ཅིང་། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་མ་དམིགས་པས་སོ། །དཔྱད་པ་ལ་ཡོད་པ་
ན་མི་རྟོག་ཅིང་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་ཤིན་ཏུ་མཉམ་པར་གཞག་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཞེས་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མ་འཚལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བཞིན་དུ་འཐད་པ་རྣམས་སོ། །གང་ཞིག་ཅེས་བྱ་བ་ནི་འགའ་ཡང་མ་
ཡིན་ཏེ་རིགས་པས་མཐོང་བ་ལ་གནོད་པར་བྱས་པའི་ཕྱིར་རོ། །གང་ལ་ཞེས་བྱ་བ་ནི་གང་ལ་ཡང་མ་ཡིན་ཏེ་བྱང་ཆུབ་སེམས་ཉིད་བཞིན་ནོ། །ཤེས་པའི་ཕྱིར་ཏེ་རྟོགས་པའི་དོན་དུ་བརྗོད་པ་ནི་གདམས་པའོ། །རྗེས་སུ་བསྟན་པའི་རྟོགས་པ་ལ་རྗེས་སུ་མཐུན་པ་རྣམས་ཀྱི་བྱ་བ་ཉིད་ཀྱིས་
ལུང་ལ་བར་དུ་གཅོད་པར་བྱེད་པ་དོར་བར་བྱ་བ་ཉིད་ཀྱི་མན་ངག་གོ། །དེ་བས་ན་དོན་དམ་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་སེམས་དཔའ་དག་ལ་མཐོང་བ་ནི་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གདམས་པ་མེད་པ་ཞེས་ཤེས་ནས་གལ་ཏེ་མི་སྨྲ་བར་གྱུར་ན་དེའི་
ཚེ་སེམས་ཅན་གྱི་དོན་སྤངས་པར་འགྱུར་རོ། །དེ་བས་ན་སེམས་ཅན་ཡོངས་སུ་སྨིན་པ་ལ་སོགས་པའི་དོན་དུ་ཐབས་ལ་མཁས་པས་ཡོངས་སུ་བརྟགས་པའི་མཚན་ཉིད་ཁོ་ན་བཟུང་བར་བྱས་ནས་ཀུན་རྫོབ་ཀྱི་ཚུལ་གྱིས་སེམས་ཅན་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གདམས་ངག་
བྱའོ། །གཞན་དུ་ན་སེམས་ཅན་གྱི་དོན་ཉམས་པ་ཆེན་པོར་འགྱུར་རོ། །གང་གི་ཕྱིར་འདི་རྣམས་ཆོས་ཐམས་ཅད་ཀྱི་དོན་དམ་པ་སྟོང་པ་ཉིད་ཉེ་བར་སྲིད་པའི་ཀུན་རྫོབ་ཀྱིས་གལ་ཏེ་བསྟན་པར་མ་གྱུར་ན་དེའི་ཚེ་ཤེས་པར་མི་འགྱུར་རོ། །མ་ཤེས་པ་ནི་སྒོམ་པར་མི་འགྱུར་རོ། །
མ་བསྒོམས་པས་ནི་མངོན་དུ་བྱེད་པར་མི་འགྱུར་རོ། །དེ་བས་ན་སེམས་ཅན་རྣམས་ལ་ཐོག་མ་མེད་པའི་མ་རིག་པ་ལས་སྐྱེས་པའི་ཉོན་མོངས་པ་ཐམས་ཅད་དང་ངན་སོང་དང་ངན་འགྲོ་དང་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་

དང་ཡིད་མི་བདེ་བ་དང་འཁྲུག་པའི་རྒྱུའི་དངོས་པོ་འཛིན་པ་དེའི་གནས་སྐབས་ཅན་ལ་གནས་པར་འགྱུར་རོ། །དེའི་ཕྱིར་ཆོས་ཐམས་ཅད་ནི་ཐ་སྙད་ཙམ་སྟེ་དོན་དམ་པར་ན་སྟོང་པ་ཉིད་དང་རོ་གཅིག་པ་ཞེས་ཅི་ནས་ཀྱང་ཀུན་རྫོབ་ཀྱི་ཚུལ་གྱིས་བསྟན་པར་བྱའོ། །
དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའི་གདམས་ངག་རྣམས་ལ་དོན་དམ་པར་མི་སྲིད་པ་ཉིད་དོ། །ཉེ་བར་རྫོགས་པའི་ཀུན་རྫོབ་ཀྱིས་བསྟན་པར་མཛད་པ་ན་ཆོས་ཐམས་ཅད་ཀྱི་མི་དམིགས་པའི་སྦྱོར་བ་ངེས་པར་བསྟན་པར་འབྱུང་བའི་གདམས་ངག་བདག་གིས་བསྟན་
ཞེས་འཕགས་པ་རབ་འབྱོར་གྱི་དགོངས་པའོ། །ད་ནི་གདམས་ངག་འདིའི་འབྲས་བུ་བསྟན་པའི་ཕྱིར་གསུངས་པ། འོན་ཀྱང་ཡང་གལ་ཏེ་དེ་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་དེ་ཞེས་བྱ་བ་མི་ཟད་པ་གཞན་གལ་ཏེའི་དོན་ལའོ། །འདི་ལྟར་ཞེས་བྱ་བ་ནི་དོན་དམ་པར་གདམས་ངག་མེད་པ་ལའོ། །
སྨྲས་པ་དང་ཞེས་བྱ་བ་ལ་སོགས་པ་ད་ལྟར་བྱུང་བ་དང་ཉེ་བ་ཡིན་པའི་ཕྱིར་འབྱུང་བའི་དུས་ལ་ལ་ཊའོ། །སྨྲས་པ་དང་ཞེས་བྱ་བ་ནི་སྨྲས་པའི་དོན་ལའོ། །བསྟན་པ་དང་ཞེས་བྱ་བ་ནི་ཐོས་པའི་རང་བཞིན་གྱི་ཤེས་རབ་ཀྱི་མཚན་ཉིད་ལའོ། །ཉེ་བར་བསྟན་པ་ལ་ཞེས་བྱ་བ་ནི་བསམ་པའི་རང་བཞིན་གྱི་
ཤེས་རབ་ཀྱི་མཚན་ཉིད་ལའོ། །མངོན་པར་ཕྱོགས་པར་བྱས་ནས་ཞེས་བྱ་བའི་ཁྱད་པར་རོ། །གང་གི་ཕྱིར་འདི་ཐམས་ཅད་མི་དམིགས་པའི་སྦྱོར་བའི་འབྲས་བུ་ནི་ཤེས་རབ་མངོན་པར་འཕེལ་བ་དང་དད་པ་མངོན་པར་འཕེལ་བའོ། །ཤེས་རབ་མངོན་པར་འཕེལ་བས་སེམས་
ཀྱི་བསྐུམ་པ་མེད་པའོ། །དད་པ་མངོན་པར་འཕེལ་བས་སྐྲག་པ་ལ་སོགས་པ་མེད་པའོ། །ཤེས་རབ་དེ་ཡང་གནས་གསུམ་ལ་ལྷག་པ་ཡིན་ཏེ་ཟབ་མོ་བསྟན་པ་དང་ཤིན་ཏུ་སྡུག་བསྔལ་བར་བྱེད་པར་བསྒྲུབ་པ་དང་ཤིན་ཏུ་ཡང་ངོ་མཚར་བའི་སངས་རྒྱས་ཀྱི་ཆོས་རྣམས་ལའོ། །འདི་རྣམས་མདོ་
ལས་འབྱུང་བའི་ཟབ་མོའི་གནས་རྣམས་ལ་ཡེ་ཤེས་ཀྱིས་བྱས་པའི་སེམས་བསྐུམ་པ་སྐྱེ་བ་མ་ཡིན་ནོ། །གནས་གསུམ་པོ་འདི་རྣམས་ལ་མ་དད་པར་བྱས་པས་སྐྲག་པ་སྐྱེ་བ་མ་ཡིན་ནོ། །ཐོག་མར་སྐྱེ་བའི་དུས་སུ་སེམས་ཀྱི་བསྐུམ་པ་ནི་འགོང་བ་སྟེ་བར་མའི་གནས་སྐབས་ལ་ཀུན་

ཏུ་ཞུམ་པའོ། །ཆེན་པོའི་གནས་སྐབས་ལ་བག་ཚ་བའོ། །རྣམ་པ་གང་གིས་རྟོག་པ་ལ་ཡང་དེར་སེམས་ཀྱི་མངོན་པར་མི་དགའ་བ་ནི་ཡིད་ཕྱིར་ཕྱོགས་པར་འགྱུར་བའོ། །སླར་ཡང་གང་དུ་བཅོམ་ཞིང་ཕྱིར་ཕྱོགས་པར་མི་འགྱུར་ཞེས་བྱ་བ་ནི་ལྷག་པར་འདོན་པ་ཡིན་ཏེ། དེར་ཆེན་
པོ་ནི་བག་འཁུམས་པ་རྒྱུན་དུ་གནས་པའི་བག་ལ་ཁུམས་པ་ཐོབ་པའོ། །མངོན་པར་མི་དགའ་བ་ལ་རྒྱུན་དུ་གནས་པ་ནི་བཅོམ་ཞིང་ཕྱིར་ཕྱོགས་པའོ། །དེ་ལྟར་གནས་མ་ཡིན་པ་ལ་བྱས་པ་དང་དད་པ་མེད་པ་དང་ཆུང་ངུ་དང་འབྲིང་དང་ཆེན་པོའི་གནས་སྐབས་གསུམ་སྦྱར་
བར་བྱའོ། །དེ་ལྟར་གདམས་ངག་གི་འབྲས་བུ་ཉེ་བར་བསྟན་ནས་མཇུག་བསྡུ་བར་བྱེད་པས་གསུངས་པ་འདི་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། འདི་ཉིད་ནི་དོན་དམ་པའི་ཆོས་ཐམས་ཅད་མི་དམིགས་པ་ལ་སེམས་བསྐུམ་པ་ལ་སོགས་པ་དང་བྲལ་བའོ། །དེ་ཉིད་འདིའི་གདམས་
ངག་སྟེ་ཞེས་འགའ་ཞིག་ཏུ་འདོན་པ་སྟེ་འདི་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་ནི་ཆོས་ཐམས་ཅད་མི་དམིགས་པའི་མཚན་ཉིད་ཅན་གྱི་ཤེས་རབ་བོ། །འདི་ནི་གདམས་པ་སྟེ་གང་ཞིག་དེ་དག་ལས་ཡང་དག་པར་རབ་ཏུ་སྦྱོར་བའོ། །དེ་ལྟར་གནས་ན་ཞེས་བྱ་བ་ནི་
ཆོས་ཐམས་ཅད་མི་དམིགས་པ་འདི་ཉིད་ལ་གནས་པ་ཡིན་ནོ། །དེ་ཉིད་འདིའི་གདམས་པ་དང་རྗེས་སུ་བསྟན་པ་ལགས་སོ་ཞེས་བྱ་བ་ནི། ཨ་ནིའི་རྐྱེན་ནི་ཨོ་ན་ལ་སོགས་པས་འབྱུང་སྟེ། དྷཱ་རི་ནི་བཞིན་དུའོ། །དེ་ལྟར་ན་དང་པོ་ངེས་པར་འབྱུང་བའི་གདམས་ངག་ཡོངས་སུ་
རྫོགས་པར་བྱས་ནས། གཉིས་པ་ངེས་པར་འབྱུང་བའི་ཕན་ཡོན་གསུངས་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ཆེན་པོ་རྣམས་ལ་ཕན་ཡོན་རྣམ་པ་བཞི་གསུངས་པ་ཡིན་ཏེ་ཡོངས་སུ་ཤེས་པར་བྱ་བའི་གཟུགས་ལ་སོགས་པའི་ཆོས་རྣམས་ལ་ཡོངས་སུ་ཤེས་པ་དང་།
སྤང་བར་བྱ་བའི་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་རྣམས་ལ་སྤང་བ་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་ལ་ཡོངས་སུ་རྫོགས་པ་དང་། མངོན་དུ་བྱ་བའི་ཏིང་ངེ་འཛིན་ལ་སོགས་པ་རྣམས་ལ་སོ་སོར་དམིགས་པ་མངོན་དུ་བྱེད་པའོ། །དེ་ལ་དམིགས་

