Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 94
Văn bản gốc(Tây Tạng)
Trang 20 / 21 (50.000 ký tự/trang)
་ སྤྱོད་པ་ཞེས་བྱ་བ་ནི་ཁང་པའི་ཀུན་ནས་དཀྲིས་པ་ལའོ། །ཅིའི་དོན་དུ་ཞེ་ན། གསུངས་པ་ནི། ཉེ་བར་ལོངས་སྤྱོད་པ་དང་ཡོངས་སུ་ལོངས་སྤྱོད་པ་ཞེས་བྱ་བ་སྟེ། ཉེ་བར་ལོངས་སྤྱོད་པ་ནི་འབྲས་བུ་དང་མེ་ཏོག་ལ་སོགས་པ་རྣམས་ལའོ། །ཡོངས་སུ་ལོངས་སྤྱོད་པ་ནི་ནགས་དང་ གཙུག་ལག་ཁང་ལ་སོགས་པ་ཚང་བ་ཉིད་དུ་ལོངས་སྤྱོད་པའོ། །སྐྱེད་མོས་ཚལ་རྣམས་ཀྱི་གྲངས་དང་མི་རྣམས་ལ་རྒྱུ་མཚན་ཉེ་བར་བརྗོད་པ་མཛད་དོ། །ཚད་མེད་པ་བཞི་བསྒོམ་པའི་གནས་ཡིན་པའི་ཕྱིར་བཞིའོ། །དེ་ལ་དགའ་བ་བསྒོམ་པའི་གནས་ནི་རྟག་ཏུ་དགའ་བའི་སྐྱེད་ མོས་ཚལ་ལོ། །སྙིང་རྗེའི་ཉེ་བའི་ཉོན་མོངས་པ་ནི་མྱ་ངན་ཏེ་དེ་མེད་པས་རྣམ་པར་དག་པའོ། །ཇི་སྐད་དུ་བརྗོད་པ། བྱམས་པ་སྲེད་མེད་སྙིང་རྗེ་མྱ་ངན་མེད། །དགའ་བ་རྒོད་མེད་འགྲོ་བ་རྣམས་ལ་ནི། །བཏང་སྙོམས་སེམས་ཅན་རྒྱབ་ཕྱོགས་མ་ཡིན་པ། །མཆོག་གི་ བྱང་ཆུབ་སེམས་དཔའ་ཁྱོད་མངོན་མཛོད། །ཅེས་བྱ་བའོ། །དེ་བས་ན་ཉེ་བའི་ཉོན་མོངས་པའི་མྱ་ངན་དང་བྲལ་བའི་སྙིང་རྗེ་བསྒོམ་པའི་གནས་ཡིན་པའི་ཕྱིར་མྱ་ངན་མེད་ཅེས་བྱ་བའོ། །བྱམས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ་པ་ཐམས་ཅད་དུ་རབ་ ཏུ་འཕེལ་བའི་བདེ་བ་དང་ཡང་དག་པར་སྦྱོར་བའི་བསམ་པ་ཅན་ཡོ་བྱད་ཐམས་ཅད་དང་ཡན་ལག་དང་ཉིང་ལག་ཀྱང་ཤིན་ཏུ་ཡང་དག་པར་དགུག་པའི་སྙིང་དང་ལྡན་པ་སེམས་ཅན་རྣམས་ཀྱི་སླད་དུ་དོར་བར་མཛད་དེ། སྔོན་གྱི་དུས་སུ་སྣོད་དུ་རུང་བ་འདྲ་བྱས་ནས། །གོས་དང་ བཟའ་བཏུང་གདན་དང་བཞོན་པ་བྱིན་རྣམས་ཀྱིས། །འོན་ཏེ་བྱང་ཆུབ་སེམས་རྣམས་རང་གི་ཡན་ལག་ཀྱང་། །བྱམས་པ་ལ་གནས་མངོན་པར་དགའ་བ་དོར་བར་མཛད། །ཅེས་བྱ་བའོ། །དེ་བས་ན་བྱམས་པ་བསྒོམ་པའི་གནས་ཡིན་པའི་ཕྱིར་མྱ་ངན་དང་བྲལ་བའོ། ། བཏང་སྙོམས་ནི་རྣམ་པ་མང་བ་སྟེ། དེ་ལ་ཕན་པའི་ལྷག་པའི་བསམ་པ་ལ་ཞོན་པ་བྱང་ཆུབ་སེམས་དཔའི་བྱམས་པ་དང་སྙིང་རྗེ་དང་དགའ་བ་བསྒོམ་པ་རྣམས་ལ་རབ་ཏུ་ཐོབ་པ་ལ་འབད་པ་མེད་པའི་སེམས་རྩེ་གཅིག་པའི་མཚན་ཉིད་ནི་བཏང་ སྙོམས་སོ། །དེ་ལས་ཤིན་ཏུ་སྣ་ཚོགས་པའི་ཡུལ་རྣམས་ཀྱིས་ཀྱང་སེམས་མ་བསྒུལ་བའི་རྟག་ཏུ་འབད་པ་མེད་པར་རྒྱུ་བའི་ཕན་པའི་བསམ་པ་གང་གི་ཚེ་འབྱུང་བ་དེའི་ཚེ་བཏང་སྙོམས་ཞེས་བྱ་བའོ། །དེ་མེ་ཏོག་སྣ་ཚོགས་པ་ཞེས་བྱ་བའི་སྐྱེད་མོས་ཚལ་དུ་སྒོམ་པར་བྱེད་དེ། རྫིང་ བུ་བརྒྱད་བརྒྱད་ཅེས་བྱ་བ་ནི་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པོ་བསྒོམ་པ་ལ་རབ་ཏུ་སྦྱར་བའི་བྱང་ཆུབ་སེམས་དཔའི་དེ་དང་དེའི་ཡན་ལག་བསྒོམ་པ་ལ་ངལ་བ་བསལ་བརྒྱུ་ནི་རྫིང་བུ་བརྒྱད་དོ། །དེ་ལ་གང་ཞིག་སྔར་རྒྱུ་མེད་པ་དང་ མི་མཉམ་པའི་རྒྱུ་ཉིད་མ་བརྟེན་པས་བདེ་བ་རྣམས་ལ་ཕྱིན་ཅི་མ་ལོག་པར་མཐོང་བ་སོ་སོར་རྙེད་པ་དེ་ཉིད་ཐོབ་སྟེ་ཤེས་རབ་གང་ཞིག་བསྒོམ་པས་སྤོང་བར་བྱ་བའི་ཉོན་མོངས་པ་སྤང་བའི་དོན་དུ་རྣམ་པར་གཞག་པར་བྱེད་པ་དེ་ནི་ཡང་དག་པའི་ལྟ་བ་སྟེ་ཡན་ལག་དང་པོའོ། །དེ་བཞིན་དུ་ཡང་དག་པའི་ལྟ་བ་དག་ པར་བྱས་ནས་ངེས་པར་འབྱུང་བ་ལ་སོགས་པ་ཡང་དག་པར་རྟོག་པ་ནི་ཡང་དག་པའི་རྟོག་པའོ། །བརྫུན་དང་ཕྲ་མ་ལ་སོགས་པའི་ཚིག་ལས་ལོག་པ་དང་། ཆོས་ཀྱི་གཏམ་ནི་ཡང་དག་པའི་ངག་གོ། །སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་ པའི་ལོག་པའི་ལས་ཀྱི་མཐའ་རྣམས་སྡོམ་པ་དང་། ཟག་པ་མེད་པའི་ལམ་གྱི་ཡན་ལག་ཏུ་གྱུར་པ་དེ་བཞིན་དུ་ཆོས་ཀྱི་བསོད་སྙོམས་དང་ཆོས་གོས་ལ་སོགས་པ་ཡོངས་སུ་བཙལ་བའི་ཕྱིར་ཡང་དག་པའི་ལས་ཀྱི་མཐའོ། །ཡང་དག་པའི་འཚོ་བ་ནི་ལོག་པའི་འཚོ་བ་ལ་སོགས་པ་སོ་ སོར་རྟོགས་ནས་ལོག་པའོ། །ཡང་དག་པའི་ལྟ་བ་ལ་སོགས་པ་ལ་བརྟེན་པས་བསྒོམ་པ་ལ་སྦྱར་བའི་འདུན་པ་དང་བརྩོན་འགྲུས་གང་ཡིན་པ་དེ་ནི་ཡང་དག་པའི་རྩོལ་བའོ། །ཡང་དག་པའི་རྩོལ་བ་དང་ལྡན་པའི་གང་ཞིག་དྲན་པ་ཉེ་བར་གཞག་པ་བཞི་ཡིད་ལ་བྱེད་ཅིང་སེམས་གནས་ པ་དེ་ནི་ཡང་དག་པའི་དྲན་པའོ། །གོང་ནས་གོང་དུ་བསྒོམས་པས་ཉོན་མོངས་པ་འགྲིབ་པའི་ཕྱིར་འཇུག་པ་བདེན་པའི་མཚན་ཉིད་གནས་པ་དང་སེམས་རྩེ་གཅིག་པའི་ཁྱད་པར་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། དེ་ལྟར་ན་ཡན་ལག་བརྒྱད་པོ་འདི་རྣམས་བསྒོམས་པ་ལས་སྐྱེས་པའི་ངལ་བ་བསལ་བའི་ དོན་དུ་གང་རྣམས་ལ་ཁྲུས་བྱེད་པ་དང་ཞུགས་པ་ལ་སོགས་པ་སྤྱོད་པ་དེ་རྣམས་རིམ་པ་ཅི་ལྟ་བར་བཟང་པོ་དང་ཤིན་ཏུ་བཟང་པོ་ཉིད་དང་ལྡན་པ་དོན་ཅི་ལྟ་བར་མིང་གིས་ཐ་སྙད་དུ་བྱས་པའི་རྫིང་བུ་རྣམས་སོ། །ངེས་པ་ཞེས་བྱ་བ་ནི་དྲན་པས་ངེས་པའི་ཆོས་ལ་ཉེ་བར་གནས་པའི་ཕྱིར་རོ། །མི་འབབ་ ཅེས་བྱ་བ་ལ་འབབ་པ་ནི་འདི་དང་དེ་ལས་སེམས་འཁོར་བའོ། །དེ་ལ་ཏིང་ངེ་འཛིན་གྱི་གསལ་བ་སྟེ། དེ་དང་ལྡན་པས་མི་འབབ་པའོ། །ཐེམ་སྐས་ཉིད་ནི་ཐེམ་པའི་རྣམ་པ་ཡིན་པའི་ཕྱིར་ཐེམ་པའོ། །བུག་པ་ནི་མཚམས་སོ། །དེ་ལ་བར་ནི་གོ་སྐབས་སོ། །ལྡན་པ་ནི་འདོད་པའི་ ཡོན་ཏན་དེ་རྣམས་ཉིད་ཀྱིས་ཡང་དག་པར་ཤར་བའོ། །དབང་དུ་གྱུར་པ་ནི་དབང་པོ་ཐམས་ཅད་ཀྱིས་རྗེས་སུ་བཟུང་བ་སྟེ་དེ་དང་ལྡན་པས་ན་དབང་དུ་གྱུར་པའོ། །རྩེ་བ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཇི་ལྟར་སེམས་ཅན་རྣམས་ཀྱི་ཚོགས་འཕེལ་བ་དེ་ཐམས་ཅད་ལུས་དང་ ངག་དང་ཡིད་ཀྱི་ལས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པའི་དོན་དུ་སྟེན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ལྟུང་བ་མེད་པར་འགྱུར་རོ། །མ་ལུས་རྒྱལ་དང་ཉོན་མོངས་བཅོམ། །དུག་ནི་སྔགས་ཀྱིས་བཅོམ་པ་ལྟར། །ཉོན་མོངས་ཀྱིས་ནི་ཉོན་མོངས་ཟད། །དེ་རྣམས་ ཐམས་ཅད་མཁྱེན་ཉིད་ཐོབ། །ཅེས་བྱ་བའི་ཚིགས་སུ་བཅད་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དྲན་པའི་ཡེ་ཤེས་ཀྱིས་ནི་བཅོམ་པ་སྣ་ཚོགས་ཡོན་ཏན་འགྲུབ་པས་སྤང་བ་སྟེ། །ཉོན་མོངས་རྣམས་ནི་ཁྱེད་ཀྱི་བྱང་ཆུབ་ཉེ་བར་མཁོ་བ་ཉིད་དུ་སོན་པ་ཡིན། །ཞེས་བྱ་བའོ། །དུས་དེ་སྲིད་ དུ་ཞེས་བྱ་བ་ནི་དུས་ཉུང་བའོ། །གསེར་གྱི་རྐང་པ་ཞེས་བྱ་བ་ལ་སོགས་པས་གདན་གྱི་ཁྱད་པར་ཏེ། འཕང་དུ་རྒྱང་གྲགས་ཕྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཤིང་བལ་བཏིང་བའམ་བར་ཚངས་ཅན་བཏིང་བ་སྟེ་བར་ཚངས་ནི་ལ་བའི་རིགས་ཁྱད་པར་ཅན་ནོ། །སྙིང་པོ་ཅན་ནི་ཙ་ནིའི་གོས་བཏིང་བའོ། །དེ་ འདིའི་སྟེང་དུ་ཡོད་པས་ན་སྟེང་སྙིང་པོ་ཅན་ནོ། །སྙིང་པོ་ཅན་ནི་སྔས་ནང་ཚངས་ཅན་ཞེས་བྱ་བ་ནི་གཞན་དག་གོ། །ཀ་ཤི་ཀའི་གོས་ནི་བཱ་རཱ་ཎི་སཱི་ནས་བྱུང་བའམ་ལྷ་ལས་བྱུང་བའོ། །དེ་བཏིང་བ་འདི་ལ་ཡོད་པས་ན་དེ་ལྟར་བརྗོད་པའོ། །ཅི་ལྟར་ མཉམ་པར་གྱུར་པ་ནི་མཉམ་པ་ནི་མ་ཡིན་པ་དེ་ལྟར་འཛིན་པའོ། །ལྷན་ཅིག་ཏུ་ཞེས་བྱ་བ་ནི་སྐྱེ་བོ་རྣམས་ཅི་ཙམ་གྱིས་འཛིན་པ་དེ་ཙམ་འདུས་པ་ཚང་བའོ། །བྲེས་པ་ནི་མཉམ་པར་གཞག་པ་དང་བཅས་པའོ། །ཅི་ལྟར་ཞེ་ན་གསུངས་པ་ནི། ཅི་འདི་ལེགས་པར་གནས་སམ་ཞེས་བྱ་བ་སྟེ། ཡང་བར་སྣང་ལ་རྟེན་མེད་པར་འཛིན་པར་ཅི་ལྟར་ནུས་ཤེ་ན་གསུངས་པ་ནི། ལེགས་པར་གནས་པ་སྣ་ཚོགས་པ་རྣམ་པར་སྨིན་པས་ཞེས་བྱ་བ་སྟེ། ལེགས་པར་གནས་པ་དེས་གནས་པར་བྱ་ཞེས་བྱ་བ་རྣམ་པ་སྣ་ཚོགས་པའི་ལས་ཀྱི་རྣམ་པར་སྨིན་པའི་སྟོབས་ཉིད་ལས་བར་སྣང་དུ་བྱང་ཆུབ་སེམས་ དཔའ་ལ་གནས་ཞེས་བྱ་བའོ། །མུ་ཏིག་གིས་བརྒྱན་པ་ཞེས་བྱ་བ་ནི་མཐའ་མ་རྣམས་སུ་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བའི་ཕྱིར་རོ། །དབུས་སུ་མུ་ཏིག་གི་ཚོགས་རགས་པའོ། །མངོན་པར་གཏོར་བ་ནི་མངོན་དུ་ཕྱོགས་ཤིང་དོར་བའོ། །རབ་ཏུ་གཏོར་བ་ནི་ལོགས་གསུམ་ལའོ། །ཡང་ དག་པར་གཏོར་བ་ནི་སླར་ཡང་ལོགས་བཞི་ལའོ། །ཆོས་ཀྱི་བསམ་པ་རྣམ་པར་དག་པ་ཞེས་བྱ་བ་ལ་ཆོས་ནི་དེ་རྣམས་ཀྱི་དད་པ་དང་འདུན་པ་དག་ལ་རྣམ་པར་དག་པ་གང་ཡིན་པའོ། །ཆོས་ལ་གུས་པ་ནི་དགེ་བའི་བཤེས་གཉེན་ཡིན་པའི་ཕྱིར་རོ། །རྟེན་པ་ནི་སྣོད་དུ་རུང་བ་ཉིད་དོ། །ལོག་ པར་མི་ལྟུང་བའི་ཆོས་ཅན་ཏེ་ཞེས་བྱ་བ་ནི་ངན་འགྲོར་འགྲོ་བ་མ་ཡིན་པའོ། །རྒྱུན་མ་བཅད་པ་ནི་ཆད་པ་དང་བྲལ་བའོ། །ཡིད་ལ་བྱེད་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པའི་ཡིད་ལ་བྱེད་པའོ། །དགའ་བ་ཞེས་བྱ་བ་ནི་དགའ་བ་དང་ལྡན་པའོ། །མགུ་བ་ཞེས་བྱ་བ་ནི་ ཡིད་བདེ་བ་ཐོབ་པའོ། །མཆོག་གི་སྒྲ་ནི་ཉེ་བར་སྦྱར་བ་དང་བཅས་པ་ཡིད་བདེ་བ་ལ་ཡང་མཐོང་ཞེས་བྱ་བ་ནི་རྣམ་བཤད་རིགས་པས་སོ། །ཡི་རངས་པ་ནི་དེ་ལ་རྩེ་གཅིག་པ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་མགུ་བ་ནི་དགའ་བ་འཕེལ་བའི་ཕྱིར་རོ། །དགའ་བ་དང་ཡིད་བདེ་བ་ནི་དགའ་ བས་ལྷན་ཅིག་ཏུ་བྱས་པའི་རབ་ཏུ་དང་བའོ། །དེ་འདི་ལ་སྐྱེས་པས་ན་དེ་ལྟར་བརྗོད་པའོ། །དེ་ཐོས་སོ་ཞེས་བྱ་བ་ནི་འབྲེལ་པ་བརྗོད་པར་འདོད་པས་དྲུག་པ་ཉེ་བར་ལེན་པ་ལའོ། །པོ་ཏི་གང་དག་རྣམས་ལས་ས་ཕྱོགས་དེ་ཉིད་དུ་འདུག་པ་ན་ཞེས་བྱ་བ་འདིའི་རྗེས་ལ་ཆོས་ ཐམས་ཅད་ལ་མི་གནས་པའི་འདུ་ཤེས་ཞེས་བྱ་བ་འདོན་པར་བྱེད་ཀྱི་དེ་སྟོན་པ་ཐོས་སོ་ཞེས་བྱ་བ་ནི་མ་ཡིན་པ་དེ་ནི་འདྲི་མཁན་རྣམས་ཀྱི་བག་མེད་པ་སྟེ། འོག་ཏུ་ཐོས་ནས་ཀྱང་བདག་ལ་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་སྐྱེས་པ་ཞེས་བརྗོད་པའི་ཕྱིར་རོ། །ཆོས་ཐམས་ཅད་ལ་མི་ གནས་པའི་འདུ་ཤེས་ཞེས་བྱ་བ་ནི་ཅི་ལྟར་ད་ལྟ་ཉིད་དུ་ཆོས་འཕགས་ཀྱི་སྟོན་པའི་སྣང་བ་ཉེ་བར་མི་གནས་པ་དེ་བཞིན་དུ་རྒྱུའི་ངེས་པ་ལ་མི་གནས་པའི་ཆོས་ཐམས་ཅད་དོན་དམ་པ་ཞེས་བྱ་བའི་འདུ་ཤེས་འདི་ཤིན་ཏུ་མི་རྟེན་པའོ། །འདུ་ཤེས་འདིའི་མཐུས་ཅི་ཞིག་ཏུ་འགྱུར་ཞེ་ན་ གསུངས་པ་ནི། དེ་ཏིང་ངེ་འཛིན་གྱི་སྒོ་དུ་མ་ཞེས་བྱ་བ་ལ་སོགས་པ་སྟེ། ཏིང་ངེ་འཛིན་རྣམས་ནི་སྒོ་ཡིན་ལ་ཉོན་མོངས་པ་རྣམས་ཀྱི་གཉེན་པོར་གྱུར་པ་བཏང་སྙོམས་དང་མཚུངས་པར་ལྡན་པའི་སེམས་རྩེ་གཅིག་པ་ཉིད་ནི་ཏིང་ངེ་འཛིན་ཞེས་བརྗོད་དོ་ཞེས་བྱ་བ་ནི་སྤྱིར་ཏིང་ངེ་ འཛིན་གྱི་མཚན་ཉིད་དོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་ཀུན་བརྟགས་དང་གཞན་དབང་དང་ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །དེ་རྣམས་ལ་ལྟ་བ་ནི་མཐོང་བ་པོའོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་ཀུན་བརྟགས་ཀྱི་མཚན་ཉིད་ཤིན་ཏུ་ཡོད་པ་མི་དམིགས་པ་ནི་མེད་པར་ ངེས་པའོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་གཞན་དབང་གི་མཚན་ཉིད་ཀྱིས་ཤེས་པ་གང་ཞིག་བརྫུན་པར་སྣང་བ་ཙམ་ཉིད་ཀྱིས་ཡོངས་སུ་ཤེས་པའོ། །དེ་ལས་ངེས་པར་འབྱུང་བ་ནི་བརྫུན་པར་སྣང་བ་ཙམ་ཉིད་ཀྱིས་ཤེས་པའི་ཕྱིར་རོ། །ཡང་གང་གི་ཚེ་ཤེས་པས་ངེས་པར་ འབྱུང་བ་ཞེས་བྱ་བ་འདོན་པ་སྟེ། དེ་ཡང་ངོ་བོ་ཉིད་ཀྱི་ཤེས་པས་ངེས་པར་འབྱུང་བ་ཤེས་པའི་སྣང་བ་བརྫུན་པ་ཉིད་ཀྱིས་རྟོགས་པའོ། །ཆོས་ཐམས་ཅད་ཐ་དད་པ་མེད་པ་ནི་མཉམ་པ་ཉིད་དེ་དེ་བཞིན་ཉིད་ཀྱིས་གཅིག་པའི་ངོ་བོ་ཉིད་དོ། །དེ་དམིགས་པར་བྱེད་པའི་ཏིང་ངེ་འཛིན་ནི་ དེ་ལྟར་བརྗོད་པའོ། །དེ་བཞིན་ཉིད་དེ་ཉིད་ཀྱིས་ཆོས་ཐམས་ཅད་འགྱུར་བ་མེད་པར་མཐོང་བ་དེ་བས་ན་ཆོས་ཐམས་ཅད་འགྱུར་བ་མེད་པར་མཐོང་བའོ། །ཆོས་ཐམས་ཅད་ཀྱི་ཅི་ལྟ་བ་བཞིན་གྱི་ངོ་བོ་ཉིད་གསུམ་རྟོགས་པའོ། །དེ་ཉིད་ཀྱི་མུན་པ་ གང་ཞིག་རྣམ་པ་ཐམས་ཅད་དུ་རྟོགས་པ་མེད་པ་དེ་དང་བྲལ་བའོ། །དེ་ཉིད་ཀྱི་གང་ཞིག་མི་ཤེས་པ་ནི་ཕྱིན་ཅི་ལོག་ཏུ་རྟོགས་པའོ། །དེ་སེལ་བར་བྱེད་པ་ནི་སེལ་བར་བྱེད་པའོ། །དེ་ལྟར་ཏིང་ངེ་འཛིན་འདི་རྣམས་ངོ་བོ་ཉིད་གསུམ་འགའ་ཞིག་ཐམས་ཅད་དང་འགའ་ཞིག་ཏུ་ཕྱོགས་ གཅིག་ལ་བརྟེན་ནས་བཤད་པར་བྱའོ། །གང་ཞིག་མེ་ཏོག་བཀྲམ་པ་ལ་སོགས་པ་དེ་རྣམས་ཀྱང་མེ་ཏོག་བཞིན་དུ་མེ་ཏོག་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཏེ། དེ་རྣམས་ཀྱིས་བཀྲམ་པའོ། །ཤེས་པའི་སྣང་བ་བརྫུན་པ་ཙམ་ཉིད་ཀྱིས་དེ་རྣམས་ཉེ་བར་གནས་པ་ལ་སོགས་ པའི་ཚུལ་གྱིས་བཤད་པར་བྱའོ། །དེ་བཞིན་དུ་ཅི་སྲིད་དུ་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བ་ཞེས་བྱ་བའི་བར་དུའོ། །གང་གི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་ན་གནས་པའི་དེ་བཞིན་གཤེགས་པ་རྣམས་གནས་གཅིག་ཏུ་གནས་པ་ཉིད་མཐོང་ངོ་། །ཏིང་ངེ་ འཛིན་དེ་དག་ལ་ཞེས་བྱ་བ་ནི་རིམ་གྱིས་ཐམས་ཅད་ལ་གནས་པས་ཏིང་ངེ་འཛིན་ཐ་མའི་ཡོན་ཏན་ཏིང་ངེ་འཛིན་སྔ་མའི་ཡོན་ཏན་ཡོངས་སུ་མི་འདོར་བར་གནས་པ་ཞེས་བརྗོད་དོ། །ཕྱོགས་བཅུ་འདི་ལ་ཡོད་པས་ན་ཕྱོགས་བཅུའི་འཇིག་རྟེན་ནོ། །ཕྱོགས་བཅུ་ལ་གནས་པའི་འཇིག་ རྟེན་གྱི་ཁམས་རྣམས་ཞེས་བྱ་བའི་དོན་ཏོ། །རྟོགས་པར་ཁོང་དུ་ཆུད་པ་ཞེས་བྱ་བ་ལ་རྟོགས་པ་ནི་ཐོགས་པ་མེད་པ་སྟེ་དེ་ཐོབ་པའོ། །བསླབ་པོ་ཞེས་བྱ་བ་ནི་བསླབ་པ་ཐོབ་པར་བྱེད་པའོ། །དེས་བྱས་པ་ཞེས་བྱ་བ་ནི་གང་ཞིག་སྔར་དེས་བྱས་པའོ། །ཟུང་ཤིག་ཅེས་བྱ་བ་ནི་ སེམས་ཀྱིས་མི་བརྗེད་པར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུའི་དགེ་བའི་བཤེས་གཉེན་གྱིས་ཁྱོད་ཀྱི་སླད་དུ་སླར་བྱས་པ་ཉེ་བར་གནས་པའི་སྤྱོད་པ་བྱེད་ནུས་པ་ཞེས་གསུངས་པ་ནི། རིགས་ཀྱི་བུ་གལ་ཏེ་ཁྱོད་ཀྱིས་ཞེས་བྱ་བ་སྟེ། བསྙེན་བཀུར་གྱི་ཕྱིར་རམ་ཉེ་བར་གནས་ པའི་ཕྱིར་སྤྱོད་པའི་མཆོག་རྣམ་པ་གསུམ་གྱིས་གསུངས་པ་ནི། བསྐལ་པ་གཅིག་གམ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རྣམ་པ་གསུམ་ནི་དུས་ཀྱི་རབ་དང་ལུས་ཀྱིས་བསྙེན་བཀུར་དང་བདེ་བའི་དངོས་པོ་དབུལ་བ་ལས་སོ། །དེ་ལ་དུས་ཀྱི་རབ་བསྟན་པ་ནི། བསྐལ་པ་གཅིག་གམ་ ཞེས་བྱ་བ་ལ་སོགས་པའོ། །ལུས་ཀྱིས་བསྙེན་བཀུར་གསུངས་པ་ནི། མགོ་ལ་ཐོད་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། ཐོད་པ་ནཱི་ཙཻ་ལོཎ་ཊ་ཀ་ཞེས་བྱ་བའི་སྐད་དེ་དེ་ལ་ཙཻ་ལ་ནི་གོས་རིང་བའོ། །དེའི་ལོཎ་ཊ་ཀ་ནི་གཅིག་ཏུ་བསྡུས་ནས་ནི་དཀྲིས་པ་སྟེ་མགོ་ལ་རས་ཀྱིས་དཀྲིས་པ་ ཞེས་བྱ་བའི་དོན་ཏོ། །བདེ་བའི་དངོས་པོ་དབུལ་བ་ནི། །བདེ་བའི་ཡོ་བྱད་ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་མི་སྣང་བར་གྱུར་ཏོ། །དེ་ཡང་ཏིང་ངེ་འཛིན་དེ་དག་ལས་ལངས་ཏེ་ཞེས་བྱ་བ་ནི་དེ་རྣམས་ཅིག་ཅར་ཉིད་དུ་མི་སྣང་བར་གྱུར་ཏེ། དེ་ཡང་ལངས་ཞེས་བྱ་བར་བལྟ་བར་བྱའོ། །ཅི་ལྟར་བཅོམ་ལྡན་འདས་གྲོང་ཁྱེར་དུ་བཞུགས་པ་དང་མེ་ཏོག་གི་ཆར་ཡང་ནམ་མཁའི་དཀྱིལ་ནས་འབྱུང་བ་ཞེས་བྱ་བའོ། །གཞན་དུ་ན་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་དེ་བཞིན་གཤེགས་ པ་རྣམས་མཐོང་ཞེས་བྱ་བའི་ཏིང་ངེ་འཛིན་ལས་མ་བཞེངས་པར་ཅི་ལྟར་མི་སྣང་བར་འགྱུར། དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན་ཞེས་བྱ་བ་ལ་སོགས་པ་སྟེ། འོ་ན་དེ་བཞིན་གཤེགས་པ་རྣམས་མཐོང་བའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ ལ་གནས་པ་འདིར་གནས་པ་ཉིད་དུ་དེ་བཞིན་གཤེགས་པ་རྣམས་འདིས་མཐོང་བ་ཡིན་ཏེ། ཏིང་ངེ་འཛིན་ལས་ལངས་ནས་ཀྱང་མི་མཐོང་ཞེས་བྱ་བ་དོན་འདི་གསལ་བ་ཉིད་དེ་དེ་བས་ན་རྟོགས་པ་འདི་དེ་བཞིན་གཤེགས་པ་རྣམས་གང་ནས་བྱོན། དེ་དག་གང་དུ་བཞུད་ཅེས་བྱ། ཅི་ལྟར་ ཡང་དག་པར་འབྱུང་། རང་རང་གི་འཇིག་རྟེན་གྱི་ཁམས་ན་གནས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ནུས་པས་མཐོང་བའི་ཕྱིར་རོ་ཞེ་ན་བདེ་ན་མོད་ཀྱི་འོན་ཀྱང་སྔར་བསྟན་པའི་གང་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་བྱུང་བར་གྱུར་ཞེས་བྱ་ལ། དེ་བཞིན་ གཤེགས་པ་རྣམས་ཀྱི་སྐུ་ནི་ཚོགས་ཏེ་དེ་བཞིན་གཤེགས་པ་མང་པོ་ཞེས་བྱ་བའི་དོན་ཏོ། །གང་ཡང་གསུངས་པ། དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་ལེགས་སོ་ཞེས་བྱ་བ་ནི་བྱིན་པར་གྱུར་ཏོ་ཞེས་བྱ་བ་ལ་དེ་ཡང་སྔར་མཐོང་བ་དང་འཇིག་རྟེན་གྱི་ཁམས་ གཞན་ན་གནས་པ་ཞེས་བྱ་བ་གཉི་ག་ཡང་མངོན་པར་འདོད་པའོ། །གང་ཞིག་ཡང་གསུངས་པ། དེ་ནས་དེ་བཞིན་གཤེགས་པ་དེ་རྣམས་མི་སྣང་བར་གྱུར་ནས་ཞེས་བྱ་བ་དེ་ལ་ཡང་སྔར་མདུན་དུ་མཐོང་བ་དང་འཇིག་རྟེན་གྱི་ཁམས་གཞན་ན་གནས་པ་མཐོང་བ་དུས་མཉམ་དུ་མི་སྣང་བའོ། ། གང་ཞིག་ཡང་དེ་བཞིན་གཤེགས་པ་དེ་རྣམས་གང་ནས་བྱོན་གང་དུ་བཞུད་སྙམ་པའི་རྟོག་པ་འདི་འོང་བ་སྲིད་པ་རྣམས་ལ་དེ་དེ་བཞིན་གཤེགས་པའི་སྐུ་བྱུང་བར་གྱུར་ཞེས་བྱ་བ་དང་པོར་བསྟན་པ་རྣམས་ལ་བལྟ་བར་བྱའོ། །གདུང་བ་ནི་མྱ་ངན་ནོ། །མི་དགའ་བ་ནི་སྡུག་བསྔལ་གྱིས་ གནས་པའོ། །གཟུངས་ཐོབ་པ་ཞེས་བྱ་བའི་གཟུངས་ནི་རྣམ་པ་བཞི་སྟེ། བཟོད་པའི་གཟུངས་དང་། ཆོས་ཀྱི་གཟུངས་དང་། དོན་གྱི་གཟུངས་དང་། སྔགས་ཀྱི་གཟུངས་སོ། །འདིར་ཡི་གེ་རྣམས་ཐམས་ཅད་བསྒོམས་པར་གྱུར་པ་རྣམས་ཆོས་ཐམས་ཅད་རྟོགས་པའི་ རྒྱུར་འགྱུར་རོ། །འདི་ལྟ་སྟེ། ཡི་གེ་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ་གདོད་ནས་མ་སྐྱེས་པའི་ཕྱིར་རོ། །དེ་ལྟར་ན་ཡི་གེ་དེ་དང་དེ་ལ་བརྟེན་ནས་ཆོས་ཐམས་ཅད་ལ་སོ་སོར་རྟོག་པར་བྱེད་པར་གྱུར་པ་དང་སྐྱེ་བར་གྱུར་པ་ལ་དྲན་པ་དང་ཤེས་རབ་དག་དེའི་དོན་དུ་འཛིན་པའི་ཕྱིར་ གཟུངས་ཞེས་བརྗོད་དོ། །དེ་གཟུངས་ཀྱི་རྒྱུ་ལས་སྐྱེ་བ་ཡིན་ཏེ་འདི་ནི་ཆོས་ཐམས་ཅད་ཀྱི་དོན་དམ་པ་ལ་དམིགས་པའི་བཟོད་པ་ཞེས་བྱ་བ་སྟེ། དྲན་པ་དང་ཤེས་རབ་དེ་དག་བཟོད་པའི་གཟུངས་ཞེས་བརྗོད་དོ། །ཡང་ཡི་གེ་རྣམས་དེ་ཉིད་འབད་པ་ཐམས་ཅད་ཀྱིས་ཡང་དག་པར་ གོམས་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱུན་མི་འཆད་པར་ཤིན་ཏུ་མྱུར་བར་ཆོས་ཀྱི་རྒྱུན་དང་དེའི་དོན་རྣམས་སྟོན་པར་གྱུར་པ་དག་ལ་ཡང་དག་པར་འཛིན་པ་ལ་རྒྱུ་མཚན་དུ་གྱུར་པ་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་རྣམས་ལ་ཤིན་ཏུ་ གོམས་པ་ཉིད་ཀྱིས་ཡང་དག་པར་འཛིན་པ་ལ་རྒྱུར་གྱུར་པ་དེ་བས་ན་དྲན་པ་དང་ཤེས་རབ་དག་དེ་ཉིད་ཆོས་ཀྱི་གཟུངས་དང་དོན་གྱི་གཟུངས་ཞེས་བརྗོད་དོ། །སླར་ཡང་བྱང་ཆུབ་སེམས་དཔས་དེ་ཉིད་ཡི་གེ་རྣམས་ཡང་དག་པར་བསྒོམ་པ་ཡིད་བཞིན་གྱི་ནོར་བུ་ལྟར་དངོས་པོ་ཐམས་ཅད་སྟེར་བར་གྱུར་པ་འདི་ ལྟ་སྟེ། སྨོན་ལམ་གྱི་སྟོབས་ཀྱིས་དེ་རྣམས་ལ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཉེ་བར་འཚེ་བ་ལ་སོགས་པ་ཐམས་ཅད་རྣམ་པར་འཇིག་པའི་དོན་དང་སྡིག་པ་ཐམས་ཅད་ཟད་པའི་དོན་དུ་ཞེས་བྱ་བ་ལ་སོགས་པའི་དགོས་པས་བྱིན་གྱིས་བརླབས་པ་དོན་ཐམས་ཅད་སྒྲུབ་པར་བྱེད་པར་འགྱུར་ བ་དེའི་ཚེ་དེ་བརྟེན་པའི་ཡེ་ཤེས་ནི་སྔགས་ཀྱི་གཟུངས་ཞེས་བྱ་བར་བརྗོད་དོ། །གཟུངས་དེ་དམིགས་པར་འགྱུར་བས་ཡི་གེ་རྣམས་ཀྱང་གཟུངས་ཀྱི་སྒྲས་བརྗོད་དོ། །མན་ཞེས་བྱ་བ་ནི་ཡིད་དེ་ཤེས་པ་ལའོ། །ཏྲཾ་ཞེས་བྱ་བ་ནི་སྐྱོབ་པ་ལ་སྟེ། ཡིད་སྐྱོབ་པས་ན་མན་ཏྲ་ཏེ་ཞེས་བྱ་བའི་ཡེ་ ཤེས་སོ། །སྙིང་རྗེ་ཡང་སྔགས་ཀྱི་སྒྲས་བརྗོད་དོ། །དེ་དག་གི་རྒྱུ་མཐུན་པའི་ཕྱིར་དེའི་ཡི་གེ་རྣམས་ཀྱང་སྔགས་ཞེས་བརྗོད་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་གི་གནས་ཡིན་པའི་ཕྱིར་ཚིག་རྣམས་ཞེས་བརྗོད་དོ། །དེ་བས་ན་གཟུངས་ཀྱི་སྔགས་ཀྱི་ཚིག་ཅེས་མིང་ཐོབ་ པའོ། །དེ་ལ་བཟོད་པའི་གཟུངས་ནི་ཡང་དག་པར་ཡོངས་སུ་རྫོགས་པའི་མོས་པས་སྤྱོད་པའི་ས་ལ་མངོན་པར་བརྩོན་པའི་སྟོབས་ཀྱིས་སྐྱེ་བ་ཡིན་ནོ། །གཟུངས་ལྷག་མ་གསུམ་པོ་ནི་སྨོན་ལམ་གྱི་སྟོབས་ལས་སྐྱེ་བ་ཡིན་ནོ། །ས་དང་པོ་ལ་ནི་ཆུང་ངུར་གྱུར་པ་སྟེ་གོང་མ་གོང་མའི་ས་རྣམས་ ལ་གཟུངས་རྣམས་ཐམས་ཅད་ཀྱང་གོང་མ་གོང་མའི་ཁྱད་པར་གྱིས་འབྲིང་དང་ཆེ་བ་སྐྱེ་བའོ། །དེ་བས་ན་གསུངས་པ། གཟུངས་ཐོབ་པ་ཞེས་བྱ་བའོ། །དགའ་བ་ནི་མཐར་ཕྱིན་པའི་དགའ་བའོ། །དང་བ་ནི་ཡོན་ཏན་དང་ལྡན་པ་རྣམས་ལ་སེམས་རྙོག་པ་མེད་པའོ། །རི་མོར་ བྱེད་པ་ནི་དེའི་ཡོན་ཏན་རྣམས་ལ་ངོ་མཚར་བའོ། །གུས་པར་བྱ་བ་ནི་མངོན་པར་མཆོད་པའོ། །བདག་འདི་བཞིན་དུ་ཞེས་བྱ་བ་ནི་མཆོད་པའི་ཡོ་བྱད་མེད་པར་རོ། །བདག་གི་ལུས་བཙོངས་ལ་ཞེས་བྱ་བ་སྟེ། གལ་ཏེ་ཡང་ཏིང་ངེ་འཛིན་ཐོབ་པའི་ཕྱིར་རྣམ་པ་གཞན་གྱིས་ཀྱང་ཡོ་བྱད་སྐྱེད་ པ་ལ་འདི་ནུས་པ་དེ་ལྟ་ན་ཡང་ལུས་དང་སྲོག་ལ་མི་ལྟོས་པ་ཉིད་ཀྱིས་ཚོགས་ཤིན་ཏུ་འཕེལ་བའི་དོན་དུ་འདི་ལྟར་བསམ་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཉོ་བའི་བྱ་བའི་ཁྱད་པར་གཏན་དུ་བ་བདག་སྐད་ཅིག་མ་གཅིག་གིས་བྱེད་ནུས་པ་གང་གིས་བདག་ཉིད་ ཀྱང་གཞན་གྱི་དབང་དུ་གྱུར་པ་ཉིད་ཀྱིས་ཐོས་པའི་བར་ཆད་དུ་འགྱུར་བ་ཞེས་ཡང་དག་པར་བསམ་པར་མི་བྱེད་དོ། །ཞིག་ཅིང་ཞེས་བྱ་བ་ནི་ཡན་ལག་ཅིག་ཤོས་ཞིག་པའི་ཕྱིར་རོ། །ཟད་པ་ནི་བསྲབས་པའི་ཕྱིར་རོ། །འགགས་པ་ནི་ཤི་བའི་མཐར་ཐུག་པའི་ཕྱིར་རོ། །བཙོངས་པ་ནི་ འབངས་ལ་སོགས་པའི་ངོ་བོར་རོ། །འདི་ནི་དོན་མེད་པའི་ཕྱིར་ཞེ་ན་གསུངས་པ་ནི། འདོད་པའི་རྒྱུ་དང་ཞེས་བྱ་བ་སྟེ། འདོད་པའི་རྒྱུ་ནི་དངོས་པོའོ། །འདོད་པའི་གཞི་ཞེས་བྱ་བ་ནི་བརྒྱུད་ནས་སོ། །སྒྲ་ཞེས་བྱ་བ་སྟེ་ཁྱད་པར་གཞན་གྱིས་གསལ་བར་བྱེད་པ་ནི། སྒྲ་བསྒྲགས་ཤིང་ཞེས་ བྱ་བ་སྟེ་ཤིན་ཏུ་ཆེ་བའི་སྒྲ་ནི་སྐད་དོ། །སྐད་གང་ཞེ་ན། གསུངས་པ་ནི་མི་སུ་འདོད་ཅེས་བྱ་བ་ལ་སོགས་པའོ། །ངའི་ཡུལ་ལས་འདའ་བར་བྱེད་པར་འགྱུར་གྱི་ཞེས་བྱ་བ་ནི་འདིར་ཐུང་བ་མི་འབྱུང་ངོ་། །སེམས་ལ་ཆགས་པ་དང་བྲལ་བའམ་ཞེས་བྱ་བ་འདི་ལ་འམ་གྱི་སྒྲ་རྗེས་སུ་འཇུག་པའི་ ཕྱིར་དང་རྣམ་པར་བཤད་པའི་རྣམ་པར་གཞག་པ་ཤེས་པའི་ཕྱིར་རོ། །ཤིན་ཏུའི་སྒྲ་ནི་འདིར་ཉེ་བའི་སྒྲའི་དོན་ལ་འཇུག་གོ། །ཡུལ་དེ་ལས་ཞེས་བྱ་བ་ལྔ་པ་རིགས་པར་འགྱུར་རོ། །གང་གི་སྒྲ་ནི་དེའི་ཕྱིར་གྱི་དོན་ལའོ། །དེ་ལྟར་ཡོངས་སུ་བསྒྲིབས་སོ་ཞེས་བྱ་བ་ནི་རྩེ་གཅིག་ པར་བྱས་པ་མ་ཡིན་པའོ། །ཅི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་རོ། །ག་ལ་བ་དེར་སོང་སྟེ་ཞེས་བྱ་བ་ནི་བརྒྱ་བྱིན་གྱི་བསོད་ནམས་ལྷག་པ་ཉིད་ཀྱིས་བདུད་རྣམས་ཀྱིས་ཟིལ་གྱིས་མི་གནོན་པའི་ཕྱིར་རོ། །རྐང་ཞེས་བྱ་བ་ལ་མཛྫ་ཞེས་བྱ་བའི་སྐད་དོ། །དེ་བས་ན་མཛྫ་ཞེས་བྱ་བའི་སྒྲ་ལ་ མོ་རྟགས་ལ་ཌ་པ་སི་མཱ་བཞིན་དུའོ། །རུས་པ་དང་རྐང་ཞེས་བྱ་བ་ནི་རུས་པའི་རྐང་ངོ་། །སེམས་བདེ་བ་དང་ཞེས་བྱ་བ་ནི་དགའ་བ་དེ་ཉིད་ཀྱིས་ལས་སུ་རུང་བའི་སེམས་སོ། །སེམས་རབ་ཏུ་དགའ་བ་ནི་དེ་ལས་ཀྱང་དགའ་བ་ཉིས་འགྱུར་དུ་ཡོད་པའི་ཕྱིར་རོ། །བྲམ་ཟེའི་ཁྱེའུ་ཁྱོད་ལ་ སྦྱིན་ནོ་ཞེས་བྱ་བ་སྟེ། འོ་ན་རྐང་ལ་སོགས་པ་སྦྱིན་པས་སྲོག་ཟད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པ་ལ་བར་ཆད་ཆེན་པོ་འདི་ཡོད་དོ། །དེ་རྟག་ཏུ་ངུས་ཅི་ལྟར་བླངས་ཤེ་ན། དགོངས་པ་ནི་འདི་ཡིན་ཏེ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་སོང་ཤིག་དང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉོན་ཞེས་བྱ་བ་ལ་ངེས་པར་སྦྱར་བའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་གསུངས་ནི་འབྲས་བུ་མེད་པར་འགྱུར་བ་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་མཐུ་ཉིད་ཀྱིས་སླར་ལུས་ཡོངས་སུ་རྫོགས་པ་ཉིད་དང་སྲོག་འཕྲོག་པར་བྱེད་པའི་ན་ཚ་རྣམས་ ཀྱིས་སྲོག་ལ་བར་ཆད་མེད་པར་མཐོང་ངོ་བདག་ཉིད་ཀྱི་བསོད་ནམས་ཀྱི་མཐུ་ཡང་ཤེས་པ་དང་བདེན་པའི་བྱིན་གྱི་རླབས་པའི་སྟོབས་ཀྱང་ཤེས་པའོ། །ཇི་སྐད་དུ་བཤད་པར་འགྱུར་ཏེ། བདག་གི་ལུས་ཡོངས་སུ་རྫོགས་པར་བྱ་བའི་གནས་འདི་ལ་ནི་ལྷའི་དབང་པོ་ཁྱོད་བརྩོན་ པ་ཆུང་བར་གྱིས་ཤིག་ཅེས་བྱ་བའོ། །དེས་ན་འདི་ཉན་པར་འདོད་ཀྱང་རུས་པ་དང་རྐང་ལ་སོགས་པ་སྦྱིན་པ་ལ་ཡང་འཇུག་གོ། །ཡོན་ཏན་གྱི་རིགས་ཞེས་བྱ་བ་ནི་མི་རྣམས་དང་ཐུན་མོང་བའི་ཡོན་ཏན་ནོ། །ཡོན་ཏན་གྱི་ཁྱད་པར་ནི་མི་རྣམས་ལས་འདས་པའི་ཡོན་ཏན་ནོ། ། བཟོད་དོ་ཞེས་བྱ་བ་ནི་རང་ཉིད་ཀྱིས་དངོས་སུ་བྱེད་པ་ཉིད་ཀྱིས་ཀྱང་འདོད་པ་དེའི་ཕྱིར་རོ། །བརྒྱ་བྱིན་གྱི་དང་བའི་ཁྱད་པར་གསུངས་པ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། ནུས་པ་ཞེས་བྱ་བ་ནི་མཐུའོ། །དགོངས་པ་ཤེས་ནས་གསུངས་པ་ནི་ བརྩོན་པ་ཆུང་བར་གྱིས་ཤིག་ཅེས་བྱ་བ་ལ་སོགས་པ་སྟེ། བརྩོན་པ་ཞེས་བྱ་བ་ནི་རྩོམ་པའོ། །སྐད་ཅིག་ཅེས་བྱ་བ་ལ་སོགས་པ་སྟེ། དུས་ཉུང་བ་ཉེ་བར་མཚོན་པའི་ཕྱིར་སྐད་ཅིག་ལ་སོགས་པ་གསུམ་པོ་ལ་ཡང་རྣམ་གྲངས་སུ་གྱུར་པ་ཉིད་དོ། །དུས་ཉུང་བ་ཉེ་བར་མཚོན་པ་ཉིད་ བསྟན་པའི་དོན་དུ་གསུམ་ཉེ་བར་སྨོས་པའོ། །ནད་ནི་ནད་ཆེན་པོ་རྣམས་སོ། །གནོད་པ་ནི་ནད་ཆུང་བའོ། །སྤོབས་པ་མེད་པ་ཞེས་བྱ་བ་ནི་མདོར་བསྟན་པའོ། །རྟག་ཏུ་ངུ་ཞེས་བྱ་བ་ལ་སོགས་པས་ནི་རྒྱས་པར་བཤད་པའོ། །ལན་གླན་པ་ཞེས་བྱ་བ་ནི་ལན་གྱི་རྒྱུ་མཚན་དུའོ། ། མ་སྐྱེས་ནས་ཞེས་བྱ་བ་ནི་རྙེད་པར་གྱུར་པ་མ་ཡིན་པའོ། །བདག་ལ་སྩོལ་ཅིག་ཅེས་བྱ་བ་ལ་སྩོལ་ཅིག་ཅེས་བྱ་བ་ནི་སྦྱིན་པ་ལའོ། །རོལ་མོའི་ཆ་བྱད་ཅེས་བྱ་བ་ནི་རོལ་མོའི་རྣམ་པའོ། །མང་ཞིང་ཞེས་བྱ་བ་ནི་རྣམ་པ་མང་བའི་ཕྱིར་རོ། །རྒྱ་ཆེ་བ་ནི་རྣམ་པ་རེ་རེར་མཐའ་ ཡས་པའི་ཕྱིར་རོ། །ལོངས་སྤྱོད་ནི་ནོར་རྣམས་སོ། །རྒྱས་བཏབ་ནས་ཞེས་བྱ་བ་ནི་སྤོང་བ་སྲིད་པས་སྤྱོད་ཡུལ་གྱི་ངོ་བོ་དགག་པའི་དོན་དང་དད་པ་ལ་སོགས་པ་དང་ལྡན་པ་རྣམས་ཀྱིས་རྙེད་པར་དགའ་བ་ཉིད་ཀྱིས་མཐོང་བ་ལ་སོགས་པ་ན་གདུང་བ་ཉིད་ཀྱི་དོན་དུའོ། །སེམས་ཅན་རྣམས་ མགུ་བ་ལ་སོགས་པའི་ཐབས་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པ་ནི། དེ་དག་གིས་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱི་བོའི་སྟེང་ན་ཞེས་བྱ་བ་ནི་དབུའི་སྟེང་དུའོ། །ཞིག་ཏུ་གྱུར་ཏོ་ཞེས་བྱ་བ་ནི་རབ་ཀྱི་སྒྲ་སྟེ་སོ་སོའི་དོན་ལའོ། །ནམ་མཁའ་ཞེས་བྱ་བ་ནི་བར་སྣང་ལའོ། །རྫུ་འཕྲུལ་ཆེ་ཞིང་ ཞེས་བྱ་བ་ནི་སེམས་མངོན་པར་འདུ་བྱས་པ་ཉིད་ཀྱིས་དེ་ལྟ་བུའི་རྫུ་འཕྲུལ་མཛད་པའི་ཕྱིར་རོ། །མཐུ་ཆེ་ཞིང་ཞེས་བྱ་བ་ནི་རྫུ་འཕྲུལ་མཛད་པ་ལ་བདུད་ལ་སོགས་པ་རྣམས་ཀྱིས་ཆུད་མི་གཟོན་པའི་ཕྱིར་རོ། །གཟི་བརྗིད་ཆེ་བ་ཞེས་བྱ་བ་ནི་མུ་སྟེགས་དང་བདུད་ལ་སོགས་པ་རྣམས་ཀྱིས་དེའི་ཕྱོགས་སུ་ ཉེ་བར་མི་འགྲོ་བའི་ཕྱིར་རོ། །ཐལ་མོ་སྦྱར་ཏེ་ཞེས་བྱ་བ་ནི་ཐལ་མོ་སྦྱར་བས་ན་ཐལ་མོ་སྦྱར་བའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་བྱོན་པ་དང་བཞུད་པ་དྲི་བའི་གནས་སྐབས་སུ་བརྩམས་པའི་དོན་དུ་རང་གི་གཏམ་བརྗོད་ཅིང་གསུངས་པ་ནི། རིགས་ཀྱི་བུ་འདི་ན་བདག་ཅེས་བྱ་བ་ལ་སོགས་ པ་སྟེ། རིགས་ཀྱི་བུ་ཞེས་བྱ་བས་བོས་པ་ཉིད་ཀྱིས་འཕགས་པ་ཆོས་འཕགས་དགེ་སློང་གི་སྡོམ་པ་ལ་གནས་པ་མ་ཡིན་ཏེ་གཞན་དུ་ན་བཙུན་པ་ཞེས་བྱ་བས་བོས་པར་འགྱུར་རོ། །ཁྱད་པར་གྱུར་ནས་ཞེས་བྱ་བ་ནི་ཐོབ་པའོ། །མཐོང་མ་ཐག་ཏུ་ཞེས་བྱ་བ་ནི་མཐོང་བའི་རྒྱུ་ལས་མཐོང་བ་དང་ ལྷན་ཅིག་ཉིད་དུ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་ངུས་ཉེ་བར་མཚོན་པའི་ལེའུ་ནི་རྟག་ཏུ་ངུའི་ལེའུ་སྟེ་ལེའུ་སུམ་ཅུ་པའོ།། །།གཟུགས་ཀྱི་སྐུ་ལ་དེ་བཞིན་གཤེགས་པར་འཛིན་པ་དགག་པའི་དོན་དུ་གསུངས་པ་ནི། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ ཏེ་བྱོན་པ་དང་བཞུད་པ་དང་ལྡན་པའི་གཟུགས་ཀྱི་སྐུ་དེ་བཞིན་གཤེགས་པ་མ་ཡིན་ན་འོ་ན་དེ་བཞིན་གཤེགས་པ་གང་ཡིན་ཞེས་བྱ་བ་འདི་དགོས་པ་ལ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཆོས་ཀྱི་སྐུའི་བདག་ཉིད་ཅན་དོན་དམ་པའི་དེ་བཞིན་གཤེགས་པ་གསུངས་པ་ནི། དེ་བཞིན་ཉིད་ལས་མ་ གཡོས་ཏེ། དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ་ཞེས་བྱ་བ་སྟེ། འདིས་དེ་བཞིན་ཉིད་རྣམ་པར་དག་པས་བསྡུས་པའི་ཕྱིར་རྟག་པའི་མཚན་ཉིད་ཆོས་ཀྱི་སྐུ་ཞེས་བསྟན་ཏོ། །དེ་ཡང་རྣམ་པར་བྱང་བའི་ཆ་ཅན་གཞན་དབང་གི་ངོ་བོ་ཉིད་ཡོངས་སུ་འགྱུར་བས་རྙེད་པར་ བྱ་བ་ཞེས་བྱ་བའི་སྐྱེ་བ་དོགས་པ་ལ་སྐྱེ་བ་མེད་པའི་མཚན་ཉིད་འདིའི་གསུངས་པ་ནི། མི་སྐྱེ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཞེས་བྱ་བའོ། །མེ་ལོང་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་གྲུབ་པའི་ཡེ་ཤེས་ལ་བརྟེན་པའི་མཚན་ཉིད་འདི་ལ་གསུངས་པ་ནི། ཡང་དག་ པའི་མཐའ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ་ཞེས་བྱ་བའོ། །དོན་ཇི་ལྟ་བ་བཞིན་དུ་རྟོགས་པའི་མཚན་ཉིད་ཅན་རྣམ་པར་ཤེས་པའི་ཕུང་པོ་ཡོངས་སུ་གྱུར་པའི་སླད་དུ་གཉིས་སུ་མེད་པའི་མཚན་ཉིད་དེ་ལ་གསུངས་པ་ནི། སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ་ ཞེས་བྱ་བ་སྟེ། ཀུན་བརྟགས་དང་གཞན་དབང་མེད་པའི་ངོ་བོས་སྤྱོད་པའི་མཚན་ཉིད་མ་ཡིན་པ་དང་དོན་དམ་པར་ཡོད་པའི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མེད་པའི་མཚན་ཉིད་མ་ཡིན་ནོ། །སོ་སོ་རང་གིས་རིག་པར་བྱའི་མཚན་ཉིད་དེའི་གོ་སྐབས་སུ་བྱེད་ཅིང་གསུངས་པ་ནི། ཅི་ལྟ་བ་ བཞིན་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ་ཞེས་བྱ་བ་སྟེ། ཅི་ལྟ་བ་བཞིན་དུ་རྟོགས་པ་ནི་འདིར་ཅི་ལྟ་བ་ཉིད་དོ། །ཀུན་ནས་ཉོན་མོངས་པའི་མཚན་ཉིད་འདིའི་གོ་སྐབས་སུ་བྱེད་ཅིང་གསུངས་པ་ནི། འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ་ཞེས་བྱ་བ་ སྟེ། ལས་མངོན་པར་འདུས་བྱས་པ་མ་ཡིན་པའི་མཚན་ཉིད་འདི་སྟོན་ཅིང་གསུངས་པ་ནི། འགོག་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ་ཞེས་བྱ་བ་སྟེ། ལས་མངོན་པར་འདུས་བྱས་པ་དགག་པ་ནི་འདིར་འགོག་པའོ། །ཁྱབ་པར་བྱེད་པ་ཉིད་དང་རྟོགས་པར་བྱ་དཀའ་ བ་ཉིད་ཀྱིས་ནམ་མཁའི་མཚན་ཉིད་དེ་དེ་ལ་གོ་སྐབས་སུ་བྱེད་ཅིང་གསུངས་པ་ནི། ནམ་མཁའི་ཁམས་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ་ཞེས་བྱ་བ་སྟེ། འོ་ན་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ ཅུས་མཛེས་པའི་སྐུ་དེ་བཞིན་གཤེགས་པ་སྟེ། སླར་དེ་བཞིན་ཉིད་ལ་སོགས་པའི་མཚན་ཉིད་ནི་མ་ཡིན་ནོ་ཞེས་གསུངས་པ་ནི། རིགས་ཀྱི་བུ་ཆོས་དེ་དག་ལས་དེ་བཞིན་གཤེགས་པ་གཞན་ན་མེད་དེ་ཞེས་བྱ་བ་སྟེ། ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་ནི་དེ་ བཞིན་གཤེགས་པ་ཞེས་བྱ་བའི་དགོངས་པའོ། །གང་གི་ཕྱིར་དེ་དེ་རྣམས་ཀྱི་དོན་དམ་པའི་སྐུ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་བཞིན་ཉིད་ལ་སོགས་པ་དང་དེ་བཞིན་གཤེགས་པ་དག་ལ་ཐ་མི་དད་པ་བརྗོད་ནས་ཤིན་ཏུ་ཐ་མི་དད་པ་བསྟན་པའི་ཕྱིར་གསུངས་པ་ནི། རིགས་ཀྱི་བུ་ཆོས་འདི་དག་གི་དེ་བཞིན་ཉིད་གང་ཡིན་པ་དང་ཞེས་བྱ་བ་སྟེ། ཆོས་འདི་དག་གི་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་སོགས་པ་རྣམས་ཀྱིའོ། །དེ་བཞིན་ཉིད་གང་ཡིན་པ་དང་ཞེས་བྱ་བ་ནི་ཀུན་བརྟགས་ཀྱི་ངོ་བོས་སྟོང་པ་ཉིད་དེ་ཀུན་བརྟགས་ཀྱི་ངོ་བོས་དེ་བཞིན་ཉིད་ ཀྱང་དོན་དམ་པ་མ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ཀྱིའོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་འདི་དག་ནི་དེ་བཞིན་ཉིད་གཅིག་པ་སྟེ་ཞེས་བྱ་བ་ལ་སོགས་པས་མདོར་ བསྟན་པའོ། །གཏན་ཚིགས་གསུངས་པ་ནི་མེད་པའི་ཕྱིར་ཞེས་བྱ་བ་སྟེ། རྫས་སུ་མེད་པའི་ཕྱིར་རོ། །དོན་དམ་པར་ཡོད་པའི་སྤྱིའི་མཚན་ཉིད་ཀྱིས་མེད་པའི་ཕྱིར་ནི་མ་ཡིན་ནོ། །ད་ནི་གཟུགས་ཀྱི་དེ་བཞིན་གཤེགས་པ་མ་ཡིན་ཞེས་བྱ་བ་གང་ཞིག་ཤུགས་ཀྱིས་ གསུངས་པ་དེ་ལ་གཞན་དབང་གི་ངོ་བོའི་མེད་པ་ཉིད་དཔེས་གསུངས་པ་ནི། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། ཉི་མ་གུང་གི་དུས་ལ་ཞེས་བྱ་བ་ནི་ཡང་དག་པར་འོངས་པས་ན་དུས་སོ། །ཉི་མ་གུང་གི་དུས་འདི་གང་ཡིན་ཞེ་ན། ཉི་མ་གུང་ གི་དུས་ལ་འོངས་པ་ཞེས་བྱ་བའི་དོན་ཏོ། །བྱིས་པའི་རང་བཞིན་ཅན་ནི་དེ་མ་ཡིན་པ་ལ་དེའི་བློ་ཡོད་པའི་ཕྱིར་རོ། །ཤེས་རབ་འཆལ་བའི་རང་བཞིན་ཅན་ནི། །དེའི་བློ་ཡོད་དེ་ཡོངས་སུ་མི་འདོར་བའི་ཕྱིར་རོ། །དེ་བཞིན་དུ་རིགས་ཀྱི་བུ་གང་སུ་དག་དེ་བཞིན་གཤེགས་པ་ལ་ གཟུགས་སམ་སྒྲར་མངོན་པར་ཆགས་པ་དེ་དག་ནི་ཞེས་བྱ་བ་སྟེ། བི་ཤ་སྟེ་ཞེས་བྱ་བའི་ཁམས་ཀྱི་དོན་ལ་འགྲོ་བའི་ཁྱད་པར་ཡིན་པའི་ཕྱིར་བྱེད་པ་པོ་ལ་ཀྟའོ། །དཔེར་ན་གྲོང་ཁྱེར་དུ་ཞུགས་པ་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུའོ་ཞེས་བྱ་བ་སྟེ། འདི་རྣམས་ཀྱི་ཆོས་ཀྱི་སྐུ་ཡོད་པས་ན་ཆོས་ཀྱི་སྐུའོ། །ཡང་ན་ཆོས་ཉིད་ནི་དེ་བཞིན་ཉིད་དོ། །དེའི་ངོ་བོ་ཐོབ་པའི་ཆོས་རྣམས་ཀྱི་སྐུ་ནི་ཆོས་ཀྱི་སྐུའོ། །ཆོས་ཀྱི་སྐུ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་སྐུ་ཞེས་བྱ་བ་ནི་ཁ་ཅིག་གོ། །འདིས་ནི་སེམས་དང་སེམས་ལས་བྱུང་བ་འཇུག་པ་ལ་ཡང་གཞན་ དབང་གི་དོན་དམ་པར་ཡོད་པ་ཉིད་ནི་མ་ཡིན་ཏེ། སྨིག་རྒྱུ་ལ་ཆུ་ལྟར་ཞེས་གསུངས་སོ། །གལ་ཏེ་གཞན་དབང་མེད་པ་ཡིན་ན་ཅི་ལྟར་མེད་པ་ཡིན་ཞེས་བྱ་བ་ལ་སྒྱུ་མའི་དཔེ་གཉིས་པ་གསུངས་པ་ནི། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། གླང་པོ་ཆེ་རྣམས་ཀྱི་ ཚོགས་ནི་ཚོགས་ཏེ་གླང་པོ་ཆེའི་ཚོགས་སོ། །གལ་ཏེ་གཞན་དབང་མེད་པ་ཡིན་ན་ཅི་ལྟར་འདོད་པ་དང་མི་འདོད་པ་ཉེ་བར་ལོངས་སྤྱོད་ཅེས་བྱ་བའི་ཐེ་ཚོམ་བཟློག་པའི་དོན་དུ་རྨི་ལམ་གྱི་དཔེ་གསུངས་པ་ནི། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། གཉིད་ཀྱིས་ལོག་ པའི་ཞེས་བྱ་བ་ནི་རྨུགས་པ་ལ་ཞུགས་པའོ། །རྨི་ལམ་དུ་ཞེས་བྱ་བ་ནི་བརྫུན་པར་སྣང་བའི་སྣོད་དུ་རུང་བའི་ཁྱད་པར་ཐོབ་པའོ། །ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་བདེན་པ་ཉིད་དོ། །བརྫུན་ཏེ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པའོ། །དེ་དང་ཆོས་མཚུངས་པས་སླུ་བར་བྱེད་པ་ཞེས་བྱ་བའི་ དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་ནི། །ཡང་དག་པ་མ་ལགས་སོ་ཞེས་བྱ་བའོ། །མིང་གི་སྐུ་ནི་ཆོས་བསྟན་པའི་རང་བཞིན་ནོ། །གཟུགས་ཀྱི་སྐུ་ནི་མཚན་ལ་སོགས་པས་འབར་བའོ། །དོན་ཡོད་པར་ནི་སྦྱིན་པ་པོ་རྣམས་ལ་འབྲས་བུ་མང་བའི་ཕྱིར་རོ། །ཡུལ་འཁོར་ནི་འཇིག་ རྟེན་ཏེ་དེའི་བསོད་སྙོམས་ནི་འཚོ་བའོ། །དེ་ཉིད་ཀྱི་ཕྱིར་སྦྱིན་གནས་ཏེ་སྦྱིན་པར་འོས་པས་ན་སྦྱིན་གནས་སོ། །འོ་ན་བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་བརྒྱ་ཕྲག་མང་པོ་དང་། བསྐལ་པ་གྲངས་མེད་པ་རྣམས་མཚན་ལ་སོགས་པ་ཡང་དག་པར་འབྱུང་ བའི་ལས་རྣམས་ཅིའི་ཕྱིར་སྐྱེད་པ་ཡིན་ཏེ། དེ་བས་ན་གཞལ་དུ་མེད་པའི་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་བཟུང་བ་དང་གཟུགས་ཀྱི་སྐུ་སྐྱེད་པའི་འདོད་པ་དང་སྨོན་ལམ་ལ་སོགས་པ་རྣམས་དོན་མེད་པར་འགྱུར་ཞེས་གསུངས་པ་ནི། རིགས་ཀྱི་བུ་འདི་ལྟ་ སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་ལ་དོན་ནི་འདི་ཡིན་ཏེ། ཡང་གལ་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་ནི་དོན་དམ་པར་ཡོད་པ་མ་ཡིན་ཏེ། དེ་ལྟ་ན་ཡང་རྫས་སུ་ཡོད་པ་ཡིན་ཏེ་རྣམ་པར་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་ཀུན་བརྟགས་ནི་ཐ་ སྙད་དུ་ཡོད་པ་དང་གཞན་དབང་ནི་སྒྲུབ་པའི་ཀུན་རྫོབ་ཏུ་རྫས་ཡོད་པ་དང་ཡོངས་སུ་གྲུབ་པ་ནི་སྲིད་པའི་ཀུན་རྫོབ་ཏུ་དོན་དམ་པར་ཡོད་པ་ཞེས་ལན་དུ་བརྗོད་དོ། །སྒྲུབ་པའི་ཀུན་རྫོབ་ཏུ་ཡོད་པ་ནི་རྒྱུ་དང་རྐྱེན་གྱི་ཚོགས་པས་བསྐྱེད་པའི་ཕྱིར་གཞན་དབང་སྒྲུབ་པའི་ཀུན་རྫོབ་ཏུ་ཡོད་པའོ། ། གལ་ཏེ་སྒྲུབ་པའི་ཀུན་རྫོབ་ཏུ་ཡོད་པའི་རང་བཞིན་གྱིས་གཞན་དབང་མེད་པར་འགྱུར་ན་དེའི་ཚེ་ཀུན་ནས་ཉོན་མོངས་པ་མེད་པར་འགྱུར་ལ་རྣམ་པར་བྱང་བ་ཡང་མེད་དེ་གཉི་ག་ཡང་དེ་ལ་བརྟེན་པའི་ཕྱིར་རོ། །གཟུགས་ཀྱི་སྐུ་ཉིད་བཅོམ་ལྡན་འདས་རྣམས་ཀྱིས་བསྒྲུབ་པར་བྱ་བ་སྟེ། གཞན་དོན་ལ་རྩེ་གཅིག་པའི་ཕྱིར་རོ། །རང་གི་དོན་གྲུབ་པ་ནི་དེ་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཞན་དབང་ཡོད་ཀྱང་ཡོངས་སུ་མི་འདོར་བའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་མཚན་ཉིད་ཅན་སྐུ་གསུམ་གྱི་ངོ་བོ་ཉིད་ཀྱི་བྱང་ཆུབ་བསྒྲུབ་པར་ བྱ་བ་དེའི་ཕྱིར་མཚན་སྒྲུབ་པར་བྱེད་པའི་ལས་དང་སྨོན་ལམ་ལ་སོགས་པ་རྣམས་དོན་མེད་པ་ཉིད་མ་ཡིན་ནོ། །འོ་ན་གལ་ཏེ་རྒྱུ་དང་རྐྱེན་ལས་སྐྱེས་པའི་གཞན་དབང་གི་ངོ་བོ་ཉིད་ཅི་ནས་ཀྱང་བླང་བར་བྱ་བ་ཡིན་ན་དེའི་ཕྱིར་དེ་ཉིད་དོན་དམ་པར་ཡོད་པར་ཅིའི་ཕྱིར་མི་འགྱུར་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱི་ཕྱིར་རོ། །ཅི་སྐད་དུ་གསུངས་པ། གང་ཞིག་རྟེན་ཅིང་འབྲེལ་པར་འབྱུང་། །ངོ་བོ་ཉིད་ཀྱི་དེ་མ་སྐྱེས། །ཞེས་བྱ་བ་དང་། །གང་ཕྱིར་རང་བཞིན་མ་བཅོས་པ། །གཞན་ལ་ལྟོས་པ་མེད་པའོ། །ཞེས་བྱ་བ་གསུངས་སོ། །འདིའི་རྐྱེན་ ཉིད་ཙམ་ལ། །དོན་དམ་པ་ཉིད་དེ་དང་དེར། །རང་ལས་མ་ཡིན་གཞན་ལས་མིན། །ཞེས་བྱ་བ་ལ་སོགས་པས་ཤིང་རྟ་ཆེན་པོ་རྣམས་ཀྱི་བཀག་པ་ཞེས་རེ་ཞིག་བཞག་པར་ཟད་དོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དེ་དག་གི་སྐུ་ཡོངས་སུ་གྲུབ་པ་ཡང་ཞེས་བྱ་བ་སྟེ། དེ་ བཞིན་དུ་གལ་ཏེ་རྒྱུ་རྐྱེན་ལ་རག་ལས་པ་སྐུ་ཡོངས་སུ་གྲུབ་པ་ཡིན་ན་དེའི་ཚེ་སྐྱེ་བའི་སྔ་རོལ་དུ་མེད་པ་ཞེས་བྱ་བར་འགྱུར་རོ། །བྱོན་པ་དང་བཞུད་པ་དག་སྐྱེས་པ་ལ་ཅི་ལྟར་དགག་པ་ཞེས་གསུངས་པ་ནི། ཕྱོགས་བཅུའི་འཇིག་རྟེན་གང་ནས་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྟེ། དོན་ནི་འདི་ཡིན་ཏེ། སངས་རྒྱས་རྣམས་དེར་བྱོན་པས་སངས་རྒྱས་མཐོང་བ་མེད་པ་དང་གཞན་དུ་བཞུད་པས་མི་མཐོང་བ་ནི་མ་ཡིན་ནོ། །འོན་ཀྱང་རྟག་ཏུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཡང་སྣོད་རྣམ་པར་དག་པ་དང་རྣམ་པར་མ་དག་པས་བསྡུས་པ་སངས་རྒྱས་ རྣམས་ཀྱི་མཐོང་བ་དང་མི་མཐོང་བའོ། །ཅི་སྐད་དུ་ཐེག་པ་ཆེན་པོ་རྒྱུད་བླ་མ་ནས་གསུངས་པ། དགེ་བ་སྐྱེ་འཇིག་ལས་སངས་རྒྱས། །གཟུགས་བརྙན་སྐྱེ་དང་འཇིག་པ་དང་། །ཐུབ་པ་སྐྱེ་མིན་འཇིག་པ་མིན། །བརྒྱ་བྱིན་བཞིན་དུ་ཆོས་སྐུ་ལས། །འབད་པ་མེད་པར་ མཛད་པ་ཞེས། །དེ་ལྟར་མཐོང་བ་ལ་སོགས་འཇུག །སྐྱེ་བ་མེད་པའི་ཆོས་སྐུ་ལས། །ཇི་སྲིད་འགག་མེད་སྲིད་པར་གནས། །ཞེས་བྱ་བའོ། །མདོ་སྡེ་རྒྱན་ལས་ཀྱང་གསུངས་པ། ཅི་ལྟར་ཆུ་སྣོད་ཆག་པ་ལ། །ཟླ་བའི་གཟུགས་བརྙན་མི་མཐོང་སྟེ། །དེ་བཞིན་ སེམས་ཅན་སྡུག་རྣམས་ལ། །སངས་རྒྱས་གཟུགས་བརྙན་མཐོང་བ་མིན། །ཞེས་བྱ་བའོ། །འདིས་ནི་གཟུགས་ཀྱི་སྐུ་ལ་ལྟོས་པས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་བྱོན་པ་དང་བཞུད་པ་མེད་དོ། །འོན་ཀྱང་རྣམ་པར་དག་པ་ཉིད་ཡོད་པ་ལ་གདུལ་བྱ་རྣམས་ཀྱི་དེ་བཞིན་ གཤེགས་པ་རྣམས་ཀྱི་བདག་པོར་བྱས་ནས་སྐྱེས་པའི་སྣང་བ་དེ་ཡོད་ཅེས་བསྟན་ཏོ། །འོ་ན་གདུལ་བྱ་རྣམས་ལ་དེ་བཞིན་གཤེགས་པའི་སྣང་བ་རང་གི་བསོད་ནམས་ཀྱིས་ངེས་པར་འབྱུང་བ་ཉིད་ཡོད་མོད། །དབང་དུ་བྱེད་པ་པོ་དེ་བཞིན་གཤེགས་ པའི་གཟུགས་ཀྱི་སྐུ་ལ་ནི་རྣམ་པར་གཞག་པ་ཅི་ལྟ་བུ་ཞེས་གསུངས་པ་ནི། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྐུ་རྒྱུ་མེད་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ནི་གཟུགས་ཀྱི་སྐུ་ལ་རྫས་སུ་ཡོད་པ་ཉིད་བསྟན་ཏོ། །རྫས་སུ་ཡོད་པ་ཡང་དེའི་བྱོན་པ་དང་བཞུད་པ་ མེད་དོ། །འོན་ཀྱང་གདུལ་བྱ་རྣམས་ལ་དེ་བདག་པོའི་དབང་གིས་དེའི་རྣམ་པ་སྣང་བ་ཞེས་བྱ་བའོ། །དེ་བས་ན་མཆོག་ཏུ་བསམ་གྱིས་མི་ཁྱབ་པ་ངོ་མཚར་བའི་ཕྲིན་ལས་ཅན་དེ་བཞིན་གཤེགས་པ་རྣམས་སོ། །འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་། ཅི་སྐད་དུ་གསུངས་པ། བྱང་ཆུབ་སྟོན་མཛད་འགའ་ཞིག་ཏུ། །འགའ་ཞིག་ཏུ་ནི་མྱ་ངན་འདས། །ནམ་ཡང་མེད་མིན་མ་ཡིན་ཏེ། །བརྟགས་པའི་སྐུ་ཅན་དེ་བཞིན་གཤེགས། །འདི་རྣམས་ཀུན་དུ་རྣམ་སྤྱོད་དེ། །འགའ་ཞིག་ཏུ་ཡང་སྤྱོད་པ་མིན། །བདག་གི་དངོས་པོ་ཀུན་མཐོང་བ། །དབང་པོ་དྲུག་གི་སྤྱོད་ཡུལ་མིན། ། ཞེས་བྱ་བའོ། །དམྱལ་བ་པ་རྣམས་ཀྱིས་ཀྱང་སྤྲུལ་པའི་སྐུ་མཐོང་བའི་ཕྱིར་བདག་གི་དངོས་པོ་ཀུན་གྱིས་མཐོང་སྟེ། སྐུ་ཀུན་གྱི་ངོ་བོ་ཉིད་གང་གིས་དབང་པོ་གང་ཡང་རུང་བས་ཀྱང་སྤྱོད་ཡུལ་དུ་བྱེད་པར་ནུས་པ་མ་ཡིན་ཞེས་བྱ་བའོ། །སླར་དེ་ལྟ་བུའི་རྣམ་པ་རྟེན་ཅིང་འབྲེལ་ པར་འབྱུང་བ་འདི་ལ་དཔེ་གཞན་གསུངས་པ་ནི་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། ཤིང་བུ་ནི་རྒྱུད་རྣམས་དཀྲིས་པའི་རྟེན་ནོ། །རྒྱུད་རྟེན་ཞེས་བྱ་བ་ནི་གཙོ་བོ་མ་ཡིན་པའི་རྒྱུད་མངས་སོ། །ཐོག་མ་དང་ཐ་མ་དག་ལས་སྒྲ་མི་འབྱུང་ཞེས་བྱ་བའི་ཚིག་ནི་དབུས་ཐམས་ཅད་ དུ་འབྲེལ་པའི་དོན་དུའོ། །རྒྱུ་མེད་པ་ཞེས་བྱ་བའི་སྒྲ་ལས་རང་གི་དོན་ལ་ཀ་ན་སྟེ་དེས་ན་རྒྱུ་མེད་པའོ། །པི་ཝང་གི་སྒྲའི་དཔེས་བསྟན་པའི་ཆོས་འགྲུབ་པ་ནི་རྒྱུ་རྐྱེན་ལ་རག་ལས་པ་ཞེས་བྱ་བ་མཚོན་ཏེ་ཞེས་བྱ་བ་ཁ་ཅིག་གོ། །དཀྲོགས་ཤིང་ཞེས་བྱ་བ་ནི་རྣམ་པར་གཡེང་བ་ཉིད་ཐོབ་པ་རྣམས་སོ། ། སྤ་བཀོང་བར་གྱུར་པ་ནི་གྲིབ་མ་འཇིག་པ་རྣམས་སོ། །དེ་ལོགས་སུ་རབ་ཏུ་འདུད་པར་གྱུར་ཏོ་ཞེས་བྱ་བ་ནི་ཆོས་ཉིད་ལས་ཐོབ་པ་སེམས་མེད་པ་རྣམས་ཀྱིས་ཀྱང་ཆོས་བསྟན་པ་ལ་རྣམ་པར་འགྱུར་བ་འདི་དེས་བྱིན་གྱིས་རློབ་པར་བྱེད་པའི་ལྷའི་བྱིན་གྱིས་བརླབས་པས་སོ། །འཐོར་ཞིང་ ཞེས་བྱ་བ་ནི་གྲོལ་བར་གྱུར་པའོ། །ནམ་མཁའ་ལ་འཕགས་ནས་ཞེས་བྱ་བ་ནི་ནམ་མཁའ་ལའོ། །བདག་གི་ལུས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མངོན་པར་བཀབ་སྟེ་དེའི་མདུན་དུ་ལུས་ཐམས་ཅད་ཀྱིས་ས་ལ་ཕབ་ནས་འདི་ལ་རང་གི་ལུས་ འབུལ་ཞིང་འདུག་པས་སོ། །འབུལ་བ་དེ་ཉིད་རྗོད་པར་བྱེད་པ་ནི་རིགས་ཀྱི་བུ་དེ་དང་མཚུངས་པར་བྱ་བ་ལ་སོགས་པ་བདག་ཅེས་བྱ་བ་ལ་སོགས་པ་སྟེ། ཁྱོད་ལ་ཞེས་བྱ་བ་ནི་དེ་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་ཉན་པ་ལ་སོགས་པ་ལ་དེའི་རྩ་བ་ཅན་གྱི་ཕྱིར་རོ། །ཏིང་ངེ་འཛིན་གཅིག་ ལ་སྙོམས་པར་ཞུགས་པར་གྱུར་ཅིང་ཞེས་བྱ་བ་ནི་ཟག་པ་མེད་པའི་བཏང་སྙོམས་དང་མཚུངས་པར་ལྡན་པ་སེམས་རྩེ་གཅིག་པ་ཉིད་ནི་ཏིང་ངེ་འཛིན་ཞེས་བརྗོད་དེ། དེ་བྱ་བ་ཐ་དད་པ་ཉིད་ཀྱིས་དཔའ་བར་འགྲོ་བ་དང་སེང་གེ་རྣམ་པར་རོལ་པ་དང་ཏིང་ངེ་འཛིན་གྱི་རྒྱལ་པོ་དང་ཆོས་ ཐམས་ཅད་ཀྱི་ཡང་དག་པར་འབྱུང་བ་ལ་སོགས་པའི་མིང་རྣམས་ཀྱིས་ཐ་སྙད་དུ་བྱེད་ཅིང་རང་བཞིན་ཐ་དད་པས་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཞན་དུ་འདོན་པ་ཡིན་ཏེ་བཅོམ་ལྡན་འདས་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གང་དུ་ཏིང་ངེ་འཛིན་ཐམས་ ཅད་ནང་དུ་འདུས་པ་ཞེས་བྱ་བའོ། །དེས་ན་ཏིང་ངེ་འཛིན་གཅིག་ལ་སྙོམས་པར་ཞུགས་པ་དང་ཏིང་ངེ་འཛིན་སྟོང་ཕྲག་དུ་མ་རྣམས་ཀྱིས་གནས་པར་གྱུར་ཏོ་ཞེས་བྱ་བ་འགལ་བ་མེད་དོ། །གཅིག་ལ་སྙོམས་པར་ཞུགས་པ་ཞེས་བྱ་བའི་འདོན་པ་ལ་ཡང་དོན་འདི་ཉིད་ནི་དེ་གཞན་གྱིས་ཡང་ཏིང་ ངེ་འཛིན་གཅིག་ལ་སྙོམས་པར་ཞུགས་པ་གཞན་ཏིང་ངེ་འཛིན་སྟོང་ཕྲག་རྣམས་ཀྱིས་གནས་པར་གྱུར་ཏོ་ཞེས་བྱ་བ་འགལ་བ་ལ་ལན་དུ་མ་མཐོང་ངོ་། །སྐྱིལ་མོ་ཀྲུང་གཅིག་གིས་ཏིང་ངེ་འཛིན་སྟོང་ཕྲག་རྣམས་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བས་གཅིག་ལ་སྙོམས་པར་ཞུགས་པ་ཞེས་ འདོན་པ་འདི་ཉིད་བཤད་པ་ཡིན་ནོ། །སླར་འཕགས་པ་ཆོས་འཕགས་ལོ་བདུན་གྱི་བར་དུ་ཏིང་ངེ་འཛིན་གཅིག་ལ་སྙོམས་པར་ཞུགས་པ་ཉིད་ཅི་ཞིག་བཞུགས་པར་འགྱུར། རྟག་ཏུ་ངུའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པའི་དོན་དང་ཆོས་འདོད་པ་ ཐམས་ཅད་ཀྱི་མངོན་སུམ་དུ་བྱ་བའི་ཕྱིར་འདི་ལྟར་བརྗོད་དོ། །དུས་འདའ་བར་བྱེད་དེ་ཞེས་བྱ་བ་ནི་རབ་ཏུ་ཞུགས་པའོ། །བདག་ཅག་གིས་ཀྱང་ཁྲི་གང་ལ་ཞེས་བྱ་བ་ནི་དུས་གང་ལ་བདག་ཅག་གིས་ཀྱང་ཞེས་བྱ་བའོ། །དེའི་རྗེས་སུ་འཇུག་གོ་ཞེས་བྱ་བ་ནི་རྗེས་སུ་བྱེད་པ་རྣམས་ སོ། །ལྷའི་ཞེས་བྱ་བ་ནི་ནམ་མཁའ་ལས་བྱུང་བའོ། །སེམས་གཞན་དུ་འགྱུར་བ་དང་ཞེས་བྱ་བ་ནི་ས་གཞི་ཆག་ཆག་གདབ་པ་ལ་རྒྱབ་ཀྱིས་ཕྱོགས་པའོ། །ནུས་པ་མེད་པའི་བྱ་བ་འདོད་པའི་ཕྱིར་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་ལེ་ལོ་ཅན་གྱི་ལུས་ཞིག་པར་བྱ་བ་ནི་ནུས་པ་དང་བྲལ་བ་ དེ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །དེ་ལྟར་བསམས་ནས་ཞེས་བྱ་བ་ནི་དཔྱོད་པའི་རིམ་པ་འདིས་ལྷན་ཅིག་སྐྱེས་པའི་ལུས་ལ་ཞེན་པ་བསལ་ནས་རང་གི་ཁྲག་གིས་ས་ཕྱོགས་དེ་དག་ཐམས་ཅད་དུ་ཆག་ཆག་བཏབ་པོ་ཞེས་བྱ་བ་ནི་འདི་ལྟ་བུའི་ངོ་མཚར་བའི་ས་ལ་བརྒྱ་བྱིན་ལ་ སོགས་པའི་བྱིན་གྱི་རླབས་ཀྱིས་སྨད་པར་བྱ་བ་མ་ཡིན་པ་ཉིད་ཁྲག་གི་ཆག་ཆག་གོ་སྐབས་སུ་བྱེད་ཅིང་འདི་ལྟར་བྱས་པའོ། །དེ་དག་ཐམས་ཅད་ཀྱིས་ཀྱང་ཞེས་བྱ་བ་ནི་བུ་མོ་བརྒྱ་ཕྲག་རྣམས་སོ། །ཡང་དེ་དང་དེས་ཞེས་བྱ་བའི་འདོན་པ་ལ་མཚོན་ཆའི་ཁྱད་པར་རོ། །གླགས་ ནི་འཇུག་པའོ། །བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་བྱེད་པར་འགྱུར་བར་རོ། །ཆོས་ཡོངས་སུ་ཚོལ་བ་ཡང་ཞེས་བྱ་བ་ནི་ཡོངས་སུ་ཚོལ་བའོ། །མེ་ཏོག་བཀྲམ་པར་གྱིས་ཤིག་ཅེས་བྱ་བ་སྟེ། མེ་ཏོག་གཞན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ འཕགས་ལ་མཆོད་པའི་དོན་དུ་བཞག་ནས་འདུག་གོ་ཞེས་བྱ་བ་འདོན་པའོ། །མདུན་དུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་བུ་མོ་དེ་དག་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མཆོད་པ་བྱས་པར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་མཐོང་བ་དང་ལྷན་ཅིག་པ་ཉིད་ཀྱིས་ནུབ་བྱང་མཚམས་ཀྱི་ཡུལ་ནས་འོངས་པའི་བཅོམ་ལྡན་འདས་མ་ལས་མཐོང་སྟེ། དེ་ཉིད་རིགས་པ་ཡིན་ནོ། །མེ་ཏོག་ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཆོས་འཕགས་ལ་གཏོར་ཏོ་ཞེས་བྱ་བ་གང་དུ་འདོན་པ་དེ་ཇི་ལྟར་རིགས། དེའི་ཚེ་ཆོས་འཕགས་མ་མཐོང་བའི་ཕྱིར་རོ། །དེར་འཕགས་པ་ཆོས་འཕགས་ཀྱིས་བསྟན་པ་ཅི་ལྟ་བུ་བྱུང་བར་གྱུར་ཞེས་བྱ་བ་དེའི་ཕྱིར་གསུངས་པ། དེ་ལ་སྟོན་པ་ནི་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་ པའོ། །སྤྱིར་བསྟན་ནས་ཁྱད་པར་དུ་གསལ་བར་བྱེད་པ་ནི་འདི་ལྟ་སྟེ་ཞེས་བྱ་བའོ། །རྣམ་པ་སུམ་ཅུ་པོ་འདི་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་འདིའི་ཐོས་པའི་སྟོབས་ཀྱིས་སྐྱེས་པ་རྣམ་པ་སུམ་ཅུ་པོ་འདི་ཉིད་རྣམས་ཀྱིས་ཏིང་ངེ་འཛིན་རྣམས་འདོན་པར་འགྱུར་ བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་ནི་རིགས་པར་བྱ་ཞེས་བྱ་བ་ཐ་མར་གསུངས་པ་འདིར་ཡང་འབྲེལ་པར་བྱའོ། །མཉམ་པ་ཉིད་ནི་མི་མཉམ་པ་ཉིད་མེད་པ་དེའི་ངོ་བོ་གཅིག་ཅེས་བྱ་བའི་དོན་ཏོ། །དེ་བས་ན་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་རྟོགས་ པ་ལས་དེ་གཞན་ཉིད་ཀྱི་ངོ་བོ་ཅུང་ཟད་ཅི་ཞིག་ཡིན་ནམ་མ་ཡིན་ཞེས་གསུངས་པ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་ཀྱང་སྤྱིའི་ངོ་བོ་ཉིད་དེ་དེ་བས་ན་ཆོས་ཐམས་ཅད་ལ་དོན་དམ་པ་པའི་རང་བཞིན་གཅིག་རྟོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཞེས་བྱ་བའི་དོན་ཏོ། །རིག་བྱེད་ཀྱི་མཐར་སྨྲ་བ་ལྟར་བདག་ལ་སོགས་པ་དངོས་པོའི་ངོ་བོ་ཉིད་ཀྱང་ཅི་ཞིག་མཉམ་པ་ཉིད་ཡིན་ནམ་མ་ཡིན་ཞེས་གསུངས་པ་ནི་ཆོས་ཐམས་ཅད་དབེན་པ་ཉིད་པས་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་ཀུན་བརྟགས་དང་གཞན་དབང་གི་ངོ་ བོ་རྣམས་ཀྱིས་གང་ཞིག་དབེན་པ་ཉིད་ནི་སྟོང་པ་ཉིད་དེ། དེ་རྟོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོའི་ངོ་བོ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །སྔར་དངོས་པོའི་ངོ་བོ་ཅི་ཞིག་གནས་སམ་ཕྱིས་དབེན་པ་ཉིད་ཀྱིས་ཡོངས་སུ་འགྱུར་བ་ཅི་ཞིག་ཡིན་ནམ་མ་ཡིན་ཞེས་ གསུངས་པ་ནི། ཆོས་ཐམས་ཅད་གཡོ་བ་མེད་པ་ཉིད་པས་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་ཀྱི་དུས་ཐམས་ཅད་དུ་གཡོ་བ་མེད་པའི་ངོ་བོ་འདི་ནི་རང་བཞིན་ཏེ་རྟོགས་པའི་དུས་ལ་དེ་ལྟར་ཡོངས་སུ་འགྱུར་བ་མ་ཡིན་ནོ། །གལ་ཏེ་སྔར་ཡང་ཡོད་ན་ དེའི་ཕྱིར་གང་གི་ཚེ་ན་རྟོགས་པར་བྱེད་ན་དེའི་ཚེ་ཅི་ཞིག་རྟོགས་པ་ཡིན་ནམ་མ་ཡིན་ཞེས་གསུངས་པ་ནི། ཆོས་ཐམས་ཅད་རློམ་པ་མེད་པ་ཉིད་པས་ཞེས་བྱ་བ་སྟེ། འདི་ནི་རྣམ་པར་རྟོག་པའི་ཤེས་པའི་ཡུལ་ནི་མ་ཡིན་ཏེ། འོན་ཀྱང་རྣམ་པར་མི་རྟོག་པའི་ཞེས་བྱ་བའི་དོན་ ཏོ། །གལ་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་ན་དེའི་ཕྱིར་གཟུགས་ལ་སོགས་པ་མ་སྐྱེས་པ་དང་མ་འགགས་པ་དང་གདོད་མ་ནས་ཞི་བ་ལ་སོགས་པའི་དངོས་པོ་གཞན་ལ་ཅི་ཞིག་རྟོགས་པར་འགྱུར་རམ་མ་ཡིན་ཞེས་གསུངས་པ་ནི། ཆོས་ཐམས་ཅད་ཁེངས་པ་ མེད་པ་ཉིད་པས་ཞེས་བྱ་བ་སྟེ། དངོས་པོ་གཅིག་ཉིད་དང་རང་བཞིན་གཅིག་ཉིད་དང་ཡེ་ཤེས་གང་ལ་ཁེངས་པ་ཡོད་པ་མ་ཡིན་ཏེ་འོན་ཀྱང་དངོས་པོ་ཐམས་ཅད་གདོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདའ་བ་ལ་སོགས་པ་དོན་དམ་པ་པའི་ངོ་བོ་ཐམས་ཅད་ ཀྱིས་ཤེས་པ་མ་ཡིན་ཞེས་བྱ་བའི་དགོངས་པའོ། །དེ་བས་ན་གཉིད་དང་མྱོས་པ་དང་བརྒྱལ་བ་མཐུག་པ་ལ་སོགས་པ་བཞིན་དུ་མི་རྟོག་པ་ཞེས་བྱ་བ་ཅི་ཞིག་རྣམ་པར་གཞག་པ་ཡིན་ནམ་མ་ཡིན་ཞེས་གསུངས་པ་ནི། ཆོས་ཐམས་ཅད་རོ་གཅིག་པ་ཉིད་པས་ཞེས་བྱ་བ་སྟེ། ཆོས་ཐམས་ ཅད་ཀྱི་སྤྱིའི་ངོ་བོ་རྟོགས་པའི་རང་བཞིན་དེར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོག་མར་ས་དང་པོ་ལ་སྐྱེ་བ་དེ་བས་ན་གང་ཞིག་མཐོང་བ་དང་། ཐོས་པ་དང་། དོགས་པ་དང་། རྣམ་པར་ཤེས་པའི་ངོ་བོ་རྣམས་དམིགས་པའི་དུས་སུ་དེས་མཐོང་བ་དེ་རྣམས་ཉིད་གཅིག་ཏུ་རོ་གཅིག་པ་ ཉིད་ཀྱིས་ཅི་ཞིག་ཤེས་སམ་མ་ཡིན་ཞེས་གསུངས་པ་ནི། ཆོས་ཐམས་ཅད་མུ་མེད་པ་ཉིད་པས་ཞེས་བྱ་བ་སྟེ། དངོས་པོ་གཅིག་ནི་གང་གིས་དེ་ཉིད་དུ་མི་མཐོང་། དངོས་པོ་ཐམས་ཅད་དེ་ཉིད་དུ་ནི་དེས་མཐོང་བ་ཞེས་བྱ་བའི་རིགས་པས་ཆོས་ཐམས་ཅད་ལ་ཁྱད་པར་བྱེད་ པ་ཉིད་ཀྱིས་རྟོགས་པ་འདི་ཡིན་པ་སྟེ་སོ་སོར་ངེས་པའི་ཡུལ་མ་ཡིན་ནོ། །འོ་ན་དངོས་པོ་རྣམས་ཀྱི་རང་བཞིན་དེ་ནི་དེའི་ཚེ་ཉིད་དུ་ཅི་ཞིག་སྐྱེས་སམ་མ་ཡིན་ཞེས་གསུངས་པ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་པས་ཞེས་བྱ་བ་སྟེ། འོ་ན་སྔ་མ་འཇིག་རྟེན་པའི་དམིགས་པའི་ཡུལ་ གྱི་རང་བཞིན་ཅི་ཞིག་འགག་པ་ཡིན་ནམ་ཞེས་གསུངས་པ་ནི། ཆོས་ཐམས་ཅད་འགག་པ་མེད་པ་ཉིད་པས་ཞེས་བྱ་བ་སྟེ། གལ་ཏེ་འཇིག་རྟེན་ལས་འདས་པ་ཉིད་ཀྱིས་ཡེ་ཤེས་འདི་ལ་ད་ལྟར་ཉམས་སུ་མྱང་བ་མེད་པ་དེ་བས་ན་དོན་འདི་དཔེ་མེད་པ་ཅི་ཞིག་ཡིན་ནམ་མ་ཡིན་ཞེས་ གསུངས་པ་ནི། ནམ་མཁའ་མུ་མེད་པ་ཉིད་པས་ཞེས་བྱ་བ་སྟེ། ཅི་ལྟར་ནམ་མཁའ་ནི་ཁྱབ་བྱེད་དང་རྟོགས་པར་དཀའ་བ་དེ་བཞིན་དུ་འདི་ཡང་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ་ནམ་མཁའ་བཞིན་དུ་རོ་གཅིག་པ་དང་རྟོགས་པར་དཀའ་བའི་ངོ་བོ་ཉིད་ཅེས་བྱ་བའོ། །གལ་ཏེ་ སྟོང་པ་ཉིད་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །དེ་ཉིད་ནི་དེ་བཞིན་གཤེགས་པ་སྟེ། དེ་བས་ན་འདི་འགྲོ་བའི་དོན་གྱི་བྱ་བ་རྣམ་པར་སྤངས་པ་ཅི་ཞིག་ཡིན་ནམ་མ་ཡིན་ཞེས་གསུངས་པ་ནི། རྒྱ་མཚོ་མུ་མེད་པ་ཉིད་པས་ཞེས་བྱ་བ་སྟེ། ཅི་ལྟར་སྣ་ཚོགས་པའི་འཇིག་ རྟེན་གྱི་ཁམས་རྣམས་ལ་རྒྱ་མཚོ་མུ་མ་མཆིས་པ་རིན་པོ་ཆེ་སྣ་ཚོགས་པའི་འབྱུང་གནས་རྣམ་པ་མང་པོས་འགྲོ་བའི་དོན་བྱེད་པ་དང་འགྲོ་བ་རྣམས་ལ་ཉེ་བར་འཚོ་བར་བྱ་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཆོས་ཀྱི་སྐུའི་བདག་ཉིད་ ཅན་གྱིས་ཀྱང་ཆོས་ཀྱི་སྐུ་ལ་བརྟེན་པའི་ཀུན་རྫོབ་པ་མཚན་དང་དཔེ་བྱད་ཀྱི་རིན་པོ་ཆེར་འབར་བའི་ལོངས་སྤྱོད་རྫོགས་པའི་སྐུ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་ལས་ཕྱུང་བ་རྣམས་ཀྱིས་ས་ཆེན་པོ་རྣམས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དུས་ཐམས་ཅད་དུ་དོན་དུ་གཉེར་ ཞིང་མཛད་པ་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ། འཇིག་རྟེན་ལས་འདས་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ་སོགས་པའོ། །འོ་ན་དེ་བཞིན་གཤེགས་པ་རྣམས་ལས་ཉན་ཐོས་དང་སོ་སོའི་སྐྱེ་བོ་རྣམས་ཀྱི་དོན་འགྲུབ་པ་ཅི་ཞིག་མི་སྲིད་པ་ཡིན་ནམ་མ་ཡིན་ཞེས་གསུངས་པ་ནི། རི་རབ་ སྣ་ཚོགས་པ་ཉིད་ཀྱིས་ཞེས་བྱ་བ་སྟེ། ཅི་ལྟར་གླིང་བཞི་སོ་སོར་གསེར་དང་ཤེལ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་རི་རབ་རྣམས་དེ་བཞིན་དུ་དོན་དམ་པའི་ཆོས་ཀྱི་སྐུ་ལ་བརྟེན་པའི་སྤྲུལ་པའི་སྐུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་འགྲོ་ བ་མ་ལུས་པའི་དོན་མཛད་པ་ནི་དེ་བཞིན་གཤེགས་པ་རྣམས་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ། སེམས་ཅན་རྣམས་ལ་སྨིན་དོན་དུ། །འགའ་ཞིག་ཏུ་ནི་མེ་ལྟར་སྣང་། །ཞེས་བྱ་བ་ལ་སོགས་པའོ། །དོན་ནི་འདི་ཡིན་ཏེ། སྟོང་པ་ཉིད་ལ་བརྟེན་པའི་སངས་རྒྱས་ ཀྱི་ཆོས་རྣམས་སྐྱེ་བ་མ་ཡིན་ཏེ་ནམ་མཁའ་ལ་ས་བོན་རྣམས་བཞིན་དུའོ། །འདུས་བྱས་ལ་བརྟེན་པའི་སངས་རྒྱས་ཀྱི་ཆོས་རྣམས་སྐྱེ་བ་ཡིན་ཞེས་བྱ་བའོ། །སེམས་ཅན་རྣམས་ལ་ལྟོས་པས་སངས་རྒྱས་རྣམས་སངས་རྒྱས་ཀྱི་ཆོས་དོན་དུ་གཉེར་བ་འཁྲུལ་པའི་ངོ་བོ་ཉིད་ ཀྱིས་ཀུན་རྫོབ་ཀྱི་རང་བཞིན་ཡང་ལོངས་སྤྱོད་དང་སྤྲུལ་པའི་སྐུ་དག་ཉེ་བར་འཛིན་པར་མཛད་ཅེས་བྱ་བའོ། །འོ་ན་རང་གི་ངོ་བོས་རློམ་པ་མེད་པའི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་མོད། རྣམ་པ་སྣ་ཚོགས་པའི་ལོངས་སྤྱོད་དང་སྤྲུལ་པ་རྣམས་ཀྱིས་འགྲོ་བའི་ དོན་མཛད་པ་ལ་འབད་པ་མེད་པར་མི་ནུས་པའི་ཕྱིར་ཅེས་ཀྱང་རྣམ་པར་རྟོག་པ་སྲིད་དམ་ཞེ་ན། མ་ཡིན་ཞེས་གསུངས་པ་ནི། ནམ་མཁའ་རྟོག་པ་མེད་པ་ཉིད་པས་ཞེས་བྱ་བ་སྟེ། ཅི་ལྟར་ནམ་མཁའ་ཅུང་ཟད་རྣམ་པར་རྟོག་པར་མི་བྱེད་དོ། །འོན་ཀྱང་ཐམས་ཅད་ལ་མགོ་ སྦྱིན་པ་ལ་སོགས་པའི་དོན་གྱི་བྱ་བ་བྱེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་སོ། །དེ་ལྟ་ན་ཡང་མདོ་སྡེ་རྒྱན་ལས། འགའ་ཞིག་ཏུ་ནི་ཆོས་ཀྱི་འཁོར་ལོ་བརྒྱ་ཕྲག་མང་པོའི་སྒོ་ནས་དེ་ནི་སྟོན་པར་མཛད། །འགའ་ཞིག་ཏུ་ནི་སྐྱེ་དང་མི་སྣང་འགའ་ཞིག་ཏུ་ཡང་སྐྱེ་ བོའི་སྤྱོད་པ་སྣ་ཚོགས་པ། །འགའ་ཞིག་ཏུ་ནི་བྱང་ཆུབ་མ་ལུས་འགའ་ཞིག་ཏུ་ཡང་མི་མཉམ་མྱ་ངན་འདས་པ་ནི། །རང་གི་གནས་ནས་རྣམ་པར་གཡོ་བ་མེད་ཅིང་དེ་ནི་ཐམས་ཅད་དུ་ཡང་མཛད་པ་སྟེ། །ཞེས་བྱ་བའོ། །རང་གི་གནས་ནས་ཞེས་ བྱ་བ་ནི་རྣམ་པར་མི་རྟོག་པའི་དབྱིངས་ལས་སོ། །འོ་ན་གལ་ཏེ་དེ་ལྟ་བུའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུགས་ལ་སོགས་པའི་ཕུང་པོ་དང་ཁམས་རྣམས་ལས་དེ་ཐ་དད་པ་ཉིད་ཡིན་ནམ་མ་ཡིན་ཞེས་གསུངས་པ་ནི། གཟུགས་ མུ་མེད་པ་ཉིད་པས་ཞེས་བྱ་བ་ལ་སོགས་པ་ནས་རྣམ་པར་ཤེས་པའི་ཁམས་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ་ཞེས་བྱ་བའི་བར་དུའོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ། །སྟོང་པ་ཉིད་ལས་གཞན་དུ་གཟུགས་མེད་དོ། །གཟུགས་ཉིད་སྟོང་པ་ཉིད་དོ། ། སྟོང་པ་ཉིད་ཀྱང་གཟུགས་སོ། །འོ་ན་ཇི་ལྟར་འདི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་ཡོད་པས་འཁོར་བའི་གནས་སྐབས་ལ་རྩ་བ་མེད་པའི་དྲི་མ་རྣམས་ཀྱིས་དོར་བར་བྱེད་པ་དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ཡང་དག་པར་ཤེས་པ་རྣམས་ཀྱི་མཐོང་ བ་ཡང་སླར་བཏང་བར་བྱས་པ་ཡིན་ནམ་མ་ཡིན་ཞེས་གསུངས་པ་ནི་རྡོ་རྗེ་ལྟ་བུའི་ཆོས་མཉམ་པ་ཉིད་པས་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ལྟ་བུའི་ཆོས་ནི་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་རྟོགས་པ་གང་གི་ཕྱིར་སླར་དབྱེ་བར་ནི་མི་ནུས་པ་དང་མཉམ་པའང་ཡིན་ཏེ་དེའི་ངོ་བོར་ མཉམ་པའི་ཕྱིར་རོ། །གནོད་པ་དང་བྲལ་བདེ་བའི་དོན། །རང་བཞིན་གྱིས་ནི་ལོག་རྣམས་ཏེ། །གནོད་པ་མེད་པ་འབད་ལྡན་ཡང་། །བློ་ནི་དེ་ཕྱོགས་བྱེད་པའི་ཕྱིར། །ཞེས་བྱ་བའི་དགོངས་པའོ། །སླར་རྟོགས་པ་དབྱེ་བར་ཅི་ཞིག་མི་ནུས་སམ་སླར་ཡང་སྟོང་པ་ ཉིད་ཀྱི་ངོ་བོ་ལ་སོགས་པའི་རང་བཞིན་ཉིད་དེ་དེ་བས་ན་གཟུགས་ལ་སོགས་པའི་མཐོང་བ་ཉིད་ནི་དེའི་མཐོང་བ་ཞེས་བྱ་བ་སྟེ། དེའི་ཕྱིར་ཅི་ཞིག་མ་འདྲེས་པ་ཉིད་ཡིན་ནམ་མ་ཡིན་ཞེས་གསུངས་པ་ནི། ཆོས་ཐམས་ཅད་མ་འདྲེས་པ་ཉིད་པས་ཞེས་བྱ་བ་ལ་སོགས་པ་ སྟེ། མ་འདྲེས་པ་ཉིད་ནི་མ་འདྲེས་པའི་ངོ་བོའོ། །སྟོང་པ་ཉིད་དང་ལྷན་ཅིག་ཏུ་གཟུགས་ལ་སོགས་པ་རྣམས་དང་གཅིག་པ་ཉིད་དོ། །དེའི་ངོ་བོ་ནི་མ་འདྲེས་པ་ཉིད་དེ་དེས་སྟོང་པ་ཉིད་དུ་སྣ་ཚོགས་པ་ཉིད་མེད་པའོ། །གང་གི་ཕྱིར་གཟུགས་ལ་སོགས་པ་ཉིད་སྟོང་པ་ཉིད་ནི་ སྟོང་པ་ཉིད་ཡིན་པ་དེ་བས་ན་འཁོར་བའི་གནས་སྐབས་སུ་གཟུགས་ལ་སོགས་པ་མཐོང་བའི་ཕྱིར་སྟོང་པ་ཉིད་ལ་སོགས་པ་མཐོང་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཞེས་བྱ་བའོ། །འདིས་ནི་གཅིག་པ་ ཉིད་ཀྱི་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་སེལ་བར་བྱེད་དེ་དེ་ཉིད་ཀྱི་ཕྱིར་བསྡུས་པའི་དོན་ལ་ནི། གཟུགས་ནི་སྟོང་ཉིད་རིགས་མིན་ཏེ། །ཕན་ཚུན་སྤངས་པའི་འགལ་བའི་ཕྱིར། །སྟོང་ཉིད་ཅེས་བྱ་གཟུགས་བྲལ་ཏེ། གཟུགས་ནི་རྣམ་པ་དང་བྲལ་བ། །ཞེས་བྱ་བ་ གཅིག་པའི་རྣམ་པར་རྟོག་པའི་གནོད་པ་ཞེས་བྱ་བའོ། །གལ་ཏེ་སྟོང་པ་ཉིད་ནི་གཟུགས་ལ་སོགས་པ་རྣམས་དང་གཅིག་པའི་ངོ་བོ་མ་ཡིན་ན་འོ་ན་སྟོང་པ་ཉིད་མཐོང་བའི་དུས་ཉིད་ལ་གཟུགས་ལ་སོགས་པ་རྣམས་ལ་ཡང་སྟོང་པ་ཉིད་མཐོང་བ་ཡོད་པར་འགྱུར་རམ་མ་ཡིན་ཞེས་ གསུངས་པ་ནི། ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་པས་ཞེས་བྱ་བ་སྟེ། སྟོང་པ་ཉིད་ལ་སོགས་པ་རྣམས་ལས་གཏན་དུ་བའི་ཐ་དད་པ་ཉིད་འདི་མ་ཡིན་ནོ། །འོན་ཀྱང་དེ་ཉིད་དོན་དམ་པར་ཡོད་པ་ཐོག་མ་མེད་པའི་མ་རིག་པའི་སྟོབས་ཀྱིས་གཟུགས་ལ་སོགས་པའི་ངོ་བོ་རྣམས་སུ་ སྣང་ངོ་། །གང་གི་ཚེ་མ་རིག་པ་མེད་པས་རང་གི་ངོ་བོས་མཐོང་བ་དེའི་ཚེ་མ་རིག་པ་ལོག་ཀྱང་གཟུགས་ལ་སོགས་པ་མེད་པ་རྣམས་ལ་ཅི་ལྟར་སྣང་བ་ཞེས་བྱ་བའོ། །དེ་ལྟ་ན་ཡང་དོན་བསྡུས་པ་ལས་སྣ་ཚོགས་པ་ཉིད་ཀྱིས་རྟོགས་པ་གསུངས་པ། གཟུགས་ནི་གཞན་དུ་འཛིན་པ་སྟེ། ། རྣམ་པ་གང་གིས་སྟོང་ཉིད་ཀྱི། །གང་ཕྱིར་མེད་ཉིད་སྣང་བ་ནི། །ད་ནི་མ་རིག་པས་སྤྲུལ་པ། །མེད་པ་སྣང་བ་ནུས་ཉིད་ཀྱིས། །དེ་ནི་མ་རིག་པ་ཞེས་བརྗོད། །ཅེས་བྱ་བའོ། །ཐ་དད་པའི་རྣམ་པར་རྟོག་པའི་རྣམ་པར་ཐལ་བར་གཡེང་བ་སྔར་བཀག་ཀྱང་གོ་སྐབས་གཞན་དུ་བཀག་པ་ཡིན་ ཏེ། གང་ཞིག་འདི་ཆོས་ཀྱི་མི་དམིགས་པ་དེ་ཡེ་ཤེས་གང་གིས་ཀྱང་ཅི་ཞིག་རྟོགས་པ་ཡིན་ནམ་འོན་ཏེ་མ་ཡིན་རྟོགས་པ་ཡིན་ན་ཡེ་ཤེས་དེ་དོན་དམ་པར་ཡོད་པ་དང་གཟུང་བ་དང་འཛིན་པའི་ངོ་བོར་ཐལ་བར་འགྱུར་རོ། །མ་རྟོགས་པ་ཡིན་ན་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་ འདས་ཀྱང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་རྟོགས་པའི་ཕུན་སུམ་ཚོགས་པས་དེ་ལྟར་ཅི་ལྟར་བརྗོད། ཆོས་ཀྱང་སོ་སོ་རང་གིས་རིག་པར་བྱ་བར་མི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རི་བོང་གི་རྭ་ལྟར་ཤིན་ཏུ་མེད་པར་འགྱུར་བས་མ་ཡིན་ཞེས་གསུངས་པ། ཆོས་ ཐམས་ཅད་རྣམ་པར་འཇིག་པ་མཉམ་པ་ཉིད་པས་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་རྣམ་པར་འཇིག་པ་གང་ཡིན་པ་འདི་ནི་མི་དམིགས་པའོ། །དེའི་མཉམ་པ་ཉིད་ནི་འཛིན་པའི་ཡེ་ཤེས་ལ་ཡང་ངོ་། །དོན་ནི་འདི་ཡིན་ཏེ། གང་གི་ཚེ་ལམ་གྱི་གནས་སྐབས་སུ་ཡེ་ཤེས་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ ལ་དམིགས་པ་དེའི་ཚེ་བདག་ཉིད་ལ་ཡང་སྟོང་པ་ཉིད་དམིགས་པར་གྱུར་པ་མངོན་དུ་བྱེད་པའི་གནས་སྐབས་སུ་དེ་ཡང་སྟོང་པ་ཉིད་ཀྱི་རང་བཞིན་ཉིད་ཐོབ་པ་ཡིན་གྱི་གཞན་དུ་ན་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་མངོན་དུ་བྱས་པ་ཞེས་བྱ་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མཉམ་པས་མཉམ་པའི་དམིགས་པར་བྱ་བ་ དང་དམིགས་པར་བྱེད་པའི་ངོ་བོས་གནས་པའི་ཡེ་ཤེས་དེ་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །ཞེས་བྱ་བའོ། །འདི་ཡང་འཐད་པ་ཡིན་ཏེ་ དགོངས་པ་དེ་ཉིད་ཇི་སྐད་དུ། སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱིས་གསུངས་པ། གང་ཚེ་སྐྱེ་བ་མེད་པ་དེ་ཉིད་བློ་གྲོས་ཀྱང་ནི་སྐྱེ་བ་དང་བྲལ་བ། །དེའི་ཚེ་དེ་ཉིད་འགྲོ་བ་ལྟ་བུ་དེ་ཡི་རྣམ་པ་བསྙེན་པའི་ཕྱིར་ཡང་སྟེ། །ཞེས་བྱ་བའོ། །ཡེ་ཤེས་དེའི་སྟོང་པ་ཉིད་དང་ལྷན་ཅིག་ཏུ་བདག་ཉིད་གཅིག་དང་ མེད་པ་ལ་བྱ་བ་འགའ་ཞིག་ཡོད་དམ་གང་གིས་དེའི་ངོ་བོ་ཐོབ་པ་ཅི་ཞིག་ཤེས་པར་འགྱུར་རམ་མ་ཡིན་ཞེས་གསུངས་པ་ནི། ཆོས་ཐམས་ཅད་བྱེད་པ་མེད་པ་ཉིད་པས་ཞེས་བྱ་བ་སྟེ། འདིར་བྱེད་པ་ནི་བྱ་བ་སྟེ་དེ་མེད་པས་བྱེད་པ་མེད་པའོ། །གལ་ཏེ་བྱ་བ་ཡང་མེད་ན་སྟོང་པ་ཉིད་ནི་དངོས་ པོའི་མཚན་ཉིད་དང་ཡང་དག་པར་འདས་པ་རྫས་སོ་སོ་ཅུང་ཟད་ཡོད་པ་མ་ཡིན་ནོ། །འཛིན་པར་བྱེད་པའི་ཡེ་ཤེས་ཀྱང་དེའི་ངོ་བོ་ཉིད་ཐོབ་པ་སྟེ་འོན་ཀྱང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་འདི་སོ་སོ་རང་གིས་རིག་པར་བྱ་བའི་ཆོས་ཞེས་བྱ་བ་འདི་མིག་འཕྲུལ་དང་འདྲ་བ་ཉིད་ཅི་ཞིག་རྟོག་གེ་ བའི་ཡུལ་གྱི་བྱ་བས་སུན་དབྱུང་བར་བྱ་བ་ཅི་ཞིག་ཡིན་ནམ་མ་ཡིན་ཞེས་གསུངས་པ་ནི། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་པས་ཞེས་བྱ་བ་སྟེ། དེ་ཉིད་ཀྱི་ཕྱིར་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། རང་འབྱུང་རྣམས་ཀྱིས་དོན་དམ་ལ། །འདིར་ནི་དད་ པ་ཉིད་ཀྱིས་འགྲོ། །མིག་མེད་འོད་ཀྱིས་འབར་བ་ཡི། །ཉི་མའི་དཀྱིལ་འཁོར་མཐོང་བ་མིན། །སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་ རྣམས་ཀྱི་སྤྱོད་ཡུལ་ཡིན། །རྒྱལ་བ་རྣམས་ཀྱི་ཡུལ་འདི་ལ་ནི་མོས་པའི་བློ། །ཡོན་ཏན་ཚོགས་ཀྱི་སྣོད་དུ་འགྱུར་བ་ཡིན། །བསམ་མེད་ཡོན་ཏན་མངོན་དགའ་ལྡན་པའི་ཕྱིར། །སེམས་ཅན་ཀུན་གྱི་བསོད་ནམས་སྐྱེས་པ་ཟིལ་གྱིས་གནོན། །ཞེས་བྱ་བའོ། །དེ་བས་ ན་འདིར་རྟོག་གེ་འཇུག་པར་བྱ་བ་མ་ཡིན་ནོ། །ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱིས་ཅི་སྐད་དུ་གསུངས་པ། ཐུབ་དབང་བསྟན་ལས་ཤིན་ཏུ་རིང་བར་ཉམས་པ་དང་། གང་ཞིག་རྟོག་གེའི་ལམ་གྱིས་ཆོས་ཉིད་ལ་བཏུད་པ། །ཞེས་བྱ་བའོ། །སྐྱོན་དང་བྲལ་བའི་ཆོས་ཡོངས་སུ་ཚོལ་བ་ལ་ འཇུག་པའི་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་ཆོས་བསྟན་པས་གང་ཞིག་བྱ་བ་བྱས་པ་དེ་བསྟན་པ་ལ་དོན་ཡོད་པ་ཉིད་ཡང་དག་པར་བསྟན་པའི་དོན་དུ་གསུངས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་འདུག་ བཞིན་དུ་ཞེས་བྱ་བ་ནི་ཐོས་པ་བྱེད་པའི་སྟན་ལས་མ་ལངས་པའོ། །དེའི་ཚེ་ཞེས་བྱ་བ་ལ་སོགས་པ་སྟེ། རིམ་པ་གང་དང་རྣམ་པ་གང་རྣམས་གང་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་རིམ་པ་དེ་ཉིད་དང་རྣམ་པ་གང་རྣམས་དེ་ཉིད་ཀྱིས་ཏིང་ངེ་འཛིན་རྣམས་སྐྱེས་པ་ཞེས་བྱ་བ་ནི་ བསྡུས་པའི་དོན་ཏོ། །ཆོས་ཐམས་ཅད་མཉམ་པ་ཉིད་ལ་སོགས་པ་ཉིད་དམིགས་པ་སྟེ་དེ་ལ་དམིགས་པ་ཡིན་པའི་ཕྱིར་ཏིང་ངེ་འཛིན་རྣམས་དེ་ལྟར་བརྗོད་པའོ། །དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བ་ནི་སུམ་ཅུ་ལ་སོགས་པའོ། །འདི་རྣམས་ལ་སོགས་པ་ཉིད་ཀྱང་འདི་རྣམས་ཉིད་ཀྱིས་དེ་རྣམས་འཕངས་པའི་ཕྱིར་ རོ། །ཆོས་འཕགས་ཀྱིས་མཚོན་པར་བྱས་པའི་ལེའུ་ནི་དེའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ།། །།ཏིང་ངེ་འཛིན་ཐོབ་པའི་ཕན་ཡོན་གསུངས་པ་ནི། ཐོབ་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། ལྷན་ཅིག་ཅེས་བྱ་བའི་སྒྲ་ནི་དུས་མཉམ་པའི་དོན་ལའོ། །གང་གི་ཚེ་ཉིད་དུ་ཏིང་ངེ་ འཛིན་རྣམས་ཐོབ་པ་དེ་ཉིད་ཀྱི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ཐོབ་པ་ཞེས་བྱ་བ་ནི་བདུན་པའི་དོན་ལ་དྲུག་པ་སྟེ། དེས་ན་ཐོབ་པ་ཡོད་པ་རྣམས་ལའོ། །ཚུལ་འདི་ལྟ་བུ་ཉིད་ཅེས་བྱ་བ་ནི་ལེན་པར་བྱེད་པའི་དོན་འདི་རྣམས་དོན་སྟོན་པར་བྱེད་པས་ ན་ཚུལ་ཏེ་ཚིག་གི་ཚོགས་སོ། །མིང་འདི་ཉིད་ཅེས་བྱ་བ་ནི་མིང་གི་ཚོགས་རྣམས་ཀྱིས་སོ། །ཡི་གེ་འདི་ཉིད་ཅེས་བྱ་བ་ནི་ཡི་གེའི་ཚོགས་རྣམས་ཀྱིས་སོ། །བསམ་གྱིས་མི་ཁྱབ་པ་དང་ཞེས་བྱ་བ་ནི་གནས་གཅིག་ལ་གནས་པ་ཉིད་ཀྱིས་ཆོས་ཀྱི་རྒྱུན་ལ་ཏིང་ངེ་འཛིན་ཐོབ་པའི་ཕྱིར་དང་སྣ་ཚོགས་པའི་ འཇིག་རྟེན་གྱི་ཁམས་ན་གནས་པའི་སངས་རྒྱས་ལས་གདམས་ངག་ཐོབ་པའི་ཕྱིར་དེ་མང་དུ་ཐོས་པ་བསམ་གྱིས་མི་ཁྱབ་པའོ། །ཅི་སྐད་དུ་གསུངས་པ། སངས་རྒྱས་རྣམས་ལས་ཆོས་རྒྱུན་གྱི། །དེ་ཚེ་གདམས་ངག་ཐོབ་པར་འགྱུར། །རྒྱ་ཆེ་ཞིང་གནས་ཡེ་ཤེས་ཀྱི། །རྒྱ་ ཆེ་བ་ཉིད་འགྲོ་བའི་ཕྱིར། །ཞེས་བྱ་བའོ། །ཐོས་པ་རྒྱ་མཚོ་ཞེས་བྱ་བ་འདིས་ནི་ཐོས་པ་ཆུད་མི་ཟ་བ་སྟེ་དྲན་པ་དང་ལྡན་པའི་ཕྱིར་གསུངས་སོ། །སྐྱེ་བ་ཐམས་ཅད་དུ་ཡང་ནམ་ཡང་སངས་རྒྱས་དང་བྲལ་བར་མ་གྱུར་ཏོ་ཞེས་བྱ་བའི་མདོར་བསྟན་པའོ། །འདིའི་བཤད་པ་ནི་སྐྱེ་བ་ཐམས་ཅད་དུ་ཞེས་ བྱ་བ་ལ་སོགས་པ་ནས་ཐ་ན་རྨི་ལམ་ན་ཡང་ཞེས་བྱ་བའི་བར་དུའོ། །ད་ནི་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བོས་ནས་ཡོངས་སུ་གཏད་པ་ལ་གོ་སྐབས་བྱེད་པ་ཞེས་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཡང་རབ་འབྱོར་ཡོངས་སུ་དོར་ནས་ཀུན་དགའ་བོ་ལས་བརྩམས་ཏེ་ ཡོངས་སུ་གཏད་པ་ཅིའི་ཕྱིར་གོ་སྐབས་སུ་མཛད་ཅེ་ན། ཡོངས་སུ་མྱ་ངན་ལས་འདའ་བ་ལས་ཕ་རོལ་དུ་འདི་ཉེ་བར་དགོས་པའི་ཕྱིར་རོ། །ཅི་སྐད་དུ་འཆད་པར་འགྱུར་བ་ལས་ང་འདས་ནས་འདི་ལ་ཡང་བྱོས་ཤིག་ཅེས་བྱ་བའོ། །གནས་བརྟན་རབ་འབྱོར་ནི་སྔར་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་ བའི་ཕྱིར་རོ། །འོ་ན་གནས་བརྟན་ཀུན་དགའ་བོ་ལས་བརྩམས་ནས་སྔར་ཡོངས་སུ་གཏད་པ་མཛད་པ་ཉིད་དོ་ཞེ་ན། བདེན་ཏེ་འོན་ཀྱང་དེ་ནི་ཞར་ལས་བྱུང་བའོ། །གང་གི་ཕྱིར་དེར་གནས་བརྟན་ཀུན་དགའ་བོས་འཛུམ་པ་མཛད་པའི་དགོས་པ་ཞུས་པ་དེ་བས་ན་སྐབས་དེས་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཉེ་བར་བསྟན་ཏོ། །དེ་བས་ན་ཡོན་ཏན་འདི་ལྟ་བུ་དང་ལྡན་པའི་ཕྱིར་ཡོངས་སུ་གཏད་པའོ། །ད་ལྟར་ནི་བསྟན་པ་རྫོགས་པ་ལ་ཡོངས་སུ་གཏད་པ་ཉིད་སྐབས་ཐོབ་པའོ། །ཀུན་དགའ་བོ་དེ་བས་ན་རྣམ་གྲངས་ འདིས་ཀྱང་ཞེས་བྱ་བ་སྟེ། འཕགས་པ་ཆོས་འཕགས་ཀྱིས་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པ་ལས་རྟག་ཏུ་ངུ་ཉིད་བླ་ན་མེད་པའི་ཆོས་རྙེད་པའི་གཏམ་གྱིས་ཀྱང་ངོ་། །འདིས་ནི་ཆོས་ཐམས་ཅད་ཀྱི་སྟོད་པ་ཉིད་རྟོགས་པའི་ངོ་བོ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་རྡོ་རྗེ་ལྟ་ བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་དངོས་པོ་དང་དངོས་པོ་མེད་པ་གཉིས་ལས་འདས་པ་ཤེས་པ་དང་ཤེས་བྱ་བའི་ངོ་བོ་ཉིད་མ་ཡིན་པ་ཡོད་མེད་གཉིས་ལས་འདས་པ་རྟག་ཆད་དང་བྲལ་བ་སྟོང་པ་གཟུགས་མེད་པ་བསྟན་དུ་མེད་པ་གནས་པ་མེད་པ་སྣང་བ་དང་བྲལ་བ་རྣམ་པར་རིག་བྱེད་མ་ཡིན་པ་དང་ གནས་མེད་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཡང་དེའི་རྗེས་ལ་ཐོབ་པ་རྟོག་པ་དང་བཅས་པ་དང་རྟོག་པ་དང་བྲལ་བ་རྣམས་ཀྱང་མེ་ལོང་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་སྒྲུབ་པའི་ཡེ་ཤེས་དེ་རྣམས་ཀྱང་དེའི་རྒྱུ་ཡིན་པའི་ཕྱིར་འབྲས་བུ་ལ་རྒྱུ་བཏགས་པས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཉིད་ཐོབ་པ་ཡིན་ནོ། །གང་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པས་སྤྱོད་པ་ཞེས་བྱ་བ་སོ་སོའི་སྐྱེ་བོའི་ས་ལ་བརྟེན་ནས་རབ་ཏུ་དགའ་བ་དང་དྲི་མ་མེད་པ་དང་འོད་བྱེད་པ་དང་འོད་འཕྲོ་བ་དང་སྦྱང་དཀའ་བ་དང་མངོན་དུ་གྱུར་པ་དང་རིང་དུ་སོང་བ་དང་། མི་གཡོ་བ་དང་ ལེགས་པའི་བློ་གྲོས་དང་ཆོས་ཀྱི་སྤྲིན་ཞེས་བྱ་བ་མཐོང་བ་དང་བསྒོམ་པའི་ལམ་གྱི་རང་བཞིན་ས་བཅུ་རྣམས་ལ་ཐོས་པ་དང་བསམ་པ་དང་བསྒོམ་པ་ལ་སོགས་པའི་རིམ་པས་མངོན་པར་འཕེལ་བ་ཆོས་ཀྱི་དབྱིངས་ལ་དྲི་མ་མེད་པར་བྱེད་པའི་ཐབས་ལམ་གྱིས་བསྡུས་པ་ཀུན་དུ་འགྲོ་བའི་དོན་དང་། མཆོག་གི་དོན་དང་། རྒྱུ་མཐུན་པ་དང་། ཡོངས་སུ་འཛིན་པ་མེད་པའི་དོན་དང་། རྒྱུད་ཐ་མི་དད་པའི་དོན་དང་། ཀུན་ནས་ཉོན་མོངས་པ་རྣམ་པར་དག་པའི་དོན་དང་། སྣ་ཚོགས་པ་མ་ཡིན་པ་ཉིད་ཀྱི་དོན་དང་། འགྲིབ་པ་དང་། འཕེལ་བ་མེད་པའི་དོན་དང་། ཡེ་ཤེས་ལ་ དབང་བའི་དོན་དང་། གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་ལ་དབང་བའི་དོན་གྱིས་དེ་བཞིན་ཉིད་ཀྱི་ཁྱད་པར་མངོན་སུམ་དུ་བྱ་བས་ས་དང་ས་ལ་གནས་པ་དག་པ་ཆེ་ཞིང་ཆེ་བ་ཐོབ་པས་རྟོགས་པའི་ཁྱད་པར་ཐོབ་པར་བྱེད་པ་གང་ཡིན་པ་དེ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་རྒྱུ་ཡིན་ པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཉིད་ཐོབ་པ་ཡིན་ནོ། །གང་ཡང་རྟོགས་པ་འདི་རྒྱུ་མཐུན་པར་གྱུར་པ་ཆོས་ཀྱི་བསྟན་པ་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །དེ་ལྟར་ན་དེའི་མཚན་ཉིད་དང་དེ་དང་རྗེས་སུ་མཐུན་པ་དང་དེའི་རྒྱུ་མཐུན་པ་ལས་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པའི་དོན་ཤེས་པར་བྱའོ། །ཅི་སྐད་དུ་གསུངས་པ། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དེ་དོན་སྦྱོར་བ་ཡིས། །གཞུང་ལམ་དག་པ་དེ་ནི་སྒྲ། །ཞེས་བྱ་བའོ། །དེ་ལྟ་བས་ན་འདི་ནི་དེའི་རྗེས་སུ་བསྟན་པའོ་ཞེས་བྱ་བ་དང་འབྲེལ་ ཏོ། །འདི་ལ་དཔྱད་པར་བྱའོ་ཞེས་བྱ་བ་ནི་ཐོས་པ་དང་བསམ་པ་ལ་སོགས་པར་བྱའོ་ཞེས་བྱ་བའོ། །དེ་ལྟར་སྤྱིར་ཆོས་སྤྱོད་བསྟན་ནས་ཁྱད་པར་དུ་གསུངས་པ་ནི། མཉན་པར་བྱ་བ་ཞེས་བྱ་བ་ལ་སོགས་པ་སྟེ། མཉན་པར་བྱ་ཞེས་བྱ་བ་ནི་གཞུང་དང་དོན་ལས་སོ། །དེ་ལ་ཡི་གེ་ལ་སྒྲུབ་པ་རྣམ་པ་ གསུམ་གསུངས་པ་ནི་གཟུང་བར་བྱ་ཞེས་བྱ་བ་ལ་སོགས་པ་སྟེ་གཟུང་བ་ནི་སྙིང་ལ་གནས་པར་བྱེད་པའོ། །བཅང་བར་བྱ་ཞེས་བྱ་བ་ནི་མི་བརྗེད་པར་བྱ་བའོ། །བཀླག་པར་བྱ་ཞེས་བྱ་བ་སྟེ། འདིས་ནི་གཟུང་བ་དང་འཆང་བ་དག་གི་རྒྱུ་ཀློག་པ་གསུངས་སོ། །དོན་ལ་བསྒྲུབ་པ་གསུངས་པ་ནི། །ཀུན་ ཆུབ་པར་བྱ་ཞེས་བྱ་བ་སྟེ། གཞན་ལས་དོན་འཛིན་པའི་ཕྱིར་དང་གཞན་ལས་ནང་གི་བདག་ཉིད་དུ་རང་ཉིད་ཀྱིས་བསམས་པའི་ཀུན་ཆུབ་པར་བྱ་བའོ། །འདི་ནི་རང་གི་དོན་གྱི་སྒྲུབ་པའོ། །གཞན་གྱི་དོན་གྱིས་གསུངས་པ་ནི། རབ་ཏུ་གདོན་པར་བྱ་ཞེས་བྱ་བ་སྟེ། གཞན་རྣམས་ཀྱི་ཕྱིར་རྒྱས་པར་ ཡང་དག་པར་གསལ་བའི་ཕྱིར་རོ། །བསྟན་པར་བྱ་ཞེས་བྱ་བ་ནི་ལེགས་པར་གཟུང་བའི་ཡི་གེའི་དོན་ལས་སོ། །ཉེ་བར་བསྟན་པར་བྱ་ཞེས་བྱ་བ་ནི་དོན་ལས་བསམ་པའི་རང་བཞིན་ཤེས་རབ་བསྐྱེད་པས་སོ། །ལུང་དབོག་པར་བྱ་ཞེས་བྱ་བ་ནི་ཀློག་བསླབས་པས་སོ། །ཁ་ ཏོན་དུ་བྱ་ཞེས་བྱ་བ་ནི་ལེགས་པར་གཟུང་བའི་ཡི་གེའི་དོན་ཡང་ལེགས་པར་གཟུང་བར་འགྱུར་ཞེས་བྱ་བ་གཞུང་དང་དོན་ལས་ཆེར་གོམས་པར་བྱེད་པའི་དོན་དུ་སྲོད་དང་པོ་ལ་སོགས་པ་ལ་རྒྱས་པར་ཁ་ཏོན་དུ་བྱ་བའོ། །འདི་ཐམས་ཅད་བྲི་བ་ནི་རྒྱུ་ཡིན་ཞེས་གསུངས་པ་ནི། བྲི་བར་བྱ་ཞེས་བྱ་ བ་སྟེ། འགེག་པར་བྱེད་པའི་བདུད་ལ་སོགས་པ་རྣམས་ཡོད་པ་ལ་ཅི་ལྟར་ཡང་འདི་གྲུབ་ཅེས་བྱ་བ་གསུངས་པ་ནི། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་སྟེ། ལེགས་པར་བྲིས་ཏེ་བཀུར་སྟིར་བྱ་ཞེས་བྱ་བ་ནི་གདུགས་དང་རྒྱལ་མཚན་ལ་སོགས་པ་རྣམས་ཀྱིས་ སོ། །བླ་མར་བྱ་ཞེས་བྱ་བ་ནི་དད་པ་ལ་སོགས་པའི་སྒྲུབ་པས་སོ། །རྗེད་པར་བྱ་ཞེས་བྱ་བ་ནི་བསྟོད་པ་དང་ཕྱག་འཚལ་བ་ལ་སོགས་པ་རྣམས་ཀྱིས་སོ། །མཆོད་པར་བྱ་ཞེས་བྱ་བ་ནི་མེ་ཏོག་དང་། སྤོས་དང་། དྲི་དང་། མར་མེ་དང་། ལྷ་བཤོས་དབུལ་བས་སོ། །རི་མོར་བྱ་བ་ནི་གྱ་ནོམ་པ་ དང་མང་པོའི་མེ་ཏོག་ལ་སོགས་པ་དབུལ་བས་སོ། །བསྙེན་བཀུར་བྱ་བ་ནི་ཕ་རོལ་པོ་རྣམས་ལས་ཀྱང་ཐམས་ཅད་དུ་བྱེད་དུ་འཇུག་པའི་ཕྱིར་རོ། །དངོས་པོ་གང་རྣམས་ཀྱིས་ཀྱང་བཀུར་སྟིར་བྱེད་པ་ལ་སོགས་པ་ཞེས་ཉེ་བར་མཚོན་པའི་དོན་དུ་འགའ་ཞིག་བསྟན་པར་བྱེད་པ་ནི། མེ་ཏོག་དང་ བདུག་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་ངའི་རྗེས་སུ་བསྟན་པ་ཞེས་བྱ་བ་ལ་སོགས་པས་ནི་ཉན་པ་ལ་སོགས་པ་ལ་ངེས་པར་སྦྱར་བའོ། །ཡང་ཅིའི་ཕྱིར་འདི་བྱ་ཞེས་བྱ་བ་ལ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་ནས་གསུངས་པ་ནི། འདི་ལས་ཞེས་བ