Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 94

Văn bản gốc(Tây Tạng)

Trang 18 / 21 (50.000 ký tự/trang)
ས་པ་ཡིན་པ་དང་ཅུང་ཟད་ཀྱང་མི་དམིགས་པ་ཡིན་ན་དེ་ལྟ་ན་ཕྱོགས་སྔ་མས་གླགས་རྙེད་པར་
འགྱུར་རོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་དང་གནས་དང་སྒྲུབ་པ་འདི་ཐམས་ཅད་མེད་ན་དེའི་ཚེ་ཅི་ཞིག་དེ་ལ་དྲི་བར་བྱ་ཞེས་བྱ་བའོ། །བརྒྱ་བྱིན་ནི་སྐྱོན་མེད་པའི་ཆོས་སྟོན་པར་བྱེད་པ་ཉིད་ཀྱིས་རབ་འབྱོར་ལ་བསྟོད་པ་སྨྲས་པ་ནི། གང་
དང་གང་ཞེས་བྱ་བ་ལ་སོགས་པ་སྟེ། །ཐོགས་པ་ཞེས་བྱ་བ་ནི་རྣམ་པར་འཕོངས་པའོ། །བརྩམས་ཏེ་ཞེས་བྱ་བ་ནི་དབང་དུ་བྱས་ནས་སོ། །ཆོས་སྒྲ་ཞེས་བྱ་བ་ནི་རིགས་པ་སྨྲ་བའོ། །ཆོས་དང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་མྱ་ངན་ལས་འདས་པའོ། །རྗེས་སུ་མཐུན་པའི་ཆོས་

ཞེས་བྱ་བ་ནི་རྗེས་སུ་མཐུན་པའི་ལམ་མོ། །ལུང་བསྟན་པ་ཞེས་བྱ་བ་ནི་གསལ་བར་སྨྲས་ཤིང་ངོ་། །ལུང་སྟོན་པ་ཞེས་བྱ་བ་ནི་གསལ་བར་སྨྲ་བའོ། །ཆོས་ཐམས་ཅད་ཀྱི་རྣམ་པར་དབེན་པ་དང་སྟོང་པ་ཉིད་དོ། །དེ་ལ་གནས་པ་ནི་ཏིང་ངེ་འཛིན་ནོ། །ཆོས་ཐམས་
ཅད་དམིགས་སུ་མེད་པ་ནི་དེ་ལ་གནས་པའོ། །ཀཽ་ཤི་ཀ་ཡང་གནས་བརྟན་རབ་འབྱོར་གྱི་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་ལ་རབ་འབྱོར་གྱི་གནས་པ་ལས་མཆོག་ཉིད་དུ་གསུངས་པ་ནི། དེ་བཞིན་གཤེགས་པའི་གནས་པ་མ་གཏོགས་
པར་ཞེས་བྱ་བ་ལ་སོགས་པའོ། །སྤྱོད་པ་ནི་ཏིང་ངེ་འཛིན་སྒྲུབ་པའི་དོན་དུའོ། །གནས་པ་ནི་ཏིང་ངེ་འཛིན་སྒྲུབ་པས་སོ། །སྙིང་པོ་ལ་སོགས་པའི་ལེའུ་ནི་སྙིང་པོའི་ལེའུ་སྟེ་ལེའུ་ཉི་ཤུ་རྩ་བདུན་པའོ།། །།ད་ནི་མཆོད་པའི་དོན་དུ་མངོན་པར་དང་བ་ཡང་དག་པར་སྐྱེས་པའི་ལྷ་རྣམས་
ཉེ་བར་འོངས་པ་གསུངས་པ་ནི། དེ་ནས་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་སྟེ། ལྷའི་བུ་གཞན་ཞིག་ཅེས་བྱ་བ་ནི་སྐྱེ་བ་གསུངས་སོ། །ལྷའི་རིགས་དེ་ལ་སུམ་ཅུ་རྩ་གསུམ་པ་གཙོ་བོར་གྱུར་པ་དེ་ཉིད་ཀྱི་ཕྱིར་དེ་དག་ལྷ་སུམ་ཅུ་རྩ་གསུམ་པ་ཞེས་བརྗོད་དོ། །གཙོ་བོར་གྱུར་པ་དེ་རྣམས་ཀྱི་ནང་ནས་གཅིག་
གོ། །དེ་ཡང་གཙོ་བོ་ཡིན་པའི་ཕྱིར་ལྷ་རྣམས་དང་ལྷན་ཅིག་ཅེས་གསུངས་སོ། །དེ་རྣམས་ཀྱིས་བཅོམ་ལྡན་འདས་མཆོད་པ་ཞེས་རྟོགས་པར་བྱའོ། །དེ་ལྟ་ན་ཡང་དེ་དག་མེ་ཏོག་རྣམས་བླངས་ནས་བཅོམ་ལྡན་འདས་ལ་གཏོར་བར་གྱུར་ཞེས་བྱ་བ་ཆེན་མོ་རྣམས་ལས་འདོན་པ་ཡིན་ནོ། །
དྲུག་ཅུས་ལྷག་པའི་བརྒྱ་ཕྲག་ནི་བརྒྱ་ཕྲག་དྲུག་ཅུའོ། །སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ནི་རྗེས་སུ་འགྲོ་བའི་དོན་དང་། མིང་གཅིག་གིས་དེ་རྣམས་ལུང་བསྟན་པའི་དོན་དུ་དེ་སངས་རྒྱས་ཀྱི་གནས་སྐབས་ལ་ཡང་དེ་རྣམས་ཀྱི་མེ་ཏོག་གི་ཆར་བྱུང་བ་སངས་རྒྱས་རྣམས་ཀྱི་མཆོད་པ་ལ་རྣམ་པར་སྨིན་པ་ཉེ་བར་བསྟན་
པའི་དོན་དུ་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་མཛད་པ་ཞེས་བྱ་བ་ཤེས་པར་བྱའོ། །སྙིམ་པ་གང་བར་གྱུར་ནས་ཞེས་བྱ་བ་ནི་རབ་ཏུ་གང་བའི་སྙིམ་པ་རྣམས་ཞེས་བྱ་བའི་དོན་ཏོ། །ཆོས་ཉིད་ཅེས་བྱ་བ་ནི་རྩེ་གཅིག་པར་གྱུར་པའི་རང་བཞིན་ནོ། །ཅི་ལྟ་བུ་ཞེས་དོགས་པ་

ལ་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་ནས་ཇི་སྲིད་གསེར་གྱི་ཁ་དོག་རྣམས་ཞེས་བྱ་བའི་བར་གྱིས་སོ། །བཙོད་ཁའི་ཁ་དོག་ནི་དམར་བའི་རབ་ཏུ་དབྱེ་བའོ། །ཤེལ་དང་དངུལ་གྱི་ཁ་དོག་ནི་དཀར་པོའི་བྱེ་བྲག་རྣམས་སོ། །གསེར་གྱི་ཁ་དོག་རྣམས་ནི་སེར་པོའི་བྱེ་བྲག་རྣམས་སོ། །
ཆོས་ཉིད་ཉེ་བར་བསྟན་ནས་གཙོ་བོ་ལ་དེར་ཅི་ཞིག་འབྱུང་ཞེས་གསུངས་པ་ནི། དེ་དག་བྱུང་སྟེ་ཞེས་བྱ་བ་ལ་སོགས་པ་ནས་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་སོ། །རྣམ་པ་སྣ་ཚོགས་པ་ལུང་བསྟན་པ་རྣམས་ལ་རྣམ་པ་སྣ་ཚོགས་པའི་གནས་ནི་སྣ་ཚོགས་པའི་སྐྱེ་བ་རྣམས་
ལ་འདོན་པ་ཡིན་ཏེ། གང་གི་ཚེ་བཅོམ་ལྡན་འདས་དམྱལ་བར་ལུང་སྟོན་པར་བཞེད་པ་ཡིན་ན་དེའི་ཚེ་ཞབས་ཀྱི་མཐིལ་དུ་ནུབ་པར་འགྱུར་རོ། །ཅི་སྲིད་གལ་ཏེ་ཉན་ཐོས་ཀྱི་བྱང་ཆུབ་ལ་ལུང་བསྟན་པར་བཞེད་པ་ཡིན་ན་དེའི་ཚེ་ཞལ་དུའོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ལ་ལུང་བསྟན་
པར་བཞེད་ན་དེའི་ཚེ་མཛོད་སྤུར་རོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་པ་ཡིན་ན་དེའི་ཚེ་དབུའི་གཙུག་ཏུ་ནུབ་པར་འགྱུར་ཞེས་བྱ་བའོ། །ནུབ་པར་གྱུར་ཏོ་ཞེས་བྱ་བ་ལ་གྱུར་ཏོའི་སྒྲ་ཡང་དེས་ན་འོས་པར་འགྱུར་ཞེས་བྱ་བའོ། །མིང་གཅིག་པ་ཞེས་བྱ་བ་ནི་
ཅི་ལྟར་གསུངས་པའི་སྨོན་ལམ་དང་མཆོད་པ་དག་ལ་ཐམས་ཅད་ལ་དང་བའི་ཁྱད་པར་གྱིས་བྱིན་གྱིས་བརླབས་པའི་ཕྱིར་རོ། །མཉམ་པར་འགྱུར་ཞེས་བྱ་བ་ནི་ཚོགས་མཉམ་པའི་སྨོན་ལམ་གྱི་ཕྱིར་རོ། །ཚེའི་ཚད་དང་དམ་པའི་ཆོས་གནས་པའི་དུས་དག་ལ་ཤིན་ཏུ་རིང་བ་ཉིད་དེ་
སངས་རྒྱས་ཀྱི་ཞིང་རྣམས་རྣམ་པར་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པས་གནས་པ་རྣམས་ཀྱི་བྱང་ཆུབ་ཆེན་པོ་ལ་ལུང་བསྟན་པར་འགྱུར་རོ་ཞེས་བྱ་བས་གདུལ་བྱ་རྣམས་སྤྲོ་བ་བསྐྱེད་པའི་དོན་དུ་ཀུན་དགའ་བོ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་ནས་གནས་པར་བྱའོ་ཞེས་
བྱ་བའི་མཐའི་བར་གྱིས་ཉེ་བར་སྡུད་པར་བྱེད་དོ། །ཀུན་དགའ་བོ་གང་སུ་དག་ཅེས་བྱ་བ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་ཀྱི་ཞེས་བྱ་བའི་བར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་ཀྱི་ཡོན་ཏན་གསུངས་སོ། །ཀུན་དགའ་བོ་གང་དག་འདི་ལ་ཞེས་བྱ་བ་ལ་སོགས་པ་

ནས་རིགས་པར་བྱའོ་ཞེས་བྱ་བའི་མཐའི་བར་གྱིས་གང་དག་ཐོས་ནས་སྤོང་བར་མི་བྱེད་པ་དེ་རྣམས་ཀྱི་ཡང་ཡོན་ཏན་གསུངས་སོ། །སྨོད་པར་བྱེད་པ་ནི་སྨད་པའོ། །འགལ་བར་བྱེད་པ་ནི་དོར་བའོ། །འཁྲུག་པར་བྱེད་པ་ནི་དེ་དང་འགལ་བའི་དོན་ལ་བདག་ཏུ་
བྱེད་པའོ། །འཇིགས་པར་བྱེད་པ་ནི་སེམས་ལ་གནོད་པ་ཉིད་ཀྱིས་དེ་ལ་སྤྱོད་པ་ཡོངས་སུ་སྤོང་བའོ། །འགོག་པ་ནི་དེ་འཛིན་པ་ལ་སོགས་པ་རྣམས་ལས་ཕ་རོལ་པོ་རྣམས་ལོག་པའོ། །སྤོང་བ་ནི་འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཞེས་སྒྲོགས་པའོ། །གནོད་པ་བྱེད་པ་ནི་དེའི་དོན་དུ་ལོག་པའི་
འཐད་པ་བརྗོད་པའོ། །ཀུན་དགའ་བོ་འོན་ཀྱང་ཞེས་བྱ་བ་ནས་སྤྱད་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་བར་གྱིས་མཐའ་ཐེག་པ་དམན་པར་མི་ལྟུང་བ་ལ་རྒྱུ་གཉིས་གསུངས་ཏེ། སྨོན་ལམ་མི་སླུ་བ་ཉིད་དང་བྱས་པ་ཤེས་པ་ཉིད་ཅེས་བྱ་བའོ། །ད་ནི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ལ་སོགས་པས་རང་ཉིད་ཀྱི་རྗེས་སུ་འཛིན་པ་མཛད་ནས་མྱ་ངན་ལས་འདས་པའི་མཐར་ཐུག་པར་རང་ཉིད་ཀྱིས་མཛད་པར་འགྱུར་ཏེ། ཡོངས་སུ་མྱ་ངན་ལས་འདས་ཕྱིན་ཆད་བྱང་ཆུབ་
སེམས་དཔའ་རྣམས་ལ་རྗེས་སུ་འཛིན་པའི་དོན་དུ་ཀུན་དགའ་བོ་ལ་ཡོངས་སུ་གཏད་པ་མཛད་པ་ནི་ཀུན་དགའ་བོ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནི་རང་ཉིད་ཀྱིས་གཞན་དོན་གྱི་ཁུར་ཁུར་བའི་ཕྱིར་སྨོན་ལམ་རྣམས་བྱས་པ་དེའི་ཕྱིར་དེ་རྣམས་
ལ་བསྟན་པ་ཙམ་ཉིད་ལས་ཡོངས་སུ་གཏད་པ་མི་འབྱུང་ངོ་། །ཉན་ཐོས་རྣམས་ལ་ནི་སྙིང་རྗེས་དམན་པའི་ཕྱིར་དང་རང་ཉིད་ཀྱིས་རྣམ་པ་གཞན་དུ་འབྲས་བུ་ཡོངས་སུ་རྫོགས་པའི་ཕྱིར་འདི་གཟུང་བ་ལ་སོགས་པ་ལ་བརྩོན་འགྲུས་མེད་པར་འགྱུར་བ་དེ་བས་ན་དེ་རྣམས་ལ་ཡོངས་སུ་གཏད་
པར་བྱའོ། །དེ་ལ་ཡང་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་རྣམས་ལ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་སྔར་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་འཕགས་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ཀྱང་ཡུན་རིང་པོར་གནས་པའི་ཕྱིར་དང་ཐོས་པ་