པའི་ལྟ་བ་འདི་རྣམས་ལ་མེད་དེ་ཕན་ཡོན་རྣམས་ལ་གྲུབ་པ་ཞེས་བྱ་བའོ། །ཆོས་ཐམས་ཅད་ལ་རློམ་སེམས་སུ་མི་བགྱིད་པ་བཤད་ནས་ཇི་སྲིད་དུ་བྱང་ཆུབ་ཀྱི་སེམས་ལ་ཡང་རློམ་སེམས་སུ་མི་བགྱིད་པ་དེར་གསུངས་སོ། །འདིར་ནི་བསྟན་པ་ལ་བསྡུས་
པ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་ལ་བྱང་ཆུབ་སེམས་དཔའ་ཤིན་ཏུ་རློམ་སེམས་ཀྱི་ཡུལ་ལ་རློམ་སེམས་སུ་མི་བྱེད་པ་གསུངས་པ་དེ་ཉིད་ཀྱིས་ཆོས་ཐམས་ཅད་ལ་རློམ་སེམས་སུ་མི་བྱེད་པ་གྲུབ་པ་ཡིན་ནོ། །དེས་ཀྱང་ཡོངས་སུ་ཤེས་པར་བྱ་བ་རྣམས་ལ་ཡོངས་སུ་ཤེས་པ་དང་སྤང་བར་བྱ་བ་
རྣམས་ལ་སྤངས་པ་དང་ཡོངས་སུ་རྫོགས་པར་བྱ་བ་རྣམས་ལ་ཡོངས་སུ་རྫོགས་པ་དང་མངོན་དུ་བྱ་བ་ཕན་ཡོན་དོན་ལས་གྲུབ་པ་ཡིན་ནོ། །ཞེས་གཙོ་བོར་བྱང་ཆུབ་ཀྱི་སེམས་ལ་རློམ་སེམས་སུ་མི་བྱེད་པ་ཉིད་གསུངས་པ་ནི་གཞན་ཡང་ཞེས་བྱ་བ་སྟེ། ངེས་པར་འབྱུང་བའི་གདམས་ངག་ལ་
ལྟོས་ནས་གཞན་ཡང་གི་ཚིག་སྟེ། སྤྱོད་ཅིང་ཞེས་བྱ་བས་ལམ་གྱི་དུས་སུ་སྤྱོད་པ་གསུངས་པ་ཡིན་ནོ། །བསྒོམས་པས་ཞེས་བྱ་བ་ནི་སོ་སོར་རྟོགས་པའི་དུས་སུ་ཡང་དག་པར་འབྱུང་བ་གསུངས་པ་ཡིན་ནོ། །དེ་ལྟར་བསླབ་པར་བགྱིའོ་ཞེས་བྱ་བ་ནི་རློམ་སེམས་སུ་མི་བྱེད་པ་ཉིད་ཀྱིས་དེ་ལྟར་བསླབ་པར་བྱའོ། །
ཅི་ལྟར་བྱང་ཆུབ་ཀྱི་སེམས་དེས་ཀྱང་རློམ་སེམས་སུ་མི་བགྱིད་དོ་དེས་ཀྱང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་དམིགས་ནས་གང་ཞིག་འཇུག་པའི་སེམས་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་གང་ཞིག་དང་ལྡན་པའི་ཕྱིར་སེམས་ཅན་ཡང་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཡང་གི་
སྒྲ་ནི་ཁྱད་པར་གྱི་དོན་དུའོ། །གང་གི་ཕྱིར་དེ་སེམས་ཅན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་འདོད་པ་དེས་ཀྱང་རློམ་སེམས་སུ་བྱ་བ་མ་ཡིན་ན་ཆོས་གཞན་རྣམས་ཀྱིས་ལྟ་ཡང་ཅི་སྨོས་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་
བ་སྟེ་དེ་ནི་དེའི་རློམ་སེམས་སུ་མི་བྱེད་པའོ། །རྣམ་པ་གང་གིས་སོ། །ལན་གསུངས་པ་ནི་འདི་ལྟར་སེམས་དེ་ནི་སེམས་མ་མཆིས་པ་ཞེས་བྱ་སྟེ། སེམས་ཀྱི་སྒྲས་ནི་ཀུན་ཏུ་བརྟགས་པ་དང་རྣམ་པར་རྟོག་པ་བརྗོད་པ་ཡིན་ནོ། །ཡོངས་སུ་གྲུབ་པ་ལ་ཡང་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཀྱི་སེམས་ཆོས་ཉིད་ཀྱི་ངོ་བོའི་ཀུན་ཏུ་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་ཀྱི་མཚན་ཉིད་ལས་འདས་པ་ཉིད་ཀྱི་ཕྱིར་སེམས་ཀྱི་མཚན་ཉིད་ཡོད་པ་མ་ཡིན་ཏེ། དེ་བས་ན་སེམས་མ་མཆིས་པ་སྟེ་ཞེས་བརྗོད་པ་ཡིན་ནོ། །དེའི་ཕྱིར་གསུངས་པ། སེམས་ཀྱི་རང་
བཞིན་ནི་འོད་གསལ་བ་ལགས་སོ་ཞེས་བྱ་བ་སྟེ། ཆོས་ཉིད་ཀྱིས་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་སྟེ་དེའི་ཕྱིར་དེ་ནི་སེམས་མ་མཆིས་པ་སྟེ། ཀུན་ཏུ་བརྟགས་པ་དང་རྣམ་པར་བརྟགས་པའི་སེམས་ནི་མ་མཆིས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཤེས་ཤེ་ན། སེམས་ཀྱི་རང་བཞིན་ནི་འོད་གསལ་བ་སྟེ་
གང་གི་ཕྱིར་སེམས་དེ་འདོད་ཆགས་ལ་སོགས་པ་རྣམས་དང་ཡང་དག་པར་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཏེ་སོ་སོའི་སྐྱེ་བོའི་གནས་སྐབས་སུ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སྐྱེས་པའི་དུས་སུ་ཡང་དྲི་མ་ཐམས་ཅད་ཀྱིས་ནམ་མཁའ་ལྟར་གོས་པ་མེད་པ་དེའི་ཕྱིར་
ཡང་དག་པར་ལྡན་པ་མ་ཡིན་ཞེས་བརྗོད་པ་ཡིན་ནོ། །སླར་ནི་སངས་རྒྱས་སུ་གྱུར་པ་ལ་ཡང་སེམས་དེ་ཉོན་མོངས་པ་གློ་བུར་བ་དང་མི་ལྡན་པའི་ཕྱིར་རང་བཞིན་གྱིས་རྣམ་པར་དག་པ་ཉིད་ལ་གནས་ནས་སླར་དེའི་དྲི་མ་རྣམས་མི་བསྐྱེད་པའི་ཕྱིར་གསལ་བ་ཡིན་ནོ། །སྤྲིན་ལ་སོགས་
པ་དེ་རྣམས་ཀྱིས་མ་གོས་པའི་ནམ་མཁའ་ལྟར་མ་བྲལ་བ་མ་ཡིན་ཞེས་བརྗོད་དོ། །གང་གི་ཕྱིར་གལ་ཏེ་སྔ་རོལ་དུ་ནི་ཡང་དག་པར་ལྡན་པར་གྱུར་ན། དེའི་ཕྱིར་བྲལ་བར་ཡང་འགྱུར་ཏེ། གང་གི་ཕྱིར་སྔར་དྲི་མ་དང་བཅས་པའི་གནས་སྐབས་ལ་ཡང་རང་བཞིན་གྱིས་རྣམ་པར་དག་
པའི་ཕྱིར་དེ་རྣམས་དང་ཡང་དག་པར་ལྡན་པ་མ་ཡིན་པ་དེ་བས་ན་ཕྱིས་ཀྱང་དེ་རྣམས་དང་མི་ལྡན་པ་ཡང་མ་ཡིན་ཞེས་བརྗོད་དོ། །ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་སེམས་གང་སེམས་མེད་པའི་སེམས་དེ་ཡོད་དམ་ཞེས་བྱ་བ་འདི་ཅི་ལ་དགོངས་ཤེ་ན། འདི་ལྟ་སྟེ་སེམས་དེ་ཞེས་བྱ་བ་
ནི་གནས་བརྟན་རབ་འབྱོར་ལ་དེའི་གནས་སྐབས་ལ་ཡང་སེམས་ཀྱི་སྒྲས་བརྗོད་པའི་ཕྱིར་སེམས་མེད་པའི་མཚན་ཉིད་ཀྱིས་སེམས་དེ་ཡོད་ཅེས་བྱ་བར་འགྱུར་རོ། །དེའི་ཕྱིར་དྲི་བར་བྱེད་དེ་དེའི་ཕྱིར་གནས་བརྟན་རབ་འབྱོར་གྱིས་གསུངས་པ། སེམས་ཀྱི་མཚན་ཉིད་དམ་

