Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 94

Văn bản gốc(Tây Tạng)

Trang 5 / 21 (50.000 ký tự/trang)
སོ། །འདུས་བྱས་ཀྱི་ཞེས་བྱ་བ་ནི་ཁམས་གསུམ་ལའོ། །འདུས་མ་བྱས་ཀྱི་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལ་སྟེ་གཉི་ག་ལ་ཡང་དེ་ངོས་པོའི་ངོ་བོ་ཉིད་ཀྱིས་མི་དམིགས་པའི་ཕྱིར་རོ། །དེ་ལས་
བཞེངས་པ་ཡང་མ་ཡིན་ཞེས་བྱ་བ་ནི་དངོས་པོ་ཡོད་པ་ལ་ནི་གནས་པ་དང་བཞེངས་པར་འགྱུར་ཞེས་བྱ་བའི་དགོངས་པའོ། །དེ་ལྟར་དེ་བཞིན་གཤེགས་པའི་ཆོས་ཀྱི་རྗེས་སུ་འབྲང་བས་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་སྟོན་པར་བྱེད་དེ། དེ་ནས་
ཞེས་བྱ་བ་ལ་སོགས་པ་སྟེ་དེ་བཞིན་དུ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ནི་བྱང་ཆུབ་ཀྱི་དོན་དུ་སྟེ། དེ་ཡང་རབ་ཏུ་མི་གནས་པའི་མཚན་ཉིད་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པས་དེ་བཞིན་དུ་བསླབ་པར་བྱའོ། །འདི་ཉིད་གསུངས་པ་ནི་ཇི་ལྟར་དེ་བཞིན་
གཤེགས་པ་ཞེས་བྱ་བ་སྟེ། གནས་པ་མ་ཡིན་ཞེས་བྱ་བ་ནི་བཞེངས་པ་མ་ཡིན་ནོ། །མི་གནས་པ་ཡང་མ་ཡིན་ཞེས་བྱ་བ་ནི་བཞུགས་པ་མ་ཡིན་ནོ། །མི་མཐུན་པར་མི་གནས་པ་ཡང་མ་ཡིན་ཞེས་བྱ་བ་འགའ་ཞིག་ཏུ་འདོན་པའོ། །དེ་བཞིན་དུ་གནས་པར་བྱའོ་ཞེས་བྱ་བ་ནི་ཡང་དག་པའི་བྱང་

ཆུབ་ཐོབ་ནས་ཞེས་བྱ་བའི་དགོངས་པའོ། །དེ་ཡང་རྗེས་སུ་མཐུན་པའི་རྒྱུ་ལས་ཞེས་གསུངས་པ་ནི། དེ་བཞིན་གཤེགས་པའི་གནས་པ་ཇི་ལྟ་བ་ཞེས་བྱ་བ་ལ། ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ལ་བྱང་ཆུབ་སེམས་དཔའི་ལམ་གྱི་གནས་སྐབས་སུ་གནས་པའི་ཆོས་ཐམས་
ཅད་ཀྱི་མི་གནས་པའི་ལྷག་པར་མོས་པའི་མཚན་ཉིད་དེ་ལྟར་གནས་པར་བྱའོ་ཞེས་བྱ་བ་དེའི་ལྷག་པར་མོས་པ་མངོན་པར་ཕྱོགས་པར་བྱེད་པས་སོ། །བསླབ་པར་བྱའོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཡོངས་སུ་སྤངས་པས་དེ་དང་རྗེས་སུ་འཇུག་པ་ལས་སོ། །དེ་ལྟ་ན་ཡང་ལེགས་པར་
གནས་ཏེ་བྱང་ཆུབ་དང་རྗེས་སུ་མཐུན་པའི་ལམ་ལ་གནས་པའི་ཕྱིར་རོ། །དེའི་ཕྱིར་གསུངས་པ། མི་གནས་པའི་ཚུལ་གྱིས་ཞེས་བྱ་བ་སྟེ། ཇི་ལྟར་གསུངས་པའི་མི་གནས་པའི་སྒྲུབ་པས་སོ། །འདི་ནི་སྔར་དམ་བཅས་པའི་ཉེ་བར་སྡུད་ཅིང་གསུངས་པ་ནི་འདིས་དེ་ལྟར་ཞེས་བྱ་བ་ལ་
སོགས་པ་སྟེ། དེ་ལྟར་མི་གནས་པའི་གནས་པ་སྒྲུབ་པ་བསྟན་པར་བྱེད་པར་གྱུར་པ་ལ་གང་རྣམས་བརྗོད་པར་བྱ་བ་མ་ཡིན་པའི་བསྟན་པས་གདུལ་བར་བྱ་བ་དེ་རྣམས་ཐེ་ཚོམ་སྐྱེད་པ་འབྱུང་བར་འགྱུར་རོ། །དེ་ནས་དེ་རྣམས་ལས་བརྩམས་ཏེ་གཞན་དུ་བསྟན་པ་སྐབས་འབྱེད་དེ། དེ་ནས་འཁོར་
དེའི་ནང་ནས་ཞེས་བྱ་བ་ལ་སོགས་པས་སོ། །ཁ་ཅིག་ཞེས་བྱ་བ་ནི་གང་ཞིག་མི་གནས་པའི་གནས་པ་སྒྲུབ་པ་བསྟན་པར་བྱེད་པ་ཟབ་མོའི་བདག་ཉིད་ཀྱི་ལྷ་རྣམས་འཕགས་པའི་སྐད་ཉིད་ཀྱིས་ཐ་སྙད་བྱེད་པའོ། །གནོད་སྦྱིན་རྣམས་ནི་གསང་བའི་དོན་གྱི་སྒྲ་སྦྱོར་བར་བྱེད་པ་རྣམས་སོ། །
སྐད་ནི་རང་གི་རིགས་ལ་རབ་ཏུ་གྲགས་པ་ཐ་སྙད་ཀྱི་བདག་ཉིད་ཅན་གྱི་ཚིག་རྣམས་ཏེ་གནོད་སྦྱིན་གྱི་སྐད་ཅེས་བྱ་བའི་དོན་ཏོ། །སྒྲ་ནི་སྒྲའི་དབྱངས་ཀྱི་བྱེ་བྲག་གི་མཚན་ཉིད་ཅན་ཏེ། དེ་རྣམས་ཀྱིས་ཀྱང་དོན་གྱི་ཁྱད་པར་བྱ་གོ་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཚིག་ནི་གསང་བའི་ཡི་གེའི་
ཚོགས་སུ་གྱུར་པའོ། །གཏམ་དུ་བྱས་པ་ནི་རང་གི་འཁོར་ལ་ཡང་གསང་བའི་བརྗོད་པ་རྣམས་བསམ་པ་ཐ་དད་པས་དོན་དང་ལྡན་པའོ། །རབ་ཏུ་བརྗོད་པ་ནི་རྐན་ལ་སོགས་པའི་འབད་པའི་ཁྱད་པར་གྱིས་རྣམ་པར་གཞག་པ་བྱེད་པ་རྣམས་སོ། །ཤེས་པར་རུང་གི་ཞེས་བྱ་

བ་ནི་ཐ་སྙད་དང་བརྡ་དག་གིས་ཏེ། གོམས་པའི་རིམ་པས་དེའི་དོན་ལ་འཇིག་རྟེན་དང་ཐུན་མོང་པ་ཉིད་ཀྱི་ཕྱིར་རོ། །ཤེས་པར་ཡང་མི་རུང་ངོ་སྙམ་མོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་མི་གནས་པའི་དོན་འཇིག་རྟེན་ལ་མ་གྲགས་པ་ཉིད་ཀྱིས་སྔར་
མ་ཤེས་པ་ཉིད་ཀྱི་ཕྱིར་རོ། །འཆད་པ་ནི་གང་ཞིག་ངག་རྣམས་ཀྱིས་སོ། །རབ་ཏུ་བརྗོད་པ་ནི་ངག་གི་ཚོགས་རྣམས་ཀྱིས་སོ། །སྟོན་པ་ནི་གདམས་པར་བྱེད་པའོ། །ཉེ་བར་སྟོན་པར་བྱེད་པ་ནི་རྗེས་སུ་སྟོན་པར་བྱེད་དོ། །འདིར་ནི་རབ་འབྱོར་དེ་མ་རྟོགས་པ་ཉིད་ཀྱིས་ཐམས་ཅད་ལ་བརྗོད་པར་
བྱ་བ་མ་ཡིན་པའི་ཕྱིར་ཉེ་བར་སྟོན་ཅིང་གསུངས་པ། ཤེས་པར་མི་རུང་ཞེས་བྱ་བ་ལ་སོགས་པ་སྟེ། གཉིས་སུ་བརྗོད་པ་ནི་ངེས་པ་ལའོ། །གང་གི་ཕྱིར་བརྗོད་པ་དེའི་ཕྱིར་ཤེས་པར་བྱ་བ་མ་ཡིན་ནོ། །འདི་ལ་ཡང་ཅུང་ཟད་ཀྱང་སྨོས་པ་མེད་དོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཐོས་པ་མེད་དོ་ཞེས་བྱ་བ་ནི་ཡི་གེ་གཅིག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗོད་པར་བྱེད་པ་ཉིད་ཀྱིས་ཐོས་པ་མེད་དོ། །འོན་ཏེ་འདི་ལྟར་སྒྲས་ནི་དོན་རྗོད་པར་མི་བྱེད་པ་དེའི་ཕྱི་རོལ་གྱི་དོན་ཡང་བརྗོད་པར་བྱ་བ་མ་ཡིན་པའི་བདག་ཉིད་ཀྱིས་དགག་པ་མ་
ཡིན་ནོ། །གཞན་དབང་གི་ངོ་བོ་ནི་རྣམ་པར་ཤེས་པའི་བདག་ཉིད་ཀྱིས་རིང་བ་སྟེ། དེ་བས་ན་སྔར་གསུངས་པའི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ལ་གནོད་པར་བྱེད་པ་ཉིད་དུ་འགྱུར་རོ། །འོན་ཏེ་ཡི་གེ་གཅིག་ཀྱང་བརྗོད་པ་མ་ཡིན་ཐོས་པ་ཡང་མ་ཡིན་པ་གང་ཞིག་དེར་བསྟན་པའི་སྣང་
བ་དང་ཐོས་པའི་སྣང་བ་དེ་ནི་ཀུན་བརྟགས་རྨི་ལམ་དང་སྤྲུལ་པ་དང་སྒྲ་བརྙན་དང་སྒྱུ་མ་ལྟ་བུ་ཞེས་བྱ་བའི་དགོངས་པའོ། །དེའི་ཚེ་དེ་ལྟན་ཡང་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པའི་ཕྱིར་གནས་པའི་བསྒྲུབ་པ་ལས་བརྗོད་པར་བྱ་བ་མ་ཡིན་པའི་སྒྲུབ་པ་ལ་ཁྱད་པར་གང་ཡིན་ཞེ་ན། འདིར་
བརྗོད་པར་བྱ་སྟེ་ཐོག་མ་མེད་པའི་བརྫུན་པའི་བརྗོད་པའི་བག་ཆགས་ཀྱིས་ཡང་དག་པར་བླངས་པ་ནི་ཀུན་བརྟགས་ཏེ། འདི་ནི་གཞན་དབང་བཞིན་དུ་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་མ་ཡིན་ནོ། །རང་གི་ངོ་བོས་ཀྱང་སྣང་བ་མེད་དེ། འོན་ཀྱང་མ་རིག་པས་བླངས་པའི་རྣམ་པར་རྟོག་པའི་སྟོབས་

ཀྱིས་གཞན་དབང་ཉིད་སོ་སོར་སྣང་ངོ་། །དེ་བས་ན་ཀུན་བརྟགས་ལ་བརྗོད་པ་ལ་སོགས་པ་ལ་རྣམ་པར་བརྟག་པ་ལོག་པའོ། །དེ་མེད་པས་ཕྱི་རོལ་གྱི་སྣང་བ་ལོག་པ་ཉིད་དོ། །བརྗོད་པར་བྱ་བ་མ་ཡིན་པའི་བདག་ཉིད་ཀྱིས་གནས་པ་ནི་མ་ཡིན་ནོ། །འོན་ཏེ་ལོག་པ་ལ་ཡང་བརྫུན་པའི་སྣང་
བའི་ངོ་བོ་རྨི་ལམ་ལ་སོགས་པ་བཞིན་དུ་ཤེས་པ་ཙམ་ནི་ལྷག་པར་འགྱུར་རོ། །དེ་ཡང་དོན་སྟོང་པ་ཉིད་ཀྱིས་བརྫུན་པ་ཉིད་དུ་ངེས་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ལ་བརྫུན་པའི་ཕྱིར་ལོག་པ་ཁོ་ནའོ། །དེ་ལྟར་ཡང་ཆོས་ཐམས་ཅད་མི་དམིགས་པའི་མཚན་ཉིད་ཀྱིས་མི་གནས་པའི་སྒྲུབ་པའི་དོན་དུ་ལྷའི་བུ་
རྣམས་དང་པོ་ཟབ་པའི་བདག་ཉིད་ཅན་ལ་ཀུན་བརྟགས་མེད་པའི་རྣམ་པར་བསྒོམ་པའི་སྒོ་འདིས་དེ་ལ་འཇུག་པར་བྱའོ། །འཇུག་པ་རྣམས་ཀྱང་དགའ་བས་ཇི་ལྟར་རྣམ་པར་རྟོག་པར་བྱེད་པ་དེ་གསུངས་པ། དེ་ནས་དེ་དག་ཅེས་བྱ་བ་ལ་སོགས་པ་སྟེ། གསལ་བ་ནི་ཁོ་བོ་ཅག་ལ་བཟུང་བར་
རུང་བའི་མི་གནས་པའི་སྒྲུབ་པའོ། །དགའ་བས་ལན་གཉིས་ཀྱི་ཚིག་གོ། །འཇིག་རྟེན་པ་དང་ཕྲ་བ་དང་སངས་རྒྱས་ཀྱི་སྤྱོད་ཡུལ་ཉིད་ཀྱིས་རིང་བས་སོ། །སྤྱོད་པ་མེད་པ་ཉིད་ཀྱིས་ཕྲ་བ་ལས་སོ། །འཛིན་པར་དཀའ་བ་ཉིད་ཀྱིས་ཟབ་པ་ལས་སོ། །བརྗོད་པར་བྱ་བ་མ་ཡིན་པའི་མཚན་ཉིད་ཀྱི་དོན་
ལས་ཆེས་རིང་བ་དང་། ཆེས་རིང་དུ་འཇུག་པ། ཆེས་ཟབ་པ་མི་གནས་པའི་སྒྲུབ་པའི་མཚན་ཉིད་ཅན་གྱི་དོན་ལ་འཇུག་པ་སེམས་ཀྱིས་སོ། །སྟོན་ཅིང་ནི་ཡུལ་གྱིས་སོ། །འཆད་པ་ནི་དོན་གྱིས་སོ། །དེ་ནི་བརྗོད་པར་བྱ་བ་མ་ཡིན་པའི་བསྟན་པ་འདི་ལ་འབྲས་བུ་གཞན་གསུངས་པ། དེ་ལྟ་
བས་ན་ཞེས་བྱ་བ་ལ་སོགས་པ་སྟེ། བཟོད་པ་འདི་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཐོས་པ་དང་མི་ཐོས་པའི་མཚན་ཉིད་དོ། །དོན་ནི་འདི་ཡིན་ཏེ་སྒྲའི་སྤྱོད་ཡུལ་ཉིད་མ་ཡིན་པ་ལ་ཆོས་ཐམས་ཅད་ཀྱི་རྣམ་པར་རྟོག་པའི་ཡུལ་མ་ཡིན་པ་ཉིད་དེ་སྒྲ་དང་རྣམ་པར་རྟོག་པ་དག་ལ་ཕན་
ཚུན་དུ་རྒྱུ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་ཉན་ཐོས་གང་ཞིག་ཉོན་མོངས་པའི་སྒྲིབ་པ་ཙམ་སྤང་བར་འདོད་པ་དེས་ཀྱང་བཟོད་པ་འདིས་བསྐྱེད་པར་བྱ་བ་ཁོ་ནའོ། །གང་གི་ཕྱིར་ཉོན་མོངས་པ་རྣམས་ཀྱི་ཡུལ་ལས་བྱུང་བ་མ་ཡིན་ཏེ། དེ་རྣམས་ཡོད་པ་ལ་ཡང་འདོད་ཆགས་དང་བྲལ་