འཛིན་པ་རྣམས་ལས་མཆོག་ཡིན་པའི་ཕྱིར་དེ་ཉིད་ལ་ཡོངས་སུ་གཏད་པའོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་རྫོགས་པའི་བྱང་ཆུབ་ཐོབ་པའི་རྒྱུ་སངས་རྒྱས་ཀྱི་གདུང་ཡོངས་སུ་མི་གཅད་པའི་ཕྱིར་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་གནས་པ་དེའི་ཕྱིར་ཡོངས་སུ་
གཏད་པའོ། །ཡོངས་སུ་གཏད་པ་ནི་ཡང་དག་པར་གཏད་པའོ། །དེ་ཉིད་རྗེས་སུ་འབྲེལ་པ་ནི་རྗེས་སུ་གཏད་པའོ། །དངོས་སུ་ན་འདི་ཉན་ཐོས་ཉིད་ཀྱིས་རྟོགས་པའི་དབང་མི་བྱེད་པ་ལ་ཡང་ཅིའི་ཕྱིར་ཡང་དག་པར་གཏད་པ་ཞེས་བྱ་བའི་དོགས་པ་ལ་གསུངས་པ་ནི་ཡི་གེ་ཙམ་ཡང་ནུབ་པར་མི་འགྱུར་བ་ཞེས་བྱ་བ་སྟེ་ཡི་གེ་ཙམ་ཡང་ནུབ་པར་
མི་འགྱུར་ཞེས་བྱ་བ་ནི་ཡི་གེའི་ཚོགས་སོ། །རྒྱུ་དེ་ལས་འདི་གཏད་པའོ། །དེའི་དབང་དུ་མཛད་ནས་ཞེས་བྱ་བའོ། །ཡི་གེའི་ཚོགས་འདི་ནི་གཟུང་བ་ལ་སོགས་པའི་དོན་དུ་ཁྱོད་ལ་གཏད་པ་ཡིན་པ་ནི་གང་གི་ཕྱིར་ཉན་ཐོས་ཀྱིས་ཀྱང་འདིའི་བསྟན་པ་འདི་བྱེད་པར་འགྱུར་བ་བྱང་ཆུབ་སེམས་དཔའ་རྣམས་ལ་
དོན་ཆེན་པོ་བྱེད་པའོ། །རྟོགས་པའི་དོན་དུ་ནི་བྱང་ཆུབ་སེམས་དཔའ་ཉིད་རྣམས་འདིའི་སྐལ་བ་དང་ལྡན་པ་ཞེས་བྱ་བའི་དགོངས་པའོ། །ཅིའི་ཕྱིར་ནི་ཡོངས་སུ་གཏད་ཅེ་ན། གསུངས་པ་ནི། ཟུང་ཤིག་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཡོངས་སུ་གཏད་པ་ཞེས་གསུངས་པ་ནི། ཇི་ལྟར་
འདི་ནུབ་པར་མི་འགྱུར་བ་ཞེས་བྱ་བ་སྟེ། ཅི་ལྟར་འདི་ནུབ་པར་མི་འགྱུར་བ་དེ་ལྟར་ཁྱོད་ཀྱིས་བྱའོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་ཕུང་པོ་སྟོང་ཕྲག་མང་པོ་ནི་བཅོམ་ལྡན་འདས་ལས་བདག་གིས་ཐོས་པ་དེ་བས་ན་ཅི་སྲིད་ཅི་ཙམ་གཟུང་བ་ལ་སོགས་པ་མི་ནུབ་པའི་དོན་དུ་བདག་ནུས་པ་འབྱུང་བར་
འགྱུར་ཞེས་བྱ་བའི་ཀུན་དགའ་བོའི་དོགས་པ་ལ་གསུངས་པ་ནི་ཀུན་དགའ་བོ་ཁྱོད་ཀྱིས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་ཏེ་དེ་བཤད་པའོ། །མངོན་སུམ་དུ་ཞེས་བྱ་བ་ནི་གང་ཞིག་ཀུན་དགའ་བོས་བརྒྱུད་ནས་ཐོས་པ་དེར་ཉེས་པར་བརྩི་བ་
སྲིད་པས་མངོན་སུམ་དུ་ཞེས་བྱ་བ་གསུངས་སོ། །ཀུན་དགའ་བོའི་མདོ་ལས་ཀུན་དགའ་བོས་སྨྲས་པ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལྷག་མ་དག་དང་བཅས་པ་བདག་གིས་བཅོམ་ལྡན་འདས་ཀྱི་ཐད་ནས་བཟུང་བ་དང་དགེ་སློང་རྣམས་ལ་གཉིས་ཞེས་བྱ་བའོ། །ཕྱིས་ཞེས་བྱ་བ་ནི་སླར་རོ། །

རྣམ་པར་ཆུད་གསན་པ་ཞེས་བྱ་བ་ནི་ཚིག་ལ་སོགས་པ་རྣམས་ཕྱིན་ཅི་ལོག་ལས་འཁྲུག་པར་བྱས་པའི་ཕྱིར་རོ། །བཏང་ངམ་ཞེས་བྱ་ནི་ཐམས་ཅད་ཡོངས་སུ་དོར་བའི་ཕྱིར་རོ། །བརྗེད་པར་བྱས་པ་ཞེས་བྱ་བ་ནི་ཚིག་ལ་སོགས་པ་རྣམས་ཡིད་ལ་མྱུར་དུ་མི་དྲན་
པའི་ཕྱིར་རོ། །ཉེས་པར་བརྩེ་བ་ནི་ཉེས་པ་བྱས་པའོ། །ཚིག་གམ་ཞེས་བྱ་བ་ནི་ཚིག་ཏུ་བྱས་པ་སྟེ། འདིས་དོན་གོ་བས་ན་ཚིག་གོ། །གསུང་རབ་ལ་ངག་ཏུ་བརྗོད་པ་སྟེ་དཔེར་ན་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་སོ་ཞེས་བྱ་བའོ། །ཚིག་གི་ཡན་ལག་ནི་ཚིག་གི་
ཕྱོགས་གཅིག་གོ། །མགུ་བ་ཞེས་བྱ་བ་ནི་ལེགས་པར་བདག་གིས་ཆོས་བསྟན་ཞེས་བྱ་བས་ཡོངས་སུ་ཚིམ་པ་སྐྱེད་པའི་ཕྱིར་རོ། །བདག་དང་འབྲེལ་པས་བཅོམ་ལྡན་འདས་མཉེས་པའི་རྒྱུ་ཀུན་དགའ་བོ་ཡང་ཁྱོད་ཀྱིས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་བརྗོད་ན། དུས་གསུམ་གྱི་སངས་
རྒྱས་རྣམས་དང་འབྲེལ་པས་མཉེས་པའི་རྒྱུ་གསུངས་པ་ནི། ཀུན་དགའ་བོ་ཁྱོད་ཀྱིས་ཡང་ཞེས་བྱ་བ་ལ་སོགས་པ་ནས་བརྗེད་པར་བྱས་ནས་ཞེས་བྱ་བའི་མཐའི་བར་གྱིས་སོ། །འདིའི་རྗེས་ལ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་སྔོན་གྱི་པོ་ཏི་རྣམས་ལ་འདོན་པ་ཡིན་ཏེ། འདོན་པ་དེ་ཉིད་རིགས་པ་ཁོ་ནའོ། །
གང་ཡང་འགའ་ཞིག་ཏུ་དེ་སྲིད་དུ་ཀུན་དགའ་བོ་ཁྱོད་ཅེས་བྱ་བ་ལ་སོགས་པ་སླར་བཏོན་ནས། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་འདོན་པ་ཡིན་ན་དེ་ནི་ཤིན་ཏུ་འབྲེལ་པ་ཅན་མ་ཡིན་ཏེ། རང་དང་འབྲེལ་པས་གཉིས་པ་སྔར་ཉིད་དུ་གསུངས་པའི་ཕྱིར་རོ། །དེ་བས་ན་འཁྲུལ་པ་བྱས་པའི་འདོན་པ་འདི་
ཞེས་བྱ་བའོ། །ཡུམ་ནི་ས་དང་པོ་ལ་སྟེ་ས་བོན་འཛིན་པའི་ཕྱིར་རོ། །སྐྱེད་པ་ནི་ས་གཞན་རྣམས་ལ་སྟེ་ས་བོན་རྒྱས་པའི་ཕྱིར་རོ། །འབྱིན་པ་ནི་སངས་རྒྱས་ཀྱི་ས་ལ་སྟེ་རྣམ་པ་ཐམས་ཅད་དུ་རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཕྱིར་རོ། །འདིས་ནི་འདི་སྟོན་པར་བྱེད་དེ་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་བསྟན་པ་ཉིད་བདག་གིས་བསྟན་པ་ཐམས་ཅད་ཀྱི་ནང་ན་གཙོ་བོ་སྟེ་དེ་བས་ན་བསྟན་པ་ཐམས་ཅད་ཡོངས་སུ་དོར་ནས་ཀྱང་འདིའི་གཟུང་བ་ལ་སོགས་པ་ལ་འབད་པར་བྱ་ཞེས་བྱ་བའོ། །དེ་ལྟར་མི་བརྗེད་པ་ལ་སོགས་པ་ལ་ཡོངས་སུ་རྒྱས་པའི་རྒྱུ་བརྗོད་ནས་སྔར་གསུངས་པ་ཉིད་

ཡོངས་སུ་གཏད་པ་ཉེ་བར་སྡུད་པར་བྱེད་པ་ནི་ཀུན་དགའ་བོ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྟེ། ཡང་འདི་ཅི་ལྟ་བུར་མི་ནུབ་པའི་དོན་དུ་འབད་པར་བྱ་སྙམ་པའི་དོགས་པ་ལ་གསུངས་པ་ནི་འདི་གཟུང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་དང་ཚིག་དང་གསལ་བྱེད་ཤིན་ཏུ་
གསལ་བས་ཡིག་འབྲུ་དང་ངེས་པའི་ཚིག་བཟང་པོར་གཟུང་བར་བྱ་ཞེས་བྱ་བ་སྟེ་གཞུང་འདི་མཐོང་བར་ཁ་ཅིག་ནི་འདི་སྐད་སྨྲ་སྟེ། གང་ཞིག་བཅོམ་ལྡན་འདས་ཀྱིས་དོན་གསུངས་པ་དོན་དེ་བསྟན་པ་དང་རྗེས་སུ་མཐུན་པས་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་
རྣམས་ལ་རྣམ་པར་གཞག་པ་ནི་སྡུད་པ་སྟེ། དེས་ན་མདོ་སྡེ་ཐམས་ཅད་ལས་བཅོམ་ལྡན་འདས་ཀྱིས་དོན་གསུངས་སོ། །ཡི་གེ་རྣམས་ནི་སྡུད་པ་པོ་རྣམས་ཀྱིའོ། །གལ་ཏེ་ཡང་ཡི་གེ་རྣམས་ཀྱང་བཅོམ་ལྡན་འདས་ཀྱིས་གསུངས་པ་ཉིད་བསྡུ་བར་བྱ་བ་ཡིན་ན་དེའི་ཚེ་ཤིན་ཏུ་
ཡོངས་སུ་གསལ་བ་ཞེས་བྱ་བའི་ཁྱད་པར་ནི་དོན་མེད་པའོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་ཀུན་དགའ་བོ་ཉིད་བཅོམ་ལྡན་འདས་མ་ལ་སྡུད་པ་པོ་ཞེས་བྱ་བའོ། །དེ་འདི་གཉིས་ཀྱང་སློབ་དཔོན་དབྱིག་གཉེན་ཞབས་ཀྱི་རྗེས་སུ་བཞེད་པ་མ་ཡིན་ཏེ། སྐྱབས་གསུམ་གྱི་བརྟག་པ་ལས་འདི་སྐད་
གསུངས་ཏེ། ཆོས་གང་ཞིག་དེ་བཞིན་གཤེགས་པས་བསྟན་པ་དེ་ཡི་གེ་དང་ཚིག་དེ་ཉིད་ཀྱིས་གསལ་བར་བྱེད་པ་དང་། གོ་རིམས་དེ་ཉིད་ཀྱིས་ཡང་དག་པར་འཛིན་པ་དང་བསྟན་པ་ཉུང་བ་དང་ལྷག་མ་མེད་པ་ཕྱིན་ཅི་མ་ལོག་པ་དེའི་ཚེ་གཞུང་འདི་འཕགས་པ་དཔལ་དབྱངས་ཀྱིས་གསུངས་
པ་ཞེས་བྱ་བ་བརྗོད་དེ། ཡི་གེ་རྣམས་ཡང་དག་པར་ཡོངས་སུ་སྐྱོང་བ་ལ་དོན་ཡང་ཕྱིན་ཅི་ལོག་པར་འབྱུང་བའི་ཕྱིར་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་ཀུན་དགའ་བོས་གསུངས་པ་མངོན་སུམ་དུ་བདག་གིས་བཅོམ་ལྡན་འདས་ཀྱི་ཐད་ནས་ཆོས་འདི་རྣམས་ཐོས་པ་དང་མངོན་
སུམ་དུ་བཟུང་བའོ། །འདིར་ནི་ད་ལྟར་ཡི་གེ་དེ་ཉིད་དང་ཚིག་དེ་ཉིད་དང་གོ་རིམས་དེ་ཉིད་ཀྱིས་ཉུང་བ་དང་ལྷག་པ་མེད་པ་ཕྱིན་ཅི་མ་ལོག་པ་དག་གིས་སོ་སོར་རྗེས་སུ་བརྗོད་པ་ཞེས་བྱ་བ་རྒྱས་པར་རོ། །དེ་ཉིད་ཀྱི་ཕྱིར་མདོ་དང་མདོ་ལས་བསྟན་པ་ནི་དོན་བཟང་པོ་དང་ཚིག་འབྲུ་བཟང་པོ་