སེམས་དཔའི་མཚན་ཉིད་དེ་ལ་ཡོད་ཅེས་བྱ་བ་འདི་སྐད་སྨྲ། འོན་ཀྱང་བརྗོད་པར་བྱ་བ་མ་ཡིན་པའི་བདག་ཉིད་ཀྱིས་དེའི་གནས་པ་ལ་ཤིན་ཏུ་རྣམ་པར་དག་པའི་ཐ་སྙད་ཀྱིས་དུས་སུའོ། །གཞན་དུ་ན་ཐ་སྙད་བྱེད་པར་མི་ནུས་པའི་ཕྱིར་རོ། །
སྔོན་གྱི་ཤུགས་ལ་རྗེས་སུ་འབྲང་ནས་སེམས་ཞེས་བྱ་བ་ནི་སེམས་མེད་ཅེས་སྨྲ་ཞེས་བྱ་བའི་དགོངས་པ་དེས་རྗོད་པར་བྱེད་ཅེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་སེམས་མེད་པ་ཉིད་གང་ཡིན་པའི་སེམས་མེད་པ་ཉིད་དེ་ལ་ཡོད་པ་ཉིད་དམ་མེད་པ་ཉིད་དེ་ལ་ཡོད་པའམ་དམིགས་པར་ཡང་འགྱུར་རམ་ཞེས་
བྱ་བ་ནི་སེམས་མེད་པའི་གནས་སྐབས་སུ་ཡོད་པ་དང་མེད་པ་ཞེས་བྱ་བ་གཉི་ག་ལྟར་ཡང་སྨྲ་བར་བྱ་བ་མ་ཡིན་ཏེ། མཐའ་གཉིས་ལ་བསྙེན་པའི་ཕྱིར་ཞེས་བྱ་བའི་དགོངས་པའོ། །འདི་ཉིད་ཀྱི་ཕྱིར་ཞེས་གསུངས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མེད་དོ་ཞེས་བྱ་བ་ནི་
གནས་བརྟན་རབ་འབྱོར་ནི་སླར་མ་ཡིན་ནོ། །གལ་ཏེ་གནས་སྐབས་དེ་ལ་མཐའ་གཉིས་ཀྱིས་འཇིགས་པས་གཉི་ག་ལྟར་ཡང་སྨྲ་བར་ནུས་པ་མ་ཡིན་ན། ཅིའི་ཕྱིར་དེ་ལྟར་འདྲི་ཞེས་གསུངས་པ། ཁྱོད་ཀྱིས་བརྒལ་བ་གང་ཡིན་པ་དེ་ཅི་རིགས་པར་འགྱུར་རམ་ཞེས་བྱ་
བའོ། །དེ་ལྟར་སྨྲས་པ་ལས་གནས་བརྟན་ཤཱ་རིའི་བུས་གལ་ཏེ་ཡོད་པ་ཉིད་དང་མེད་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་ཡང་སེམས་མེད་པའི་མཚན་ཉིད་ཀྱང་ཡོད་པར་མི་འགྱུར་ཞེས་བྱ་བའི་སེམས་མེད་པ་ཞེས་ཅིའི་ཕྱིར་སྨྲ་ཞེས་བྱ་བའི་དགོངས་པས་གསུངས་པ། ཚེ་དང་ལྡན་
པ་རབ་འབྱོར་སེམས་མེད་པ་ཉིད་དེ་ཡང་གང་ཡིན་ཞེས་བྱ་བའོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་བདག་དེ་ལ་སེམས་མེད་པའི་མཚན་ཉིད་གཞན་ལ་དགོངས་ནས་སེམས་མེད་པ་ཞེས་སྨྲ། འོན་ཀྱང་གང་ཞིག་སྔ་རོལ་དུ་དྲི་མ་དང་བཅས་པའི་གནས་སྐབས་ལ་འགྱུར་བ་
ཉིད་ཀྱི་ཕྱིར་དང་། རྣམ་པར་རྟོག་པ་བྱེད་པ་ཉིད་ཀྱི་ཕྱིར་སེམས་མེད་པ་ཉིད་དེ་ལས་སྐྱེས་པའོ། །ད་ནི་དེ་ལ་མེད་པ་ཞེས་སེམས་ཉིད་མེད་པ་ཙམ་དུ་ཁས་བླངས་ནས་སེམས་མེད་པ་ཞེས་སྨྲ། དེའི་ཕྱིར་གསུངས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་མེད་

པ་དེ་ནི་འགྱུར་བ་མེད་པར་རྣམ་པར་རྟོག་པ་མེད་པའོ་ཞེས་བྱ་བ་སྟེ། སྔར་སེམས་ཀྱི་གནས་སྐབས་ལྟར་འགྱུར་བ་ཉིད་དང་རྣམ་པར་རྟོག་པ་ཉིད་མེད་པས་འདིར་སེམས་མེད་པ་ཉིད་ཅེས་བྱ་བའི་དོན་ཏོ། །འདི་ཉིད་འཕགས་པ་མགོན་པོ་བྱམས་པས་ཀྱང་གསུངས་པ། ཇི་ལྟར་
ཆུ་ནི་བསྐྱོད་པས་དངས་པ་ཅན་ལ་ནི། །དངས་པ་ཉིད་དེ་གཞན་ལས་སྐྱེ་བ་མ་ཡིན་ཏེ། །དེ་ནི་དེ་ལ་གཅིག་ཏུ་དྲི་མ་བསལ་བས་ཡིན། །རང་སེམས་དག་པ་ལ་ནི་ཆོ་ག་འདི་དེ་བཞིན། །སེམས་ནི་རང་བཞིན་གྱིས་ནི་འོད་གསལ་འདོད་པ་སྟེ། །རྟག་ཏུ་དེ་ནི་གློ་བུར་
སྐྱོན་གྱིས་སྐྱོན་བྱས་པ། །ཆོས་ཉིད་སེམས་ནི་སྤངས་ནས་གཞན་གྱི་སེམས་ལ་ནི། །འོད་གསལ་ཉིད་ནི་རང་བཞིན་དག་ལ་འགྲུབ་པར་འགྱུར་བའོ། །ཇི་ལྟར་ཆུ་ནི་རང་བཞིན་གྱིས་དང་གློ་བུར་བའི་རྙོག་པས་རྙོགས་པར་གྱུར་པ་ཡིན་ལ། དེ་བཞིན་དུ་སེམས་
ནི་རང་བཞིན་གྱིས་འོད་གསལ་ཡང་གློ་བུར་བའི་སྐྱོན་རྣམས་ཀྱིས་སྐྱོན་ཅན་དུ་བྱས་ཏེ་ཆོས་ཉིད་ཀྱི་སེམས་མ་རྟོགས་པས་གཞན་གྱི་སེམས་ལ་ཀུན་ཏུ་བརྟགས་པ་དང་། གཞན་དབང་གི་མཚན་ཉིད་ཅན་གྱི་རང་བཞིན་གྱིས་འོད་གསལ་བ་ཉིད་སྒྲུབ་པ་མ་ཡིན་ནོ། །དེ་བས་ན་
སེམས་ཀྱི་དེ་ཁོ་ན་ཉིད་ནི་འདིར་སེམས་ནི་རིག་པར་བྱའོ་ཞེས་བྱ་བའི་དགོངས་པའོ། །དེ་ནས་ཞེས་བྱ་བས་གནས་བརྟན་རབ་འབྱོར་གྱིས་སེམས་མེད་པ་ཉིད་ལ་ཡང་དག་པར་བཤད་པའི་དེ་མ་ཐག་ཏུ་གནས་བརྟན་ཤཱ་རིའི་བུས་ལེགས་སོ་ཞེས་བྱ་བ་གསུངས་ཏེ།
ལེགས་སོ་ལེགས་སོ་ཞེས་བྱ་བའོ། །ཡང་ཞེས་བྱ་བ་འདི་ནི་གསལ་བ་ཞེས་བྱ་བའི་དོན་ཏོ། །གསལ་བ་དེ་ཅི་ཞིག་ཅེ་ན། ཇི་ལྟར་ཁྱོད་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་མེད་པ་ལ་གནས་པའི་མཆོག་ཏུ་གསུངས་པ་ལྟར་སྟོན་པ་ཞེས་བྱ་བ་སྟེ།
ཉོན་མོངས་པ་མེད་པ་འདི་གང་ཡིན་ཞེ་ན། ཉོན་མོངས་པ་ནི་ཉོན་མོངས་པ་སྟེ། དེ་རྣམས་རང་གི་རྒྱུད་ལས་དགྲ་བཅོམ་པ་ཐམས་ཅད་ཀྱིས་ཤིན་ཏུ་ཡང་བཟློག་པར་བྱས་པའོ། །གང་ཞིག་ཡང་གཞན་གྱི་རྒྱུད་ལས་ཉོན་མོངས་པའི་མི་བཟློག་པར་ནུས་

པ་དེ་ནི། ཉོན་མོངས་པ་མེད་པ་ལ་གནས་པ་ཞེས་བརྗོད་དོ། །ཇི་ལྟར་ནུས་ཤེ་ན་གང་གི་ཚེ་རང་གི་དམིགས་པ་ལ་སོགས་པ་ཤེས་པ་ན་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་རྣམས་ལ་མཐའ་ཡས་པ་ཉིད་ཀྱིས་སེམས་ཅན་དེ་ལ་བརྩེ་བར་གྱུར་པ་ན། དགེ་
བའི་ཕྱོགས་ཀྱི་རྗེས་སུ་མཐུན་པ་དེ་རྣམས་དགེ་འདུན་དང་ཀུན་དགའ་ར་བ་ལ་སོགས་པ་རྣམས་ལ་དེར་རྙེད་པར་སླ་བའི་འཚོ་བའི་ཡོ་བྱད་རྣམས་སྤངས་ནས་སེམས་ཅན་རྣམས་ཀྱིས་བྲལ་བའི་ས་ཕྱོགས་སུ་སོང་ནས་ཟས་ལ་སྤྱོད་པར་བྱེད་ཅིང་ཡོངས་སུ་མྱ་ངན་ལས་འདས་པ་སེམས་ཅན་ལ་ནི་ཕྲད་པར་
མི་བྱེད་ཅེས་བྱ་བའོ། །ཇི་སྐད་དུ་གསུངས་པ། ཉན་ཐོས་ཉོན་མོངས་ལྟ་བ་ལ། །ཉོན་མོངས་ཡོངས་སུ་སྤངས་ཉིད་མིན། །ཞེས་བྱ་བའོ། །དེ་ལྟ་ན་ཡང་གཞན་གྱི་རྒྱུད་ལ་ཉོན་མོངས་པ་ཉིད་མེད་པ་རྗེས་སུ་འཇུག་པའི་ངོ་བོའི་ཤེས་རབ་ནི་ཉོན་མོངས་པ་མེད་པ་སྟེ། སེམས་ཅན་རྣམས་ཀུན་ནས་ཉོན་
མོངས་པའི་གེགས་སུ་གྱུར་པ་བྱམས་པའི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་ནི་ཉོན་མོངས་པ་མེད་པ་ཞེས་བྱ་བ་གཞན་དག་གོ། །གང་ཞིག་ཡང་ཉི་ཁྲིའི་གཞུང་འགྲེལ་ལས་ཉན་ཐོས་ཀྱི་ཐེག་པས་ཉོན་མོངས་པ་མེད་པའི་ཡུལ་ལས་རྣམ་པར་དག་པའི་སྙོམས་པར་ཞུགས་པས་ནི་ཉོན་མོངས་
པ་མེད་པའི་སྙོམས་པར་ཞུགས་པ་ཞེས་བྱ་བའོ། །དེར་ཡང་གཞན་གྱི་རྒྱུད་ལ་ཉོན་མོངས་པའི་ཡུལ་དང་འགལ་བ་ཞེས་བྱ་བ་རྟོགས་པར་བྱ་སྟེ་གཞན་དུ་ན་ཁྱད་པར་གང་ཞིག་ཉོན་མོངས་པ་མེད་པར་གནས་པ་རྣམས་ལ་གསུང་བར་འགྱུར་རོ་ཞེས་བྱ་བའོ། །འདི་ནི་ཉན་ཐོས་ཀྱི་ཐེག་
པས་ཉོན་མོངས་པ་མེད་པ་ལ་བཤད་པའོ། །འདིར་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་སྤྲོས་པ་རྣམས་ནི་ཉོན་མོངས་པ་རྣམས་ཏེ། དེ་རྣམས་མེད་པའི་ཕྱིར་རྣམ་པར་རྟོག་པ་དང་བྲལ་བའི་སྙོམས་པར་ཞུགས་པ་ནི་ཉོན་མོངས་པ་མེད་པ་སྟེ། དེས་གནས་པའི་ཕྱིར་ཉོན་མོངས་པ་མེད་པ་ལ་གནས་པ་
ཞེས་བརྗོད་པ་ཡིན་ལ། དོན་ནི་འདི་ཡིན་ཏེ། གང་ཞིག་སེམས་ཅན་རྣམས་མ་ངེས་པའི་རིགས་ཅན་དབང་པོ་རྟུལ་པོ་དེ་རྣམས་དེ་བཞིན་གཤེགས་པས་མ་སྤངས་པའི་ཉོན་མོངས་པའི་ཡུལ་ཡང་དག་པའི་བྱང་ཆུབ་ཀྱི་སྤྱོད་པ་ལ་སྐལ་བ་དང་མི་ལྡན་པར་མཁྱེན་ནས་ཐོག་མར་དགྲ་བཅོམ་པ་