བ་རྣམས་ལ་ཉོན་མོངས་པ་རྣམས་མེད་པའི་ཕྱིར་རོ། །འོན་ཀྱང་འདོད་པ་དང་མི་འདོད་པའི་རྟོག་པའི་མཚན་ཉིད་ཅན་རྣམ་པར་རྟོག་པ་རྣམས་ཉིད་ལས་ཉོན་མོངས་པ་ལ་སོགས་པ་སྐྱེ་བ་ཡིན་ནོ། །དེའི་ཕྱིར་དེ་ལ་ཡང་བཟོད་པ་འདི་ཉོན་མོངས་
པའི་སྒྲིབ་པ་ཡང་རྒྱུ་ཡོད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའི་ས་ལ་ཆོས་ཐམས་ཅད་ཀྱི་འདུ་ཤེས་གློ་བུར་བའི་འདུ་ཤེས་འདི་རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་རྗེས་སུ་མཐུན་པ་ཉིད་ཀྱིས་ཉེ་བར་བསྟན་པ་ཡིན་ཏེ། ཇི་སྐད་གསུངས་པ། ཆོས་ཐམས་ཅད་ཀྱི་འདུ་
ཤེས་དེ་ཉིད་དང་གློ་བུར་བའི་འདུ་ཤེས་གལ་ཏེ་དེ་མི་སྡུག་པ་ཡིད་ལ་བྱེད་པ་འདི་བརྩམས་པར་འགྱུར་བ་གལ་ཏེ་འདིའི་རྐྱེན་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ལ་སོགས་པའོ། །ཁྱད་པར་འདི་ཡིན་ཏེ་ཉན་ཐོས་ནི་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཙམ་ཆོས་རྣམས་
ལ་རྟོགས་པར་བྱེད་དེ་རང་གི་ངོ་བོ་བྲལ་བ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱིས་ཀུན་བརྟགས་ཀྱི་དོན་ལ་རྣམ་པ་ཐམས་ཅད་དུ་མེད་པ་རྟོགས་པར་བྱེད་དེ་དེ་ཙམ་གྱིས་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཆོས་ཉན་པ་རང་བཞིན་ཇི་ལྟ་བུ་ཞིག་ཅེས་བྱ་
བ་ནི་གལ་ཏེ་དོན་དམ་པ་ནི་བརྗོད་པར་བྱ་བ་མ་ཡིན་པ་སྟོན་པར་བྱེད་པ་པོ་དང་ཉན་པ་པོ་ཡང་ཡོད་པ་མ་ཡིན་པ་དེའི་ཚེ་ཆོས་ཉན་པ་པོ་རྣམས་ཀྱིས་ཀྱང་ཡོད་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་མཚོན་པར་བྱེད་དེ་འདིའི་ཕྱིར་རབ་འབྱོར་དོན་དམ་ཆོས་ཉན་པ་པོ་རྣམས་ལ་མེད་པ་ཉིད་གསལ་བར་བྱེད་དེ། སྒྱུ་མ་དང་
སྤྲུལ་པ་ལྟ་བུ་ཞེས་བྱ་བ་ནི་སྔགས་ལ་སོགས་པའི་སྟོབས་ཀྱིས་སྣང་བར་གྱུར་པ་བརྫུན་པའི་སྐྱེས་བུ་ནི་སྒྱུ་མ་སྟེ། རྫུ་འཕྲུལ་གྱིས་ཡང་དག་པར་བསྟན་པ་ནི་སྤྲུལ་པའོ། །འདི་ལྟ་བུ་དག་དང་འདྲ་བའོ། །སེམས་ཅན་དེ་དག་སྒྱུ་མ་ལྟ་བུ་ཡིན་གྱི་དེ་དག་སྒྱུ་མ་ནི་མ་ཡིན་ནམ་ཞེས་བྱ་བ་སྟེ་བརྫུན་པ་
ཉིད་ནི་སྒྱུ་མ་ཉིད་དུ་ལྷའི་བུ་རྣམས་འདོད་པ་ཡིན་ནོ། །གནས་བརྟན་རབ་འབྱོར་འདི་བརྫུན་པའི་ཁྱད་པར་སྒྱུ་མ་ཡང་ཡིན་ལ་རྨི་ལམ་ཡང་ཡིན་ཏེ་དེ་དག་དང་འདྲ་བར་བརྫུན་པ་ཉིད་དུ་འདོད་དོ། །དེ་བས་ན་སྒྱུ་མ་དང་སེམས་ཅན་ཞེས་གཉིས་སུ་མེད་དེ་བརྫུན་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །གཉིས་སུ་བྱར་མེད་

ཅེས་བྱ་བ་ནི་རྣམ་པ་གཉིས་ཀྱིས་བྱེད་པ་པོའི་རྒྱུ་མེད་པའི་ཕྱིར་རོ། །མཚན་ཉིད་འདི་ཡང་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དང་འཕགས་པ་རྣམས་དང་དེའི་འབྲས་བུ་བྱང་ཆུབ་ཀྱི་མཐར་ཐུག་པ་རྣམས་ལ་མཉམ་པ་ཞེས་གསུངས་པ། ཆོས་ཐམས་ཅད་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ།
གཞན་རྣམས་ལ་སྒྱུ་མའི་རང་བཞིན་ཉིད་སྤང་བར་བྱ་བའི་ཕྱིར་ཡིན་མོད། སངས་རྒྱས་དང་སངས་རྒྱས་ཉིད་ལ་དེ་རིགས་པ་མ་ཡིན་ཏེ། དམ་པ་ཉིད་དུ་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་ཞེས་བསྟན་པར་བྱེད་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རེ་ཞིག་སངས་རྒྱས་ཉིད་ནི་ལྟ་ཞོག་གི་གང་ཡང་
དེས་ཐོབ་པར་བྱ་བ་མཐར་ཐུག་པར་གྱུར་པ་མྱ་ངན་ལས་འདས་པ་ཞེས་བརྗོད་པ་དེ་ཡང་རྟོགས་པ་ཇི་ལྟ་བར་མེད་པའི་ཕྱིར་སྒྱུ་མ་ལྟ་བུ་ཞེས་སྨྲ་བའོ། །མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་ཞེས་བྱ་བ་སྟེ། གལ་ཏེ་ཞེས་བྱ་བ་ནི་ཁྱད་པར་གྱི་ཚིག་གོ། །གང་ཞིག་སྒྱུ་མ་ལྟ་བུ་དེ་ནི་ཅུང་ཟད་
ཡོད་པ་མ་ཡིན་པས་འདི་གནས་འཛིན་ཏོ། །དེ་ལྟར་ན་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུ་རྣམས་ལ་དོན་གཅིག་པ་ཉིད་དམ་མཆོག་ཏུ་ཟབ་པའི་དོན་འདི་ལ་གཟུང་བར་དཀའ་བ་ཉིད་ཀྱིས་ལྷག་པར་མོས་པའི་ཆེ་བ་ཉིད་རབ་ཏུ་བསྟན་པའི་དོན་དུ་གསུངས་པ། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚོགས་
ཀྱིས་དེའི་གདུལ་བྱ་ལས་བརྩམས་ཏེ་ཁྱད་པར་གྱི་ཚིག་འདི་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །ཡང་དག་པར་འཛིན་པ་ནི་རྗེས་སུ་ཚོལ་བར་བྱེད་པ་དེའི་ཕྱིར་ཡང་དག་པར་འཛིན་པ་སྟེ། ཉེ་བར་ལེན་པ་པོ་རྣམས་སོ། །ཡང་ན་སོ་སོར་འདོད་པས་ན་ཡང་དག་པར་འཛིན་པ་སྟེ།
ཡོངས་སུ་འཛིན་པར་བྱེད་པའོ། །དག་པའི་སེམས་ཅན་རྣམས་ནི་འདི་ལ་ཡང་དག་པར་འཛིན་པ་སྟེ་ཞེས་བྱ་བ་ནི་ཆེ་བ་ཉིད་བསྐྱེད་པའི་དོན་དུ་འཕགས་པ་ཀུན་དགའ་བོས་རེ་ཞིག་ཀུན་རྫོབ་ཏུ་ཡང་དག་པར་འཛིན་པ་རྣམས་གསུངས་པ། ཕྱིར་མི་ལྡོག་པའི་ཞེས་བྱ་བ་ལ་སོགས་པས་སོ། །
རིགས་ངེས་པའི་སེམས་ཅན་ཡང་དག་པར་འབྱུང་བས་འདིར་ནི་དང་པོའི་ཕྱིར་མི་ལྡོག་པ་རྣམས་གཟུང་བར་བྱའོ། །ལྟ་བ་ཕུན་སུམ་ཚོགས་པའི་ཞེས་བྱ་བ་ནི་མཐོང་བའི་ལམ་རབ་ཏུ་དགའ་བ་ཞེས་བྱ་བའི་སའི་རང་བཞིན་དང་ཐོབ་པ་རྣམས་སོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་རྣམས་

སོ། །གནས་བརྟན་རབ་འབྱོར་ནི་དོན་དམ་པར་ཆོས་ཉན་པ་པོ་བཞིན་དུ་ཡང་དག་པར་འཛིན་པ་རྣམས་ལ་ཡང་མེད་པ་གསུངས་པ་འདི་ལ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་གང་རྣམས་འདི་ལྟར་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་དུ་
བྱས་པར་གྱུར་པ་དེ་རྣམས་ཉིད་ཡོངས་སུ་འཛིན་པར་བྱེད་པ་ཡིན་ཏེ། དེ་རྣམས་ཀྱང་དོན་དམ་པར་ཡོངས་སུ་འཛིན་པར་བྱེད་པ་མ་ཡིན་ཏེ་ཡོངས་སུ་འཛིན་པར་བྱ་བ་མེད་པའི་ཕྱིར་ཞེས་སྟོན་པར་བྱེད་དོ། །སྨོས་ཞེས་བྱ་བ་ནི་མདོའི་ངོ་བོས་ཏེ་མདོར་བསྡུས་པ་བསྟན་པ་ཉིད་ཀྱིས་སོ། །
སྣང་བར་མ་བྱས་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་བྱས་པས་གསལ་བར་བསྟན་པས་སོ། །གཞག་པ་ཞེས་བྱ་བ་ནི་འཆད་པ་པོ་དང་ཉན་པ་པོ་རྣམས་ཀྱིས་ཐ་སྙད་བྱེད་པ་སྟེ་རྒྱས་པར་ཉེ་བར་བསྟན་པའི་ཕྱིར་རོ། །དེ་བས་ན་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུ་བར་བྱེད་དོ། །
ལྷའི་བུ་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་བསྐྱེད་པའི་རྟགས་བསྟན་པའི་དོན་དུ་མེ་ཏོག་གི་མཆོད་པ་བསྟན་པར་བྱེད་དེ། དེ་ནས་བརྒྱ་བྱིན་གྱིས་ཞེས་བྱ་བ་ལ་སོགས་པས་སོ། །ཆོས་ཀྱི་རྣམ་གྲངས་ནི་ཆོས་ཀྱི་རབ་ཏུ་དབྱེ་བའོ། །དེ་ལ་མཆོད་པའི་དོན་དུ་མཆོད་གནས་མཆོད་པ་ནི་ཆོས་མཆོད་པས་སོ། །འགའ་ཞིག་ཏུ་ནི་མཆོད་
པའི་དོན་དུ་ཞེས་བྱ་བ་འདོན་པ་ཡིན་ཏེ། དེར་ནི་བདུན་པའི་དོན་ལ་དྲུག་པའོ། །ཆོས་ཉེ་བར་བསྟན་པའི་གནས་སྐབས་སུ་ཉེ་བར་སྟོན་པ་པོའི་མཆོད་པ་ནི་ལེགས་པ་ཡིན་ཞེས་བྱ་བའོ། །བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ་ཞེས་འབྲེལ་ལོ། །འདི་སྙམ་དུ་ཞེས་བྱ་བ་ནི་འཆད་པར་
འགྱུར་བའི་རྟོགས་པ་སེམས་པའོ། །འདི་ལྟར་གྱི་སྒྲ་ནི་ངག་གི་རྒྱན་ནོ། །བརྒྱ་བྱིན་རྗེས་སུ་ནི་བརྒྱ་བྱིན་གྱི་སླད་དུའོ། །བརྗོད་པའི་ཕྱིར་ཞེས་བྱ་བ་ནི་སྨྲ་བའི་ཕྱིར་རོ། །མེ་ཏོག་འདི་དག་སྤྲུལ་པ་ཞེས་བྱ་བ་ལ་སོགས་པའི་བསམ་པ་ནི་གོང་དུ་བསྟན་པའི་གནས་སྐབས་སྐྱེད་པར་བྱེད་པའི་དོན་
དུའོ། །ཡིད་ལས་བྱུང་བའི་ཞེས་བྱ་བ་ནི་ཡིད་ཀྱི་སྤྲུལ་པ་ཞེས་བྱ་བའི་དོན་ཏོ། །བརྒྱ་བྱིན་ནི་ཡིད་ལས་བྱུང་བ་ཉིད་ཀྱང་དགག་པའི་དོན་དུ་སྨྲས་པ། མ་སྐྱེས་པ་ཞེས་བྱ་བ་སྟེ་ཇི་ལྟར་ཡང་ཤིང་ལ་སོགས་པ་རྣམས་ནི་རང་བཞིན་མེད་པ་དེ་བཞིན་དུ་ཡིད་ལ་བྱེད་ཀྱང་དེ་བས་ནམ་སྐྱེས་པ་ཞེས་བྱ་

བའོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་མ་སྐྱེས་པ་དེ་ནི་མེ་ཏོག་མ་ཡིན་ནོ་ཞེས་བྱ་བ་སྟེ། མ་སྐྱེས་པ་ཉིད་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་གྱི་མེ་ཏོག་རྣམས་ལ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཟབ་ཅེས་བྱ་བ་ནི་འཇིག་རྟེན་པ་ཐམས་ཅད་ཀྱིས་བཟུང་བར་
དཀའ་བའི་ཆོས་ཀྱི་དེ་ཁོ་ན་རྟོགས་པའི་ཕྱིར་རོ། །མིང་དང་ཚིག་རྣམས་ཀྱིས་བརྟགས་པ་ནི་ཐ་སྙད་དེ་དེ་སྟོན་པར་བྱེད་པའོ། །བརྟགས་པ་ཙམ་ཉིད་རྟོགས་པ་ཡང་ཆོས་ཐམས་ཅད་ལ་ཇི་ལྟར་མོས་པས་གཞན་རྣམས་ལ་དེ་ལྟར་སྟོན་པའི་ཕྱིར་རོ། །ཆོས་ཉིད་དེ་དང་འགལ་བར་ཡང་མི་བྱེད་
ཅེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པ་དང་མི་འགལ་བས་གསལ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །གསལ་བར་བྱེད་ཅིང་ཞེས་བྱ་བ་ནི་གཞན་གྱི་དོན་སྟོན་པར་བྱེད་པའི་དགོངས་པས་ཐ་སྙད་ལ་སྐྱོན་མེད་པའི་ཕྱིར་རོ། །གལ་ཏེ་ཡང་དོན་དམ་པར་ཆོས་ཐམས་ཅད་བརྗོད་པར་བྱ་བ་མ་ཡིན་པ་དེའི་
ཕྱིར་ཅུང་ཟད་ཀྱང་བརྗོད་པ་མ་ཡིན་པ་དེའི་ཚེ་ཆོས་ཉིད་འདི་གཞན་རྣམས་ལ་སྟོན་པར་བྱེད་ནུས་པ་མ་ཡིན་ནོ། །ཉེ་བར་སྟོན་ཏོ་ཞེས་བྱ་བ་ནི་བརྟགས་པའི་ཀུན་རྫོབ་ལ་བརྟེན་ནས་དེ་ཅི་ནས་ཀྱང་ཉེ་བར་བསྟན་པར་བྱ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་གསུངས་པ། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་
དོན་ནི་རྟོགས་མི་འགྱུར། །ཞེས་བྱ་བའོ། །དེ་ལྟར་བརྒྱ་བྱིན་ཤེས་རབ་ཟབ་པ་ཉིད་རྟོག་པར་བྱེད་ཅིང་གནས་བརྟན་གྱིས་མ་སྐྱེས་པ་ཉིད་ཀྱི་ཕྱིར་མེ་ཏོག་རྣམས་ལ་རང་བཞིན་མེད་པ་གསུངས་པ་དེ་རྗེས་སུ་བསམ་པར་བྱེད་ཅིང་སྨྲས་པ། དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་དུ་
འདི་ལས་ཞེས་བྱ་བ་ནི་མེ་ཏོག་རྣམས་བཞིན་དུ་མ་སྐྱེས་པ་ཉིད་ཀྱི་ཕྱིར་ངོ་བོ་ཉིད་མེད་པའི་བློས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ། །དེ་ལྟར་ཡང་གང་ཞིག་སྔར་བརྒྱ་བྱིན་གྱིས་དྲིས་པ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་ཞེས་དེར་གནས་པ་མེད་པ་
ཉིད་གནས་པ་ཞེས་བསྟན་པ་ཡིན་ནོ། ད་ནི་བརྒྱ་བྱིན་གྱིས་གང་འདི་ཇི་ལྟར་བསླབ་པར་བྱ་ཞེས་བྱ་བའི་དྲི་བ་གཉིས་པ་དེ་གནས་བརྟན་རབ་འབྱོར་ལན་འདེབས་པར་བྱེད་པ་ནི། དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོས་འདི་ལ་བསླབ་པར་བྱ་བ་སྟེ། དེ་ལྟར་ཞེས་བྱ་བ་ནི་མེ་ཏོག་རྣམས་