དང་མ་འདྲེས་པ་དང་ཡོངས་སུ་རྫོགས་པ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་རོ། །གཞན་དུ་ན་ཡིག་འབྲུ་བཟང་པོ་ཞེས་བྱ་བ་སྡུད་པ་པོ་བདག་ཉིད་ལ་བསྟོད་པ་བྱས་པར་འགྱུར་ཞེས་བྱ་བའོ། །གང་ཞིག་ཡང་ཉི་ཁྲི་གཞུང་འགྲེལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
ཕྱག་ན་རྡོ་རྗེ་ཉིད་སྡུད་པ་པོ་ཞེས་བྱ་བ་གསལ་བ་ཉིད་དུ་བརྗོད་པར་མཛད་དོ། །དེ་བས་ན་ཤིན་ཏུ་ཡོངས་སུ་གསལ་བས་ཞེས་བྱ་བ་ལ་དོན་ནི་འདི་ཡིན་ཏེ། གསུང་རབ་ཀྱི་སྡུད་པ་ནི་རྣམ་པ་མང་བས་ལན་མང་དུ་མང་པོ་རྣམས་ཀྱིས་བྱས་སོ། །དེ་ལ་སྡེ་པའི་གཞུང་རྣམས་ཉིད་བཅོམ་
ལྡན་འདས་བཞུགས་པར་གྱུར་པ་ཉིད་ལ་གང་གིས་ཅི་ལྟར་ཐོས་པ་དེས་འབྲེལ་པའི་གོ་རིམས་བསྟན་པའི་སྔོན་དུ་འགྲོ་བས་བསྡུས་ནས་སྡེ་པའི་གཞུང་ཉིད་འཛིན་པའོ། །གཞན་དུ་ན་ཕ་རོལ་པོ་རྣམས་ལ་ཅི་ཞིག་བསྟན་པར་འགྱུར་འགྲེལ་པའི་གོ་རིམས་མེད་པས་སེའུ་བཅུ་ལ་སོགས་པའི་
ངག་བཞིན་དུ་ཐམས་ཅད་མ་འགྲེལ་པར་འགྱུར་རོ། །སྡུད་པ་ཆེན་པོའི་མདོ་ལས་ཀྱང་གསུངས་པ་ཡིན་ཏེ། གནས་བརྟན་ཤཱ་རིའི་བུས་བཅོམ་ལྡན་འདས་ཀྱིས་གནང་བས་བཅོམ་ལྡན་འདས་ཀྱི་མངོན་སུམ་ཉིད་དུ་སྡུད་པ་བྱས་སོ། །ཕྱིས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ལ་
མུ་སྟེགས་པ་རྣམས་ལྟར་བསྟན་པ་དུ་བའི་མཐའ་ཅན་དུ་མ་གྱུར་ཅིག་ཅེས་བྱ་བ་འཕགས་པ་འོད་སྲུངས་ཆེན་པོ་ལ་སོགས་པ་རྣམས་ཀྱིས་སྡུད་པར་བགྱིས་སོ། །དེ་བས་ན་འདིར་ཡང་འཕགས་པ་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དེ་བཞིན་གཤེགས་པ་ཡོངས་སུ་
མྱ་ངན་ལས་འདས་པ་ལ་ཅི་སྲིད་དུ་ཐེག་པ་ཆེན་པོའི་ཆོས་ལ་སྡུད་པར་མི་བགྱིད་པ་དེ་སྲིད་དུ་བཅོམ་ལྡན་འདས་མ་འདི་གནས་བརྟན་ཀུན་དགའ་བོས་ཀྱང་འགྲེལ་པའི་གོ་རིམས་ཉེ་བར་བསྟན་ཏེ་སྡུད་ནས་ཕ་རོལ་པོ་རྣམས་ལ་བསྟན་པའི་དོན་དུ་འཛིན་པར་བྱ་བ་ཁོ་ནའོ། །དེས་ན་གསུངས་པ་ཡི་གེ་དང་ཚིག་
དང་གསལ་བྱེད་ཤིན་ཏུ་གསལ་བས་ཚིག་འབྲུ་དང་ངེས་པའི་ཚིག་བཟང་པོར་གཟུང་བར་བྱའོ། །གང་ཡང་བཅོམ་ལྡན་འདས་ཉིད་ཀྱིས་ཡི་གེ་རྣམས་གསུངས་པ་དེ་རྣམས་ཉིད་ཤིན་ཏུ་ཡོངས་སུ་གསལ་བ་དེ་བས་ན་དེ་བཞིན་གཤེགས་པས་གསུངས་པའི་ཡི་གེ་རྣམས་ལ་ཉམས་པར་མ་བྱེད་

ཅིག་ཅེས་བྱ་བའི་ཆེད་དུ་མཛད་པའི་དོན་ཏོ། །དུས་གསུམ་གྱི་སངས་རྒྱས་དེ་རྣམས་ཀྱི་ཡི་གེ་དེ་རྣམས་ཞེས་བྱ་བ་ལེའུ་བརྒྱད་པ་ལས་བསྟན་ཏོ། །གཏན་ཚིགས་གསུངས་པ་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་སྟེ། ཆོས་ཀྱི་སྐུ་ཚད་མར་བྱས་ཏེ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་ནི་རྣམ་པ་གཉིས་ཏེ།
བསྟན་པའི་ཆོས་ཀྱི་སྐུ་དང་རྟོགས་པའི་ཆོས་ཀྱི་སྐུའོ། །དེ་རྣམས་གཉིས་ལ་ཡང་ཚད་མར་བྱས་ནས་སོ། །གང་གི་ཕྱིར་བསྟན་པའི་ཆོས་རྣམས་ཀྱི་ནང་ནས་འདི་ནི་གཙོ་བོའོ། །རྟོགས་པའི་ཆོས་ཀྱི་སྐུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྡུས་པས་སོ། །འགའ་ཞིག་ཏུ་ཆོས་ཀྱི་སྐུ་ཉིད་
ཅེས་བྱ་བའི་ཆོས་ཉིད་དེ་ལ་ཚད་མར་བྱས་ནས་ཞེས་བྱ་བའི་འདོན་པའོ། །དེ་དང་དེ་ཞེས་བྱ་བ་བཤད་པར་གྱུར་པའི་བྱ་བ་ལ་སོགས་པས་འབྲེལ་པར་བྱའོ། །ཕན་པར་སེམས་པ་ནི་མི་འདོད་པ་ལས་སེལ་བར་རྩོམ་པའོ། །དགའ་བ་ནི་མཉེས་གཤིན་པའོ། །གུས་པ་ནི་
ཡོན་ཏན་གྱི་ཁྱད་པར་བསྒོམ་པས་བྱས་པའི་མི་འདའ་བ་ཉིད་དོ། །དགེ་བ་ནི་ནད་མེད་པ་ལ་སོགས་པ་ཐོབ་པའོ། །བདེ་བར་གནས་པ་ནི་དེ་བཞིན་གཤེགས་པ་བདེ་བར་གནས་པའོ། །བགྱི་བ་ནི་བསྙེན་བཀུར་ལ་སོགས་པའོ། །དབུལ་བ་ནི་མེ་ཏོག་ལ་སོགས་པའོ། །བསམ་པར་བྱ་
བ་ནི་ཅི་ལྟར་བཅོམ་ལྡན་འདས་ཡོད་ཅེས་བྱ་བ་དུས་ཐམས་ཅད་བསམ་པའི་ཕྱིར་ཡོན་ཏན་དང་ལྡན་པ་དེས་དེ་དང་དེའི་ཡོན་ཏན་མངོན་དུ་ཕྱོགས་པར་བྱས་པས་སོ། །བཤད་ན་ཞེས་བྱ་བ་ནི་བཤད་པར་ནུས་པའོ། །བསྐལ་པའམ་ཅི་སྲིད་དུ་ཅུང་ཟད་ལྷག་མའི་བསྐལ་པར་འགྱུར་རོ། །དེའི་འོག་ཏུ་
གལ་ཏེ་རྒྱས་པར་འདོད་པར་གྱུར་ན་འོ་ན་ཅི་ཞིག་མདོར་བསྡུས་ནས་ཀུན་དགའ་བོ་ཅི་ཞིག་བཤད་ཅེ་ན། ཅི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་དགའ་བོ་དེ་ལྟ་བས་ན་ཞེས་བྱ་བ་ནི་གང་གི་ཕྱིར་བསྐལ་པ་བྱེ་བ་ཡང་འདིའི་ཡོངས་སུ་གཏད་པ་ལས་བརྩམས་ཏེ། བསྟན་པར་ནུས་པ་དེའི་
ཕྱིར་ཚད་མེད་པའི་ཡོན་ཏན་དང་སྦྱོར་བས་བཅོམ་ལྡན་འདས་མ་ཚད་མེད་པ་དེ་བས་ན་ཡོངས་སུ་གཏད་པ་ཡང་ཚད་མེད་པའོ། །རབ་ཏུ་འཇིག་པའི་ཚེ་རྗེས་སུ་ཡོངས་སུ་གཟུང་བར་འགྱུར་རོ་ཞེས་བྱ་བ་ནི་གཟུགས་བརྙན་ལ་སོགས་པའི་ཉེ་བར་བསྟན་པའི་དོན་ལས་འཇིག་པའོ། །བྱི་བ་ལ་སོགས་པའི་ཉེ་བར་

འཚེ་བ་ལས་གླེགས་བམ་ལས་འཇིག་ཅིང་སོ་སོར་བྱེད་པའོ། །ཀུན་དགའ་བོ་དེ་ལྟ་བས་ན་ཞེས་བྱ་བ་སྟེ། གང་གི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་འབྱུང་བ་དེ་བས་ན་ལན་གཉིས་སུ་ཡོངས་སུ་སྦྱིན་པ་དང་ཡོངས་སུ་
གཏད་དོ་དང་ཡང་དག་པར་གཏད་པ་ཞེས་བྱ་བ་དོན་གཅིག་གོ། །ཆོས་ཀྱི་འཁོར་ལོ་བསྐོར་ཞིང་རྗེས་སུ་བསྐོར་ནས་ཞེས་བྱ་བ་ནི་ཆོས་ནི་བདེན་པ་རྣམ་པ་བཞི་སྟེ་འཕགས་པ་རྣམས་ཀྱི་ཤེས་བྱ་ཡིན་པའི་ཕྱིར་སྡུག་བསྔལ་ནི་ཤེས་བྱ་སྟེ་ཤེས་པ་ཞེས་བྱ་བ་ལ་སོགས་པའི་ཡོངས་སུ་བསྐོར་བ་
དེ་རྣམས་ལས་འབྱུང་ངོ་། །ཆོས་དེ་རྣམས་ཀྱི་འཁོར་ལོ་ནི་ཚོགས་ཏེ་དེ་གལ་ཏེ་གདུལ་བྱའི་རྒྱུད་ལ་རབ་ཏུ་བསྐོར་བ་ནི་བསྟན་པའི་སྟོབས་ཀྱིས་དེའི་རྟོགས་པ་བསྐྱེད་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ནི་མཐོང་བའི་ལམ་དུ་བརྗོད་དོ། །དེ་བས་ན་ཅི་ལྟར་ཐམས་ཅད་དགྲ་བཅོམ་པ་ཉིད་མངོན་སུམ་
དུ་བྱ་བ་ཞེས་བྱ་བ་ཅི་ལྟར་བརྗོད། ཆོས་བསྟན་པ་གང་གིས་དགྲ་བཅོམ་པ་ཉིད་ཐོབ་པ་དེ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་བརྗོད་པ་མ་ཡིན་ནོ་ཞེ་ན། བདེན་མོད་ཀྱི་སྔར་བྱུང་བའི་བཅོམ་ལྡན་འདས་མ་རྣམས་ལ་བདག་གི་ཉན་ཐོས་ཁྱོད་ཀྱིས་ཉན་ཐོས་ཀྱི་བྱ་བ་མ་བྱས་པར་འགྱུར་ཞེས་བྱ་བ་
འདི་ཙམ་ཉིད་བརྗོད་པ་ཡིན་ནོ། །ཆེན་མོ་རྣམས་ལ་ཡང་ད་ལྟར་ཡང་བདག་གི་ཉན་ཐོས་ཁྱོད་ཀྱིས་ཉན་ཐོས་ཀྱི་བྱ་བ་མ་བྱས་པར་འགྱུར་ཞེས་བྱ་བ་འདི་ཙམ་འདོན་པ་ཡིན་ནོ། །དེ་བས་ན་ཆོས་ཀྱི་འཁོར་ལོའི་སྒྲ་དོན་ཉིད་མི་ཤེས་པ་མི་མཁས་པ་འགའ་ཞིག་གིས་འདི་བསྣན་པ་ཁོ་ནའོ། །ཆོས་ཀྱི་
འཁོར་ལོའི་སྒྲས་ཆོས་བསྟན་པ་ཙམ་བརྗོད་པར་བྱ་ཞེས་བྱ་བའི་བཤད་པ་གསུང་རབ་ཀྱི་རིམ་པ་ལ་མཁས་པ་རྣམས་ནི་རྗེས་སུ་སེམས་པ་མ་ཡིན་ནོ། །ཆུ་ཚོད་ནི་ཆུ་ཚོད་དོ། །ཆུ་ཚོད་ཀྱི་བར་ནི་དེའི་ཡང་ཆའོ། །ཐང་ཅིག་ནི་ཡུད་ཙམ་སུམ་ཅུའོ། །དེའི་སྐད་ཅིག་དྲུག་ཅུ་ནི་ཡུད་ཙམ་མོ། །
སྐད་ཅིག་ཙམ་ནི་སྐད་ཅིག་མ་བརྒྱ་ཉི་ཤུའོ། །དུས་ཀྱི་མཐའ་ནི་སྐད་ཅིག་མའོ། །སྐད་ཅིག་མ་ལ་སོགས་པ་གཟུང་བ་ནི་རིམ་པ་ཅི་ལྟ་བར་དབང་པོ་རྣོན་པོ་དང་འབྲིང་དང་རྟུལ་པོའི་གང་ཟག་གིས་ཤེས་པའི་དོན་དུའོ། །བྱ་བ་ཡོངས་སུ་རྫོགས་པའི་མཚན་ཉིད་འདིར་སྐད་ཅིག་མར་ཤེས་པར་