ཉིད་ལ་གནས་པར་བྱེད་དོ། །དེ་ནས་དེ་རྣམས་ལ་བྱང་ཆུབ་སེམས་དཔའི་ཐེག་པ་བསྟན་པར་བྱེད་པ་ཡིན་ཏེ། དེས་དེ་རྣམས་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡོངས་སུ་རྫོགས་པར་རུང་བའི་བསམ་པ་འབྱུང་སྟེ། དེ་ནས་རིམ་གྱིས་ཟབ་མོའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །
དེ་ལྟར་སངས་རྒྱས་ཀྱི་ས་ལ་ངེས་པའི་བསམ་པ་ཅན་སོ་སོར་རབ་ཏུ་ཕྱེ་བའི་ཆོས་ཀྱི་དབྱིངས་ཟབ་མོའི་ཆོས་ལ་བཟོད་པ་སོ་སོར་ཐོབ་པ་རྣམས་ལ་དེ་བཞིན་གཤེགས་པས་སངས་རྒྱས་ཉིད་ཀྱི་ཕྱིར་ལུང་བསྟན་པར་མཛད་དེ། དེ་རྣམས་ཀྱི་ས་དང་པོར་མཐོང་བའི་ལམ་ཉིད་ལ་ས་བརྒྱད་པ་ལ་
གནས་པ་ཡིན་ནོ། །ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་ལས་ཕྱི་རོལ་དུ་གྱུར་པའི་ལམ་གྱིས་འདོད་པའི་འདོད་ཆགས་སྤངས་པ་མཐོང་བའི་ལམ་ཉིད་ལ་ཕྱིར་མི་འོང་བ་ཡིན་ཏེ། དེ་ལྟར་ན་ཡང་འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ལས། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ལུང་བསྟན་པ་
ས་བརྒྱད་པ་ལ་གནས་པ་ལྷུན་གྱིས་གྲུབ་པ་རྣམ་པར་མི་རྟོག་པ་བྱང་ཆུབ་སེམས་དཔའ་ཆེན་པོ་གནས་བརྟན་ཏེ། དེ་ནས་ཉོན་མོངས་པའི་ཡུལ་མི་སྐྱེད་པར་བྱེད་པ་ཉིད་ཀྱིས་ཉོན་མོངས་པ་མེད་པ་ལ་གནས་པའི་ཉན་ཐོས་རྣམས་ལས་མཆོག་ཡིན་ཏེ། དེ་ལྟར་ན་ཡང་སེམས་མེད་པ་ཉིད་ཀྱིས་
བཤད་པ་ལ་གནས་བརྟན་ནི་ཉོན་མོངས་པ་མེད་པ་ལ་གནས་པའི་མཆོག་ཏུ་གསུངས་པ་ལྟར་བརྟན་པ་ཞེས་བྱ་བའི་བསྔགས་པ་རིགས་པ་ཡིན་ནོ། །ཉོན་མོངས་པའི་ཡུལ་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་ཀྱིས་གཙོ་བོ་ལ་འགའ་ཞིག་ཡང་དགོས་པ་མ་ཡིན་ནོ། །ད་ནི་གནས་བརྟན་ཤཱ་རིའི་བུས་
ལེགས་སོ་ཞེས་བྱ་བ་དང་བསྔགས་པ་ལ་སོགས་པས་མངོན་པར་བསྟོད་པ་ཉིད་བརྩོན་འགྲུས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་ཕྱིར་མི་ལྡོག་པ་ཉིད་ཀྱི་མཚན་ཉིད་ཅན་ཕན་ཡོན་ཉེ་བར་བསྟན་པར་བྱེད་དེ། དེ་བས་ན་ཞེས་བྱ་བ་ལ་སོགས་པས་ཕྱིར་མི་ལྡོག་པར་ཉེ་བར་བརྟག་
པར་བྱའོ། །ཕྱིར་མི་ལྡོག་པ་ཉིད་ཀྱིས་ཉེ་བར་འཛིན་པར་བྱའོ། །ས་རབ་ཏུ་དགའ་བའི་མིང་ཅན་སེམས་བསྐྱེད་པ་དང་པོ་ལ་བརྟེན་ནས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་རྟོགས་པའི་དོན་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་འདས་ནས་ཕྱིར་

མི་ལྡོག་པར་འགྱུར་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཡང་ཆོས་ཐམས་ཅད་རློམ་སེམས་སུ་མི་བྱེད་པའི་རང་བཞིན་གྱིས་རིག་པར་བྱའོ། །ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་
ཆུབ་སེམས་དཔའི་ས་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བསླབ་པ་ཐམས་ཅད་ལ་ཡང་ཕན་པ་ཉིད་བརྟན་པར་བྱེད་དེ། ཉན་ཐོས་ཀྱི་ས་ལ་ཞེས་བྱ་བ་ལ་སོགས་པ་སྟེ་ཉན་ཐོས་ཀྱི་བྱང་ཆུབ་བྱེད་པ་པོའི་ཆོས་རྣམས་ལ་སྒོམ་པ་ནི་ཉན་ཐོས་ཀྱི་སའམ་ཡུལ་ཡང་རུང་བ་ནི་སའོ། །གང་གི་རྟེན་གྱིས་
དེ་རྣམས་ལ་ཡེ་ཤེས་དེ་བསྐྱེད་པར་འགྱུར་བའོ། །དེ་བཞིན་དུ་རང་སངས་རྒྱས་ཀྱི་སའོ། །འདིར་ཡང་བྱང་ཆུབ་སེམས་དཔའ་རྣམས་ལ་ཐེག་པ་གསུམ་ལ་མཁས་པ་བསྐྱེད་པའི་དོན་དུ་བསླབ་པ་སྟེ་སླར་ངེས་པར་འབྱུང་བའི་དོན་དུ་ནི་མ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ནི་གཙོ་བོ་སྟེ།
དེ་ལྟར་ན་ཡང་ཉན་ཐོས་ཀྱི་ཐེག་པ་ལ་སློབ་པར་འདོད་པས་སེམས་དཔའ་ཆེན་པོས་ཤེས་རབ་ཆེན་པོ་རྣམས་ལས་འདོད་པ་ཡིན་ནོ། །མཉན་པར་བྱ་བ་ནི་གཞུང་ལས་སོ། །གཟུང་བར་བྱ་བ་ནི་ཟློས་པར་བྱ་བའོ། །བཅང་བར་བྱ་ཞེས་བྱ་བ་ནི་སྙིང་ལ་གཞག་པར་བྱ་བའོ། །བཀླག་པར་བྱ་ཞེས་བྱ་བ་
ནི་མི་བརྗེད་པའི་དོན་དུ་གདོན་པར་བྱའོ། །ཀུན་ཆུབ་པར་བྱ་ཞེས་བྱ་བ་ནི་དོན་ལས་སོ། །རྣམ་པ་ཐམས་ཅད་དུ་ཤེས་པར་བྱ་ཀུན་ནས་ཟློས་པར་བྱ་སྟེ། གཞན་རྣམས་ལ་ཡང་གཞུང་དང་དོན་དག་བཤད་པའི་ཕྱིར་རོ། །གཞན་རྣམས་རྗེས་སུ་འཛིན་པ་ནི་དེ་རྣམས་ལ་ཡང་བསོད་
ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པས་འཇུག་པ་དང་ཡོངས་སུ་སྨིན་པ་དང་རྣམ་པར་གྲོལ་བའི་དོན་དུའོ། །འགའ་ཞིག་ཏུ་རབ་ཏུ་འདོན་པར་བྱའོ་ཞེས་འབྱུང་བ་ཡིན་ནོ། །བསླབ་པར་བྱ་ཞེས་བྱ་བ་ནི་བསླབ་པ་ལ་ངེས་པར་འབྱུང་བས་སོ། །རྣལ་འབྱོར་དུ་བྱའོ་ཞེས་བྱ་
བ་ནི་དཔྱོད་པ་དང་སོ་སོར་རྟོག་པའི་ངེས་པར་འབྱུང་བ་དག་གིས་སོ། །རྣལ་འབྱོར་ནི་ཞི་གནས་དང་ལྷག་མཐོང་དེ་བྱའོ། །དུས་དང་དངོས་པོ་དང་ལམ་དང་འགྲོ་བར་བྱ་བ་ཞེས་བྱ་བས་རྣལ་འབྱོར་གྱི་ལས་ཉིད་དེ་འོན་ཀྱང་རབ་ཏུ་གྲགས་པའི་ལས་ཀྱིས་ལས་ཉིད་མ་ཡིན་པའི་ཕྱིར་དངོས་པོ་ལ་རྐྱེན་

ནོ། །བྱང་ཆུབ་སེམས་དཔའི་ས་ལ་ཡང་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་ནི་བཅུ་སྟེ། རབ་ཏུ་དགའ་བ་དང་ཇི་སྲིད་ཆོས་ཀྱི་སྤྲིན་ནོ། །དེ་ཉིད་ནི་ལམ་ཤེས་པ་ཉིད་དུ་བརྗོད་པ་ཡིན་ནོ། །ཐབས་ལ་མཁས་པ་དང་ལྡན་པས་ཞེས་བྱ་བ་ལ་ཐབས་ནི་རྒྱུ་རྣམས་སོ། །དེ་རྣམས་
ཀྱང་སངས་རྒྱས་ཀྱི་ཆོས་རྣམས་རྫོགས་པར་བྱ་བའི་ཕྱིར་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང་། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་སོ། །དེ་ལ་མཁས་པ་ནི་
རྣོ་བ་སྟེ་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྒྲུབ་པའོ། །དེ་ཡང་རྒྱས་པར་རྣམ་པ་མང་བ་སྟེ་དེ་དང་དེར་གསུངས་པའོ། །མདོར་བསྡུས་པ་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཐམས་ཅད་ནི་ཀུན་རྫོབ་ཀྱི་ཤེས་པས་ཡོངས་སུ་སྦྱོང་བར་བྱེད་དོ། །ཕྱིས་དོན་དམ་པར་མི་དམིགས་
པས་རྣམ་པར་སྦྱོང་བར་བྱེད་པ་དེ་བས་ན་ཤིན་ཏུ་ཡོངས་སུ་རྫོགས་པ་དང་། ཤིན་ཏུ་རྣམ་པར་དག་པ་ཡང་ཡིན་ཞེས་བྱ་བའོ། །དེ་འདིར་ཐབས་ལ་མཁས་པ་ཞེས་བྱ་སྟེ་དེས་ཡང་དག་པར་ལྡན་པ་ནི་ལྡན་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་བྱང་ཆུབ་
སེམས་དཔའ་རྣམས་ལ་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྒྲུབ་པའི་དོན་དུ་རྣལ་འབྱོར་ཐམས་ཅད་ཀྱི་ནི་ངེས་སོ། །འདིར་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ནི་རྒྱས་པར་གསུངས་པ་ཞེས་བྱ་བ་འདིས་འདི་ལ་འགལ་བ་མེད་དེ་འགའ་ཞིག་ཏུ་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཐོབ་པར་
བྱ་བའི་ཕྱིར་ཞེས་འབྱུང་བས་སོ། །བླ་ན་མེད་པ་ཡང་དག་ཅེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་རྣམས་ཀྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཡང་དག་པར་བསྡུས་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་ལ་སློབ་པ་ནི་གང་ཞིག་ས་བཅུ་ཐོབ་ནས་
སངས་རྒྱས་ཀྱི་ས་ཐོབ་པའི་དོན་དུ་སྦྱོར་བའི་ལམ་ལ་གོམས་པའོ། །དེ་ཉིད་ནི་ཡང་དག་པའི་བྱང་ཆུབ་སྟེ་སྦྱོར་བའི་ལམ་དང་བཅས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ལྟར་འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་