བཞིན་དུ་ཆོས་ཐམས་ཅད་མ་སྐྱེས་པ་ཉིད་དུ་ལྷག་པར་མོས་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སློབ་ཅེས་བྱ་བ་ལ་སོགས་པས་མི་སློབ་པ་ཉིད་ལ་བསླབ་པ་ཇི་ལྟར་གནས་པ་མེད་པ་ཉིད་ནི་གནས་པ་ཞེས་བསྟན་པ་ཡིན་ནོ། །གང་ཞིག་སློབ་པར་བྱེད་པ་དང་གང་ལ་སློབ་པར་བྱེད་
པ་དེ་གཉི་ག་མེད་པས་སློབ་པ་མེད་ཅེས་བྱ་བའི་དགོངས་པའོ། །གང་གི་ཚེ་གཅིག་གི་སྟོང་པ་ཉིད་ལ་སློབ་པ་དེའི་ཚེ། གང་ཞིག་གཅིག་གི་སྟོང་པ་ཉིད། །དེ་ཉིད་ཀུན་གྱི་སྟོང་པ་ཉིད། །ཅེས་བྱ་བའི་རིགས་པས་ཐམས་ཅད་ཀྱི་སྟོང་པ་ཉིད་རྣམས་ལ་སློབ་པའོ། །འོག་ཏུ་གང་སློབ་པར་མི་བྱེད་
པ་དེ་ནི་སངས་རྒྱས་ཉིད་ལ་སོགས་པ་རྣམས་ལ་སློབ་ཅེས་བྱ་བ་བརྗོད་ཅེས་བསྟན་པར་བྱེད་དེ། དེ་ལ་སངས་རྒྱས་ཉིད་ནི་ཡོངས་སུ་གྲུབ་པའི་ཆོས་རྣམས་ལ་འཇིག་རྟེན་ལས་འདས་པའི་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་གདོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདའ་བ་ལ་སོགས་
པའི་རྣམ་པ་རྣམས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཐམས་ཅད་མཁྱེན་པ་ཉིད་ནི་ཀུན་ཏུ་བརྟགས་པའི་ཆོས་རྣམས་ལ་ཁམས་གསུམ་གྱི་མཐར་ཐུག་པ་རྣམས་ལ་འཇིག་རྟེན་པ་དང་བཅས་པའི་ཀུན་རྫོབ་པའི་རྣམ་པ་རྣམས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བའོ། །གང་ཞིག་བསླབ་
པ་འདི་དེ་དག་གཞལ་དུ་མེད་པའི་ཆོས་ཀྱི་བསླབ་པ་སྟེ། གཞལ་དུ་མེད་པའི་སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་དམིགས་པའི་རང་བཞིན་གྱི་ཕྱིར་རོ། །འོག་ཏུ་གང་དེ་ལྟར་གཞལ་དུ་མེད་པའི་སངས་རྒྱས་ཀྱི་ཆོས་རྣམས་སློབ་པ་དེའི་འཕེལ་བར་བྱ་བ་དང་འགྲིབ་པར་བྱ་བ་དང་གཟུགས་ལ་
སོགས་པ་རྣམས་ཡོད་པ་མ་ཡིན་ཞེས་བསྟན་པར་བྱེད་དེ། དེ་ནི་གཟུགས་ཞེས་བྱ་བ་ལ་སོགས་པ་སྟེ། དཀར་པོའི་ཕྱོགས་འཕེལ་བར་བྱ་བའི་ཕྱིར་མ་ཡིན་ཏེ་ནག་པོའི་ཕྱོགས་འགྲིབ་པར་བྱ་བའི་ཕྱིར་མ་ཡིན་ཞེས་བྱ་བའི་དོན་ཏོ། །འོག་ཏུ་གང་གི་འདི་ལྟར་འཕེལ་བར་བྱ་བའམ་འགྲིབ་
པར་བྱ་བའི་ཆོས་རྣམས་ཡོད་པ་མ་ཡིན་པ་དེའི་ཁྱད་པར་ཅན་གྱི་དོན་ཆོས་རྣམས་ལ་ཡོངས་སུ་བཟུང་བ་དང་དམན་པའི་ཆོས་རྣམས་ལ་འཇིག་པར་བྱེད་པ་ཉིད་ཡོད་པ་མ་ཡིན་ཞེས་བསྟན་པར་བྱེད་པ་ནི། དེ་ནི་གཟུགས་ཡོངས་སུ་གཟུང་བ་དང་ཞེས་བྱ་བ་ལ་སོགས་པས་སོ། །གློ་བུར་

བའི་གཟུགས་ལ་སྐྱེ་བ་མེད་དེ་དེས་ན་ཡོངས་སུ་འཛིན་པ་ཡོད་པ་མ་ཡིན་ནོ། །གནས་པ་ལ་འགག་པ་ཡོད་པ་མ་ཡིན་ནོ། །དེས་ན་དོར་བ་མེད་དོ། །འོན་ཏེ་བྱང་ཆུབ་སེམས་དཔའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་བསླབ་པ་འདི་ཡིན་ཏེ་དེས་ན་ཅི་ནས་ཀྱང་དེས་ཁྱད་པར་ཅན་གྱི་ཆོས་རྣམས་
ཡོངས་སུ་འཛིན་པར་བྱ་བ་དང་། བསྐྱེད་པར་བྱ་བ་དམན་པ་རྣམས་ལ་ཡང་འཇིག་པར་བྱ། གཞན་དུ་ན་བསླབ་པ་ནི་མ་ཚང་བར་འགྱུར་རོ། །དེ་ཅིའི་ཕྱིར་གཟུགས་ལ་སོགས་པ་རྣམས་ལ་ཡོངས་སུ་འཛིན་པ་དང་དོར་བའི་ཕྱིར་སློབ་པར་མི་བྱེད་ཅེས་བརྗོད་སྙམ་དུ་དགོངས་ནས་གསུངས་པ།
ཆོས་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། འགའ་ཞིག་ཏུ་ནི་སྐྱེ་བའི་ཕྱིར་ཡང་མ་ཡིན་ཞེས་བྱ་བ་འདོན་པ་མ་ཡིན་ཏེ། གང་གི་ཚེ་འགའ་ཞིག་ཏུ་ཆོས་གང་གིས་ཀྱང་ཡོངས་སུ་འཛིན་པ་ལ་སོགས་པ་ཡོད་པ་མ་ཡིན་པ་དེའི་ཚེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་ཡང་ཡོད་པ་མ་ཡིན་ཞེས་
གསུངས་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་ནི་དམན་པའི་ཆོས་རྣམས་ཡོངས་སུ་དོར་ནས་ཁྱད་པར་ཅན་རྣམས་ཐོབ་པ་མ་ཡིན་ནོ། །གཟུགས་ལ་སོགས་པ་རྣམས་ཀྱི་སྐྱེ་བ་དང་འགག་པ་དག་ཡོད་པ་ལ་རྣམ་པ་འདི་ཡོད་པ་ཡིན་ནོ། །
རབ་ཏུ་དབྱེ་བ་ཡོད་པ་མ་ཡིན་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་རྣམས་ལ་སྐྱེ་བ་དང་འགག་པ་དག་ཡོད་པ་མ་ཡིན་ངོ་བོ་ཉིད་ཀྱིས་གཡོ་བ་དང་བྲལ་བའི་ཕྱིར་དང་ཀུན་བརྟགས་དང་། གཞན་དབང་གི་ངོ་བོ་ཉིད་རྣམས་ལ་ཡང་ཤིན་ཏུ་མེད་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ལྟར་ཡིན་ན་ཇི་ལྟར་
བྱང་ཆུབ་སེམས་དཔའི་བསླབ་པ་ཞེས་གསུངས་པ། དེ་ལྟར་སློབ་པའི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཞེས་བྱ་བ་ནི་མི་དམིགས་པའི་སྦྱོར་བས་གང་ཞིག་སློབ་པར་བྱེད་པ་དེ་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་ལ་ངེས་པར་འབྱུང་བར་འགྱུར་རོ། །ཤཱ་རིའི་བུས་དྲི་བར་བྱེད་པ་ནི། ཚེ་དང་
ལྡན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་མཁྱེན་པ་ཉིད་ལ་སློབ་ཅིང་ཞེས་བྱ་བ་ནི་ཇི་ལྟར་སློབ་ཅེས་བྱ་བའི་དོན་ཏོ། །རབ་འབྱོར་གྱི་ལན་ནི་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དེ་བཞིན་ཏེ་ནི་ཇི་ལྟར་བཤད་པར་བྱ་བ་དེ་ལྟར་དེ་ཞེས་བྱ་བའི་དོན་ཏེ། །དེ་ཉིད་གསུངས་པ། ཚེ་

དང་ལྡན་པ་ཤཱ་རིའི་བུས་ཞེས་བྱ་བ་ལ་སོགས་པ་སྟེ། གང་ཉིད་ཆོས་ཐམས་ཅད་མི་དམིགས་པས་སྤྱོད་པ་རྣམ་པར་སྦྱོང་བར་བྱེད་པ་དེ་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པར་བྱེད་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་འདིར་བསྟན་པའི་ཕྱིར་གང་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་དྲི་བར་བྱེད་པ་ནི་གང་ལས་བཙལ་བར་བྱ་ཞེས་བྱ་བ་སྟེ། རབ་འབྱོར་གྱི་ལེའུ་ལས་ཞེས་བྱ་བའོ། །གང་ཞིག་འདི་བར་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན་པ་དེ་རབ་འབྱོར་གྱི་ལེའུ་
ལས་ཤེས་པར་བྱ་བར་བརྗོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་འཇུག་པའི་ཕྱིར་དེ་བསྟན་པ་ལ་དེ་ལས་བཙལ་བར་བྱ་ཞེས་བྱ་བར་བརྗོད་དོ། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཟབ་པ་བསྟན་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་བརྩམས་ཏེ་རབ་འབྱོར་
གྱི་བསྔགས་པ་མི་དཔྱོད་ཅིང་ལྷའི་དབང་པོས་དྲི་བར་བྱེད་དེ། སུའི་མཐུ་ཞེས་བྱ་བ་སྟེ། གང་གི་ཕྱིར་བསྟན་པ་དེ་སྔར་གནས་སྐབས་སུ་བྱས་པ་དེའི་ཕྱིར་ཤཱ་རིའི་བུས་སྨྲས་པ། འདི་ནི་དེ་བཞིན་གཤེགས་པའི་ཞེས་བྱ་བ་སྟེ། དོན་ནི་འདི་ཡིན་ནོ། །གལ་ཏེ་ཡང་རབ་འབྱོར་གྱི་ལེའུ་ཉིད་ལ་གསུངས་པ་དེ་ལྟ་ན་
ཡང་ལྷའི་འདུས་པ་ད་ལྟར་འཇུག་པའི་ཕྱིར་དེའི་ཚེ་ན་བརྒྱ་བྱིན་ཞེས་བྱ་བའི་དྲི་བ་ཡང་དག་པར་འབྱུང་བ་ཡོད་པ་མ་ཡིན་ནོ། །འདི་ཉིད་བསྟན་པར་བྱེད་པའི་ཕྱིར་རབ་འབྱོར་རྗེས་སུ་སེམས་པར་བྱེད་ཅིང་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་གནས་བརྟན་རབ་འབྱོར་ཀུན་རྫོབ་ཀྱི་ཚུལ་གྱིས་དེ་བཞིན་
གཤེགས་པའི་བྱིན་རླབས་ལས་བདག་ཉིད་ཀྱིས་བསྟན་པ་བྱས་པར་འགྱུར་ཞེས་བྱ་བ་བསྟན་པར་མཛད་དོ། །ད་ནི་དོན་དམ་པའི་ཚུལ་གྱིས་གསུངས་པ། གཟུགས་ལས་བཙལ་བར་མི་བྱ་ཞེས་བྱ་བ་སྟེ། གཟུགས་ལ་སོགས་པ་རྣམས་མེད་པ་བརྗོད་པའོ། །གཟུགས་ལས་གཞན་དུ་ཡང་བཙལ་
བར་མི་བྱ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མེད་པ་ཉིད་ཀྱི་ཕྱིར་ཐ་དད་པ་ཡོད་པ་མ་ཡིན་ཞེས་ཐ་དད་པ་མེད་པའི་ཕྱིར་བརྗོད་པ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཞེས་བྱ་བ་སྟེ། གཟུགས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉི་ག་ཡང་

མེད་པའི་ཕྱིར་གསུངས་པ། གཟུགས་ལས་གཞན་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ་ཞེས་བྱ་བ་སྟེ། མེད་པ་ཉིད་ཀྱིས་ཐ་དད་པར་བརྗོད་པར་ནུས་པ་མ་ཡིན་ཞེས་བྱ་བའི་དགོངས་པའོ། །དེ་ལྟར་ཡང་ཆོས་ཐམས་ཅད་ལ་སྟོང་པ་ཉིད་ཀྱི་ངོ་བོ་བསྟན་པས་དེ་བཞིན་གཤེགས་པའི་བྱིན་
གྱིས་བརླབས་པ་དང་རབ་འབྱོར་གྱི་ལེའུ་ལ་ཡང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་བསྟན་པར་བྱས་པའོ། །དེ་ལྟར་ཡང་དོན་དམ་པར་སྟོང་པ་ཉིད་ཁོ་ན་ལ་བྱིན་གྱིས་བརླབས་པ་དང་། སྟོང་པ་ཉིད་ཁོ་ན་ལས་བཙལ་བ་དང་དེའི་བསྟན་པ་ལ་སྟོང་པ་ཉིད་ལས་བརྩམས་ནས་འཇུག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །
ཡང་འོག་ཏུ་བརྒྱ་བྱིན་རྣམ་པ་བཞིས་ངག་བསྟན་པ་སྣ་ཚོགས་པ་ཉིད་གནས་སྐབས་སུ་ཡང་ཉེ་བར་བཀོད་པར་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའོ་ཞེས་བྱ་བ་ལ་སོགས་པ་སྟེ། བརྒྱ་བྱིན་གྱིས་བསྟན་པའི་དོན་ལ་གནས་བརྟན་ཞེས་བྱ་བ་ལ་སོགས་པ་རབ་འབྱོར་གྱི་བསྔགས་པ་དང་བཅས་པ་རྗེས་
སུ་བརྗོད་པ་སྟེ། དེ་བས་ན་རབ་འབྱོར་ཉིད་ཀྱིས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་ཅན་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་གསུམ་ལ་ཡོད་པར་འགྱུར་རམ་མེད་པར་འགྱུར་ཞེས་བྱ་བའམ་འབྱུང་བར་འགྱུར་རམ་
འབྱུང་བར་མི་འགྱུར་ཞེས་བྱ་བའམ་ཡོད་དམ་མེད་ཅེས་བྱ་བ་ཡོངས་སུ་གཅོད་པ་མེད་པའི་ཕྱིར་ཆེན་པོ་ཉིད་དེ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ཡོངས་སུ་གྲུབ་པའི་མཚན་ཉིད་ཅན་ལ་ཆེན་པོ་ཉིད་དེ། ཚད་མ་མེད་པ་ཉིད་ནི་འདི་ཙམ་དུ་ཡོངས་སུ་གཅོད་པ་མེད་པའི་ཕྱིར་
རོ། །ཚད་མེད་པ་ཉིད་ནི་གྲངས་ཀྱིས་ཡོངས་སུ་གཅོད་པ་མེད་པའི་ཕྱིར་རོ། །མཐའ་ཡས་པ་ཉིད་ནི་མཚན་ཉིད་ཀྱིས་ཡོངས་སུ་གཅོད་པ་མེད་པའི་ཕྱིར་རོ། །པོ་ཏི་ཁ་ཅིག་རྣམས་ལ་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་འདིའི་རྗེས་ལ་གཟུགས་མཐའ་ཡས་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་
འདོན་པ་ཡིན་ནོ། །འདོན་པ་དེ་ཡང་གང་གིས་ཀྱང་མ་བཤད་པ་དེ་བས་ན་འདྲི་མཁན་གྱིས་བག་མེད་པ་ཁོ་ནའོ། །དེ་ལྟ་བས་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཉིད་ལ་སོགས་པ་ལ་གལ་ཏེ་མངོན་པར་ཞེན་པ་ཡིན་ན་དེའི་ཚེ་ཆེན་པོ་ཉིད་ལ་སོགས་པ་མེད་ཅེས་སྟོན་པར་བྱེད་དེ། དེ་བཞིན་