བྱ་སྟེ། གཅིག་ལ་ཐ་སྙད་བྱ་བ་མ་ཡིན་པའི་ཕྱིར་ཞེས་བྱ་བ་སློབ་དཔོན་རྣམ་པར་གྲོལ་བའི་སྡེའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་མི་བསྐྱོད་པ་སངས་རྒྱས་ཀྱི་ཞིང་དང་བཅས་པ་འཁོར་དང་བཅས་པ་ཡང་དག་པར་བསྟན་པ་སྟེ། སླར་དེ་ཡང་
དག་པར་སྟོན་པ་ནི་དེ་ལ་འདོད་པ་བསྐྱེད་པའི་དོན་དུའོ། །ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བའི་ཕྱིར་དང་གདུལ་བྱ་རྣམས་ཀྱི་སྨོན་ལམ་གྱི་དོན་དུ་རྒྱ་ཆེ་བ་ལ་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་དགའ་བ་བསྐྱེད་པའི་དོན་དུ་ཞེས་བྱ་བ་ནི་སློབ་དཔོན་སྔ་མ་རྣམས་སོ། །
རྒྱ་མཚོ་ལྟ་བུ་ཞེས་བྱ་བ་ནི་ཤིན་ཏུ་རྒྱ་ཆེ་བའི་ཕྱིར་རོ། །ཟབ་པ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཡོན་ཏན་ཤེས་པར་དཀའ་བའི་ཕྱིར་རོ། །མི་བསྐྱོད་པ་ཞེས་བྱ་བ་ནི་རྟོགས་པ་ཉིད་ཐོབ་པས་བདུད་ལ་སོགས་པ་རྣམས་ཀྱིས་འབིགས་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཡང་མི་སྣང་བར་འགྱུར་
བ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་ཡང་སྐབས་འདིས་སྟོང་པ་ཉིད་བསྟན་པ་རྒྱས་པའི་དོན་དུའོ། །ཆོས་ཐམས་ཅད་ནི་གཟུགས་ཀྱི་ཕུང་པོ་ཞེས་བྱ་བར་བགྲང་བ་རྣམས་སོ། །མིག་ལམ་དུ་ཡང་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་རྣ་བ་ལ་སོགས་པ་རྣམས་ལ་ཡང་ངོ་། །
ཆོས་རྣམས་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བར་བགྲང་བ་རྣམས་སོ། །ཆོས་རྣམས་ཀྱིས་ཞེས་བྱ་བ་ནི་དེ་འཛིན་པ་ཉིད་ཀྱིས་མངོན་པར་འདོད་པ་རྣམས་སོ། །སླར་ཆོས་རྣམས་ཞེས་བྱ་བ་ནི་ད་ལྟར་བྱུང་བ་འཛིན་པ་ཉིད་ཀྱིས་མངོན་པར་འདོད་པ་རྣམས་སོ། །ཆོས་རྣམས་
ཞེས་བྱ་བ་ནི་ད་ལྟར་བྱུང་བ་ཉིད་གཟུང་བ་ཉིད་ཀྱིས་མངོན་པར་འདོད་པ་རྣམས་སོ། །ཆོས་རྣམས་ཀྱིས་ཆོས་རྣམས་མི་ཤེས་སོ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་འཛིན་པ་ཉིད་ཀྱིས་མངོན་པར་འདོད་པ་རྣམས་འདས་པ་དང་། མ་འོངས་པ་ཉིད་གཟུང་བ་ཉིད་ཀྱིས་མངོན་པར་འདོད་པ་རྣམས་
ལ་མི་ཤེས་སོ། །ཆོས་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པས་རིགས་པ་གསུངས་སོ། །འཛིན་པ་ལ་རག་ལས་པ་ནི་གཟུང་བའི་རྣམ་པར་གཞག་པ་དེའི་ཕྱིར་འཛིན་པ་མེད་པ་དང་པོར་གསུངས་སོ། །ཅིའི་ཕྱིར་ཞེ་ན། ཤེས་པ་པོ་མ་ཡིན་པ་དང་མཐོང་བ་པོ་མ་ཡིན་པའོ། །གསུངས་

པ། དགོས་པ་བྱེད་ནུས་པ་མ་ཡིན་ནོ། །འདིར་དགོས་པ་ནི་གཟུང་བར་འདོད་པ་འཛིན་པའོ། །དེ་ལ་ཡང་འཐད་པ་གསུངས་པ་ནི། བྱེད་པ་མེད་པ་ཞེས་བྱ་བ་སྟེ། ལུས་ཀྱི་བྱ་བ་དང་བྲལ་བའི་ཕྱིར་གང་ལ་ཡང་འཛིན་པ་པོ་མ་ཡིན་ནོ། །འཛིན་པ་
མེད་པའི་ཕྱིར་དོན་གྱིས་གྲུབ་པ་གཟུང་བ་རྣམས་ཀྱི་མེད་པ་གསུངས་པ་ནི། གཟུང་བ་མེད་པ་ཞེས་བྱ་བ་སྟེ། ནམ་མཁའ་བྱེད་པ་མེད་པའི་ཕྱིར་ཞེས་བྱ་བ་སྟེ་སྔར་གསུངས་པའི་བྱེད་པ་མེད་པ་ལ་གཏན་ཚིགས་སོ། །དེ་ལྟར་གཟུང་བ་དང་འཛིན་པའི་ངོ་བོ་མེད་པའི་ཕྱིར་ཀུན་བརྟགས་
མེད་པ་ཞེས་གསུངས་སོ། །གལ་ཏེ་དེ་ལྟར་ན་རི་བོང་གི་རྭ་བཞིན་དུ་ཆོས་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་མེད་པར་འགྱུར་ཞེས་གསུངས་པ་ནི། ཀུན་དགའ་བོ་ཆོས་ཐམས་ཅད་ནི་སྒྱུ་མའི་སྐྱེས་བུ་ལྟར་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བ་སྟེ། འདིས་ནི་བརྫུན་པ་སྣང་བ་ཙམ་གྱི་ངོ་བོ་
གཞན་དབང་ཡོད་པ་དང་མེད་པ་ཉིད་ཀྱིས་བསམ་གྱིས་མི་ཁྱབ་པའི་ཡོད་པའི་ངོ་བོ་གསུངས་སོ། །གལ་ཏེ་དེ་ལྟར་ཡིན་ན་དོན་དམ་པར་ཐམས་ཅད་མེད་པར་འགྱུར་ཞེས་བྱ་བ་གསུངས་པ་ནི། ཚོར་བ་པོ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྟེ། ཡོངས་སུ་གྲུབ་པའི་ངོ་བོ་ནི་དོན་
དམ་པར་ཐ་དད་པས་གང་གི་ཡང་ཚོར་བ་པོ་མ་ཡིན་ཏེ། དེའི་ཚེ་ཤེས་པ་ལ་ཤེས་བྱ་དང་ཁྱད་པར་མེད་པའི་ཕྱིར་རོ། །དངོས་པོ་མེད་པ་ཞེས་བྱ་བ་ནི། །གཉིས་མེད་དངོས་པོ་མེད་པ་ཡི། །ཡོད་པ་སྟོང་པའི་མཚན་ཉིད་དོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྤྱོད་ན་ཞེས་བྱ་བ་ལ་
སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་ལ་བསྔགས་པའོ། །བསླབ་པའམ་ཆོས་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་ཐོབ་པར་འདོད་པས་ཞེས་བྱ་བ་ནི་ཕ་རོལ་གྱི་སྒྲས་མཉམ་པའི་དོན་ཕ་རོལ་གྱི་སྒྲ་ཡང་ཡོད་དེ་དེ་བས་ན་ཕ་རོལ་གྱི་དངོས་པོ་ནི་ཕ་རོལ་ཏུ་ཕྱིན་
པ་ཞེས་བརྗོད་དོ། །ལུང་ལས་ཀྱང་དངོས་པོའི་རྐྱེན་གྱི་མཐའ་ཅན་གྱིས་ཀྱང་ཆོས་ཁོ་ན་མངོན་པར་བརྗོད་དོ། །ཅི་ལྟར་གཤེར་བ་ནི་ཆུའི་ཁམས་ཏེ་གཤེར་བ་ཉིད་ཆུའི་ཁམས་ཞེས་བྱ་བའོ། །དེ་བས་ན་ཆོས་རྣམས་ཐམས་ཅད་ཀྱི་མཆོག་གི་མཐའ་ཐོབ་པར་འདོད་པ་ཞེས་བྱ་བའི་དོན་ཏོ། །

པོ་ཏི་རྙིང་པ་རྣམས་ལས་འདི་ལྟར་འདོན་པ་སྟེ། དམ་པའི་ཕ་རོལ་ཏུ་ཕྱིན་པའི་བྱང་ཆུབ་ཆེན་པོ་ཞེས་བྱ་བའོ། །མངོན་རྟོགས་དང་སྦྱར་བའི་ཆགས་པས་བྱང་ཆུབ་ཆེན་པོ་ཞེས་བྱ་བ་ནི་བསྣན་པའོ། །སངས་རྒྱས་རྣམས་ལ་ཡང་ཕན་པར་མཛད་པ་ཞེས་གསུངས་པ་ནི་ཀུན་དགའ་
བོ་བསླབ་པ་འདི་ལ་ཞེས་བྱ་བ་ལ་སོགས་པ་སྟེ། ཆགས་པ་མེད་པ་ཉིད་ཅེས་བྱ་བ་ནི་དམིགས་པ་དང་བྲལ་བ་ཉིད་དམ་ཐོགས་པ་མེད་པའི་ཡེ་ཤེས་ཉིད་དོ། །ཚད་མ་ནི་རྒྱ་ཆེ་བའི་ངེས་པའོ། །ཟད་པ་ནི་དུས་ཀྱི་ངེས་པའོ། །མཐའ་ནི་གྲངས་ངེས་པའོ། །མེད་པ་ཉིད་ཡིན་པའི་
ཕྱིར་ཞེས་བྱ་བ་ནི་རི་བོང་གི་རྭ་བཞིན་དུ་ཀུན་བརྟགས་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར་རོ། །གཞན་དབང་མེད་པའི་ཕྱིར་ཞེས་བྱ་བ་ནི་འཁྲུལ་པ་ཙམ་ཉིད་ཀྱི་ཕྱིར་རོ། །ཡོངས་སུ་གྲུབ་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་རང་ཉིད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཚད་མ་
དང་འབྲེལ་པ་ཞེས་བྱ་བ་ནི་ཚད་མས་ཡོངས་སུ་གཅོད་པའོ། །དབེན་པ་དམིགས་སུ་མེད་ན་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་ངོ་བོས་ཞེས་བྱ་བའོ། །གཞལ་དུ་མེད་པའི་ཕྱིར་ཞེས་བྱ་བ་ནི་མི་དམིགས་པའི་ཕྱིར་རོ། །ཟད་པ་ནི་འགྲིབ་པའོ། །ཡོངས་སུ་ཟད་པ་ནི་དངོས་པོ་མེད་
པའོ། །སླར་པོ་ཏི་འགའ་ཞིག་ལ་དུས་གསུམ་བསྟན་པས་ཀྱང་སོ་སོར་ཟད་པའམ་མ་ཟད་པར་འགྱུར་བའམ་ཟད་བཞིན་པ་ཞེས་བྱ་བ་དུས་གསུམ་ལ་ཡང་ཟད་པ་མེད་པ་འདོན་པ་ཡིན་ནོ། །ནམ་མཁའ་མི་ཟད་པའི་ཕྱིར་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུ་མི་ཟད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན་
གསུངས་པ། ཆོས་ཐམས་ཅད་སྐྱེ་བ་མེད་པས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནི་སྐྱེ་བ་མེད་པ་སྟེ། དེ་བས་ན་དེ་རྣམས་ཀྱི་མི་དམིགས་པའི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ནམ་མཁའ་བཞིན་དུ་མི་ཟད་པ་ཞེས་བྱ་བའོ། །མངོན་པར་བསྒྲུབ་པར་བགྱི་ཞེས་བྱ་བ་ནི་འཕེལ་
བར་བྱ་བའོ། །གཟུགས་ཟད་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་རྣམས་ཀྱི་དེ་བཞིན་ཉིད་ནི་འདིར་གཟུགས་ལ་སོགས་པའོ། །གཟུགས་ལ་སོགས་པ་རྣམས་ཀྱི་དེ་བཞིན་ཉིད་ལ་དམིགས་ནས་དེ་རྣམས་ལ་མི་ཟད་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་འཕེལ་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་མ་རིག་པ་ལ་སོགས་པ་རྣམས་ལའོ། །དེ་ལ་མ་རིག་པ་ནི་བདེན་པ་དང་དཀོན་མཆོག་དང་ལས་ཀྱི་འབྲས་བུ་རྣམས་མ་རྟོགས་པ་སྟེ། མ་རྟོགས་པའི་ཕྱིར་དང་ཐེ་ཚོམ་ཟ་བའི་ཕྱིར་དང་སྐུར་པ་འདེབས་པའི་ཕྱིར་རོ། །
བདག་ཉིད་དུ་གྱུར་པ་མ་ཡིན་པ་རྣམས་ལ་བདག་ཉེ་བར་དམིགས་པ་དང་འདོད་ཆགས་ལ་སོགས་པ་དང་དེའི་རབ་ཏུ་དབྱེ་བའི་འདུ་བྱེད་རྣམས་ནི་ལུས་ལ་སོགས་པའི་ལས་རྣམས་ཀྱིས་བསྡུས་པ་རྣམ་པ་གསུམ་སྟེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་མཚན་ཉིད་ཅན་ནོ། །འདི་
རྣམས་ལས་མའི་ལྟོ་བར་རྣམ་པར་ཤེས་པ་ཡང་དག་པར་ཞུགས་པ་ཁྲག་དང་ཁུ་བ་ལྷན་ཅིག་ཏུ་ཀུན་གཞི་རྣམ་པར་ཤེས་པའི་བདེ་བ་དང་སྦྱར་བའི་ངོ་བོ་གཅིག་པ་ཉིད་ཀྱིས་སྐྱེས་པའོ། །ཟིན་པའི་ཕུང་པོ་རྣམ་པར་ཤེས་ཞེས་བྱ་བ་བྱེ་བྲག་ཏུ་སྨྲ་བའི་འདོན་པས་སོ། །མིང་དང་གཟུགས་ཞེས་བྱ་བ་ནི་
འགྲོ་བ་གཞན་དང་དམིགས་པ་གཞན་རྣམས་ལ་མིང་དུ་བྱ་བས་ན་མིང་སྟེ། འཇུག་པའི་རྣམ་པར་ཤེས་པས་བསྡུས་པ་དེའི་ཚེ་གཟུགས་ཅན་མ་ཡིན་པའི་ཕུང་པོ་རྣམ་པ་བཞིའོ། །གཟུགས་ནི་ནུར་ནུར་པོ་ལ་སོགས་པ་ཞེས་བྱ་བ་སྟེ། དེ་དག་ལ་རྣམ་པར་ཤེས་པ་ལས་འཕེལ་བར་འགྲོ་བའི་ཕྱིར་
རོ། །ཅི་ལྟར་གསུངས་པ་ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་མའི་ལྟོ་བ་ལ་ཞུགས་པ་མེད་ན་དེར་ཡང་མིང་དང་གཟུགས་དེ་འཕེལ་བ་དང་རྒྱ་ཆེ་བ་ཉིད་དུ་འགྱུར་རམ། དེ་ནི་མ་ལགས་ཞེས་སྐྱེ་བ་དང་མིང་དང་གཟུགས་ཀྱི་རྣམ་པར་ཤེས་པ་ཉིད་ལས་སོ། །འཕེལ་བ་ནི་ལེགས་པར་མཚོན་པ་ཉིད་
ཀྱིས་བརྗོད་པ་ཡིན་ནོ། །སྐྱེ་མཆེད་དྲུག་ནི་མིང་དང་གཟུགས་དེ་ཉིད་ལ་སྐྱེ་མཆེད་དྲུག་གི་ངོ་བོར་ཡོངས་སུ་འགྱུར་བའོ། །རེག་པ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམ་པ་གསུམ་གྱིས་བསྡུས་པའོ། །དེའི་དབང་གིས་ཡུལ་རྣམས་ལ་འཇུག་པའོ། །འཇུག་པ་ལ་ཚོར་བ་རྣམ་
པ་གསུམ་བསྐྱེད་པའོ། །དེ་ཡོད་པ་ལ་བདེ་བ་ལ་སོགས་པའི་ཉམས་སུ་མྱོང་བ་ལ་སྲེད་པ་སྐྱེ་བར་འགྱུར་རོ། །ལེན་པ་ནི་སྲིད་པ་གཞན་དུ་འདོད་པ་ལ་སོགས་པ་རྣམས་ལ་སེམས་ཀྱི་རྒྱུན་འཛིན་པས་ན་ལེན་པ་སྟེ། སྲིད་པ་གཞན་གྱིས་མཚམས་སྦྱོར་བའི་ཕྱིར་ལས་ཀྱི་བག་ཆགས་ཉིད་དོ། །འབྱུང་