གང་ལ་བསླབ་པར་བྱ་བ་དང་རྣལ་འབྱོར་དུ་བྱ་བའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྒྱས་པར་བསྟན་ཏོ་ཞེས་བྱ་བའི་བར་གྱིས་ཡུལ་གྱིས་ངེས་པར་འབྱུང་བའི་ཕན་ཡོན་བསྟན་པ་ཡིན་ནོ། །ད་ནི་ངེས་པར་འབྱུང་བའི་རྣམ་པ་ཇི་ཙམ་གྱིས་ཡིན་ཞེ་ན།
ངེས་པར་འབྱུང་བའི་རབ་ཏུ་དབྱེ་བ་བསྟན་པར་བྱ་བ་ནི་དེ་ཡང་ངེས་པར་འབྱུང་བའི་སྒྲུབ་པ་རྣམ་པ་དྲུག་སྟེ། མཐའ་གཉིས་ལ་ཁས་མི་ལེན་པའི་སྒྲུབ་པ་དང་། གནས་པ་མེད་པའི་སྒྲུབ་པ་དང་། ཡོངས་སུ་འཛིན་པ་མེད་པའི་སྒྲུབ་པ་དང་། ཉེ་བར་གདགས་པའི་སྒྲུབ་པ་
དང་། རིགས་པའི་སྒྲུབ་པ་དང་། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཞེས་བྱ་བའི་སྒྲུབ་པའོ། །དེ་རྣམས་ཀྱང་འོག་ཏུ་རིམ་པ་ཇི་ལྟ་བར་གནས་གནས་སུ་འཆད་པར་འགྱུར་བ་ཡིན་ཏེ། དེ་ནི་གནས་བརྟན་རབ་འབྱོར་སྒྲུབ་པ་དྲུག་པོ་འདི་ལ་གནས་སྐབས་ཉེ་བར་
བསྐྱེད་པའི་དོན་དུ་གསུངས་པ། གང་ཞིག་བདག་གིས་ཞེས་བྱ་བ་ལ་སོགས་པ་དང་བྱང་ཆུབ་སེམས་དཔའི་མིང་ཞེས་པ་ནི་གཅིག་ཏུ་ན་ཆོས་གཞན་མ་ཡིན་ཏེ་བྱང་ཆུབ་སེམས་དཔའ་ཡང་མ་འཚལ་ལ་འོན་ཀྱང་མིང་ཙམ་ནི་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་མ་འཚལ་ཞེས་བྱ་
བའི་ཁྱད་པར་གསུངས་པ་ནི་འདིས་ནི་རྣམ་པ་བཞི་བསྟན་པར་བྱེད་དེ་བྱང་ཆུབ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་གི་དབང་གིས་ཚད་མ་གསུམ་པོས་མི་དམིགས་
པའི་གདམས་ངག་དགྲ་བཅོམ་པའི་གང་ཟག་གདམས་ངག་ཏུ་རུང་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མ་མཐོང་བ་སྟེ། གང་ཟག་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་ངེས་པར་སྦྱར་བར་བགྱི་ཞེས་གསུངས་པ། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི་ཞེས་བྱ་བའི་བར་གྱི་གཞུང་གིས་སོ། །དེ་ལྟར་གནས་བརྟན་རབ་འབྱོར་གྱིས་ངེས་པར་འབྱུང་བའི་རབ་ཏུ་དབྱེ་བ་བརྗོད་པའི་ཕྱིར་སྔར་གསུངས་པའི་ཆོས་ཐམས་ཅད་མི་དམིགས་པའི་མཚན་ཉིད་ཅན་ངེས་

པར་འབྱུང་བའི་གདམས་ངག་བརྗོད་པ་གནས་སྐབས་ཉེ་བར་བརྩམས་ཏེ། མཐའ་གཉིས་ཉེ་བར་ཞི་བའི་མཚན་ཉིད་ཅན་ངེས་པར་འབྱུང་བའི་སྒྲུབ་པ་གསུངས་པ་བདག་གི་བློ་ལ་གཅགས་ལགས་སོ་ཞེས་བྱ་བ་ལ་སོགས་པའོ། །འགྱོད་པ་ནི་བརྗོད་པ་མ་ཡིན་ཏེ་ངན་པ་བྱས་པ་མེད་
པའི་ཕྱིར་རོ། །གློ་བ་ལ་གཅགས་པ་ནི་མི་ཤེས་པས་བྱས་པའི་སྐྱོན་ཡིན་ཞེས་བྱ་བར་དགོངས་པའོ། །དངོས་པོ་མ་འཚལ་ཞེས་བྱ་བ་ནི་རིགས་པས་མཚུངས་པ་ཉིད་ཀྱི་ཆོས་རྣམས་ཐམས་ཅད་ཉིད་དོ། །མིང་ཙམ་བཟུང་ནས་འདུ་བ་དང་འགོད་པར་ཇི་ལྟར་བགྱི་སྟེ་བྱང་ཆུབ་སེམས་
དཔའ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་མོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཡང་བལྟ་བར་བྱ་སྟེ་དེ་ལྟར་གཙོ་བོ་ཉིད་ཀྱི་ཕྱིར་རོ། །མེད་པར་གྱུར་པ་ལ་སྒྲོ་འདོགས་པ་ནི་འདུ་བ་ཞེས་བརྗོད་དོ། །ཡོད་པར་གྱུར་པ་ལ་སྐུར་པ་འདེབས་པ་ནི་འགོད་པར་བགྱིད་དོ། །དེ་ལ་གལ་
ཏེ་མེད་པར་གྱུར་པའི་ཀུན་བརྟགས་དང་གཞན་དབང་གི་དོན་དམ་པར་ཡོད་པའི་ངོ་བོ་བརྗོད་པ་ཡིན་ན་སྒྲོ་འདོགས་པའི་མཐའ་འབྱུང་བར་འགྱུར་རོ། །ཡོངས་སུ་གྲུབ་པ་ཆོས་ཉིད་ཀྱི་རང་བཞིན་ལ་ཡང་དོན་དམ་པར་མེད་པ་ཉིད་ཀྱིས་སྐུར་པ་འདེབས་པའི་མཐར་ལྟུང་བའོ། །ཡང་ན་ངོ་བོ་
ཉིད་གསུམ་ཡང་ཆ་གང་གིས་ཡོད་པའི་མཚན་ཉིད་ཅན་དེས་བསྙོན་འདེབས་པ་ན་སྐུར་པའི་མཐའོ། །གང་གིས་མེད་པའི་མཚན་ཉིད་ཅན་དེས་ཡོད་པ་ཉིད་དུ་བརྟགས་པ་ལ་སྒྲོ་འདོགས་པའི་མཐའོ། །ཇི་སྐད་དུ་གསུངས་པ། གང་གི་ཕྱིར། ཡོད་པ་མཚན་ཉིད་ཀྱིས་བཟུང་བ། །
གཅིག་ཏུ་མེད་པ་ཁོ་ན་སྟེ། །ཀུན་ཏུ་བརྟགས་པའི་རང་བཞིན་དེས། །ཡོད་དང་མེད་པའི་མཚན་ཉིད་འདོད། །ཅེས་བྱ་བའོ། །གཞན་དབང་གི་རང་བཞིན་ཡང་དེ་ལྟར་ཡོད་པ་མ་ཡིན་ཏེ་ཇི་ལྟར་གཉིས་སུ་སྣང་བ་ཉིད་ཀྱིས་ཤེས་པར་འགྱུར་བའོ། །རྣམ་པ་ཐམས་
ཅད་དུ་ཡང་མེད་པ་མ་ཡིན་ཏེ་འཁྲུལ་པ་ཙམ་དུ་ཡོད་པའི་ཕྱིར་རོ། །ཇི་སྐད་དུ་གསུངས་པ། འཁྲུལ་པའི་ངོ་བོར་ཡོད་པ་སྟེ། །སྣང་བ་ཇི་ལྟར་ཡོད་མ་ཡིན། །གང་ཕྱིར་གཞན་གྱི་དབང་དེས་ནི། །ཡོད་དང་མེད་པའི་མཚན་ཉིད་འདོད། །ཅེས་བྱ་བའོ། །ཡོངས་སུ་གྲུབ་