དུ་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལའོ། །ཡང་རབ་ཏུ་དབྱེ་བ་གཉིས་ཀྱིས་མཐའ་ཡས་པ་ཉིད་གསུངས་པ། དམིགས་པ་མཐའ་ཡས་པ་ཉིད་དང་། སེམས་ཅན་མཐའ་ཡས་པ་ཉིད་ཀྱིས་སོ། །ཡང་ཅི་ལྟར་ན་ཞེས་བྱ་བ་ལ་
སོགས་པ་སྟེ། ཆོས་ཐམས་ཅད་ཀྱི་ཞེས་བྱ་བས་ནི་དོན་དམ་པར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས་མཐའ་མེད་ཅེས་བྱ་བ་སྔ་མ་སྐྱེ་བའི་མཐའོ། །དབུས་མ་ཡིན་ཞེས་བྱ་བ་ནི་སྐད་ཅིག་མའི་གནས་པའོ། །ཐ་མ་མེད་ཅེས་བྱ་བ་ནི་འགག་པའི་མཐའ་ནི་མ་ཡིན་ནོ། །འདི་
རྣམས་ལ་ཡང་མི་དམིགས་པ་ནི་ཆོས་ཐམས་ཅད་ལ་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟར་མཐའ་ལ་སོགས་པ་མི་དམིགས་པས་ཆོས་ཐམས་ཅད་ལ་ཡོངས་སུ་གྲུབ་པ་ཉིད་ཀྱིས་མཐའ་ཡས་པ་ཉིད་རབ་ཏུ་བསྟན་ནས། ད་ནི་ཀུན་བརྟགས་དང་གཞན་དབང་གི་
ངོ་བོ་ཉིད་ཀྱིས་ཀྱང་བསྟན་པར་བྱ་བའི་ཕྱིར་གསུངས་པ། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ཐོག་མ་དང་དབུས་དང་ཐ་མ་མེད་པས་གསུངས་པ་ཡང་སེམས་ཅན་མཐའ་ཡས་པ་ཉིད་ལ་བརྒྱ་བྱིན་གྲངས་ཀྱིས་ཡང་སེམས་ཅན་མཐའ་ཡས་པ་ཉིད་རང་བཞིན་དུ་བྱེད་
ཅིང་དྲི་བར་བྱེད་པ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་སོ། །བགྲང་བ་དང་མི་ལྡན་པ་འམ་བགྲང་བ་མང་པོས་ཞེས་བྱ་བ་ནི་གྲངས་ལས་འདའ་བ་ཉིད་ཀྱིས་མ་ཡིན་ཏེ་མཐའ་ཡས་པ་ཞེས་བྱ་བའི་གྲངས་ཀྱིས་ཀྱང་མ་ཡིན་ཞེས་བྱ་བའི་དོན་ཏོ། །འོ་ན་ཅི་ལྟར་ཞེས་བྱ་བ་སྟེ། འོ་ནའི་
སྒྲ་ནི་མི་བཟོད་པ་ལའོ། །ཆོས་གང་གི་ཚིག་བླ་དྭགས་ཡིན་ཞེས་བྱ་བ་ལ། ཆོས་རྣམས་ནི་གཟུགས་ལ་སོགས་པ་རྣམས་ཀྱི་ཚིག་བླ་དྭགས་མ་ཡིན་ཏེ་དེ་རྣམས་མེད་པའི་ཕྱིར་རོ། །ཆོས་མེད་པའི་ཚིག་བླ་དྭགས་ཀྱང་མ་ཡིན་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལས་ཐ་དད་པའི་བདག་
མེད་པའི་ཕྱིར་རོ། །བརྟགས་པ་ཞེས་བྱ་བ་ནི་རྨོངས་པ་རྣམས་ཀྱིས་རབ་ཏུ་སྦྱར་བའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་གློ་བུར་བ་སྟེ། དོན་དམ་པར་ངེས་པར་དཔྱད་པ་ཡོད་པ་ལ་དེ་མེད་པའི་ཕྱིར་རོ། །གང་གི་ཕྱིར་དངོས་པོ་མེད་པ་གཟུགས་ལ་སོགས་པའི་མཚན་ཉིད་དང་བདག་གི་མཚན་

ཉིད་ཀྱི་རྫས་མེད་པའི་ཕྱིར་རོ། །བདག་དང་འབྲེལ་པས་ཅུང་ཟད་བདག་གི་ཞེས་བརྗོད་དེ་དེ་ཡང་མེད་པ་སྟེ་བདག་ཤིན་ཏུ་ཡང་མེད་པས་ན་དེའི་ཕྱིར་བདག་གི་བ་མེད་པའོ། །དམིགས་པ་ནི་ཡུལ་ཏེ། དེ་མེད་པས་དམིགས་སུ་མེད་པའོ། །གལ་ཏེ་བསྟན་པ་འདི་ལ་སེམས་ཅན་འགའ་
ཞིག་བསྟན་པར་གྱུར་ན་དེ་ལྟར་ཡོད་ན་སེམས་ཅན་མཐའ་ཡས་པ་ཉིད་ཀྱང་བསྟན་པར་འགྱུར་རོ། །གང་གི་ཕྱིར་ངོ་བོ་ཉིད་ཀྱིས་སེམས་ཅན་མེད་པའི་ཕྱིར་སེམས་ཅན་བསྟན་དུ་མེད་པ་དེའི་ཕྱིར་འདིར་སེམས་ཅན་མཐའ་ཡས་པ་ཉིད་དོན་དམ་པར་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གསུངས་
པ། འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཅན་མཐའ་ཡས་པ་ཡོད་དམ་ཞེས་བྱ་བ་ནི་སེམས་ཅན་མེད་པའི་ཕྱིར་སེམས་ཅན་མཐའ་ཡས་པ་ཉིད་ཀྱང་བསྟན་པ་མེད་ཅེས་བྱ་བའི་དོན་ཏོ། །འོག་ཏུ་ནི་སེམས་ཅན་མཐའ་ཡས་པ་ཉིད་ཚིག་ལ་རག་ལུས་པ་མ་
ཡིན་ཏེ་སེམས་ཅན་མེད་པ་ཉིད་ཀྱིས་མཐའ་ཡས་པ་ཉིད་རང་བཞིན་ཅན་ཞེས་བསྟན་པར་བྱེད་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པས་སོ། །གསུངས་ཞེས་བྱ་བ་ནི་ཚིག་གིས་སོ། །མཐའ་ལས་འདས་པའི་འཇིག་རྟེན་གྱི་རྣམ་པར་རིག་པར་བྱེད་པ་ནི་དོན་ཤེས་པར་བྱེད་པའི་
དབྱངས་ནི་སྒྲ་འདི་ལ་ཡོད་པ་དེ་ལྟར་བརྗོད་པས་སོ། །དེ་ལྟར་ན་ཡང་ཤིན་ཏུ་ཆེ་བ་ཉིད་ཀྱིས་ཟབ་མོ་དབྱངས་སིལ་སྙན་གྱི་སྒྲ་བཞིན་དུ་སྣ་ཚོགས་པའི་སྒྲ་འདི་ལ་ཡོད་པ་དེ་ལྟར་བརྗོད་པས་སོ། །ཡང་བཞུགས་ཞེས་བྱ་བ་ནི་ངལ་མི་སོ་བས་སོ། །ཟིན་ཀྱང་ཞེས་བྱ་བ་ནི་ཅི་ཞིག་གོ་སྙམ་
ན། དོན་ནི་འདི་ཡིན་ཏེ་གལ་ཏེ་ཚིག་ལ་རག་ལུས་པ་སེམས་ཅན་མཐའ་ཡས་པ་ཉིད་དུ་གྱུར་ན་དེ་བཞིན་གཤེགས་པའི་གསུང་གིས་སེམས་ཅན་སྐྱེ་བར་ཡང་འགྱུར་འགག་པར་ཡང་འགྱུར་ཏེ། གང་གི་ཕྱིར་དེ་ནི་ཡོད་པ་མ་ཡིན་པ་དེའི་ཕྱིར་སེམས་ཅན་མཐའ་ཡས་པ་ཉིད་ཀྱི་ཚིག་ལས་
འབྱུང་བ་མ་ཡིན་ཞེས་བྱ་བའོ། །ཐོག་མ་ནས་དག་པ་ཉིད་ནི་དང་པོ་ཉིད་ནས་སོ། །ཡོངས་སུ་དག་པ་ཉིད་ནི་ཐམས་ཅད་དུ་ཡོད་པ་ཉིད་དོ། །རྣམ་གྲངས་འདིས་ཀྱང་ནི་རབ་ཏུ་དབྱེ་བས་སོ། །མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་འདི་ཞེས་བྱ་བ་སྟེ། གལ་ཏེ་འདིར་བསྟན་པ་ལས་

སེམས་ཅན་བསྟན་པར་འགྱུར་ན་དེ་ཡོད་པའི་ཕྱིར་མཐའ་རྣམས་ཀྱང་ཡོད་པར་འགྱུར་རོ། །དེ་རྣམས་བསྟན་པས་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་འདི་མི་འགྱུར་རོ། །དེའི་ཕྱིར་སེམས་ཅན་བསྟན་པ་མ་ཡིན་ནོ། །དེའི་ཕྱིར་སེམས་ཅན་མེད་དེ་
མེད་པས་མཐའ་ཡས་པ་ཡང་མེད་དོ། །དེ་བས་ན་སེམས་ཅན་མ་བསྟན་པའི་ཕྱིར་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་འདི་ཞེས་བརྗོད་པ་ཡིན་ཞེས་བྱ་བའི་དགོངས་པའོ། །འདི་ནི་འཁོར་རྣམས་ཀྱི་དང་པོའི་ཁྱད་པར་དང་ཤིན་ཏུ་ངོ་མཚར་བའི་ཚིག་སྨྲས་པ་དེ་ནས་ཞེས་བྱ་བ་
ལ་སོགས་པ་སྟེ། སྐྱེ་དགུའི་བདག་པོ་རྣམས་ནི་འཇིག་རྟེན་སྐྱོང་བ་རྣམ་པ་བཞིའོ། །ཁྱད་པར་གྱི་ཆོས་ཐོས་པས་རབ་ཏུ་དགའ་བའི་ཕྱིར་སྨྲས་པའི་ཚིག་ནི་ཆེད་དུ་བརྗོད་པས་དེ་ཆེད་དུ་བརྗོད་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བ་ལའོ། །ཆོས་ཞེས་བྱ་བ་ནི་བསྟན་པའི་ཆོས་སོ། །རབ་ཏུ་དགའ་
བ་དང་ངོ་མཚར་བ་ལ་ཚིག་གཉིས་སོ། །ཆོས་དེ་ཉིད་ཀྱི་ཆོས་ཉིད་ནི་རང་བཞིན་ཏེ་དེ་བཞིན་གཤེགས་པ་འབྱུང་བ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་སྨྲས་པ། གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྟེ། འབྱུང་བ་ནི་སྐྱེ་བའོ། །བརྗོད་ཅིང་དེའི་ཚིག་ལས་དང་པོར་ཅུང་ཟད་གསལ་བར་
བྱེད་པའོ། །དེ་ནས་རིམ་གྱིས་ཤིན་ཏུ་གསལ་བ་དང་དེ་བས་གསལ་བར་རྟོགས་པའི་ཕྱིར་བསྟན་ཏེ་བཤད་པ་ལ་རབ་ཏུ་གཞག་གོ། །དེ་བཞིན་གཤེགས་པ་ལེགས་པར་འཛིན་ཏོ་ཞེས་བྱ་བ་སྟེ། ཆོས་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་ལ་སངས་རྒྱས་ཀྱི་ཆོས་ཀྱི་རང་བཞིན་
ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེར་སློབ་པར་གྱུར་པ་ན་དོན་དམ་པར་སངས་རྒྱས་ཀྱི་ཆོས་ཀྱི་རང་བཞིན་ཉིད་ཅེས་དེའི་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ལ་ཐ་དད་མེད་པ་དེ་བས་ན་དེ་བཞིན་གཤེགས་པ་དེ་ཉིད་བརྗོད་པར་བྱ་ཞེས་བྱ་བའི་དོན་ཏོ། །མ་བྲལ་བ་
ནི་ཐོབ་པ་ལས་ཡོངས་སུ་ལྟུང་བ་མེད་པས་སོ། །གནས་པར་འགྱུར་ནི་ཡང་དག་པར་ཕྱོགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ལ་སངས་རྒྱས་ཀྱི་ཆོས་རྣམས་ལ་ཡང་ནས་ཡང་དུ་སློབ་པར་གྱུར་པ་རྣམས་ལ་སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོ་ཉིད་གསལ་

བའི་དོན་དུ་བཅོམ་ལྡན་འདས་སྔར་གྱི་གཏམ་བརྗོད་པར་མཛད་དེ། གང་གི་ཚེ་བདག་ཅེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་མར་མེ་མཛད་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་དང་མ་བྲལ་བར་བདག་ལ་གཟིགས་ནས་དེ་བཞིན་གཤེགས་པ་ཉིད་ལ་ལུང་བསྟན་པར་
མཛད་པ་ཡིན་ཞེས་བྱ་བའོ། །འདུས་ནི་འདུག་པ་དང་འདུས་པ་དག་གོ། །དབུས་ནི་དྲིལ་བུ་འདོགས་པའི་ལམ་སྟེ་དེའི་དབུས་སུ་སོང་བའོ། །ན་སོ་གཞོན་པ་ཀློག་པའི་བྲམ་ཟེའི་ཁྱེའུ་སྟེ་དེའི་བོད་པ་ནི་བྲམ་ཟེའི་ཁྱེའུ་ཞེས་བྱའོ། །དེའི་ཚེ་ན་བཅོམ་ལྡན་འདས་མིང་གིས་བརླན་
པ་ཞེས་བྱ་བ་དང་བློ་རབ་ཏུ་གསལ་བས་ལེགས་པའི་བློ་གྲོས་ཞེས་བྱ་བ་དང་རྒྱལ་པོ་ཟས་གཙང་མས་གཞོན་ནུའི་སྐྱེ་བ་ལ་དོན་ཐམས་ཅད་གྲུབ་པའི་ཕྱིར་དོན་ཐམས་ཅད་གྲུབ་པ་ཞེས་མཚན་བཏགས་སོ། །གང་གི་ཕྱིར་གྲོང་ཁྱེར་དུ་ཞུགས་པར་བྱས་པ་དེའི་ཚེ་ཤཱཀྱ་རྣམས་ཤིན་ཏུ་
དྲེགས་པ་ཡང་ཐུབ་པ་བཞིན་གྲུབ་པ་དེ་བས་ན་རྒྱལ་པོ་གཞོན་ནུའི་མཚན་གཉིས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཏགས་སོ། །ཇི་ལྟར་ཆོས་རྣམས་འདིས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ་གསུངས་པའི་ཕྱིར་དེ་བཞིན་གཤེགས་པའོ། །ག་ཏ་ཞེས་བྱ་བ་ལ་ཨ་ཉིད་
དང་ངེས་ཚིག་པ་ང་ཡིག་གོ། །དགྲ་རྣམས་ནི་ཉོན་མོངས་པ་རྣམས་ཏེ་དེ་རྣམས་འཇོམས་པས་ན་དགྲ་བཅོམ་པའོ། །ཇི་ལྟ་བ་བཞིན་དུ་དོན་དམ་པར་ཆོས་རྣམས་རྟོགས་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །འདིས་ནི་སྟོན་པ་ཕུན་སུམ་ཚོགས་པ་གསུངས་སོ། །
གང་གི་ཕྱིར་སྨྲ་བ་པོ་མ་ཡིན་པ་དང་ཕྱིན་ཅི་ལོག་ཏུ་སྨྲ་བ་ནི་སྟོན་པ་མ་ཡིན་ཏེ། ཕྱིན་ཅི་ལོག་ཏུ་སྨྲ་བ་ཡང་ཉོན་མོངས་པའི་དབང་གིས་མི་ཤེས་པས་ཀྱང་ཡིན་ལ་དེ་གཉི་ག་ཡང་འདི་ལ་མེད་པ་སྟེ་དོན་ཇི་ལྟ་བར་དགྲ་བཅོམ་པ་ཉིད་ཀྱི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་ཕྱིར་རོ། །
འཁོར་བ་ཅན་ལ་ཇི་ལྟར་འདི་ལྟ་བུའི་ནུས་པ་ཞེས་གསུངས་པ་ནི་བདེ་བར་གཤེགས་པ་ཞེས་བྱ་བ་སྟེ། འཁོར་བ་ལས་གཤེགས་པས་ན་བདེ་བར་གཤེགས་པའོ། །བདེ་བའི་སྒྲ་ནི་ཤིན་ཏུའི་དོན་ཉིད་ལ་སྟེ། ཁམས་གསུམ་གྱི་འཇིག་རྟེན་ལས་སོ། །ཤིན་ཏུ་བཀྲ་ཤིས་པར་གཤེགས་པས་