བར་འགྱུར་བའི་ཁམས་གསུམ་གྱི་སྲིད་པའི་འབྲས་བུ་ཅན་གྱི་ལས་ནི་སྲིད་པ་ཞེས་བརྗོད་དོ། །འདིས་དེ་བར་མ་ཆད་པས་སྲིད་པ་གཞན་འབྱུང་བས་ན་ཤེས་པས་སོ། །སྐྱེ་བ་ནི་མིང་དང་གཟུགས་ལ་སོགས་པའི་གནས་སྐབས་ཀྱི་གོ་རིམས་ཀྱིས་སེམས་ཅན་རྣམས་སྐྱེད་པར་བྱེད་དེ་གོང་ནས་གོང་དུ་གནས་
སྐབས་གཞན་ཐོབ་པའི་ཕྱིར་རོ། །མིང་དང་གཟུགས་ལ་སོགས་པའི་གནས་སྐབས་ཐམས་ཅད་ཉིད་ནི་སྐྱེ་བའོ། །སྐྱེ་བ་ཡོད་པ་ལ་ལང་ཚོ་འཇིག་པ་ནི་རྒས་པའོ། །སྲོག་འཇིག་པ་ནི་འཆི་བའོ། །གཅིག་ཁས་ལེན་པ་མེད་པར་ཡང་རྒས་པས་ཤི་བ་འབྱུང་བའི་ཕྱིར་རོ། །མངལ་ནས་སྐྱེ་བའི་སྐྱེ་
གནས་ལ་མིང་དང་གཟུགས་ལ་སོགས་པ་རྣམས་མེད་པས་སྐྱེ་མཆེད་དྲུག་ལ་སོགས་པ་ཡང་དག་པར་འབྱུང་བ་མ་ཡིན་ནོ། །སྲིད་པ་དང་བཅས་པ་ལ་དགའ་བ་དང་བདེ་བའི་ངོ་བོས་བྲལ་བར་གྱུར་པའི་ནང་དུ་གདུང་བ་ནི་མྱ་ངན་ནོ། །མྱ་ངན་གྱིས་གདུངས་པའི་བླ་བ་ནི་སྨྲེ་སྔགས་འདོན་པའོ། །དབང་
པོ་ལྔ་ལ་མི་བདེ་བ་མ་ལུས་པར་འབབ་པ་ནི་སྡུག་བསྔལ་ལོ། །ཡིད་ལ་མི་འདོད་པ་འབབ་པ་ནི་ཡིད་མི་བདེ་བའོ། །དེའི་སྔོན་དུ་འགྲོ་བ་ཅན་ལུས་དང་སེམས་ཀྱི་ངལ་བ་ནི་འཁྲུག་པའོ། །འདི་ཐམས་ཅད་ནི་སྐྱེ་བ་ཉིད་ལས་ཡང་དག་པར་འབྱུང་ངོ་། །ཡིད་འབྱུང་བ་བསྐྱེད་པའི་དོན་དུ་ཉེ་བར་བསྟན་
པའོ། །རབ་འབྱོར་འདི་ནི་ཞེས་བྱ་བ་སྟེ། གང་ཞིག་ཕུང་པོ་ལ་སོགས་པའི་དེ་བཞིན་ཉིད་རྣམས་ལ་མི་ཟད་པ་ཉིད་ཀྱིས་སོ། །མཐའ་གཉིས་ནི་སྐྱེ་བ་དང་འཇིག་པ་དག་གོ། །དབུས་ནི་སྐྱེས་ནས་གནས་པའོ། །མ་འདྲེས་པ་ནི་གཞན་རྣམས་དང་ཐུན་མོང་མ་ཡིན་པའོ། །དེ་ལྟར་
ལྟ་བ་ཞེས་བྱ་བ་ལ་སོགས་པས་མི་ཟད་པ་བསྒོམས་པའི་ཕན་ཡོན་རྣམས་སོ། །ཆོས་གང་ཡང་རྒྱུ་མེད་པར་ཞེས་བྱ་བ་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བའི་ཕྱིར་རོ། །རྟག་པའམ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའོ། །བརྟན་པ་ཞེས་བྱ་བ་ནི་སྐྱེས་པ་ལ་འཇིག་པ་མེད་པའི་ཕྱིར་
རོ། །ཐེར་ཟུག་ཅེས་བྱ་བ་ནི་འོང་བ་དང་ནུབ་པའི་ངོ་བོས་མི་གནས་པའི་ཕྱིར་རོ། །རྣམ་པར་འགྱུར་བ་མེད་པའི་ཆོས་ཅན་ཞེས་བྱ་བ་ནི་གནས་སྐབས་གཞན་མེད་པའི་ཕྱིར་རོ། །བྱེད་པ་པོའམ་ཚོར་བ་པོ་ཞེས་བྱ་བ་ནི་སྤོང་བ་པོ་དང་འཛིན་པ་པོ་མེད་པའི་ཕྱིར་རོ། །རབ་འབྱོར་འདི་

ནི་ཞེས་བྱ་བ་ལ་སོགས་པ་ནས་གཞུང་གི་ཚོགས་ནི་ཅི་སྲིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ནི་གོ་སླ་བ་ཉིད་དོ། །རབ་འབྱོར་དེ་ལྟ་བས་ན་ཞེས་བྱ་བ་སྟེ་གང་གི་ཕྱིར་འདི་ཆོས་ཐམས་ཅད་ཀྱི་མི་དམིགས་པའི་མཚན་ཉིད་ཅན་ཡོན་
ཏན་འདི་ལྟ་བུ་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུ་དེ་ལས་སོ། །བས་པ་ནི་ཆོས་ཐམས་ཅད་མི་དམིགས་པའི་དུས་ལའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྒྲུབ་པར་བྱ་བ་བྱང་ཆུབ་སྟེ། དེ་བས་ན་ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱ་ཞེས་དེ་ཅིའི་ཕྱིར་ཞེ་ན་
ཞེས་དོགས་ནས་གསུངས་པ་ནི། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། འཁོར་གསུམ་ཡོངས་སུ་དག་པ་མེད་པས་སྦྱིན་པ་ལ་སོགས་པ་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་ཉིད་དང་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཉིད་ཡོད་པ་མ་ཡིན་ནོ། །འཁོར་
གསུམ་རྣམ་པར་དག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རག་ལས་པ་ཞེས་བྱ་བའི་དོན་ཏོ། །ཐབས་ལ་མཁས་པ་ལ་བརྟན་པར་བྱེད་པའི་ཕྱིར་ཐབས་གསུངས་པ་ནི་རབ་འབྱོར་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྟེ། །ཅིའི་ཕྱིར་བསམ་པར་བྱ་ཞེས་བྱ་བའི་དོགས་པ་ལ་གཏན་
ཚིགས་གསུངས་པ་ནི། དེ་དག་གི་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། བསམ་པར་བྱ་བའི་འབྲས་བུ་གསུངས་པ་ནི། དེ་ལྟར་བསམས་ནས་ཞེས་བྱ་བ་ལ་སོགས་པ་སྟེ། བདག་གིས་ཀྱང་ཆོས་དེ་དག་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་སོགས་པ་རྣམས་སོ། །སེམས་
བསྐྱེད་པ་འདི་དག་ཅེས་བྱ་བ་ནི་ཆོས་དེ་དག་རྗེས་སུ་ཐོབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའི་ཁྱད་པར་བརྗོད་པའོ། །དོན་འདི་ལ་སྲིད་པ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་སྦྱོར་བ་ལ་ཆད་དུ་བྱ་བའི་
དོན་དུའོ། །མེ་ཏོག་བཀྲམ་པ་ཞེས་བྱ་བའམ་དེ་བཞིན་གཤེགས་པ་རྣམས་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་ལེའུ་འདི་ལ་ལུང་བསྟན་པ་སྟེ། དེ་བས་ན་དེ་རྣམས་ཀྱིས་ཉེ་བར་མཚོན་པའི་ལེའུ་ནི་དེའི་ལེའུ་སྟེ་ལེའུ་ཉི་ཤུ་རྩ་བརྒྱད་པའོ།། །།བསྡུས་པ་དང་བར་