པའི་རང་བཞིན་ཡང་ཡོད་ཅེས་བརྗོད་པར་མི་ནུས་ཏེ་གང་གི་ཕྱིར་ཀུན་ཏུ་བརྟགས་པའི་གཟུང་བ་དང་། འཛིན་པ་གཉིས་ཀྱིས་མེད་པའི་མཚན་ཉིད་ཅན་ནོ། །མེད་པའི་མཚན་ཉིད་ཅན་ཡོད་ཅེས་བརྗོད་པར་མི་ནུས་སོ། །མེད་པ་ཞེས་བྱ་བ་ཡང་སྨྲ་བར་
ནུས་པ་མ་ཡིན་ནོ། །གང་གི་ཕྱིར་གང་དང་བྲལ་བའི་ངོ་བོས་ཡོད་པ་ཡིན་ཏེ་དེ་ལྟ་བུ་ཡང་གལ་ཏེ་ཡོད་པ་ཞེས་བརྗོད་ན་དངོས་པོའི་བདག་ཉིད་ཀྱིས་ཡོད་ཅེས་ཐོབ་པའི་ཕྱིར་སྒྲོ་འདོགས་ཀྱི་མཐར་འགྱུར་བ་ཡིན་ལ། འོན་ཏེ་མེད་ཅེས་བརྗོད་ན་རི་བོང་གི་རྭ་བཞིན་དུ་ཡང་མེད་པས་
དེའི་ཕྱིར་སྐུར་པ་འདེབས་པའི་མཐར་འགྱུར་རོ། །དེའི་ཕྱིར་གཉི་ག་ལྟར་ཡང་བརྗོད་པར་ནུས་པ་མ་ཡིན་ཞེས་བྱ་བའོ། །ཇི་སྐད་དུ་གསུངས་པ། གང་གི་གཉིས་མེད་ཚུལ་གྱིས་ཡོད། །གཉིས་ནི་མེད་པ་ཁོ་ན་སྟེ། །དེས་ན་རང་བཞིན་ཡོངས་སུ་གྲུབ། །ཡོད་དང་
མེད་པའི་མཚན་ཉིད་འདོད། །ཅེས་བྱའོ། །སླར་ཡང་མིང་ཙམ་དེ་མེད་པར་གསུངས་པ་ནི་བཅོམ་ལྡན་འདས་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། གནས་མ་ལགས་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་བཞིན་དུ་གནས་པ་མ་ཡིན་ནོ། །མི་གནས་པ་ཡང་མ་ལགས་ཞེས་བྱ་
བ་ནི་འདུས་མ་བྱས་པའི་ནམ་མཁའ་ལ་སོགས་པ་བཞིན་དུ་གནས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །འགའ་ཞིག་ཏུ་ནི་གནས་པ་དང་བྲལ་བ་མ་ལགས་ཤིང་གནས་པ་དང་བྲལ་བ་མ་ལགས་པ་ཡང་མ་ལགས་སོ་ཞེས་བྱ་བ་འབྱུང་བ་སྟེ། བཤད་པ་ཡང་གནས་པ་མ་ལགས་ཏེ་
ནི་རྒྱུན་གྱི་ངོ་བོས་སོ། །རྟག་པ་ལ་སོགས་པ་མེད་པའི་ཕྱིར་མི་གནས་པ་ཡང་མ་ལགས་སོ། །གནས་པ་དང་བྲལ་བ་ལགས་ཤིང་ནི་རྒྱུན་དང་མི་འདྲ་བ་ཉིད་ཀྱིས་སོ། །གནས་པ་དང་བྲལ་བ་མ་ལགས་པ་ཡང་དེ་བཞིན་དུའོ། །མཐའ་གཉིས་ཁས་མི་ལེན་པའི་སྒྲུབ་པའི་མཇུག་
སྡུད་པར་བྱེད་དེ། བཅོམ་ལྡན་འདས་གལ་ཏེ་དེ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཞེས་བྱ་བ་ནི་མཐའ་གཉིས་ཁས་མི་ལེན་པའི་སྒྲུབ་པའི་མཚན་ཉིད་ཅན་ལའོ། །ཟབ་མོ་ཞེས་བྱ་བ་ནི་ལྷག་པར་མོས་པར་དཀའ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའོ། །བཤད་པ་དང་ཞེས་

བྱ་བ་ནི་གཞུང་གིས་སོ། །བསྟན་པ་དང་ཞེས་བྱ་བ་ནི་དོན་ལས་སོ། །ཉེ་བར་བསྟན་པ་ལ་ཞེས་བྱ་བ་ནི་དོན་ལ་བསམ་པའི་རང་བཞིན་གྱིས་ཤེས་རབ་བསྐྱེད་པ་ལས་སོ། །བསྟན་པར་བྱེད་པ་ལ་ཞེས་བྱ་བ་ནི་ཀློག་པར་བྱེད་པས་སོ། །སེམས་མི་འགོང་ཞེས་བྱ་བ་ལ་སོགས་པ་སྔ་མ་
བཞིན་ནོ། །མོས་པའི་ཞེས་བྱ་བ་ནི་མཐའ་གཉིས་བསལ་བས་ངེས་པར་བྱེད་པའོ། །བསམ་པ་ལྷག་པ་ནི་ལྷག་པའི་བསམ་པ་སྟེ་དེས་སོ། །མཐའ་གཅིག་གིས་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ནི་མཐའ་གཉིས་བསལ་བའི་མཚན་ཉིད་ཅན་གྱིས་རིག་པར་
བྱའོ། །གནས་པ་ཞེས་བྱ་བ་ལ་སོགས་པ་ཕྱིར་མི་ལྡོག་པ་ཞེས་བྱ་བ་སྟེ། ཕྱིར་མི་ལྡོག་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ལྡོག་པའི་ངེས་པས་དེའི་དོན་དུ་ཕན་པ་ལའོ། །ཇི་ལྟར་གནས་ཤེ་ན། གསུངས་པ་ནི་མི་གནས་པའི་ཚུལ་གྱིས་ལེགས་པར་གནས་
པ་ལགས་སོ་ཞེས་བྱ་བ་སྟེ། གནས་པ་ལ་མི་དམིགས་པའི་ཚུལ་གྱིས་གང་ཞིག་ལེགས་པར་གནས་པ་སྟེ་ཡང་དག་པར་གནས་པའོ། །དེ་ཉིད་ནི་དེ་ལ་གནས་པའོ། །འདི་ནི་སྒྲུབ་པ་འདི་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ལྡོག་པའི་ངེས་པས་ངེས་པར་འབྱུང་བ་ཉིད་བསྟན་
ཏོ། །དེ་ལྟར་མཐའ་གཉིས་ཁས་མི་ལེན་པའི་སྒྲུབ་པ་བཤད་ནས། འོག་ཏུ་མི་གནས་པའི་སྒྲུབ་པ་འཆད་པར་བྱེད་དེ། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནས། རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །
ཞེས་བྱ་བའི་བར་གྱི་གཞུང་གིས་སོ། །མཐའ་གཉིས་ཁས་མི་ལེན་པའི་སྒྲུབ་པའི་མཐར་མི་གནས་པའི་ཚུལ་གྱིས་ལེགས་པར་གནས་པ་ལགས་སོ་ཞེས་བྱ་བའི་ཚིག་གི་མཐའ་གནས་སྐབས་ཀྱིས་མི་གནས་པའི་སྒྲུབ་པ་གཟུང་བར་བྱ་ཞེས་འབྲེལ་ཏོ། །གཟུགས་ལ་གནས་པར་མི་བགྱི་
ཞེས་བྱ་བ་ནི་ཅིའི་ཕྱིར་གཟུགས་ལ་གནས་པར་མི་བྱ་ཞེ་ན། ཆེན་པོ་རྣམས་ལས་འཐད་པ་གསུངས་པ། འདི་ལྟ་སྟེ། གཟུགས་ནི་གཟུགས་ཉིད་ཀྱིས་སྟོང་སྟེ། གང་ཡང་གཟུགས་ཀྱི་སྟོང་པ་ཉིད་དེ་ནི་གཟུགས་མ་ཡིན་ཏེ། སྟོང་པ་ཉིད་ལས་གཞན་དུ་ཡང་གཟུགས་མེད་ལ་གཟུགས་ཉིད་

ཀྱང་སྟོང་པ་ཉིད་དེ་སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བའོ། །དགོངས་པ་ནི་འདི་ཡིན་ཏེ་གཟུགས་ལ་གནས་པར་མི་བྱ་སྟེ་གང་གི་ཕྱིར་གཟུགས་ནི་གཟུགས་ཉིད་ཀྱིས་སྟོང་ཞེས་བྱ་བའོ། །འདིར་གཟུགས་ནི་རྣམ་པ་གསུམ་སྟེ། ཀུན་ཏུ་བརྟགས་
པའི་གཟུགས་དང་། རྣམ་པར་བརྟགས་པའི་གཟུགས་དང་། ཆོས་ཉིད་ཀྱི་གཟུགས་ཞེས་བྱ་བའོ། །གང་ཞིག་འདི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་གཟུགས་སུ་བྱེད་པ་ལ་སོགས་པའི་མཚན་ཉིད་ཀྱིས་བཟུང་བར་གྱུར་པ་དང་དངོས་པོའི་ངོ་བོ་ཅན་དེ་ནི་ཀུན་ཏུ་བརྟགས་པའི་གཟུགས་
ཞེས་བྱ་བའོ། །དེ་ཉིད་ནི་རྣམ་པ་གང་གིས་དོན་སྣང་བ་ལ་ཡུལ་དུ་གྱུར་པ་དེ་ནི་རྣམ་པར་བརྟགས་པའི་གཟུགས་ཞེས་བྱ་བའོ། །གང་ཞིག་རྣམ་པ་དེ་དག་དང་བྲལ་བ་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཙམ་པ་དེ་ནི་ཆོས་ཉིད་ཀྱི་གཟུགས་ཞེས་བྱ་བའོ། །དེ་ལ་གང་ཞིག་འདི་ཡོངས་སུ་
གྲུབ་པ་ཆོས་ཉིད་ཀྱི་གཟུགས་དེ་ནི་ཀུན་ཏུ་བརྟགས་པའི་ངོ་བོ་སྟོང་པ་ཉིད་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་ཅན་དེ་ནི་གཟུགས་མ་ཡིན། དེ་གཟུགས་ཀྱི་རང་བཞིན་མ་ཡིན་ཏེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་རྣམ་པ་དང་རྣམ་པར་བྲལ་བའི་ཕྱིར་རོ། །གལ་ཏེ་དེ་ལྟར་
ན་རྣམ་པ་ཐམས་ཅད་དུ་གཟུགས་མེད་པ་ཡིན་ན་གང་གིས་འདི་སྟོང་པ་ཉིད་ཡིན་ཞེས་བརྗོད་དོ། །གང་གི་ཕྱིར་ཡུལ་དང་བྲལ་བའི་སྟོང་པ་ཉིད་ནི་ཡོད་པ་མ་ཡིན་ཏེ། ཆོས་ལས་གཞན་དུ་གྱུར་པའི་ཆོས་ཉིད་ཀྱང་མི་རིགས་ལ། ཆོས་ཉིད་ལས་གཞན་པའི་ཆོས་ཀྱང་རིགས་པ་མ་ཡིན་ནོ་ཞེས་ཐེ་ཚོམ་ཟ་བ་
ལ་བརྗོད་པར་བྱ་སྟེ། སྟོང་པ་ཉིད་ལས་གཞན་པ་གཟུགས་ཡོད་པ་མ་ཡིན་ཞེས་བྱ་བའོ། །ཅི་ཞིག་གསུངས་པར་འགྱུར། ཇི་ལྟར་མ་དག་པའི་ཆུ་ནི་མ་དག་པའི་གནས་སྐབས་ལ་འདམ་ཞེས་བརྗོད་ལ་དག་པའི་གནས་སྐབས་སུ་ཆུ་ཞེས་བརྗོད་དོ། །ཇི་ལྟར་མ་དག་པའི་གནས་
སྐབས་ལ་ནམ་མཁའ་ནི་ཡུལ་ངན་ཞེས་བརྗོད་ལ་དག་པའི་གནས་སྐབས་སུ་ནམ་མཁའ་ཞེས་བྱ་བའོ། །དེ་བཞིན་དུ་སྟོང་པ་ཉིད་འདི་ཡང་བྱིས་པ་རྣམས་ལ་མ་དག་པའི་གནས་སྐབས་སུ་སོ་སོར་གྱུར་པ་མ་ཡིན་པའི་གཟུགས་ལ་སོགས་པའི་སྒྲ་རྣམས་ཀྱིས་མངོན་པར་