བདེ་བར་གཤེགས་པའོ། །ཤིན་ཏུ་མཛེས་པའི་གཟུགས་འདི་ལ་ཡོད་པས་ན་བདེ་བར་གཤེགས་པས་གཟུགས་མཛེས་པ་བཞིན་ནོ། །ཤིན་ཏུ་ཕྱིར་མི་ལྡོག་པས་རིམས་ནད་ལེགས་པར་བྱང་བ་བཞིན་དུ་གཤེགས་པས་ན་བདེ་བར་གཤེགས་པའོ། །ཤིན་ཏུ་
སྟེ་མ་ལུས་པར་བུམ་པ་ལེགས་པར་གང་བ་བཞིན་དུ་གཤེགས་པས་ན་བདེ་བར་གཤེགས་པའོ། །དོན་གསུམ་པོ་འདི་ཡང་ཕྱི་རོལ་པ་དང་སློབ་པ་དང་མི་སློབ་པ་རྣམས་ལས་རྣམ་པར་བཅད་པའི་དོན་དུའོ། །དེ་ལ་འཇིག་རྟེན་ལས་འདས་པའི་ལམ་གྱིས་གཤེགས་པ་ཉིད་ཀྱི་ཕྱིར་ཤིན་
ཏུ་མཛེས་པར་གཤེགས་པས་ན་བདེ་བར་གཤེགས་པའོ། །ཕྱི་རོལ་པ་ནི་དེ་ལྟར་མ་ཡིན་ཏེ་བདག་མེད་པར་མཐོང་བ་མེད་པས་འདོད་པའི་ཆགས་པ་ལ་སོགས་པ་རྣམས་སྤངས་ཀྱང་སླར་སྐྱེས་པས་སྡིག་པ་ལ་སོགས་པ་དང་སྡུག་བསྔལ་ཡང་དག་པར་འབྱུང་བའི་ཕྱིར་རོ། །སློབ་པ་རྣམས་ལ་ནི་
གལ་ཏེ་ཡང་སྤངས་པའི་སྐྱོན་ཡང་དག་པར་འབྱུང་བ་ཡོད་པ་མ་ཡིན་ཡང་འོན་ཀྱང་ཕྱིར་མི་ལྡོག་པ་ཞེས་བརྗོད་པ་ན་སྐྱེ་བ་དང་སྐྱོན་ཡང་འབྱུང་བ་ཡོད་པ་ཉིད་དོ། །བཅོམ་ལྡན་འདས་ནི་ཕྱིར་མི་ལྡོག་པ་ཉིད་དུ་གཤེགས་པས་ན་བདེ་བར་གཤེགས་པ་སྟེ། ལྷག་མ་ཉོན་མོངས་རིམས་ནད་མེད། །
ལུས་ངན་བློ་ནི་མ་ཚང་ཉིད། །ལམ་བརྗོད་པས་ནི་གཡེར་བ་དང་། །དེ་མི་སློབ་པའི་ཐེག་པ་དམན་པ་དགྲ་བཅོམ་པ་རྣམས་ལ་ཇི་སྲིད་པར་ཡོད་ཀྱི་བཅོམ་ལྡན་འདས་ལ་མ་ཡིན་ནོ། །དེའི་ཕྱིར་མ་ལུས་པར་གཤེགས་པས་ན་བདེ་བར་གཤེགས་པའོ། །ཇི་ལྟར་བདེ་བར་གཤེགས་པ་ཡིན་སྙམ་ན།
གང་གི་ཕྱིར་རིག་པ་དང་ཞབས་སུ་ལྡན་པའོ། །རིག་པ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་དང་ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་ཀྱི་བསླབ་པ་ལ་སྤྱོད་པའོ། །ཤེས་རབ་ཀྱི་ཕྲིན་ལས་སུ་གྱུར་པ་ཉིད་ཀྱི་ཕྱིར་ཡང་དང་ཡང་དུ་སྤྱོད་ཅིང་ཞེས་པས་སོ། །དེ་བས་ན་རིག་པས་མིག་
བཞིན་དུ་མཐོང་ཞིང་གཞན་དག་གིས་རྐང་པ་དང་འདྲ་བར་དེ་ལྟར་གཤེགས་པས་ན་བདེ་བར་གཤེགས་པའོ། །དེའི་ཕྱིར་ཚིག་གཉིས་པོ་འདིས་སྟོན་པ་ཕུན་སུམ་ཚོགས་པའི་རྒྱུ་གསུངས་སོ། །འཇིག་རྟེན་རིག་པ་ཞེས་བྱ་བ་ནི་འདུལ་བའི་དུས་དང་དུས་མ་ཡིན་པ་ལ་སོགས་པ་ཡོངས་སུ་

ཤེས་པའི་ཕྱིར་འཇིག་རྟེན་རིག་པའོ། །སྐྱེས་བུ་གདུལ་བྱ་ནི་གདུལ་བྱ་ཉིད་འདུལ་བར་བྱ་བ་སྟེ་འདུལ་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཀྱི་ཁ་ལོ་སྒྱུར་བ་ནི་ཡང་དག་པར་འདུལ་བར་བྱེད་པ་གདུལ་བར་དཀའ་བ་ལ་ཡང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཤས་ཆེ་བ་ཉིད་རྣམས་ཀྱང་འདུལ་བའི་ཕྱིར་
ཁ་ལོ་སྒྱུར་བ་བླ་ན་མེད་པའོ། །ཚིག་གཉིས་པོ་འདིས་སྟོན་པ་ཕུན་སུམ་ཚོགས་པའི་ཕྲིན་ལས་གསུངས་སོ། །ཕྲིན་ལས་ཀྱི་ཡུལ་གསུངས་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་སྟེ། གལ་ཏེ་ཡང་བཅོམ་ལྡན་འདས་ཁྱད་པར་མེད་པར་འགྲོ་བ་ཐམས་ཅད་ལ་སོང་བ་
རྣམས་ལ་སྟོན་པ་ཡིན་ཏེ། འོན་ཀྱང་གང་དུ་འབྲས་བུ་ཐོབ་པ་དེ་ཉིད་ལྷ་དང་མི་རྣམས་ཀྱི་གཙོ་ཆེར་མཛད་པའི་ཕྱིར་སྟོན་པ་ཞེས་བརྗོད་པ་ཡིན་ནོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་གང་ཡིན་ཞེ་ན་གསུངས་པ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་སྟེ། དོན་དང་ཉེ་བར་བཅས་
པའི་ཆོས་ཀྱི་ཕུང་པོ་དང་དོན་མ་ཡིན་པ་ཉེ་བར་བཅས་པ་དང་། དེ་ལས་གཞན་པའི་ཆོས་ཀྱི་ཕུང་པོ་མ་ལུས་ཤིང་རྣམ་པ་ཐམས་ཅད་མངོན་པར་རྫོགས་པས་ན་སངས་རྒྱས་སོ། །བདུད་ཐམས་ཅད་ཀྱི་སྟོབས་དང་གཡུལ་ངོ་ཆེན་པོ་འཇོམས་པའི་ཕྱིར་བཅོམ་ལྡན་འདས་སོ། །དེ་ནས་ཞེས་
བྱ་བ་ལ་སོགས་པ་སྟེ། གསོལ་ཏོ་ཞེས་བྱ་བ་ནི་མར་མེ་མཛད་ཀྱིས་ལུང་བསྟན་པ་ཐོས་པས་བརྗོད་པ་ཡིན་ནོ། །ཆོས་ཐམས་ཅད་ལ་སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཕྱིར་དབང་སྒྱུར་བར་སྒྲུབ་པར་བྱེད་པ་དང་རྗེས་སུ་འཛིན་པ་དག་མེད་དེ་འོན་ཀྱང་ཐམས་ཅད་མཁྱེན་པ་ཉིད་སྔ་ན་མེད་པ་
ཡོངས་སུ་བཟུང་བར་བྱེད་ཅེས་བྱ་བ་འདི་ངོ་མཚར་བ་ཡིན་ཞེས་བྱ་བའི་དོན་ཏོ། །བར་དུ་སྒྲུབ་པར་བྱེད་པ་ནི་འགུགས་པར་བྱེད་པའོ། །རྗེས་སུ་ཡོངས་སུ་འཛིན་པར་བྱེད་པ་ནི་ཐོབ་པ་ལས་མི་ལྟུང་བའི་ཕྱིར་རོ། །བརྒྱ་བྱིན་གནས་སྐབས་བྱས་པའི་ཕྱིར་ཉེ་བར་མཚོན་པའི་ལེའུ་
ནི་བརྒྱ་བྱིན་གྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་འཁོར་དེར་ལྷའི་བུ་ཞེས་བྱ་བ་ནས་བརྩམས་ཏེ་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་བྱེད་པ་ནི། དེའི་རྗེས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ལ་མཐོང་བའི་ཆོས་

ལ་མྱོང་བར་འགྱུར་བའི་ཡོན་ཏན་གྱི་ཕན་ཡོན་ནི་བསོད་ནམས་མང་པོ་སྐྱེད་པའི་རྒྱུར་གྱུར་པ་ཉིད་ཀྱང་བསྟན་པར་འགྱུར་རོ། །འཁོར་འདི་ལ་ནི་གང་ཞིག་ལྷའི་བུ་རྣམས་འདུས་པ་དེ་རྣམས་ཁ་ཅིག་ནི་སྔོན་གྱི་སངས་རྒྱས་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཐོས་པ་
ཕན་ཡོན་མཐོང་བ་དེ་རྣམས། སླར་ཡང་ཆོས་ཀྱི་གུས་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཐོས་པའི་དོན་དུ་འཁོར་གྱི་ནང་དུ་ཉེ་བར་འོངས་ཏེ། དེ་ནས་སྔོན་གྱི་སངས་རྒྱས་རྣམས་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བ་ལ་སོགས་
པ་བྱས་པར་གྱུར་པ་དེ་རྣམས་ནི་ཕན་ཡོན་མཐོང་བ་དབང་པོར་བྱས་པ་སྟེ། དོན་རྟོགས་པ་ཉིད་ཀྱི་ཕྱིར་གཞན་རྣམས་ལ་བཀའ་སྩལ་པ་བསྟན་པ་ལ་གཙོ་བོ་ཉིད་ཀྱི་ཕྱིར་བརྒྱ་བྱིན་གྱི་མིང་གཟུང་བའོ། །རིགས་ཀྱི་བུའམ་ཞེས་བྱ་བ་ལ་སོགས་པས་ནི་སྐྱེས་པའམ་བུད་མེད་དག་གཟུང་བ་སྟེ།
རྟོགས་པ་ལ་སོགས་པ་ལ་སྐལ་བ་ཉིད་ཀྱིས་གཙོ་བོ་ཉིད་ཀྱི་ཕྱིར་གཞན་རྣམས་ལ་ནི་མ་ཡིན་ཞེས་བྱ་བའམ་གྱི་དོན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཞེས་བྱ་བ་ནི་སྔར་གསུངས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལམ་ཤེས་པ་ཉིད་ལ་སོགས་པ་སྟོན་པར་བྱེད་པའི་ཡུམ་གྱི་རང་
བཞིན་ནོ། །འཛིན་ཏམ་ཞེས་བྱ་བ་ལ་འཛིན་པ་ནི་ཁ་ཏོན་དུ་བྱས་པའོ། །འཆང་བ་ནི་པོ་ཏི་ལ་གནས་པ་ལ་མཆོད་པ་དང་བཀུར་སྟི་ལ་སོགས་པས་གཞག་པའོ། །ཀློག་པ་ནི་པོ་ཏི་ལ་སོགས་པར་གནས་པ་ལ་འདོན་པའོ། །ཀུན་ཆུབ་པར་བྱེད་པ་ནི་བཟུང་ནས་གང་ཞིག་འདི་ལ་བསམ་པ་
འདིར་ནི་འདིའི་དོན་ཡིན་འདི་ནི་དགོངས་པ་ཡིན་ཞེས་བྱ་བ་ནི་ཀུན་ཆུབ་པར་བྱེད་པའོ། །རབ་ཏུ་འདོན་པ་ནི་གཞུང་དང་དོན་དག་བཟུང་ནས་སྣོད་དུ་གྱུར་པ་གཞན་ལ་གསལ་བར་བྱེད་པའོ། །བདུད་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་སྟེ་རང་བཞིན་ཉིད་ཀྱིས་དགེ་བ་ལ་བར་ཆད་བྱེད་པའོ། །
གླགས་ནི་འཛིན་པ་ལ་སོགས་པ་ལ་གེགས་བྱེད་པའི་དོན་དུ་གོ་སྐབས་ཚོལ་བའོ། །དེ་ཚོལ་བ་ནི་མ་འོངས་པ་ན་རྗེས་སུ་ཚོལ་བ་དང་ད་ལྟར་བྱུང་བ་ལ་ལྟ་བའོ། །མི་མ་ཡིན་པ་ནི་གནོད་སྦྱིན་ལ་སོགས་པ་རྣམས་སོ། །ཡ་ང་བ་ནི་གཡང་དུ་ལྟུང་བ་ལ་སོགས་པའོ། །དེ་མ་སྤངས་པ་ནི་ཡོངས་

སུ་གཏོང་བ་མ་ཡིན་ནོ། །ཚེ་ཡོད་ཀྱང་ཡ་ང་བ་མ་སྤངས་པས་ཀྱང་འཆི་བ་ཡིན་ཏེ་དཔེར་ན་མར་ནག་ལ་སོགས་པ་ཡོད་ཀྱང་མར་མེ་འབར་བ་རླུང་གིས་འཆི་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བར་ཆད་མེད་པ་གཅིག་པུར་མ་ཟད་ཀྱི། སེམས་ཅན་མཆོག་ཉེ་བར་གནས་པ་
ཉིད་ཀྱིས་མཚམས་ལ་རབ་ཏུ་གནས་པ་དང་ལྡན་པའི་ལྷ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བ་ལ་སོགས་པའི་དོན་དུ་རང་ཉིད་ཀྱིས་འཇུག་པའི་བྱང་ཆུབ་སེམས་དཔའ་ལ་ཉེ་བར་འགྲོ་བའི་ཕྱིར་ཞེས་བསྟན་པར་བྱེད་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པས་སོ། །འདི་ནི་བཤད་མ་
ཐག་པའི་ཡོན་ཏན་དང་ལྡན་པ་གཅིག་པུར་མ་ཟད་ཀྱི་སྐྲག་པ་ལ་སོགས་པ་སེལ་བའི་རྒྱུ་ཡང་ཡིན་ནོ། །འཇིག་རྟེན་ན་གྲགས་པའི་འཇིགས་པའི་གནས་དེ་དང་དེ་རྣམས་ལ་རྣམ་པ་ཐམས་ཅད་དུ་འཇིགས་པ་མེད་པའི་རྒྱུ་ཉིད་ཀྱི་ཕྱིར་ཞེས་གསུངས་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་
པ་སྟེ། དགོན་པར་སོང་བ་ནི་གྲོང་ལས་གཞུ་འདོམ་ལྔ་བརྒྱ་ལས་འདས་པའི་གནས་ཤིང་དྲུང་པ་རྣམས་དང་རྩྭ་དང་ཤིང་གེལ་པ་ལ་སོགས་པ་རྣམས་ཀྱིས་ཁྱབ་པ་ནི་དགོན་པའོ། །བླ་གབ་མེད་པ་ཞེས་བྱ་བ་ལ་སོགས་པ་མེད་པའི་ས་ཕྱོགས་ནི་བླ་གབ་མེད་པའོ། །འཇིགས་པ་ནི་མི་
འདོད་པ་དང་ཕྲད་པའི་དོགས་པའོ། །རེངས་པར་འགྱུར་བ་ནི་དགོས་པའི་གཉེན་པོ་བསྒྲུབ་པའོ། །འགྱུར་བ་ཉིད་ནི་རྒྱུན་གྱིས་རབ་ཏུ་འཇུག་པར་འགྱུར་བ་མི་སྐྱེ་ཞེས་འབྲེལ་ཏོ། །བསྲུང་བ་ནི་བསྐྱབ་པ་དང་བཅས་པ་ལ་སྦ་བ་ནི་བསྲུང་བ་དང་བསྐྱབ་པ་དང་སྦ་བའོ། །བསྲུང་བ་
ནི་ལུས་ཀྱི་བདེ་བ་ཐམས་ཅད་ཉེ་བར་སྡུད་པའོ། །བསྐྱབ་པ་ནི་ཕྱི་རོལ་གྱི་འཇིགས་པ་སེལ་བར་བྱེད་པའོ། །སྦ་བ་ནི་ནང་གི་བདག་ཉིད་ཀྱི་ནད་ལ་སོགས་པ་སེལ་བའོ། །ཡང་ན་བསྲུང་བ་ནི་སྔགས་ལ་སོགས་པས་སོ། །བསྐྱབ་པ་ནི་སྲུང་བྱེད་ངེས་པར་སྦྱར་བས་སོ། །སྦ་བ་ནི་
རང་ཉིད་ཀྱིས་སོང་སྟེ་དེ་ལ་བྱིན་གྱིས་བརླབས་པའོ། །བགྱི་བ་ནི་ཡང་དག་པར་སྦྱོར་བའོ། །འདི་ནི་བདུད་འཇུག་པ་མི་རྙེད་པ་དང་། དུས་མ་ཡིན་པར་ཤི་བ་མེད་པ་དང་། འཇིགས་པ་ལ་སོགས་པ་མི་བསྐྱེད་པ་དང་། ལྷ་རྣམས་ལས་བསྲུང་བ་ཞེས་བྱ་བའི་ཕན་ཡོན་རྣམ་པ་བཞིའོ། །

འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བའི་རྗེས་ལ་བཅོམ་ལྡན་འདས་ངོ་མཚར་ཏོ། །དེ་ནས་ཇི་སྲིད་ཐེག་པ་གསུམ་གྱིས་སེམས་ཅན་རྣམས་འདུལ་བར་བྱེད་ཅིང་སེམས་ཅན་གྱི་འདུ་ཤེས་ཀྱང་མི་བསྐྱེད་པ་ནི་ཞེས་བྱ་བའི་འདོན་པ་མཐོང་སྟེ། འདི་ནི་སྔོན་གྱི་པོ་
ཏི་རྣམས་ལ་མེད་དོ། །འདོན་པ་དེ་བཤད་པ་པོ་རྣམས་ཀྱིས་མ་བཤད་པ་མངོན་པར་རྟོགས་པ་སྦྱར་བ་ལ་ཆགས་པ་རྣམས་ཀྱིས་བཏགས་པ་ཉིད་དེ། རྩ་བའི་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་དང་ཐེག་པ་གསུམ་ལ་སེམས་ཅན་རྣམས་འདུལ་བ་ལ་སྐབས་མེད་པའི་ཕྱིར་རོ། །འདི་དག་
ཅེས་བྱ་བ་ནི་བདུད་མི་འཇུག་པ་ལ་སོགས་པ་རྣམས་སོ། །མཐོང་བའི་ཆོས་ལ་ཞེས་བྱ་བ་ལ་མཐོང་བའི་ཆོས་ནི་ཐོབ་པའི་སྐྱེ་བའོ། །དེ་ལ་འབྱུང་བ་རྣམས་ངེས་པར་འཐོབ་པ་སྟེ་ཐོག་མར་དེ་རྙེད་པའི་ཕྱིར་རོ། །ཡོངས་སུ་འཛིན་པར་བྱེད་པ་ནི་རྒྱུན་གྱིས་དེ་དག་མི་འཆད་པའི་ཕྱིར་རོ། །
ཡང་ན་སྔ་མའི་ཚིག་འོག་མས་གསལ་བར་བྱེད་དེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་བཟུང་བར་འགྱུར་ཞེས་བྱ་བ་ནི་གཞན་དུ་ན་ཕན་ཡོན་འདི་ཙམ་གྱིས་ཡང་དག་པར་འབྱུང་བ་ཇི་ལྟར་ཡིན་ཞེས་བྱ་བའི་དགོངས་པའོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡང་དག་པར་བསྡུ་བར་བྱེད་པ་གཅིག་པུར་མ་
ཟད་ཀྱི་རྩོད་པ་མེད་པ་ཡང་ཡིན་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཞེས་བྱ་བ་ལ་སོགས་པ་རྩོད་པ་མེད་པ་མཆོག་ཉིད་མཐོང་བའི་ཆོས་ཀྱི་ཡོན་ཏན་ཉིད་ཀྱིས་གསུངས་པ། ཆོས་ཞེས་བྱ་བ་ནི་བསྟན་པའི་ཆོས་སོ། །འདིར་གཙོ་བོ་ཡིན་
པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན་པ་ཡིན་ནོ། །རྩོད་པ་ནི་ཕན་ཚུན་སྨྲས་པའི་སྐྱོན་མི་བཟོད་པའོ། །རྩོད་པའི་གནས་ལ་ཕན་ཚུན་དུ་ལོག་པར་རྟོག་པ་དུ་མས་རྒོལ་བ་ནི་རྒལ་བའོ། །འགལ་བ་ནི་གཅིག་གིས་སྨྲས་པའི་དོན་ལ་ཕྱིན་ཅི་ལོག་གི་དོན་སོ་སོར་ཉེ་བར་གཞག་པའོ། །
སླར་ནུབ་པ་ཉིད་དུ་འགྱུར་ཞིང་ཞེས་བྱ་བ་ནི་དུས་རིང་པོར་སྒྲུབ་པ་དང་འགལ་བ་འབྱུང་བར་འགྱུར་རོ། །བསམ་པ་ནི་རྩོད་པ་ལ་སོགས་པའི་བསམ་པའོ། །དེ་ནི་འདི་ལྟར་འགྱུར་ཏེ་ཞེས་བྱ་བ་ནི་ཆོས་ཉིད་འདི་ཁོ་ན་ཡིན་ཞེས་བྱ་བའི་དོན་ཏོ། །ཉེ་བར་སྡུད་པར་བྱེད་པ་ནི་འདི་དག་ཀྱང་ཞེས་བྱ་བ་ལ་

སོགས་པ་སྟེ། སྔར་གསུངས་པ་གཅིག་པུར་མ་ཡིན་ནོ། །འཛིན་པ་ལ་སོགས་པ་བཤད་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དག་འགལ་བའི་དོན་རྣམ་པར་ཕྱེ་སྟེ་བཤད་པ་ནི་བསྟན་པ་དང་བསྒོམ་པ་ལ་སོགས་པའི་དོན་དུའོ། །ཉེ་བར་སྟོན་པ་ནི་གདམས་ངག་སྦྱིན་པའོ། །
ལུང་འབོགས་པ་ནི་རྒྱས་པ་ལས་སྟོན་ནས་མདོར་བསྡུས་ཏེ་བསྟན་པའོ། །ཁ་ཏོན་དུ་བྱེད་པ་ནི་འདོན་པའི་ཡུམ་གཅིག་པུ་ངག་གིས་ཡོངས་སུ་རྒྱལ་བར་བྱེད་པའོ། །གསུངས་པའི་དོན་རྩི་མ་གྷིའི་དཔེས་གསལ་བར་བྱེད་པ་ནི་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། རྩི་ཞེས་
བྱ་བ་ནི་སྨན་ལས་བྱུང་བའི་མཐུ་འདི་ལ་ཡང་དག་པར་འཛིན་པས་ན་རྩི་ཞེས་བྱ་བའོ། །ད་དྷ་ཏེ་ནི་འཛིན་པའི་ཁམས་ལ་ཀིམ་གྱི་རྐྱེན་ནོ། །འདི་ནི་རིགས་ཡིན་ཏེ་དེ་བས་ན་རྩིའོ། །རིགས་མ་ཡིན་ཞེས་བྱ་བས་ཨ་ཎ་མི་འབྱུང་ངོ་། །འདི་ཡང་མོ་རྟགས་ཡིན་ནོ། །དེའི་ཕྱིར་ཀྲི་དི་ཀཱ་རཱ་དཀྟི་ན་
ཞེས་བྱ་བས་དིབ་ཀྱི་རྐྱེན་གྱིས་བརྟགས་པའོ། །ཨ་ཤི་ནི་སྦྲུལ་གྱི་མཆེ་བའོ། །དེ་ལ་དུག་འདི་ལ་ཡོད་པ་དེའི་ཕྱིར་ཨ་ཤི་བི་ཥ་སྟེ་མཆེ་བ་ལ་དུག་ཡོད་པའི་སྦྲུལ་ལོ། །སྐྱེ་བོ་ནི་ལུས་ཅན་ནོ། །བཀྲེས་ཤིང་ཞེས་བྱ་བའི་ཚིག་ནི་དེ་ཉིད་ལ་ངེས་པར་ཉེ་བར་ཁྱབ་པའི་རྒྱུ་ཡོད་ཀྱང་ཉེ་བར་ཁྱབ་
པ་མེད་པ་སྟེ། རྩིའི་དྲིའི་མཐུས་ཞེས་བྱ་བ་བསྟན་པའི་དོན་དུའོ། །སྲོག་ཆགས་སུ་གྱུར་པ་ཞེས་བྱ་བ་ནི་དུད་འགྲོའི་བྱེ་བྲག་གོ། །ཕྱོགས་སུ་འབྲང་ཞིང་ཞེས་བྱ་བ་ནི་སེམས་ཀྱིས་བཟའ་བའི་བདག་ཉིད་དུ་བྱས་པས་ཕྱོགས་སུ་འབྲང་བ་ནི་ལུས་ཀྱི་སྟེང་དུ་རྗེས་སུ་འགྲོ་བའོ། །ཕྱིར་ལྡོག་
གོ་ཞེས་བྱ་བ་ནི་ལོག་པར་འགྱུར་བའོ། །སྨན་གྱི་ཡོན་ཏན་དེ་ཞེས་བྱ་བ་ནི་གང་གི་ཕྱིར་ནོར་བུ་དང་། སྔགས་དང་། སྨན་རྣམས་ཀྱི་མཐུ་ནི་བསམ་གྱིས་མི་ཁྱབ་ཅེས་བྱ་བའི་དོན་ཏོ། །དུག་དེ་ཟིལ་གྱིས་གནོན་པ་ནི་མཆེ་བ་ལ་དུག་ཡོད་པའི་སྦྲུལ་གྱི་གཟི་བརྗིད་ནི་དུག་ཁོ་ན་སྟེ།
དེ་ཟིལ་གྱིས་གནོན་པ་ལ་ཅུང་ཟད་ཀྱང་མི་བྱེད་པའི་བདག་ཉིད་དུ་འདོད་པར་བྱེད་ཅིང་ལོག་པར་འགྱུར་ཞེས་བྱ་བའི་དོན་ཏོ། །རང་གི་ངོ་བོ་ལ་སྦྱར་བར་བྱེད་པ་ནི་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། གཟི་བརྗིད་དང་ཞེས་བྱ་བ་ནི་མཐུས་སོ། །སྟོབས་དང་ཞེས་བྱ་བ་ནི་གནོད་པར་

བྱེད་པ་ཉིད་ཀྱིས་སོ། །མཐུ་དང་ཞེས་བྱ་བ་ནི་གནོད་པར་བྱས་པ་མ་ཡིན་པ་ཉིད་ཀྱིས་སོ། །སྟོབས་བསྐྱེད་པས་ཞེས་བྱ་བ་ནི་དེ་དང་ལྡན་པ་ལ་ནུས་པ་བསྐྱེད་པས་སོ། །མེད་པར་འགྱུར་བ་ནི་དུས་དེ་ཉིད་དུ་རབ་ཏུ་ཞི་བའོ། །ཉེ་བར་ཞི་བ་ནི་དུས་གཞན་དུ་མི་
འཇུག་པའོ། །ནུབ་པར་འགྱུར་བ་ནི་སེམས་ཀྱི་ལོག་པའོ། །འདིར་ནི་ཡོན་ཏན་ཚང་བའི་དོན་དུ་བསྲུང་བ་ཕུན་སུམ་ཚོགས་པའི་ཡོན་ཏན་ལ་སྦྱར་བར་བྱེད་པ་ནི་རྒྱལ་པོ་ཆེན་པོ་བཞི་དང་ཞེས་བྱ་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་
ཀྱང་ཞེས་བྱ་བ་ནི་འགའ་ཞིག་ཏུ་འདོན་པ་སྟེ། དེ་ནི་སྔོན་གྱི་པོ་ཏི་རྣམས་ལ་མི་སྣང་ཞེས་བྱ་བའོ། །སངས་རྒྱས་རྣམས་ལས་བསྲུང་བ་ལ་སོགས་པ་ཞེས་བྱ་བ་ཆེན་མོ་རྣམས་ལས་བཤད་པ་མཐོང་ནས་བཏགས་པའོ། །སྒྲུབ་པ་ནི་རྩོད་པ་མེད་པ་གཅིག་པུར་མ་ཟད་ཀྱི་སྐྱོན་མེད་པའི་ཚིག་
ཀྱང་ཡིན་ཞེས་གསུངས་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་ཚིག་གཟུང་བར་འོས་ཞེས་བྱ་བ་ལ་སོགས་པ་ནི་བདེན་པ་ཉིད་ཀྱིས་སོ། །ཚིག་རན་པར་ཞེས་བྱ་བ་ནི་ཚིག་མི་རྩུབ་པ་ཉིད་ཀྱིས་སོ། །ཚིག་འཇམ་པ་ཞེས་བྱ་བ་ནི་མི་རྩུབ་པ་ཉིད་ཀྱིས་སོ། །ཚིག་
འཆལ་པ་མེད་པ་ཞེས་བྱ་བ་ནི་ངག་འཁྱལ་པ་མེད་པ་ཉིད་ཀྱིས་སོ། །འདི་ནི་རྣམ་པ་བཞི་སྐྱོན་མེད་པའི་ཚིག་གི་ཡོན་ཏན་བདེ་བས་སེམས་ཅན་ཡོངས་སུ་སྨིན་པའི་དོན་དུ་ཡང་དག་པར་འགྱུར་རོ། །སླར་ཡང་སྒྲུབ་པ་འདི་ལ་ཁོང་ཁྲོ་བ་དང་ང་རྒྱལ་ཉིད་རྣམ་པར་བྲལ་བའི་རྒྱུ་ཉིད་བསྟན་
པར་བྱེད་པ་ནི། ཁོང་ཁྲོ་བ་དང་ང་རྒྱལ་དང་རྣམ་པར་བྲལ་བ་ལ་རང་དང་གཞན་གྱི་དོན་གྱི་དབང་གིས་གོང་ནས་གོང་དུ་རབ་ཏུ་ཡང་དག་པར་འབྱུང་བའི་ཕྱིར་གསུངས་པ། ཟིལ་གྱིས་གནོན་པར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་སྟེ། གནོད་པ་བྱེད་པའི་རྒྱུ་སོ་སོར་ཉེ་བར་
གནས་པ་ལ་ཁོང་ཁྲོ་བ་ལས་བྱུང་བའི་སེམས་ཀྱིས་འཇོམས་པ་ནི་ཁོང་ཁྲོ་བ་ལ་འཇིག་ཚོགས་ཀྱི་ལྟ་བ་ལ་ཡང་དག་པར་བརྟེན་པས་སེམས་ཀྱི་མཐོང་བ་ནི་ང་རྒྱལ་ལོ། །གཙོ་བོ་བྱང་ཆུབ་སེམས་དཔའི་ཆོས་གནོད་པར་བྱེད་པ་ཉིད་ཀྱིས་ཐོག་མ་ཉིད་དུ་རབ་ཏུ་སྤང་བྱ་ཉིད་ཀྱི་ཕྱིར་འདི་

དག་གཟུང་བའོ། །འདི་ཙམ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཡིན་ནོ། །འདི་ལྟ་སྟེ་སྙིང་རྗེ་དང་ཤེས་རབ་བོ། །དེ་ལ་ཁོང་ཁྲོ་བ་ནི་སྙིང་རྗེ་དང་འགལ་ཏེ་ང་རྒྱལ་ནི་ཤེས་རབ་ལའོ། །མངོན་པའི་ང་རྒྱལ་ཅན་ལ་ཤེས་རབ་ཀྱི་རྣམ་པར་དག་པ་མེད་ཅེས་བྱ་བ་གསུངས་པས་སོ། །འདི་
ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་ཞེས་བྱ་བའི་དགོངས་པ་སྔོན་དུ་འགྲོ་བས་གསུངས་པ། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྟེ། ཡོངས་སུ་དུལ་བར་བྱེད་པ་དང་ཡོངས་སུ་འདུད་པར་བྱེད་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་དམིགས་
པའི་སྤྱད་པ་བྱང་ཆུབ་སེམས་དཔའ་ཡོངས་སུ་དུལ་བར་མི་བྱེད། ཐབས་ལ་མི་མཁས་པ་ཡང་མཐོན་པོར་འགྲོ་བའི་ཕྱིར་ཡོངས་སུ་འདུད་པར་མི་བྱེད་དེ། མི་དམིགས་པའི་སྤྱོད་པ་ལ་སྤྱོད་པར་བྱེད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་དུ་འདུལ་བའི་ཕྱིར་ཡོངས་སུ་འདུལ་བར་བྱེད་
དེ། མཐོན་པོར་འགྲོ་བ་མེད་པའི་ཕྱིར་ཡོངས་སུ་འདུད་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ཁོང་ཁྲོ་བ་ལ་འཕེལ་བར་མི་བྱེད་ཅེས་བྱ་བ་ལ་སོགས་པ་སྟེ། ཁྲོ་བ་ལས་གོང་དུ་བདག་ལ་འདིས་གནོད་པར་བྱས་པ་ཞེས་བྱ་བའི་ཁོན་དུ་འཛིན་པའི་བདག་ཉིད་ཅན་གྱི་བསམ་པ་འདི་མི་
གཏོང་བར་རྒྱུན་གྱིས་འཇུག་པ་ནི་ཁོན་དུ་འཛིན་པའོ། །གནོད་སེམས་ནི་སེམས་ཅན་ལ་རྣམ་པར་སྡང་བའོ། །བག་ལ་ཉལ་ནི་དེ་ལས་གཞན་གྱི་སེམས་ལ་ཡོངས་སུ་འགྲོ་བ་ཁྲོ་བ་ལ་སོགས་པ་སྐྱེད་པའི་ས་བོན་ནོ། །འདིར་ནི་འཁོར་དང་བཅས་པའི་ཁྲོ་བ་དང་ང་རྒྱལ་དག་ལས་རྣམ་པར་
རྒྱལ་བ་གསུངས་སོ། །ཁྲོ་བ་ལ་སོགས་པ་རྣམས་ལ་ཞི་བར་བྱེད་པ་གཅིག་པུར་མ་ཟད་ཀྱི་དེའི་གཉེན་པོར་ཡང་ཉེ་བར་གཞག་པ་བྱེད་པ་གསུངས་པ་ནི་དེ་ལྟར་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དྲན་པ་གསུངས་པ་ནི་དེ་འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། དབང་
པོ་རྣམས་ཞེས་བྱ་བ་ནི་མིག་ལ་སོགས་པ་རྣམས་སམ་དད་པ་ལ་སོགས་པ་རྣམས་སོ། །འཁྲུག་པ་ནི་རྣམ་པར་འགྱུར་བའོ། །བཞིན་གྱི་མདོག་ཀྱང་འགྱུར་བ་ནི་དྷ་ཧི་ཞེས་བྱ་བའི་ཁམས་ཀྱི་སྦྱོར་བའོ། །དེའི་ཕྱིར་འདི་ནི་མཐོང་བའི་ཆོས་ལ་ཉེས་དམིགས་སེམས་ཅན་ཐམས་ཅད་ཀྱི་དོན་