མ་དང་རྒྱས་པ་ལ་འཇུག་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལམ་ཤེས་པ་ཉིད་ལས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན་པ་ལ་ཡོངས་སུ་རྫོགས་པར་བྱས་ནས་སླར་བདེ་བླག་ཏུ་གཟུང་བའི་དོན་དུ་ཐམས་ཅད་དུ་བསྡུས་ནས་བཅོམ་ལྡན་འདས་ཀྱིས་
བསྟན་པར་མཛད་པ་ནི། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟར་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་རིམས་པས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བསྡུས་པ་དང་ལམ་ཤེས་པ་ཉིད་ཀྱིས་བསྡུས་པ་དང་རྟོག་
པ་དང་བཅས་པ་དང་རྟོག་པ་མེད་པའོ། །ཆོས་ཐམས་ཅད་ཆགས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་རང་བཞིན་མེད་པ་ཉིད་ཀྱིས་ཆགས་པར་མི་རུང་བ་ཉིད་ཀྱི་ཕྱིར་རོ། །འོ་ན་ཅུང་ཟད་ཡོད་པ་མ་ཡིན་ཞེས་བྱ་བ་གསུངས་པ་ནི། ཆོས་ཐམས་ཅད་དབྱེར་མི་ཕྱེད་པའི་ཕྱིར་ཞེས་བྱ་བ་སྟེ། དབྱེར་མི་ཕྱེད་པ་
ནི་སྟོང་པ་ཉིད་དེ། གང་གིས་དོན་དམ་པར་ཆོས་ཐམས་ཅད་གཅིག་པའི་ངོ་བོའོ། །འོ་ན་དེ་ལྟར་ཡིན་ན་དེའི་ངོ་བོས་དངོས་པོ་ཉིད་དུ་ཐལ་བ་ཞེས་གསུངས་པ་ནི། ཆོས་ཐམས་ཅད་འབྱུང་བ་མེད་པའི་ཕྱིར་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དངོས་པོའི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ་ཞེས་བྱ་
བ་བརྗོད་པའི་དོན་དུ་དངོས་པོ་དང་དངོས་པོ་མེད་པ་ལས་གྲོལ་བའི་ཕྱིར་ཞེས་བྱ་བའི་དགོངས་པའོ། །གལ་ཏེ་དེ་ལྟར་གཅིག་པའི་རང་བཞིན་ཆོས་ཐམས་ཅད་ཡིན་ན་འོ་ན་འདི་ནི་ཀུན་ནས་ཉོན་མོངས་པ་འདི་ནི་རྣམ་པར་བྱང་བ་ཞེས་བྱ་བ་ལ་སོགས་པའི་དབྱེ་བ་ཅི་ལྟར་ཡིན་ཞེས་གསུངས་པ་ནི། ཆོས་
ཐམས་ཅད་འགྱུར་བ་མེད་པར་མཉམ་པའི་ཕྱིར་ཞེས་བྱ་བ་སྟེ། གང་ཞིག་ཆོས་རྣམས་ཀྱི་འགྱུར་བ་མེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་རང་བཞིན་འདི་ནི་དེ་དང་མཉམ་པ་སྟེ་ཀུན་རྫོབ་པའི་སྤྲོས་པའི་ངོ་བོས་ཀྱང་མ་ཡིན་ནོ། །འོན་ཏེ་གང་གིས་འདི་ཆོས་རྣམས་ཀྱི་གཞན་དབང་གི་ངོ་བོ་ཉིད་
རྣམ་པར་རིག་པའི་ངོ་བོ་ཉིད་དེས་ཀྱང་འདི་རྣམས་མཉམ་པ་སྟེ། དེ་བས་ན་མི་འགྱུར་བ་དང་མཉམ་པ་ཅིའི་ཕྱིར་བརྗོད་ཅེས་གསུངས་པ་ནི། ཆོས་ཐམས་ཅད་བདག་མེད་པ་དང་རྣམ་པར་རིག་པ་མེད་པར་ཤེས་རབ་ཀྱིས་རྗེས་སུ་རྟོགས་པས་ཞེས་བྱ་བ་སྟེ། འདི་རྣམས་ཀྱི་ངོ་བོ་ཉིད་གཞན་དབང་

ནི་བརྫུན་པའི་སྣང་བའི་ངོ་བོ་འཁྲུལ་པ་ཙམ་ཉིད་དེ། དེ་བས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་ཅི་ལྟ་བ་བཞིན་དུ་མ་རྟོགས་པའི་ཕྱིར་དེས་ཀྱང་ཅིའི་ཕྱིར་ན་མཉམ་པ་ཉིད་དོ། །འོན་ཏེ་དངོས་པོ་རྣམས་ཀྱི་དེ་བཞིན་ཉིད་ཀྱི་རང་བཞིན་ཉིད་རྟོགས་ནས་
དེ་བཞིན་གཤེགས་པས་གང་ལ་ཡང་བསྟན་པ་དེས་དེ་ལས་ཤེས་ནས་མངོན་སུམ་དུ་བྱ་བའོ། །གལ་ཏེ་གཞན་དབང་གི་ངོ་བོ་ཉིད་ཀྱང་མེད་ན་ཅི་ཞིག་གང་གིས་གང་ལ་བསྟན་པར་བྱ་ཞེས་གསུངས་པ་ནི། ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་མིང་ཙམ་དང་ཐ་སྙད་ཙམ་གྱིས་བརྗོད་
པ་འདི་རྣམས་ཀྱི་ངོ་བོ་ཉིད་གཞན་དབང་ཡང་སྒྲའི་ཡུལ་གྱི་ངོ་བོ་ཉམས་སུ་མྱོང་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཐ་སྙད་ཀྱི་དེ་ཁོ་ན་ཉིད་ལ་འབྱུང་བར་འགྱུར་ཞེས་གསུངས་པ་ནི། ཐ་སྙད་གདགས་པ་ཡང་ཞེས་བྱ་བ་སྟེ། གང་ལ་ཡང་མ་ཡིན་ཞེས་བྱ་བ་ནི་གལ་ཏེ་སྒྲ་གང་གིས་དངོས་པོ་གང་
ཞིག་བརྗོད་པར་གྱུར་ན་དེའི་རང་བཞིན་ཉིད་དུ་འགྱུར་བ་དེའི་ཚེ་གཟུང་བ་ལས་སྔ་རོལ་དུ་ཡང་བརྡ་ལ་མི་མཁས་པ་རྣམས་ཀྱང་དངོས་པོ་དེ་མིང་དེས་གཟུང་བར་འགྱུར་རོ། །དེ་བས་ན་མིང་དེ་གང་གིས་གང་དུ་ཐ་སྙད་གདགས་པར་བྱ། གང་གིས་ཀྱང་མ་ཡིན་ཞེས་བྱ་བ་ནི་གལ་ཏེ་བརྡ་ལ་ཐ་སྙད་
དེ་མངོན་པར་གསལ་བ་ཙམ་དུ་ཐོབ་པར་འགྱུར་ན་མར་མེ་ལས་བུམ་པ་བཞིན་དུ་སྔར་ཡང་དངོས་པོ་དེའི་རང་བཞིན་ཉིད་དོ། །གལ་ཏེ་དེ་ལྟར་ཡིན་ན་ཤིང་གི་སྒྲས་བརྡའི་སྟོབས་ཀྱིས་དུས་ནམ་དུ་ཡང་བུམ་པ་བརྗོད་པ་མ་ཡིན་ནོ། །དོན་ཐམས་ཅད་སྒྲ་ཐམས་ཅད་ཀྱིས་བརྡའི་དབང་
གིས་བརྗོད་པ་ཡིན་ནོ། །སྒྲ་རྣམས་ནི་འགའ་ཞིག་ཏུ་ཡན་ལག་བཀུག་པར་བྱེད་ཅིང་མཐོང་བ་མ་ཡིན་ནོ། །དེ་བས་ན་བརྡ་ལས་ཐ་སྙད་མ་ཡིན་ནོ། །གང་ཡང་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་གཅིག་ཉིད་ལ་མིང་སྣ་ཚོགས་པ་མཐོང་བ་ཡིན་ཏེ། ས་དང་ས་གཞི་དང་ཞེས་བྱ་
བའོ། །དངོས་པོ་གཅིག་ཉིད་ལ་སྣ་ཚོགས་པའི་རང་བཞིན་ཉིད་རིགས་པ་མ་ཡིན་ནོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ཉེ་བར་བསྡུས་ནས་སྟོན་པར་བྱེད་པ་སྟེ། བརྗོད་དུ་མེད་པ་ནི་བརྗོད་བྱ་དང་རྗོད་བྱེད་ཀྱི་ངོ་བོས་ཐ་སྙད་དུ་བྱ་བ་མ་ཡིན་པའོ། །འོ་ན་ཅི་ལྟར་དེ་ཉིད་དུ་ཡོད་པ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་བྱ་ཞེས་གསུངས་པ་ནི། ཆོས་ཐམས་ཅད་ལ་ཚད་མ་མེད་པའི་ཕྱིར་ཞེས་བྱ་བ་སྟེ། གང་ཞིག་ཆོས་རྣམས་ཐམས་ཅད་ཀྱི་དོན་དམ་པ་ཐམས་ཅད་དུ་འགྲོ་བ་ཉིད་ཀྱིས་ཚད་མ་དང་བྲལ་བ་སྟོང་པ་ཉིད་ཀྱི་རང་བཞིན་དེ་ཉིད་ཀྱིས་ཀུན་རྫོབ་
ཏུ་བསྟན་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་གཟུགས་ལ་སོགས་པ་རྣམས་ཀྱི་ཡང་ངོ་བོ་ཉིད་ཅེས་གསུངས་པ་ནི། གཟུགས་ཚད་མ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། འོན་ཏེ་སྔོན་པོ་ལ་སོགས་པ་དེ་དང་དེ་ཕན་ཚུན་དུ་མཚན་ཉིད་དང་བྲལ་བའི་ངོ་བོ་ལས་
གཞན་ཚད་མ་ཞེས་བྱ་བ་དངོས་པོ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཅི་ལྟར་དེས་རྗེས་སུ་འགྲོ་བ་ཞེས་གསུངས་པ་ནི། ཆོས་ཐམས་ཅད་མཚན་མ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ལ་མཚན་མ་མེད་པ་ནི་ཀུན་བརྟགས་དང་གཞན་དབང་གི་
ངོ་བོའི་སྤྲོས་པ་ཐམས་ཅད་མེད་པའོ། །དེ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་རིག་པར་བྱའོ། །འོ་ན་དེ་ལྟར་དངོས་པོ་མེད་པ་ནི་ཅི་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གསུངས་པ་ནི། ཆོས་ཐམས་ཅད་ངེས་པར་འབྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་
ཐམས་ཅད་ངེས་པར་འབྱེད་པ་ནི་ཡོངས་སུ་གྲུབ་པའི་ངོ་བོས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་མངོན་དུ་བྱ་བའོ། །དེ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གང་ཡིན་ཞེ་ན། གལ་ཏེ་རྣམ་པར་དག་པ་ཞེས་ཟེར་ན་
གང་གིས་རྣམ་པར་དག་པ་ཡིན། བདག་ལ་ནི་མ་ཡིན་ཏེ་དེ་མེད་པའི་ཕྱིར་རོ། །ཕུང་པོ་ལྔ་རྣམས་ལ་ནི་མ་ཡིན་ཏེ། དེ་རྣམས་ཀྱང་དེ་ཁོ་ན་ཉིད་དུ་མེད་པའི་ཕྱིར་རོ་ཞེས་གསུངས་པ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྟེ།
ཆོས་ཐམས་ཅད་ཀྱི་རང་བཞིན་ནི་སྟོང་པ་ཉིད་དེ་དེ་དག་པས་སོ། །གལ་ཏེ་ཡང་སྟོང་པ་ཉིད་ཀྱང་རང་བཞིན་ཉིད་ཀྱིས་དག་པ་དེ་ལྟ་ན་ཡང་གློ་བུར་བའི་སྒྲིབ་པའི་དྲི་མ་རྣམས་ཀྱིས་དྲི་མ་ཅན་དུ་བྱེད་དོ། །དཔེར་ན་ནམ་མཁའ་སྤྲིན་དང་། མུན་པ་དང་བ་མོ་ལ་སོགས་པ་རྣམས་ཀྱིས་སོ། །

ཕྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ་རྣམས་བསལ་བས་རྣམ་པར་དག་པར་འགྱུར་ཏེ། དཔེར་ན་ནམ་མཁའ་རླུང་ལ་སོགས་པ་རྣམས་ཀྱིས་སྤྲིན་ལ་སོགས་པ་བསལ་བས་སོ། །འོན་ཏེ་གློ་བུར་བའི་དྲི་མ་རྣམས་སྤོང་པ་མེད་པས་གཉེན་པོ་མི་སྲིད་པས་ཏེ།
དེ་བས་ན་ཐམས་ཅད་གྲོལ་བར་ཐལ་བར་འགྱུར་རོ། །གཉེན་པོ་ཡོངས་སུ་ཤེས་པ་ནི་བསྟན་པ་མེད་པས་དེ་བསྟན་པ་ཡང་ཀུན་བརྟགས་ཀྱི་ངོ་བོ་ཉིད་ཀྱི་ཡུལ་ལོ། །ཀུན་བརྟགས་ཀྱི་ངོ་བོ་ཡང་ཅུང་ཟད་བྱེད་པ་མ་ཡིན་ཏེ། རི་བོང་གི་རྭ་བཞིན་དུ་མེད་པའི་ཕྱིར་ཞེས་གསུངས་པ་ནི།
ཆོས་ཐམས་ཅད་ཚིག་མེད་པའི་ཕྱིར་ཞེས་བྱ་བ་སྟེ། འདི་ཉིད་གཟུང་བ་དང་འཛིན་པའི་ངོ་བོའི་དམིགས་པ་ཅན་གྱི་སྒོམ་པ་ནི་བརྗོད་པར་བྱ་བ་མ་ཡིན་པ་དོན་དམ་པའི་ངོ་བོ་ཉིད་མངོན་དུ་བྱ་བའི་ཕྱིར། རྒྱུ་དང་འབྲས་བུའི་ངོ་བོ་ངེས་པའི་ཕྱིར་སྒྲུབ་པ་ཡིན་ཞེས་བྱ་བའི་དགོངས་པའོ། །
འོ་ན་ཀུན་ནས་ཉོན་མོངས་པ་ཅན་གྱི་སྟོང་པ་ཉིད་ནི་གཉེན་པོ་སྐྱེས་པས་རྣམ་པར་དག་པར་འགྱུར་རོ། །དེ་བས་ན་དེའི་འདུས་བྱས་ཉིད་དུ་ཐལ་བར་འགྱུར་ཞེས་གསུངས་པ་ནི། འགོག་པ་མེད་པས་ཞེས་བྱ་བ་ནི་ཆོས་རྣམས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་དྲི་མ་ཡོད་པ་
རྣམས་ཉིད་ལ་སྤང་བ་མེད་ཅེས་བྱ་བའི་དགོངས་པའོ། །སྤོང་བ་དང་མཉམ་པའི་ཕྱིར་ཞེས་བྱ་བ་ནི་སྐྱོན་དང་བྲལ་བ་ཉིད་ཀྱིས་སྔར་ཡང་སྤོང་བ་དང་མཉམ་པའི་ཕྱིར་རོ། །འོན་ཏེ་དེ་བཞིན་ཉིད་ནི་རང་བཞིན་གྱིས་རྣམ་པར་དག་པ་ཡོད་མོད། ཆོས་ཐམས་ཅད་ནི་འདོད་ཆགས་ལ་སོགས་པའི་དྲི་མས་དྲི་མ་ཅན་དུ་མཐོང་
སྟེ། དེ་བས་ན་དུས་ཐམས་ཅད་དུ་རྣམ་པར་མ་དག་པར་འགྱུར་རོ་ཞེས་གསུངས་པ་ནི། ཆོས་ཐམས་ཅད་ནི་མྱ་ངན་ལས་འདས་པ་ཐོབ་ཅིང་ཞེས་བྱ་བ་སྟེ་ཅི་ལྟར་དེ་བཞིན་ཉིད་དེ་ལྟར་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་རྣམ་པར་དག་པའོ། །ཅི་ལྟར་ཞེ་ན། དེ་བཞིན་ཉིད་དང་མཉམ་པ་
ཉིད་ཀྱིས་སོ། །ཅི་ལྟར་དེ་རྣམས་ཀྱི་དེ་བཞིན་ཉིད་ནི་རང་བཞིན་གྱིས་ཡོངས་སུ་དག་པ་དེ་ལྟར་དེ་རྣམས་ཡང་ངོ་། །དེ་རྣམས་ཀྱི་དེ་བཞིན་ཉིད་ཀྱིས་མཉམ་པ་ཉིད་ཅི་ལྟར་ཞེས་གསུངས་པ་ནི་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། མི་འོང་ཞེས་བྱ་བ་ནི་མ་འོངས་པའི་དུས་ལས་སོ། །