བརྗོད་པ་ཡིན་ལ་དག་པའི་གནས་སྐབས་ལ་སྟོང་པ་ཉིད་ཅེས་བརྗོད་དོ། །དེ་བས་ན་སྟོང་པ་ཉིད་ལས་སོ་སོར་གྱུར་པའི་གཟུགས་ལ་སོགས་པའི་ཆོས་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་ཆོས་དང་ཆོས་ཉིད་དག་ཐ་མི་དད་པར་ཡོད་པ་ལ་བརྒྱ་ལམ་ན་གཟུགས་ཉིད་སྟོང་པ་ཉིད་
དུ་བརྗོད་དེ། གང་གི་ཚེ་ཆོས་ཉིད་ཀྱིས་ཆོས་བརྗོད་པར་འདོད་ན་བརྒྱ་ལམ་ན་སྟོང་པ་ཉིད་ལ་གཟུགས་ཞེས་བརྗོད་པ་ཡིན་ནོ། །གང་གི་ཚེ་ཆོས་ཀྱི་ཆོས་ཉིད་བརྗོད་པར་འདོད་ན་ཡང་དེ་ན་གཟུགས་ཉིད་སྟོང་པ་ཉིད་ཅེས་བྱ་བ་ཆོས་ཉིད་ཀྱི་གཟུགས་ཉིད་སྟོང་པ་ཉིད་ཅེས་བརྗོད་དེ་སྟོང་པ་
ཉིད་ཁོ་ན་གཟུགས་ཞེས་བྱ་བའོ། །སྟོང་པ་ཉིད་ནི་དེ་བཞིན་ཁོ་ན་སྟེ་ཆོས་ཉིད་ཀྱི་གཟུགས་བརྗོད་པ་ཡིན་ནོ། །དེ་ཉིད་ཀྱི་ཚེ་ཀུན་ཏུ་བརྟགས་པ་དང་རྣམ་པར་བརྟགས་པའི་གཟུགས་དག་ལ་ཤིན་ཏུ་མེད་པས་ཡོངས་སུ་གྲུབ་པ་ལ་ཡང་གནས་པར་མི་རུང་བའི་ཕྱིར་གསུངས་པ།
གཟུགས་ལ་གནས་པར་མི་བགྱིའོ་ཞེས་བྱ་བ་སྟེ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམས་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་མི་གནས་པའི་སྒྲུབ་པ་ཉེ་བར་བསྟན་ནས་གནས་པ་ལ་ཉེས་དམིགས་བསྟན་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་གཟུགས་ལ་གནས་
ན་ཞེས་བྱ་བ་ནི་གཟུགས་ཐབས་མི་མཁས་པ་ཉིད་ཀྱིས་ཚུལ་བཞིན་མ་ཡིན་པ་བཟུང་ནས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཆོས་རྣམས་ལ་མ་ཤེས་ཤིང་བདག་ནི་གཟུགས་ཀྱི་རང་བཞིན་ཞེའམ་བདག་གི་འདི་གཟུགས་ཤེའམ་གཟུགས་ཀྱི་མཚན་ཉིད་འདི་ཞེས་བྱ་བ་ནི་གཟུགས་
ལ་གནས་པ་ཡིན་ནོ། །དེ་ནི་གཟུགས་ཀྱི་མངོན་པར་འདུ་བྱེད་པ་གཟུགས་ཀྱི་རྣམ་པར་རྟོག་པ་དང་རྗེས་སུ་སོང་བའི་འདུ་བྱེད་ཀྱི་ཆོས་ལ་སྤྱོད་དེ་སྟོང་པ་ཉིད་ཀྱི་མཚན་ཉིད་དང་རྗེས་སུ་འབྲང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །མངོན་པར་
འདུ་བྱེད་པའི་སྤྱོད་པ་ལ་ཡང་ཉེས་དམིགས་བསྟན་པར་བྱེད་དེ་མངོན་པར་འདུ་བྱེད་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་མ་ལགས་པ་ཞེས་བྱ་བ་ནི། ཅིའི་ཕྱིར་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་ལ་ལྟུང་བ་མངོན་པར་འདུ་བྱེད་པ་ལ་སྤྱོད་ཅིང་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་དང་རྣལ་འབྱོར་ཐོབ་པ་དང་ཡོངས་སུ་རྫོགས་པ་དང་ངེས་པར་འབྱུང་བ་རྣམས་ཐོབ་པ་མ་ཡིན་ཞེས་གསུངས་པ། ཡོངས་སུ་མི་བཟུང་བ་ཡོངས་སུ་བཟུང་བས་ཞེས་བྱ་བ་སྟེ། ཇི་ལྟར་ཡོངས་
སུ་མི་འཛིན་པ་འཛིན་པར་བྱེད་ཅེས་གསུངས་པ། གཟུགས་ཡོངས་སུ་བཟུང་བ་མ་མཆིས་སོ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་ཡོངས་སུ་མི་འཛིན་པའི་སྒྲུབ་པ་ཞེས་བརྗོད་པ་ཡིན་ནོ། །སྒྲུབ་པ་འདི་ཡང་རྣམ་པ་གསུམ་དུ་བསྟན་པ་ཡིན་ཏེ་ཆོས་ཡོངས་སུ་མི་འཛིན་པ་དང་།
ཡེ་ཤེས་ཡོངས་སུ་མི་འཛིན་པ་དང་། མཚན་མ་ཡོངས་སུ་མི་འཛིན་པའོ། །དེ་ལ་ཆོས་མི་འཛིན་པའི་དུས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཟུགས་ཡོངས་སུ་བཟུང་བ་མ་མཆིས་སོ་ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་ཡོངས་སུ་བཟུང་
བ་མ་མཆིས་ཏེ་ཞེས་བྱ་བའི་བར་གྱིས་སོ། །མཚན་མར་མི་འཛིན་པའི་དུས་ནི་མཚན་མར་བཟུང་བ་མ་ལགས་སོ། །ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་ཏོ་ཞེས་བྱ་བའི་བར་གྱིས་སོ། །ཡེ་ཤེས་ཡོངས་སུ་མི་འཛིན་པའི་དུས་ནི་དེ་ལ་
ཤེས་པ་དེ་དགའ་བ་དང་བདེ་བ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རིག་པར་བགྱིའོ་ཞེས་བྱ་བའི་བར་གྱིས་སོ། །དེ་ལ་དང་པོ་ཆོས་ཡོངས་སུ་མི་འཛིན་པའི་དུས་ལ། གཟུགས་ཡོངས་
སུ་བཟུང་བ་མ་མཆིས་སོ་ཞེས་བྱ་བ་ནི་གང་གི་ཕྱིར་ཆོས་ཉིད་ཀྱི་གཟུགས་ནི་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་ལ་ལྟུང་བའི་རྒྱུད་གང་གིས་ཀྱང་གཟུགས་ཉིད་དུ་ཡོངས་སུ་འཛིན་པ་མ་ཡིན་ཏེ། དེའི་ཕྱིར་མངོན་པར་འདུ་བྱེད་པ་ལ་སྤྱོད་ཅིང་དོན་དམ་པའི་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་སྤྱོད་པར་མི་བྱེད་ཅེས་བྱ་བ་བསྟན་པར་བྱེད་དེ། ཅིའི་ཕྱིར་གཟུགས་ཡོངས་སུ་མི་འཛིན་ཞེས་བྱ་བ་གསུངས་པ། གཟུགས་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་ཞེས་བྱ་བ་སྟེ་འདིར་ནི་ཡོངས་སུ་མི་

འཛིན་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་བརྗོད་པ་ཡིན་ཏེ། གང་ཞིག་ཆོས་ཉིད་ཀྱི་གཟུགས་ལ་ཡོངས་སུ་མི་འཛིན་པ་ཡོངས་སུ་གྲུབ་པའི་རང་བཞིན་དེ་ནི་ཀུན་ཏུ་བརྟགས་པའི་གཟུགས་ཀྱི་རང་བཞིན་ནི་མ་ཡིན་ནོ། །དེ་བས་ན་ཆོས་ཉིད་ཀྱི་གཟུགས་
ཡོངས་སུ་མ་བཟུང་ཞེས་སྦྱར་བར་བྱ་སྟེ་དོན་ནི་འདི་ཡིན་ནོ། །གཟུགས་ལ་སོགས་པའི་ཆོས་ཀྱི་རྣམ་པ་འགའ་ཞིག་སྔར་ཡོངས་སུ་བཟུང་ནས་ཕྱིས་གཞན་གང་གིས་ཀྱང་སྟོང་པར་བྱེད་པ་མ་ཡིན་ཏེ་འོན་ཀྱང་སྟོང་པ་ཉིད་དེའི་རང་བཞིན་དེའི་ཕྱིར་དེ་ལ་ཡོངས་སུ་འཛིན་པ་
ཡང་དག་པར་འབྱུང་བ་གང་ལས་ཡིན། དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམས་ལ་ཡང་སྦྱར་བར་བྱའོ། །འདི་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་དེའི་ཆོས་བརྗོད་པ་མིང་ཙམ་ཏིང་ངེ་འཛིན་ལ་གསུངས་པ། ཆོས་རྣམས་ཐམས་ཅད་
ཡོངས་སུ་མ་བཟུང་བ་གང་ལ་དེ་ནི་དེ་ལྟར་བརྗོད་དོ། །ཡངས་པ་ནི་ཡངས་པའི་ཆོས་ཀྱི་དབྱིངས་ལ་དམིགས་པའི་ཕྱིར། མདུན་དུ་བགྱིས་པ་ནི་སངས་རྒྱས་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པའི་ཕྱིར་རོ། །ཚད་མེད་པ་ནི་སངས་རྒྱས་ཉིད་དེ་དེ་ལ་ངེས་པའི་ཕྱིར་ཚད་མེད་པར་
ངེས་པའོ། །ཐམས་ཅད་མཁྱེན་པ་ཉིད་དེ་ཡང་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། གང་གི་ཕྱིར་སྟོང་པ་ཉིད་ཐམས་ཅད་ཀྱིས་ཤིན་ཏུ་ཡོངས་སུ་སྦྱངས་པའི་ཡེ་ཤེས་ཆོས་ཐམས་ཅད་མི་དམིགས་པ་ཡོངས་སུ་མཐར་ཐུག་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྱུང་
བ་སྟེ། དེ་བས་ན་དེ་ཡང་ཡོངས་སུ་བཟུང་བ་ཞེས་བསྟན་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། མཚན་མར་བཟུང་བ་མ་ལགས་སོ། །ཞེས་བྱ་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་མས་རྣམ་པར་བྲལ་བར་རྣམ་
པ་ཐམས་ཅད་དུ་མཚན་མ་མེད་པའི་རྣམ་པ་ཅན་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ནི་མཚན་མའི་ཉོན་མོངས་པ་ཅན་ཞེས་བརྗོད་པ་ཡིན་ཏེ་བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་པར་རྟོག་པའི་མཚན་མ་ཉིད་རྒྱུད་ལ་ཉོན་མོངས་པར་