གྱི་བྱ་བ་དང་འགལ་བ་ཞེས་བྱ་བའི་དགོངས་པའོ། །བྱང་ཆུབ་ལ་ཡང་དག་པར་ཞུགས་པའི་བདག་ལ་འདིས་འོས་པ་མ་ཡིན་ཞེས་གསུངས་པ། འདི་ནི་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་སྟེ། བླ་ན་མེད་པ་ཡང་དག་པའི་བྱང་ཆུབ་ལ་འཇུག་པ་དྲན་པ་
ལ་ཡང་ཐམས་ཅད་ཀྱི་རྣམ་པ་ཀུན་གྱི་ཕན་པ་དང་། བདེ་བ་ཉེ་བར་བསྡུས་པའི་བསམ་པའི་མཚན་ཉིད་བྱམས་པའི་ཡོན་ཏན་གྱིས་ཡང་དག་པར་འབྱུང་བ་གསུངས་སོ། །འདི་ལྟ་བུའི་རྣམ་པའི་ཕན་ཡོན་ཐོས་པས་ངོ་མཚར་བ་ཐོབ་པ་བརྒྱ་བྱིན་སྔར་གསུངས་པ་ཉིད་ཀྱི་དོན་ཉེ་བར་བསྟན་པར་
བྱེད་དེ། བཅོམ་ལྡན་འདས་ངོ་མཚར་ཏོ་ཞེས་བྱ་བ་སྟེ། ཇི་ལྟར་ཞེས་བྱ་བ་ནི་གང་ཞིག་ཅེས་བྱ་བའི་དོན་ཏོ། །ཡོངས་སུ་དུལ་བ་དང་ཁེངས་པ་མ་མཆིས་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་དམིགས་པའི་སྤྱོད་པ་ལ་སྤྱོད་ཅིང་ཆོས་གཉིས་པོ་འདི་ཡང་ཡོད་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པའི་སྤྱོད་པ་ལ་དེའི་སྟོབས་ཉིད་ཀྱིས་གཉི་ག་ཡང་མེད་ཅེས་བྱ་བའི་དགོངས་པའོ། །ཕན་ཡོན་གསུངས་པ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། གཡུལ་དུ་ཐོག་མར་ཞུགས་པར་གྱུར་ན་ཞེས་བྱ་བ་ནི་ཕན་ཚུན་དུ་མཚོན་ཆ་འཕངས་པའི་
དུས་སུ་མདུན་དུ་འགྲོ་བའི་ས་ལའོ། །གནས་མ་ཡིན་ཞེས་བྱ་བ་སྟེ། སྔ་མའི་ཚིག་གསལ་བར་བྱེད་པ་ནི་གོ་སྐབས་མེད་ཅེས་བྱ་བའོ། །གང་ཞེས་བྱ་བ་ནི་འཆད་པར་འགྱུར་བ་ཉེ་བར་བསྟན་པའི་དོན་དུའོ། །དེ་སྲོག་གི་བར་ཆད་དུ་འགྱུར་བ་ཞེས་བྱ་བ་དེ་ནི་གཞན་གྱི་ཕྱིར་གཞན་གྱིས་
འཕངས་པའི་མཚོན་ཆ་ལུས་ལ་ཕོག་པས་སོ། །གཞན་གྱིས་གནོད་པ་བྱེད་པས་ཞེས་བྱ་བ་ནི་གང་ཞིག་དེ་ཉིད་ལ་སྲོག་གི་བར་ཆད་བྱེད་པའི་གཞན་གྱི་གནོད་པ་སྟེ་དེས་སོ། །འདིར་རྒྱུ་གསུངས་པ་ནི་གལ་ཏེ་དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཞེས་བྱ་བ་ནི་ཕོག་པའོ། །
ཅིའི་ཕྱིར་ཞེ་ན། ལན་ནི་རིག་སྔགས་ཆེན་མོ་ཞེས་བྱ་བ་ལ་སོགས་པ་སྟེ། དུས་ཐམས་ཅད་དུ་ཡུལ་ཐམས་ཅད་ལ་མི་མཐུན་པའི་ཕྱོགས་རྣམས་ལ་ཐོགས་པ་མེད་པའི་མཐུ་ཡོད་པའི་ཕྱིར་རིམ་པ་ཇི་ལྟ་བར་ཆེན་མོ་དང་ཚད་མ་མེད་པ་དང་ཚད་མེད་པའོ། །བླ་ན་མེད་པ་ནི་དེ་ལས་ལྷག་

པ་མེད་པའི་ཕྱིར་རོ། །མཉམ་པ་མེད་པ་ནི་མཉམ་པ་མེད་པའི་ཕྱིར་རོ། །མཉམ་པས་མཉམ་པ་ནི་མཉམ་པ་དང་མཉམ་པ་སྟེ། ཅུང་ཟད་ཉུང་བ་མོ་ཉིད་ཀྱི་ཕྱིར་མཉམ་པ་དང་མཉམ་པའོ། །དེ་ཡང་མེད་པའི་ཕྱིར་མི་མཉམ་པ་དང་མཉམ་པའོ། །ཚད་མེད་པ་ལ་སོགས་པའི་ཚིག་གསུམ་ནི་སྔོན་
གྱི་པོ་ཏི་རྣམས་ལ་མ་མཐོང་ངོ་། །བདག་ལ་གནོད་པ་ནི་ཉེ་བར་འཚེ་བའོ། །དེ་བཞིན་དུ་གཞན་རྣམས་དང་གཉི་ག་ལ་སྟེ། དེའི་དོན་དུ་སེམས་པར་བྱེད་པ་ནི་མ་ཡིན་པས་སེམས་ནི་བྱ་བ་མི་བྱེད་དེ་ཉེ་བར་འཚེ་བ་ལ་མཐོང་བ་དང་མ་མཐོང་བ་ལ་རང་དང་གཞན་ལ་སྡུག་བསྔལ་བྱེད་པའི་ཕྱིར་དང་།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཀྱང་ཁྲོ་བ་ལ་སོགས་པ་རྣམས་ཉེ་བར་ཞི་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཡིན་པ་དང་སེམས་ཅན་རྣམས་ལ་ཕན་པའི་རྒྱུ་ཡིན་ཞེས་བསྟན་པ་ནི་འདི་ལ་ཞེས་བྱ་བ་ལ་སོགས་པ་སྟེ། མ་ལུས་པའི་
དངོས་པོ་ཤེས་པ་ནི་རྫོགས་པའི་བྱང་ཆུབ་བོ། །ཡང་དག་པར་ཞེས་བྱ་བ་ནི་དངོས་སུའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་བ་ནི་ཐ་སྙད་ལས་ཐ་དད་པ་སྟེ་དངོས་པོ་ལ་ནི་མ་ཡིན་ནོ། །རྣམ་པར་ལྟ་བར་འགྱུར་རོ་ཞེས་བྱ་བ་ནི་དུལ་བ་ལ་
སོགས་པའི་དོན་དུའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མཛད་པ་དེ་ལ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གང་ཞིག་ཐོབ་པ་མ་ཡིན་ཞེས་བྱ་བའོ། །གང་གི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་ཐམས་ཅད་ནི་ཐོབ་པར་བྱ་བ་སྟེ། དེ་རྣམས་ཀྱང་སོ་
སོར་རང་གིས་རིག་པར་བྱ་བ་དེ་བས་ན་གལ་ཏེ་འདིས་ཐོབ་པར་མ་གྱུར་ན་འདི་ནི་ཐམས་ཅད་མཁྱེན་པར་མི་འགྱུར་རོ། །དེའི་ཕྱིར་དེ་ཅུང་ཟད་ཡོད་པ་མ་ཡིན་ཏེ། གང་ཞིག་འདིས་ཐོབ་པར་མ་གྱུར་པའོ། །དེའི་ཕྱིར་ཐོབ་པ་དང་གཞན་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་ཅུང་ཟད་ཡོད་པ་མ་
ཡིན་ཏེ་གང་ཞིག་འདིས་མཁྱེན་པར་མ་གྱུར་པའོ། །བློ་གྲོས་རབ་ཀྱི་མངོན་དུ་བྱ་བའི་ཡེ་ཤེས་འདིར་ནི་གཟུང་བར་བྱ་སྟེ་དེའི་ཕྱིར་ཅུང་ཟད་ཡོད་པ་མ་ཡིན་གང་ཞིག་མངོན་དུ་མ་བྱས་པར་འགྱུར་ཞེས་བྱ་བའོ། །འམ་གྱི་སྒྲ་རྣམས་ནི་ཕན་ཚུན་ལྟོས་པས་རྟོགས་པའི་དོན་ལའོ། །དེའི་

ཕྱིར་འདི་ནི་ཐམས་ཅད་མཁྱེན་པ་སྟེ་དེའི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཡིན་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་རྒྱུ་ཡིན་པའོ། །དེ་ལྟ་ན་ཡང་
གང་ཞིག་མཐོང་བའི་ཆོས་ཀྱི་ཡོན་ཏན་འདི་བརྗོད་པ་དེ་རིགས་པ་ཁོ་ན་ཡིན་ནོ་ཞེས་ཉེ་བར་བསྡུ་བར་བྱེད་པ་ནི་འདི་ཡང་ཞེས་བྱ་བ་ལ། བདག་ལ་གནོད་པ་བྱ་བར་ཡང་མི་སེམས་ཞེས་བྱ་བ་ལ་སོགས་པ་ནི་མཐོང་བའི་ཆོས་ཀྱི་ཡོན་ཏན་ཞེས་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་
ཡང་ས་ཕྱོགས་བྱིན་གྱིས་བརླབས་པ་ཡང་དག་པར་སྲིད་པ་སྟེ། ས་ཕྱོགས་ནི་རྣམ་པ་གཉིས་ལས་གཅིག་ནི་པོ་ཏི་ལ་སོགས་པའི་རྟེན་ནོ། །གཞན་ནི་བཟུང་བར་གྱུར་པ་ལའོ། །ཇི་སྲིད་ཁ་ཏོན་བྱེད་པར་འགྱུར་བ་ལའོ། །དེ་ལ་དང་པོ་གསུངས་པ། གཞན་ཡང་ཞེས་བྱ་བ་ལ་སོགས་པ་
སྟེ། ཆུང་ངུ་ན་ཞེས་བྱ་བ་ནི་མཆོག་འགྲིབ་པ་ལའོ། །སྔོན་དུ་བྱས་ཏེ་ཞེས་བྱ་བ་ནི་གཞག་པའི་དུས་སུ་མཆོད་པ་གསུངས་པ། བཀུར་སྟིར་བྱེད་ལ་ཞེས་བྱ་བ་སྟེ། བཞག་ནས་ནི་འོག་ཏུའོ། །འགའ་ཞིག་བཀུར་སྟིར་མི་བྱེད་ལ་ཞེས་འདོན་ཏེ་བཞག་ནས་ནི་འོག་ཏུའོ། །བཀུར་
སྟིར་མི་བྱེད་ལ་ཞེས་བྱ་བ་ནི་བཤད་པའོ། །གླགས་ཞེས་བྱ་བ་ནི་སྐབས་སམ་གོ་འབྱེད་པའོ། །གཏོགས་པར་ཞེས་བྱ་བ་ནི་ཕྱི་རོལ་དུ་བྱས་པ་སྔོན་གྱི་སྐྱེ་བ་ལས་གཞན་གྱི་རྣམ་གྲངས་རིག་པར་བྱ་བ་རྣམ་པར་སྨིན་པ་ངེས་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པ་མི་འདོད་པའི་
འབྲས་བུའོ། །བཀུར་སྟིར་བྱེད་པ་དེ་ཙམ་ཡང་ཡོན་ཏན་འདི་ལྟ་བུའི་ས་ཕྱོགས་དེར་གང་ཞིག་ཡང་གཟུང་བ་ལ་སོགས་པ་ཡང་རྟེན་དེ་བྱང་ཆུབ་ཀྱི་སྙིང་པོ་དང་འདྲ་བ་འདི་ཉིད་ཞེས་སྟོན་པར་བྱེད་པ་ནི་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་སྟེ། བྱང་ཆུབ་ཀྱི་སྙིང་པོ་ན་འདུག་པ་ཞེས་བྱ་བ་ནི་སྙིང་པོ་ཞེས་
བྱ་བ་སྟེ་བྱང་ཆུབ་ཀྱི་དོན་དུ་སྙིང་པོ་ནི་བྱང་ཆུབ་ཀྱི་སྙིང་པོའོ། །འདིར་འདུག་ནས་བྱང་ཆུབ་ལ་རྟོགས་པའི་ཕྱིར་རོ། །གང་དུ་སྙིང་པོ་ཞེ་ན། གསེར་གྱི་རང་བཞིན་གྱི་ས་གཞི་ལ་འདི་ལྟ་སྟེ་སྐྱེ་བའི་བསྐལ་པའི་ཐོག་མར་གསེར་གྱི་རང་བཞིན་གྱི་ས་གཞི་སྔོན་དུ་གྲུབ་པ་ལ་དེའི་སྙིང་པོ་རྡོའི་རང་བཞིན་ཀ་བ་

རྒྱར་དཔག་ཚད་ཙམ་པ་གྱེན་དུ་གྲངས་སུ་མ་བགྲངས་པ་ཡང་དག་པར་མངོན་དུ་འབྱུང་བ་དེ་འཛམ་བུའི་གླིང་གི་ལྟེ་བ་སྟེ། དེ་རྡོ་རྗེའི་རང་བཞིན་གྱི་ཕྱིར་རྡོ་རྗེ་ཞེས་བརྗོད་དེ། དེ་ནི་འདིར་བྱང་ཆུབ་ཀྱི་སྙིང་པོའོ། །རྒྱར་དཔག་ཚད་ཙམ་པ་བཅོམ་ལྡན་འདས་ཀྱི་སྐྱིལ་ཀྲུང་གིས་
ཁྱབ་པ་ཙམ་ས་ཕྱོགས་ཀྱི་ཚད་ནི་མ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་མ་ངེས་པའི་ཚད་སྐྱིལ་ཀྲུང་གི་ཕྱིར་ཏེ། སངས་རྒྱས་ཀུན་གྱི་མཉམ་ཉིད་ནི། །སྔོན་གྱི་མདངས་དང་ཚད་ཀྱིས་མིན། །ཞེས་བྱ་བའི་ཚིག་གིས་སོ། །འདི་ཉིད་ཀྱང་རྡོ་རྗེ་གདན་གྱི་སྒྲའི་བཤད་པའོ། །བྱང་ཆུབ་
ཀྱི་སྙིང་པོ་ལ་རྗོད་བྱེད་མེད་པའི་ཕྱིར་དེ་བས་ན་སྙིང་པོ་ནི་སྙིང་པོ་ལ་བརྒྱན་པ་སྟེ། བྱང་ཆུབ་ཉིད་ཀྱི་སངས་རྒྱས་ཐམས་ཅད་ལ་དེ་ལ་ངེས་པ་སྐྱེད་པ་སྙིང་པོ་ནི་ས་ཕྱོགས་འདི་ལ་དེའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོའོ། །བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་ནི་ཐོབ་པའོ། །ཁོར་ཡུག་ཏུ་
འབྱུང་བས་ཁོར་ཡུག་སྟེ་ཁོར་ཡུག་གི་ནང་ན་འདུག་པ་ནི་ནང་ན་འདུག་པའོ། །ནང་ནི་དབུས་སོ། །བྱང་ཆུབ་ཀྱི་དོན་དུ་ཤིང་ནི་བྱང་ཆུབ་ཀྱི་ཤིང་ངོ་། །དེའི་རྩ་བར་ཞུགས་ནས་བྱང་ཆུབ་རྟོགས་པའི་ཕྱིར་རོ། །དེའི་རྩ་བ་ནི་རྩ་བས་མངོན་པར་ཞེན་པ་ཡོངས་སུ་བཅད་པའི་ས་
ཕྱོགས་ཏེ་དེར་འདུག་པའོ། །གལ་ཏེ་ཡང་བྱང་ཆུབ་ཀྱི་ཤིང་གི་རྩ་བ་ཡང་བྱང་ཆུབ་ཀྱི་སྙིང་པོ་ཡིན་པ་དེ་ལྟ་ན་ཡང་མཆོག་ཉིད་དུ་གྲགས་པའི་ཕྱིར་སོ་སོར་བསྟན་པའོ། །དང་གི་སྒྲ་རྣམས་ནི་ཕན་ཚུན་དུ་ལྟོས་པས་རྣམ་པར་རྟོག་པའི་དོན་དུའོ། །གཙེ་བ་འམ་ཞེས་བྱ་བ་ནི་
མཚོན་ལ་སོགས་པས་རྡེག་པ་སྦྱིན་པས་རྣམ་པར་འཚེ་བར་བྱེད་པའོ། །གནོད་པར་བྱ་བ་ནི་ངེས་པར་གསོད་པར་འདོད་པའོ། །འབེབས་པར་བྱེད་པ་ནི་འབྱུང་པོ་དང་ཤ་ཟ་ལ་སོགས་པ་རབ་ཏུ་ཞུགས་པའི་ཕྱིར་མི་ནུས་སོ་ཞེས་བྱ་བ་དང་འབྲེལ་ཏོ། །འཇིགས་པ་ལ་སོགས་པའི་
གཉེན་པོ་ཉིད་ཀྱི་ཕྱིར་འཇིགས་པ་མེད་པ་དང་འཁོན་མེད་པ་དང་མི་སྐྲག་པ་བྱམས་པ་ཆེན་པོ་ཞེས་བྱ་བ་ནི་ཚད་མེད་པ་རབ་ཏུ་བསྒོམ་པ་ཡིན་ཞེས་བྱ་བ་ལ་སྒྲུབ་པར་བྱེད་པ་ཡིན་ནོ། །རབ་ཏུ་སྟོན་པར་མཛད་པ་ཞེས་བྱ་བ་ནི་གཞན་རྣམས་ལ་དེ་རབ་ཏུ་བསྟན་པའི་ཕྱིར་རོ། །བྱེ་བ་ཕྲག་སུམ་ཅུ་