མི་འགྲོ་ཞེས་བྱ་བ་ནི་འདས་པའི་དུས་ལའོ། །དེ་ལྟར་ན་དུས་མི་ཤེས་པའི་ཕྱིར་ཆོས་ཐམས་ཅད་མི་ཤེས་མི་སྐྱེ་ཤིན་ཏུ་མི་སྐྱེ་ཞེས་བྱ་བ་སྟེ། འདི་ཙམ་གྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་དོན་ཕུན་སུམ་ཚོགས་པ་སྒྲུབ་པོ། །འདི་རྣམས་ཀྱི་རང་གི་དོན་ཕུན་སུམ་
ཚོགས་པ་ཞེས་བྱ་བ་ཡོད་མོད། དེའི་དོན་དུ་དཀའ་བ་ཉིད་ཀྱིས་ཤིན་ཏུ་དཀའ་བ་ཡང་ངེས་པའི་ཕྱིར་རོ། །གཞན་དོན་ནི་དཀའ་བ་སྟེ་སེམས་ཅན་རྣམས་མཐའ་ཡས་པའི་ཕྱིར་དང་ཉོན་མོངས་པའི་ཞགས་པ་རྣམས་ཀྱིས་ཤིན་ཏུ་བཅིངས་པའི་ཕྱིར་ཞེས་གསུངས་པ་ནི།
བདག་དང་གཞན་དུ་མི་ལྟ་བའི་ཕྱིར་ཞེས་བྱ་བ་སྟེ། བདག་དང་གཞན་ཞེས་བྱ་བའི་ཐ་དད་པ་གང་ཡིན་པ་དེ་མི་མཐོང་བའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ལ་བདག་ཉིད་དང་མཉམ་པ་ཉིད་དུ་མཐོང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདིའི་འོག་ཏུ་དཀའ་བའི་འདུ་ཤེས་
ཀྱི་གཉེན་པོར་ཅི་ལྟ་བ་སོ་སོར་རྟོགས་པར་བྱ་བ་དེ་ལྟར་གསུངས་པ་ནི། དེ་ལ་དང་པོ་སེམས་ཅན་རྣམས་ལ་དགྲ་བཅོམ་པ་ཉིད་ལ་སོགས་པའི་དཀའ་བའི་འདུ་ཤེས་གསལ་བའི་དོན་དུ་གསུངས་པ་ནི། ཆོས་ཐམས་ཅད་འཕགས་པ་དགྲ་བཅོམ་པ་ཞེས་བྱ་བ་སྟེ། ཆོས་
ཐམས་ཅད་ནི་སེམས་ཅན་གྱི་ཐ་སྙད་ཀྱི་ཡུལ་རྣམས་སོ། །འཕགས་པ་དགྲ་བཅོམ་པ་ནི་གང་གི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་སྟེ། ཆོས་ཉིད་ཙམ་གྱི་ཕྱིར་རོ། །ཁུར་མི་ཁྱེར་བའི་ཕྱིར་ཞེས་བྱ་བ་ནི་ཁུར་ལ་རང་བཞིན་མེད་པའི་ཕྱིར་རོ། །སེམས་ཅན་གདུལ་
བའི་དོན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དུ་འགྲོ་བས་དཀའ་བའི་འདུ་ཤེས་བསལ་བའི་ཕྱིར་གསུངས་པ་ནི། ཆོས་ཐམས་ཅད་ཡུལ་མེད་ཅིང་ཕྱོགས་མེད་པའི་ཕྱིར་ཞེས་བྱ་བ་སྟེ། ཡུལ་མེད་པའི་ཕྱིར་དང་ཕྱོགས་མེད་པའི་ཕྱིར་ཞེས་བྱ་བའོ། །རང་བཞིན་གྱི་ངོ་བོ་ཉིད་
ཀྱིས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་རྣམས་ཀྱི་རང་བཞིན་ནི་དེ་བཞིན་ཉིད་དེ་དེའི་ངོ་བོ་ཉིད་ཀྱིས་སོ། །དེའི་ཡུལ་ནི་ཡོད་པ་མ་ཡིན་ཏེ་མི་ལྟུང་བའི་ཆོས་ཡིན་པའི་ཕྱིར་རོ། །ཕྱོགས་ཀྱང་ཡོད་པ་མ་ཡིན་ཏེ། ནམ་མཁའ་བཞིན་དུ་ཆ་དང་བྲལ་བའི་ཕྱིར་རོ། །འཁོར་བའི་བདེ་བ་ལ་དོར་བའི་འདུ་

ཤེས་དཀའ་བའི་ཕྱིར་གསུངས་པ་ནི། ཆོས་ཐམས་ཅད་འཁོར་བ་པ་རྣམས་ཀྱི་འགོག་པ་ལ་རབ་ཏུ་སིམ་པ་ཉིད་ནི་བདེ་བའི་འདུ་ཤེས་སྐྱེད་པའོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་རིག་པར་བྱའོ། །ཇི་སྐད་དུ་གསུངས་པ། ཀྱེ་མ་
འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཏེ། །སྐྱེས་ནས་འཇིག་པར་འགྱུར་བ་བས། །དེ་བས་མྱུར་དུ་ཞི་ན་བདེ། །ཞེས་བྱ་བའོ། །འདི་ཙམ་གྱིས་ནི་ཉན་ཐོས་ཀྱི་འདུལ་བར་བྱེད་པ་གསུངས་སོ། །བྱང་ཆུབ་སེམས་དཔའི་འདུལ་བར་བྱེད་པའི་དབང་དུ་མཛད་
ནས་གསུངས་པ་ནི། དགའ་བ་མེད་ཅིང་དགའ་བ་དང་བྲལ་བ་མེད་པ་ཞེས་བྱ་བ་སྟེ། དཀའ་བ་ནི་མངོན་པར་དགའ་བ་ལ་འདིའི་དགའ་བ་ནི་འཁོར་བའམ་མྱ་ངན་ལས་འདས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་འདིའི་དགའ་བ་དང་བྲལ་བ་ཡང་འཁོར་བ་ལས་མ་ཡིན་མྱ་ངན་ལས་
འདས་པ་ལས་ཀྱང་མ་ཡིན་ནོ། །གལ་ཏེ་འཁོར་བ་ལ་མངོན་པར་དགའ་བར་གྱུར་ན་དེའི་ཚེ་ཀུན་ནས་ཉོན་མོངས་པ་ཅན་འཁོར་བར་འགྱུར་རོ། །ཀུན་ནས་ཉོན་མོངས་པ་ཅན་ཡང་འཁོར་ཞིང་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་མི་འགྱུར་རོ། །སྦྱིན་པ་ལ་སོགས་
པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པའི་དོན་དུ་ནུས་པར་ཡང་མི་འགྱུར་རོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་མི་འགྱུར་རོ། །གལ་ཏེ་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བར་འགྱུར་ན་མྱུར་བ་མྱུར་བ་ཉིད་དུ་སེམས་ཅན་གྱི་ཁམས་ལ་ལྟོས་པ་མེད་པས་སངས་
རྒྱས་ཀྱི་ཆོས་རྣམས་ཡོངས་སུ་མ་རྫོགས་པ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་བཞིན་དུ་གལ་ཏེ་འདི་འཁོར་བ་ལས་དགའ་བ་དང་བྲལ་བར་ཡང་འགྱུར་ན་ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ཉིད་ལ་ལྟུང་བར་འགྱུར་རོ། །མྱ་ངན་ལས་འདས་པ་ལས་ཀྱང་དགའ་
བ་དང་བྲལ་ན་བྱང་ཆུབ་ཀྱི་སེམས་ཀྱང་ཉེ་བར་འཕེལ་བར་མི་འགྱུར་རོ། །ཀུན་ནས་ཉོན་མོངས་པ་ཅན་ཡང་འཁོར་བར་འགྱུར་ཞེས་བྱ་བའོ། །ཅི་ལྟར་ཡང་འདི་དགའ་བ་དང་བྲལ་བ་དག་ལ་ཡང་དག་པར་འབྱུང་བ་མ་ཡིན་ཞེས་གསུངས་པ་ནི། འདོད་ཆགས་མེད་ཅིང་

འདོད་ཆགས་དང་བྲལ་བ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཏུ་འཛིན་པ་དང་དངོས་པོར་འཛིན་པ་མེད་པའི་ཕྱིར་འདོད་ཆགས་མེད་པའོ། །ཡིད་འབྱུང་བའི་རྒྱུ་རྒས་པ་དང་འཆི་བ་ལ་སོགས་པ་རྣམས་ལ་རང་བཞིན་མེད་པར་རྟོགས་པས་འཁོར་བ་ལས་ཤིན་
ཏུ་འདོད་ཆགས་དང་བྲལ་བ་མེད་པའོ། །ཅི་ལྟར་ཡང་འདི་ཞེས་བྱ། དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་ནས་གསུངས་པ་ནི། རབ་འབྱོར་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་དེ་ལྟར་ཡིན་ན་འཁོར་བ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པའི་མཚན་
ཉིད་ཀྱི་ཐར་པ་ལ་འདི་མངོན་པར་ཆགས་པར་འགྱུར་ཞེས་གསུངས་པ་ནི། ཆོས་ཐམས་ཅད་ཆགས་པ་དང་མ་ཆགས་པའི་ཞེན་པ་དང་བྲལ་བའི་ཕྱིར་ཞེས་བྱ་བ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་དགའ་བའི་མཚན་ཉིད་ཅན་ཐར་པ་ལ་དེ་རྣམས་ཆགས་
པ་ཐོབ་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་ཆགས་པ་དང་མ་ཆགས་པ་དང་བྲལ་བ་ཞེས་བྱ་བ་ནི་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་གང་དུ་ཡང་ཆགས་པའམ་མ་ཆགས་པ་ཉེ་བར་དམིགས་པར་མི་འགྱུར་རོ། །འོ་ན་ངོ་བོ་གང་གིས་དེ་རྣམས་མྱ་ངན་ལས་འདས་པའམ་
འཁོར་བ་ལ་མཐོང་ཞེས་གསུངས་པ་ནི། བྱང་ཆུབ་བོ་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྐུའི་མཚན་ཉིད་ཅན་ནོ། །ཆོས་ཐམས་ཅད་ནི་ལོངས་སྤྱོད་དང་སྤྲུལ་པའི་སྐུའི་རང་བཞིན་ནོ། །གཉིས་པོ་འདི་དག་ལ་ཡང་འཇིག་རྟེན་
ལས་འདས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གང་ཞིག་ཁོང་དུ་ཆུད་པར་བྱེད་པ་དེའི་ངོ་བོ་ཉིད་ཀྱིས་སོ། །དེ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པའི་མཚན་ཉིད་ཐར་པའི་རང་བཞིན་བརྗོད་ནས་རྒྱུ་གསུངས་པ་ནི། ཆོས་ཐམས་ཅད་སྟོང་པ་
ཉིད་ཅེས་བྱ་བ་ནི། གང་གི་ཕྱིར་འདི་ཆོས་རྣམས་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་ཉིད་ཀྱིས་སྒོམ་པར་བྱེད་པ་དེ་བས་ན་འཁོར་བར་ལྟུང་བ་མ་ཡིན་ནོ། །མྱ་ངན་ལས་འདས་པ་ལ་ཅིའི་ཕྱིར་མི་ལྟུང་ཞེས་གསུངས་པ་ནི། ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་