བྱེད་པ་དེ་བས་ན་ཉོན་མོངས་པ་ཞེས་བརྗོད་པ་ཡིན་ནོ། །འདིས་ཀྱང་མཚན་མ་ཡོངས་སུ་མི་འཛིན་པའི་དུས་ཉེ་བར་བསྟན་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་མཚན་མ་མེད་པའི་ལམ་ཉིད་སྐྱེད་པར་བྱེད་དེ། ཀུན་ཏུ་རྒྱུ་ཞེས་བྱ་བ་ནི་ཀུན་
ཏུ་རྒྱུ་ཞེས་བྱ་བའོ། །མོས་ནས་ཞེས་བྱ་བ་ནི་གང་གི་ཕྱིར་ཕྲེང་བ་ཅན་ཏེ་སྔར་མཚན་མ་མེད་པའི་ལམ་ལ་དམིགས་ནས་དེ་ལ་དད་པ་སྐྱེས་ཏེ། དད་པ་དེ་ཉིད་ཀྱིས་མཚན་མ་མེད་པའི་ཡེ་ཤེས་སྐྱེད་པར་བྱེད་པ་སོ་སོར་ཐོབ་ནས་མཚན་མ་མེད་པའི་ཡེ་ཤེས་དེས་ཆོས་ཐམས་ཅད་
ཡུལ་མ་ཡིན་པའི་ཕྱིར་ཕྱོགས་གཅིག་པས་ཆོས་རྣམས་ལ་འཇུག་སྟེ། གཟུགས་བཟུང་ནས་སོ་སོར་རྟོག་པར་བྱེད་པ་ན་གཟུགས་ཀྱི་མཚན་མ་དམིགས་པ་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམས་བཟུང་ནས་སོ་སོར་རྟོག་པ་ན། ཚོར་བ་ལ་སོགས་པའི་ཆོས་
ཀྱི་མཚན་མ་ཡང་ཉེ་བར་དམིགས་པ་མ་ཡིན་ནོ། །དེའི་ཕྱིར་བརྗོད་པ་དེ་ཞུགས་ནས་ཀྱང་གཟུགས་ཡོངས་སུ་མི་འཛིན་ཏོ་ཞེས་བྱ་བ་སྟེ། དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམས་ལའོ། །འདིར་རྒྱུ་གསུངས་པ། དེ་ལ་ཤེས་པ་དེ་དགའ་བ་དང་བདེ་བ་ཞེས་བྱ་བ་སྟེ། དེ་ལ་མཚན་
མ་མེད་པ་ལ་ཡོངས་སུ་འཛིན་པའོ། །དེ་ལ་ནི་མཚན་མ་མེད་པ་ཡོངས་སུ་མི་འཛིན་པ་ལའོ། །དགའ་བ་དང་བདེ་བ་ནི་ཏིང་ངེ་འཛིན་ལས་སྐྱེས་པས་ཡང་དག་པར་ལྡན་པའི་ཤེས་པ་དེ་ནི་ཡོངས་སུ་འཛིན་པར་བྱེད་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མཚན་མ་མེད་པའི་ཤེས་
པ་དེ་སོ་སོར་མཚན་མ་མེད་པའི་རྣམ་པ་ལ་རབ་ཏུ་ཞུགས་པས་ཆོས་རྣམས་ཐམས་ཅད་ནི་རང་གི་མཚན་ཉིད་ཀྱིས་སྟོང་པ་ཞེས་ཤེས་པ་དེའི་ཕྱིར་མཚན་མ་མེད་པ་ལ་ཡོངས་སུ་མི་འཛིན་པ་འཛིན་པའི་ཤེས་པ་ཡང་ཉེ་བར་དམིགས་པ་མ་ཡིན་ནོ། །འདིས་ནི་ཡེ་ཤེས་ཡོངས་སུ་མི་འཛིན་
པའི་དུས་ཉེ་བར་བསྟན་པ་ཡིན་ནོ། །སླར་ཤེས་པ་དེ་ཅིའི་ཕྱིར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་འདི་ལ་ཡང་རྒྱུ་གསུངས་པ། ནང་གི་གཟུགས་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་ཡུལ་གྱི་ཤེས་པ་མ་མཐོང་བའི་གནས་

སྐབས་སུ་བྱས་པ་ལ་མི་མཐོང་བ་གསུངས་པ་ནི་གང་གི་ཕྱིར་ཕྲེང་བ་ཅན་དེ་བདག་ཉིད་ཀྱི་ཤེས་པ་བཟུང་ནས་བདག་འདིས་འདི་མཐོང་ངོ་ཞེས་བྱ་བའི་ཀུན་བརྟགས་ཀྱི་ཤེས་པ་འདི་ཉིད་ནང་དུ་གནས་པ་མ་ཡིན་ཏེ་ཕྱིར་ཡང་གནས་པ་མ་ཡིན་གཉི་གར་གནས་པ་མ་ཡིན། དེ་
ལས་གཞན་དུ་ཡང་གནས་པ་མ་ཡིན་ཏེ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བའི་ཐ་ཚིག་གོ །འདི་ཉིད་ནི་སླར་ཡང་གསལ་བར་བྱེད་དེ། ཚིག་གི་རྣམ་གྲངས་འདི་ལ་ཞེས་བྱ་བ་སྟེ་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་ཀྱི་ཁྱད་པར་རོ། །མོས་སོ་ཞེས་བྱ་བ་ནི་མཐའ་
གཅིག་ཏུ་ངེས་པ་སྐྱེས་པའོ། །འདིར་ནི་འདི་ལ་ཐམས་ཅད་དུ་ཞེས་བྱ་བ་ནི་མདོར་བསྟན་པ་སྟེ། དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ལ་ཞེས་བྱ་བ་ནི་རྟོགས་པའི་གནས་སྐབས་ཀྱི་སྔ་རོལ་དུ་ལྷག་པར་མོས་པ་ཞེས་བྱ་བའོ། །ཐོས་པ་དང་བསམ་པ་ལ་སོགས་པའི་གནས་
སྐབས་མ་གསུངས་པ། འདི་ལ་བརྗོད་ཅེས་བྱ་བ་ནི་འགའ་ཞིག་ཏུ་འབྱུང་བའོ། །དེ་ལ་དད་པས་རྗེས་སུ་འབྲང་ཞིང་ཞེས་རྗེས་སུ་འབྲེལ་ཏོ། །ཆོས་ཉིད་སྟོན་པའི་བསྟན་པ་ལ་ཚད་མར་བྱས་ནས་དེ་ལྟར་ལྷག་པར་མོས་པའོ། །དམིགས་པ་ཞེས་བྱ་བ་ནི་དངོས་པོ་ཉིད་ཀྱིས་མཐོང་
བའོ། །མྱ་ངན་ལས་འདས་པ་ནི་ཆོས་ཐམས་ཅད་ལས་མཆོག་ཏུ་གྱུར་པ་དེ་ཡང་འདིས་རློམ་སེམས་སུ་མི་བགྱིད་དོ། །འདི་ནི་འདིའི་ཡོངས་སུ་མི་འཛིན་པའི་སྒྲུབ་པའི་མཚན་ཉིད་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱའོ་ཞེས་བྱ་བའོ། །ཡོངས་སུ་མི་འཛིན་པ་ནི་གང་ཡིན་
ན། གསུངས་པ། གང་གཟུགས་ཡོངས་སུ་མི་འཛིན་ཞེས་བྱ་བ་ལ་སོགས་པ་སྟེ། བར་མ་དོར་ཡོངས་སུ་མྱ་ངན་ལས་མི་འདའ་བ་ཞེས་བྱ་བ་ནི་ཕྲེང་བ་ཅན་དེ་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་བྱེད་དེ་ཡོངས་སུ་མ་རྫོགས་པའི་སྟོབས་
ལ་སོགས་པ་རྣམས་ཀྱིས་སོ། །འོན་ཏེ་དེའི་བར་མ་དོར་མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ཅི་ཙམ་ཞིག་ཡིན་སྙམ་ན། ཉན་ཐོས་ཀྱི་བྱང་ཆུབ་ནི་མ་ཡིན་ཏེ་གང་གི་ཕྱིར་དེ་ནི་ཆོས་ཐམས་ཅད་ཡོངས་སུ་མི་འཛིན་པའི་མཚན་ཉིད་ཅན་ཏིང་ངེ་འཛིན་ལ་འཇུག་པ་སྟེ། དེ་ཇི་ལྟར་གང་ཟག་གི་བདག་

མེད་པ་རྟོགས་པའི་མཚན་ཉིད་ཅན་ཉན་ཐོས་ཀྱི་བྱང་ཆུབ་ཀྱིས་ཡོངས་སུ་མྱ་ངན་ལས་འདའ། འདི་ནི་བརྗོད་པར་བྱའོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པའི་མཚན་ཉིད་ཅན་སྐུ་གསུམ་གྱི་ངོ་བོ་སངས་རྒྱས་ཉིད་འཁོར་བ་ཇི་སྲིད་
འགྲོ་བའི་དོན་མཛད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒྲུབ་པར་བྱ་བ་དེ་མ་ཐོབ་པས་ཆོས་ཀྱི་བདག་མེད་ཀྱི་ཡེ་ཤེས་ཉིད་ཀྱིས་འགྲོ་བའི་དོན་ལ་བྱ་བ་རྩོམ་པ་གཅོད་པ་མྱ་ངན་ལས་འདས་པ་ཙམ་ལ་རྩེ་གཅིག་པར་འགྱུར། མྱ་ངན་ལས་འདས་པ་དེ་ཡང་ཉན་ཐོས་ཀྱི་མྱ་ངན་
ལས་འདས་པ་དང་འདྲ་བར་ཞེས་འཆད་པར་འགྱུར་རོ། །འདི་ཡང་ཞེས་བྱ་བ་ནི་རྣམ་པ་གསུམ་གྱིས་ཡོངས་སུ་མི་འཛིན་པའི་མཚན་ཉིད་ཅན་ཞེས་བྱ་བ་ནི་ཉེ་བར་བསྡུ་བའོ། །དེ་ལྟར་ཡོངས་སུ་མི་འཛིན་པའི་སྒྲུབ་པ་ཡོངས་སུ་རྫོགས་པར་བྱས་ནས་སླར་ཡང་ཉེ་བར་དཔྱད་
པའི་སྒྲུབ་པ་ལ་རྩོམ་པར་བྱེད་དེ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནི་འདི་ལྟར་ཉེ་བར་བརྟག་ཅིང་ཞེས་བྱ་བ་ལ་རྣམ་པར་དཔྱོད་པར་བྱའོ། །ངེས་པར་བསམ་པར་བྱ་སྟེ་ཞེས་བྱ་བ་ནི་མཐའ་གཅིག་ཏུ་ངེས་པར་བྱའོ། །ཉེ་བར་བརྟགས་པའི་བསྒྲུབ་པ་དེ་ཉིད་རྣམ་པ་གཉིས་ཀྱིས་བསྟན་
ཏེ། འདི་གང་ཡིན་འདི་གང་གི་ཡིན་ཞེས་བྱ་བ་ནི་དེ་ལ་འདི་གང་ཡིན་ཞེས་བྱ་བ་ནི་རང་གི་ངོ་བོ་ལ་འདྲི་བའོ། །དེ་ལ་འདི་ལྟར་བརྗོད་པར་བྱ་བ་ཡིན་ཏེ་རྟོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ། །གང་གི་ཞེས་བྱ་བ་ནི་འབྲེལ་པ་ཅན་ལ་དྲི་བའོ། །དེ་ཡང་རྣམ་པ་
གསུམ་སྟེ། གཅིག་ནི་ཉམས་སུ་མྱོང་བ་དང་འབྲེལ་པ་ཅན་ཞེས་བྱ། །དེ་ཉིད་ལ་བརྗོད་པར་བྱ་སྟེ་ཆོས་ཐམས་ཅད་ཅེས་བྱ་བའོ། །སླར་ནི་གང་གི་ཕྱིར་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་རྒྱུ་ལ་དྲི་བའོ། །ཅིའི་ཕྱིར་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཐ་ཚིག་
གོ། །དེ་ལ