རྩ་གསུམ་གྱི་འཁོར་དང་མཚོན་ཆ་སྣ་ཚོགས་པ་དང་དབྱིག་པས་རྡེག་པ་ལ་སོགས་པས་རྡེག་པའི་བདུད་ལ་མཚོན་ཆ་ཕོག་པ་འབྲས་བུ་མེད་པའི་ཕྱིར་ཏེ་ཇི་སྐད་དུ་གསུངས་པ། བྱམས་པའི་ཏིང་ངེ་འཛིན་ལ་ཡང་དག་པར་ཞུགས་པ་ལ་མཚོན་ཆས་ལུས་ལ་
ཚུགས་པ་མ་ཡིན་ཞེས་བྱ་བ་རྒྱས་པར་རོ། །དོན་ནི་འདི་ཡིན་ཏེ་གང་ཞིག་བྱམས་པའི་རང་བཞིན་གྱི་སྐུ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཕྱོགས་གང་ཞིག་མངོན་པར་རྫོགས་པར་སངས་རྒྱས་པ་ལ་སོགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པར་མཛད་པ་དེར་
གནས་པའི་སྲོག་ཆགས་རྣམས་ནི་གཞན་རྣམས་ཀྱིས་གཙེ་བར་མི་ནུས་སོ། །དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཉིད་ཀྱིས་བྱམས་པ་བསྒོམ་པ་ལ་རྒྱུ་མཐུན་པའི་ཡོན་ཏན་འདི་ཡིན་ནོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གནས་པའི་ས་ཕྱོགས་ཀྱང་ངོ་། །མཆོད་
རྟེན་དུ་གྱུར་པ་ཞེས་བྱ་བ་སྟེ། ཙ་ཡེ་ར་ཞེས་བྱ་བ་ནི་མཆོད་པ་ལའོ། །ཙ་པྱེ་ཏི་ཞེས་བྱ་བ་ནི་མཆོད་པ་བྱ་བ་ནས་མཆོད་རྟེན་ནོ། །བྱ་བ་ལ་ལོ་ཊོ་ཕལ་ཆེར་ཞེས་བྱ་བ་ལས་ལ་ཎུ་ཏམ་དང་ཨ་ཡའི་གནས་ལ་ནི་ཨ་ཨེ་ཏེ་ཞེས་བྱ་བའི་དངོས་པོ་སྟེ་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུའི་གཟུགས་
བརྙན་མཆོད་རྟེན་ཞེས་བྱ་བའི་དོན་ཏོ། །དེར་གྱུར་པ་མཆོད་རྟེན་གྱི་ངོ་བོ་ཐོབ་པ་ཞེས་བྱ་བ་ནི་ཉི་ཁྲི་གཞུང་འགྲེལ་ལས་སོ། །འབྱུང་བ་ཞེས་བྱ་བ་ནི་དེ་དང་འདྲ་བ་སྟེ་ཞེས་བྱ་བ་ནི་གཞན་དག་གོ། །ཕྱག་བྱ་བ་ནི་ལུས་ལ་སོགས་པས་ཕྱག་བཙལ་བའི་ཕྱིར་རོ། །རྗེད་པར་བྱ་བ་ནི་ཡོན་ཏན་རྗེས་སུ་
དྲན་པས་མང་དུ་རྗེད་པར་བྱ་བའོ། །མཆོད་པར་བྱ་བ་ནི་མེ་ཏོག་ལ་སོགས་པ་རྣམས་ཀྱིས་སོ། །རི་མོར་བྱ་བ་ནི་སྐོར་བ་ལ་སོགས་པ་བྱེད་པའི་ཕྱིར་རོ། །བསྙེན་བཀུར་བྱ་བ་ནི་གཞན་རྣམས་ལ་ཡང་ཕྲག་དོག་ལ་སོགས་པའི་སྐྱོན་དང་བྲལ་བར་བྱས་ཤིང་མཆོད་པ་ལ་སོགས་པ་སྐུལ་བར་
བྱེད་པའི་ཕྱིར་རོ། །བཀུར་སྟིར་བྱ་བ་ནི་ཁྱད་པར་ཅན་གྱི་གདུགས་དང་རྒྱལ་མཚན་ལ་སོགས་པ་རབ་ཏུ་གནས་པར་བྱེད་པའི་ཕྱིར་རོ། །བླ་མར་བྱ་བ་ནི་བླ་མ་བཞིན་དུ་ཕན་ཡོན་དུ་བྱ་བ་ཉིད་ཀྱི་ཕྱིར་རོ། །སྐྱོབ་པ་ནི་རང་ཉིད་ཀྱིས་གཞག་པ་སྐྱོང་བར་བྱེད་པས་སྐྱོབ་པའོ། །སྐྱབས་ནི་ཁས་ལེན་

པ་ལ་འཇིགས་པ་ཐོས་པས་ན་སྐྱབས་པས་སོ། །གནས་ནི་མི་འཇིགས་ཤིང་ལས་ཀུན་ལས་འབྲེལ་པས་ན་གནས་སོ། །དཔུང་གཉེན་ནི་མཆོག་ཏུ་འགྲོ་བས་ན་དཔུང་གཉེན་ནོ། །ད་ནི་དེ་བཞིན་གཤེགས་པའི་སྐུས་རབ་ཏུ་གང་བའི་མཆོད་རྟེན་གྱི་མཆོད་པ་བས་ཀྱང་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའི་མཆོད་པ་ཉིད་ལ་བསོད་ནམས་ལྷག་པ་ཉིད་དེ། དེའི་རྒྱུ་བརྒྱ་བྱིན་གྱིས་ཞུས་པ་ལ་བཅོམ་ལྡན་འདས་ཀྱིས་བསྟན་པར་བྱེད་པ་ནི་དེ་སྐད་ཅེས་བྱ་བ་ལ་སོགས་པ་སྟེ། བྲིས་ནས་ཞེས་བྱ་བ་ནི་རང་གི་ལག་གིས་སམ་གཞན་འདྲི་མཁན་རྣམས་ལ་ཡོན་བྱིན་ནས་སོ། །
གླེགས་བམ་དུ་ཆུད་པར་བགྱིས་ཏེ་ཞེས་བྱ་བ་སྟེ་སྔ་མའི་དོན་ནི་ཕྱི་མས་མངོན་པར་གསལ་བར་བྱེད་དོ། །འགའ་ཞིག་ཏུ་ནི་འམ་གྱི་སྒྲ་འདོན་པ་ཡིན་ཏེ། དེར་གཞན་བསྐུལ་བར་བྱས་ནས་བྲིས་པ་གླེགས་བམ་དུ་ཆུད་པར་བགྱིས་པའོ། །ལྷ་ཞེས་བྱ་བ་ནི་རང་གི་རིགས་ལ་ལྟོས་པས་
མཆོག་ཏུ་གྱུར་པ་རྣམས་སོ། །ལྷ་རྣམས་ཀྱིས་ཞེས་བྱ་བ་ནི་སྔོན་གྱི་པོ་ཏི་རྣམས་ལ་འདོན་པའོ། །དེ་ལ་དང་པོར་སྤྱིར་ཉེ་བར་བསྟན་པ་བརྗོད་པར་འདོད་ལ་བུད་མེད་ཉིད་ཀྱིས་བསྟན་པའོ། །མེ་ཏོག་ནི་སིལ་མའི་མེ་ཏོག་རྣམས་སོ། །དྲི་ནི་དྲིའི་ཤིང་རྣམས་སོ། །ཕྲེང་
བ་ནི་མེ་ཏོག་གི་ཕྲེང་བ་རྣམས་སོ། །བྱུག་པ་ནི་དྲིའི་བྱུག་པ་རྣམས་སོ། །ཕྱེ་མ་ནི་ཨ་ག་རུ་དང་ཙནྡན་ལ་སོགས་པ་རྣམས་ཀྱིའོ། །ན་བཟའ་ནི་གོས་རྣམས་སོ། །མཆོད་པ་ནི་ལྷ་བཤོས་ལ་སོགས་པ་རྣམས་སོ། །རྣམ་པ་མང་པོ་དག་ནི་སྣ་ཚོགས་པ་རྣམས་ཀྱིས་སོ། །མེ་ཏོག་
ལ་སོགས་པ་རྣམས་ཀྱིས་མཆོད་པ་དང་ཞེས་འབྲེལ་ཏོ། །ཇི་ལྟར་མཆོད་པར་བྱ་ཞེས་གསུངས་པ། བཀུར་སྟིར་བགྱིས་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། བཀུར་སྟི་དང་རྗེད་པ་སྔོན་དུ་འགྲོ་བས་མཆོད་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལ་བཀུར་སྟི་ནི་སེང་གེའི་ཁྲི་ལ་སོགས་
པ་ལ་བསྐྱེད་པའོ། །བླ་མར་བྱེད་པ་ནི་གུས་པའོ། །རྗེད་པ་ནི་ཡོན་ཏན་རྗེས་སུ་དྲན་པ་སྔོན་དུ་འགྲོ་བས་ལན་མང་བར་བྱེད་པའོ། །རི་མོར་བགྱིས་པ་ནི་མཆོག་གི་མཆོད་པའོ། །བསྙེན་བཀུར་བགྱིས་ན་ནི་གཞན་རྣམས་ཀྱིས་ཀྱང་དེ་བྱེད་པའོ། །སྐུ་དག་ནི་རིང་བསྲེལ་རྣམས་

སོ། །སེམས་ཅན་མང་པོ་ཕན་པར་བྱེད་པའི་དོན་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཏིལ་ཙམ་དུ་དབྱེ་བར་བྱས་ནས་གཙུག་ཏོར་དང་འགྲམ་པ་གཉིས་དང་མཆེ་བ་བཞི་སྤངས་ནས་སོ། །མཆོད་རྟེན་གྱི་ནང་དུ་ནི་མཆོད་རྟེན་རྣམས་ཀྱིའོ། །སྩལ་ཏེ་ཞེས་བྱ་བ་ནི་
གཞག་པར་བྱ་བའོ། །ཡོངས་སུ་འཛིན་ཅིང་ཞེས་བྱ་བ་ནི་བདག་ཉིད་ལ་མཆོད་པར་བྱ་བ་ཉིད་ཀྱིས་བདག་ཏུ་བྱེད་པའོ། །འཆང་ལ་ཞེས་བྱ་བ་ནི་ཟ་མ་ཏོག་ལ་སོགས་པ་བྱས་ནས་གཞུག་པར་བྱ་བའོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་བཞིན་དུའོ། །དེའི་ཕྱིར་
ཞེས་བྱ་བ་ལ་སོགས་པ་སྟེ། བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་ཉིད་ལ་ཕར་དྲི་བ་མཛད་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུའི་ངོ་བོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་མཆོད་པ་ཉིད་ལེགས་པ་ཞེས་གསལ་བ་འདི་བསྟན་པའི་དོན་དུ་བརྒྱ་བྱིན་དང་དེས་འདུལ་བར་བྱ་བ་རྣམས་ལ་
ཡང་དག་པར་དགའ་བ་བསྐྱེད་པའི་དོན་དུ་ཞེས་བྱ་བའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་བདག་གི་དངོས་པོ་ཞེས་བྱ་བ་སྟེ། ཐམས་ཅད་མཁྱེན་པ་ཉིད་ནི་བདག་གི་དངོས་པོའོ། །བདག་གི་དངོས་པོ་གང་གིས་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་གྲངས་སུ་འགྲོ་བ་མངོན་
པར་གྲུབ་པའོ། །ལམ་གང་ཞིག་ལ་ཞེས་བྱ་བ་ནི་ལམ་ལའོ། །ཐམས་ཅད་མཁྱེན་པ་ཉིད་འདི་ནི་སླར་གང་ཡིན་ཞེ་ན་གསུངས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ལ་བརྙེས་པའི་དོན་གང་ཡིན་ཞེ་ན་གསུངས་པ། མངོན་
པར་རྫོགས་པར་སངས་རྒྱས་ཞེས་བྱ་བ་སྟེ། སྔོན་གྱི་པོ་ཏི་རྣམས་ལ་ནི་བདག་གི་དངོས་པོ་གྲུབ་པ་ཞེས་འདོན་པ་ཡིན་ཏེ། དེ་ཡང་བདག་གི་དངོས་པོ་ནི་ཐམས་ཅད་མཁྱེན་པ་ཉིད་ཤེས་པར་བྱའོ། །འདི་ཉིད་ལ་ཞེས་བྱ་བ་ནི་འདི་ཉིད་ལའོ། དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ངེས་
པའི་རྒྱུ་ཉིད་ཀྱི་ཕྱིར་འདིའི་པོ་ཏི་མཆོད་པ་ཡང་དེ་ལས་གཞན་པའི་མཆོད་པ་རྣམས་ལས་བླ་ན་མེད་པའི་བསོད་ནམས་བསྐྱེད་པའི་རྒྱུ་ཡིན་ཞེས་བསྟན་པར་བྱེད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བས་ན་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཞེས་བྱ་བ་ནི་གང་ཞིག་འདི་ཁྱེད་

ལ་སོགས་པ་ཐམས་ཅད་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་ལོ། །བདག་གི་དངོས་པོ་ཡང་ཡིན་ལ་བདག་ཏུ་རབ་ཏུ་བརྟགས་པའི་ཕྱིར་སྐུ་ཡང་ཡིན་ཏེ་གཟུགས་ཀྱི་སྐུའོ། །དེ་བཞིན་གཤེགས་པ་འགྲོའོ། །ཅི་ཞིག་འགྲོ་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་གྲངས་དེ་བགྲང་
བ་མཚན་དང་དཔེ་བྱེད་ཀྱིས་འབར་བའི་སྐུ་ཙམ་ཡང་དག་པར་འབྱུང་བའི་ཕྱིར་འཁོར་ལོས་སྒྱུར་བ་ལ་ཡང་དེ་བཞིན་གཤེགས་པ་ཉིད་དུ་ཐལ་བར་འགྱུར་ཞེས་བྱ་བའི་དགོངས་པའོ། །སྐབས་ཀྱི་དོན་དང་རྗེས་སུ་མཐུན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཙོ་བོ་ཉིད་དུ་
སྦྱར་ཞིང་གསུངས་པ་གང་ཡིན་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་མི་དམིགས་པའི་མཚན་ཉིད་དོན་དམ་པའོ། །ཐབས་ལ་མཁས་པ་ཡང་སེམས་ཅན་གྱི་དོན་ལ་ལྟོས་པས་བྱང་ཆུབ་ཀྱི་སེམས་དང་བྱམས་པ་དང་སྙིང་
རྗེ་ལ་སོགས་པ་ཀུན་རྫོབ་པ་དེ་དག་ལས་བྱུང་བ་ཡོད་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྟེན་དུ་འགྱུར་རོ། །གལ་ཏེ་ཡང་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་རྟོགས་པའི་མཚན་ཉིད་དོན་དམ་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ་དེ་ཡང་དོན་དམ་པ་དེ་བཞིན་གཤེགས་པ་རྣམས་ཀྱི་
ཆོས་ཀྱི་སྐུ་ཉིད་དེ། དེ་ལ་བརྟེན་པའི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་རང་བཞིན་གཟུགས་ཀྱི་སྐུའོ། །ཇི་སྐད་དུ་གསུངས་པ། རང་དོན་གཞན་དོན་དམ་པ་སྐུ་དང་ན