པ་སྟེ། ཆོས་ཐམས་ཅད་ཅེས་བྱ་བ་ནི་ཡོངས་སུ་འདྲིས་པའི་དོན་དུ་གོམས་པར་གྱུར་པ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་སུམ་ཅུ་རྩ་བདུན་ནོ། །སྨན་ལྟ་བུ་ཞེས་བྱ་བ་ནི་ཐེག་པ་དམན་པ་ལ་ལྟུང་བའི་ནད་ཆེན་པོ་འཕྲོག་པར་བྱེད་པའོ། །ཅིའི་
ཕྱིར་ཞེ་ན། གསུངས་པ་ནི། བྱམས་པ་ཆེན་པོ་སྔོན་དུ་འགྲོ་བས་ཞེས་བྱ་བ་སྟེ། གང་གི་ཕྱིར་དེ་རྣམས་ཀྱི་བྱམས་པ་ནི་མདུན་དུ་འགྲོ་བ་དེ་བས་ན་སེམས་ཅན་རྣམས་ལ་མི་ལྟོས་པར་ཉན་ཐོས་ཀྱི་བྱང་ཆུབ་ལ་ཅིའི་ཕྱིར་ལྟུང་བར་འགྱུར་ཞེས་བྱ་བའོ། །བྱམས་པ་ལ་
གནས་པ་རྣམས་གཅིག་པུར་མ་ཟད་ཀྱི་འོན་ཀྱང་ཚངས་པའི་གནས་བཞིས་ཀྱང་གནས་པ་ཡིན་ཞེས་གསུངས་པ་ནི། ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། འགའ་ཞིག་ཏུ་བྱམས་པ་ལ་གནས་པ་ཞེས་བྱ་བ་ཉིད་འདོན་པ་ཡིན་ཏེ་དེ་སྙིང་རྗེ་ལ་གནས་པ་ཞེས་བྱ་བ་
མ་ཡིན་ནོ། །དེ་ལ་སྔ་མས་སྔོན་དུ་འགྲོ་བ་ཙམ་བསྟན་ཏོ། །འདིས་ནི་བྱམས་པས་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ཉིད་དོ། །ཚད་མེད་པ་རྣམ་པ་བཞི་པོ་འདི་རྣམས་ཀྱིས་ཚངས་པ་ལ་ཆེར་གནས་པ་ཞེས་གསུངས་པ་ནི། ཚངས་པར་གྱུར་པ་ཞེས་བྱ་བ་སྟེ། དེ་ལྟ་བུ་ཡོད་
པ་ལ་ཞེ་སྡང་མི་སྐྱེད་ཅིང་ཞེས་བྱ་བ་ནི་མཐའ་གཅིག་ཏུ་མྱ་ངན་ལས་འདས་པ་ལ་ལྟུང་བའི་མཚན་ཉིད་ཀྱི་ཞེ་སྡང་མི་སྐྱེད་པས་བྱང་ཆུབ་སེམས་དཔའ་རྣམས་ནི་མྱ་ངན་ལས་འདས་པ་ལ་ལྟུང་བ་མ་ཡིན་ནོ། །ཞེ་སྡང་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པའི་འཁོར་བ་ལ་སོགས་
པ་རྣམས་ཀྱི་རྣམ་པར་ཐར་པའི་སྒོ་བསྒོམས་པས་མི་སྐྱེད་པའི་ཕྱིར་འཁོར་བར་ལྟུང་བ་མ་ཡིན་ནོ། །དེ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པའི་མཚན་ཉིད་ཐར་པ་ཉེ་བར་བསྟན་ནས་ཉེ་བར་སྡུད་པར་བྱེད་པ་ནི། ཆོས་ཐམས་ཅད་ཁོང་ཁྲོ་བ་མེད་པའི་
ཕྱིར་ཞེས་བྱ་བ་སྟེ། འཁོར་བ་འདོར་བ་ལ་འདིའི་སྨོན་ལམ་མ་ཡིན་ཏེ་འདི་ཡང་འཁོར་བའི་སྡུག་བསྔལ་རྣམས་ཀྱིས་སོ་སོར་འཇོམས་པ་མ་ཡིན་པ་དེ་བས་ན་གཉི་ག་ལ་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་འགྲུབ་པོ། །འགའ་ཞིག་ཏུ་སེམས་ཅན་ཐམས་ཅད་ལ་

ཁོང་ཁྲོ་མེད་པ་ཞེས་བྱ་བའི་འདོན་པ་སྟེ། དེར་སེམས་ཅན་རྣམས་ལ་ཁོང་ཁྲོ་མེད་པ་ཉིད་ཀྱི་སྙིང་རྗེས་འཁོར་བ་ཡོངས་སུ་མི་འདོར་བ་གསུངས་སོ། །དེ་བས་ན་འདི་ཐམས་ཅད་ཀྱིས་སྐུ་གསུམ་གྱི་རང་བཞིན་འཁོར་བ་ཅི་སྲིད་དུ་འགྲོ་བའི་དོན་མ་ལུས་པར་བྱེད་པའི་བྱང་
ཆུབ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་འགྲུབ་ཅེས་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཅི་ལྟ་བུ་གང་ཞིག་འདི་ལྟ་བུར་གྱུར་པའི་ཡང་བྱང་ཆུབ་སྒྲུབ་པར་ནུས་པ་མ་ཡིན་ཞེས་གསུངས་པ་ནི། རྒྱ་མཚོ་མུ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་
སྟེ། རྒྱ་མཚོ་ནི་མུ་མེད་པ་སྟེ་གླིང་བཞི་རྣམས་ལ་ཡང་དེའི་དབུས་ཉིད་དུ་གནས་པའི་ཕྱིར་རོ། །དེ་བཞིན་དུ་སྟོང་པ་ཉིད་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མུ་མེད་པའོ། །རྒྱ་མཚོ་ནི་ཡུལ་ཐམས་ཅད་དུ་སྤྱོད་ཡུལ་མ་ཡིན་ཞེས་དཔེ་གཉིས་པ་གསུངས་པ་ནི་ནམ་
མཁའ་མུ་མེད་པའི་ཕྱིར་ཞེས་བྱ་བ་སྟེ། འོན་ཏེ་དེ་ལྟར་དངོས་སུ་ཆོས་ཀྱི་སྐུ་ཐོབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །ལོངས་སྤྱོད་སྤྲུལ་པ་དག་ནི་ཅི་ལྟར་སྒྲུབ་པ་ཞེས་གསུངས་པ་ནི། རི་རབ་སྣ་ཚོགས་པའི་ཕྱིར་ཞེས་བྱ་བ་སྟེ། ཅི་ལྟར་རི་རབ་ནི་སྣ་ཚོགས་པའི་རིན་པོ་
ཆེའི་རང་བཞིན་ཉིད་ཀྱིས་རྣམ་པ་སྣ་ཚོགས་པ་སྟེ། དེ་བཞིན་དུ་མཚན་དང་དཔེ་བྱད་རྣམས་ཀྱིས་འབར་བའི་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་སྣ་ཚོགས་པ་ཉིད་དོ། །ཐབས་སུ་འགྱུར་བའི་སྦྱིན་པའི་ཕ་རོལ་
ཏུ་ཕྱིན་པ་ལ་སོགས་པ་རྣམས་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་དག་པར་འགྱུར་བ་དེའི་ཚེ་ལོངས་སྤྱོད་དང་སྤྲུལ་པ་དག་ཀྱང་གྲུབ་པས་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་གྲུབ་པའོ། །བཅོམ་ལྡན་འདས་འཁོར་བ་ལ་རབ་ཏུ་གནས་པ་མ་ཡིན་ཏེ།
གང་གི་ཕྱིར་ཆོས་སྐུའི་ངོ་བོ་ཉིད་དོ། །མྱ་ངན་ལས་འདས་པ་ལ་རབ་ཏུ་གནས་པ་ཡང་མ་ཡིན་ཏེ་གང་གི་ཕྱིར་ལོངས་སྤྱོད་དང་སྤྲུལ་པ་དག་གིས་དམིགས་པར་རབ་ཏུ་གྱུར་པས་རྣམ་པ་སྣ་ཚོགས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྒྱ་མཚོ་མུ་མེད་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་མུ་མ་མཆིས་པའོ། །དེ་ལྟར་ན་ཡང་ཕུང་པོ་ལྔའི་རང་བཞིན་བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་ཏུ་འཇིག་རྟེན་དུ་རིག་པ་དེ་ལྟ་བས་ན་དེ་རྣམས་ལ་ཡང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་མུ་མ་མཆིས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མུ་མ་མཆིས་པ་ཉིད་གསུངས་
པ་ནི། གཟུགས་མུ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་སོ། །དེ་ནི་སྐུ་གསུམ་གྱི་རང་བཞིན་བཅོམ་ལྡན་འདས་ལ་ཡེ་ཤེས་ཀྱི་སྣང་བ་ཕུན་སུམ་ཚོགས་པ་སྟོན་པར་བྱེད་པ་ནི། ཉི་མའི་འོད་ཟེར་ཞེས་བྱ་བ་ལ་སོགས་པ་སྟེ། ཅི་ལྟར་ཉི་མའི་འོད་ཟེར་གྱི་དཀྱིལ་འཁོར་ནི་མཐའ་ཡས་
པའི་འཇིག་རྟེན་ལ་སྣང་བར་བྱེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡེ་ཤེས་ཀྱི་སྣང་བ་ཐོབ་པའི་བཅོམ་ལྡན་འདས་འཇིག་རྟེན་དུ་སྣང་བར་མཛད་དེ། དེ་ལྟ་ན་ཡང་མདོ་སྡེ་རྒྱན་ལས། །ཅི་ལྟར་ཉི་མ་གཅིག་གྲོལ་བའི། །འོད་ཟེར་རྣམས་ཀྱིས་འགྲོ་བ་སྣང་། །དེ་བཞིན་
ལན་ཅིག་ཤེས་བྱ་ཀུན། །སངས་རྒྱས་ཡེ་ཤེས་རྣམས་ཀྱིས་སྣང་། །ཞེས་བྱ་བའོ། །དེ་ལྟར་ཤེས་བྱ་ཀུན་ལ་སྣང་བའི་ཡེ་ཤེས་ཐོབ་པའི་བཅོམ་ལྡན་འདས་ཀྱིས་གཞན་དོན་གྱི་སྤྱོད་པ་བསྟན་པ་ལ་རག་ལས་པ་ཞེས་དེའི་རྣམ་པར་དག་པ་གསུངས་པ་ནི། སྒྲ་ཐམས་ཅད་མུ་མེད་པའི་
ཕྱིར་ཞེས་བྱ་བ་སྟེ། སྒྲ་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱིས་བསྟན་པའི་རང་བཞིན་ཏེ། དེ་རྣམས་ལ་ཡང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་མུ་མ་མཆིས་པ་ཉིད་དོ། །མུ་མ་མཆིས་པའི་སངས་རྒྱས་ཀྱི་ཆོས་རྣམས་དང་ཡང་དག་པར་ལྡན་པ་ནི་བྱང་ཆུབ་སྟེ་དེ་རྣམས་ཀྱང་རྣམ་པར་དག་
པ་ལ་རྣམ་པར་མ་དག་པ་སྲིད་པར་བྱེད་ཅིང་གསུངས་པ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། འགའ་ཞིག་ཏུ་ནི་ཚིག་འདི་འདོན་པ་མ་ཡིན་ནོ། །ཚད་མེད་པའི་སེམས་ཅན་གྱི་ཁམས་རྣམ་པར་དག་པར་བྱེད་པ་བཅོམ་ལྡན་འདས་ཀྱིས་འགྲོ་བའི་དོན་བྱ་
བ་སྟེ། སེམས་ཅན་གྱི་ཁམས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཉེ་བར་བསགས་པ་རྣམས་ཀྱིས་རྣམ་པར་གྲོལ་བའི་དོན་དུ་ནུས་པ་ཞེས་དེའི་རྣམ་པར་དག་པ་ཉིད་ཀྱང་གསུངས་པ་ནི། སེམས་ཅན་གྱི་ཁམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། ཡོངས་སུ་དག་པའི་

སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་རྣམས་འཁྲུངས་པ་དེ་བས་ན་སྣོད་ཀྱི་འཇིག་རྟེན་དང་སེམས་ཅན་གྱི་འཇིག་རྟེན་དག་གཅིག་ཏུ་བྱས་ཏེ་རྣམ་པར་དག་པ་གསུངས་པ་ནི། སའི་ཁམས་ཞེས་བྱ་བ་ལ་སོགས་པ་སྟེ། སའི་ཁམས་དང་ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་དང་
ནམ་མཁའི་ཁམས་ཞེས་བྱ་བ་སྣོད་ཀྱི་འཇིག་རྟེན་ནོ། །ལྔ་པོ་འདི་རྣམས་དང་རྣམ་པར་ཤེས་པའི་ཁམས་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །སྐྱེས་བུ་དང་གང་ཟག་འདི་ནི་ཁམས་དྲུག་པོ་ཞེས་བྱ་བའི་ཚིག་གིས་སོ། །དེ་ལ་ཡང་སེམས་ཅན་གྱི་འཇིག་རྟེན་དུ་དགེ་བའི་ཆོས་འཕེལ་བ་དང་།
མི་དགེ་བའི་ཆོས་སྤངས་པས་རྣམ་པར་དག་པ་ཉིད་གསུངས་པ་ནི། དགེ་བ་དང་མི་དགེ་བའི་ཆོས་ཞེས་བྱ་བ་ལ་སོགས་པ་སྟེ། ཚད་མེད་པ་ནི་མུ་མ་མཆིས་པ་ཉིད་བཞིན་དུའོ། །སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྣོད་ཀྱི་འཇིག་རྟེན་ལ་རྣམ་པར་དག་པ་གསུངས་པ་ནི། ཆོས་
ཐམས་ཅད་བསགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཞིང་གི་རང་བཞིན་རྣམས་འདིས་ཡང་དག་པར་བསགས་པས་ན་ཆོས་ཐམས་ཅད་ཡང་དག་པར་བསགས་པའོ། །རྣམ་པར་དག་པའི་སངས་རྒྱས་ཀྱི་ཞིང་སྐྱེད་པར་བྱེད་
པའི་བསོད་ནམས་ཀྱི་ཕུང་པོ་དེ་ལྟར་སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པ་ལ་ཐབས་གང་ཡིན་ཞེས་ཐབས་ཀྱི་ཡང་རྣམ་པར་དག་པ་གསུངས་པ་ནི། ཆོས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་རྣམས་ཐམས་ཅད་ཀྱི་གང་
ཞིག་ཏིང་ངེ་འཛིན་རྣམས་དེའི་དམིགས་པ་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱི་མུ་མ་མཆིས་པ་ནི་སྟོང་པ་ཉིད་དང་དེ་སོ་སོར་རྙེད་པ་ཉིད་དང་དེ་ཐོབ་པ་ཉིད་དོ། །གང་ཞིག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲངས་སུ་བྱས་པའི་སེམས་ཅན་གྱི་འཇིག་རྟེན་གྱི་དེས་དེའི་སའི་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པའི་མུ་མ་མཆིས་པར་རིག་པར་བྱའོ། །ལམ་གྱི་གནས་སྐབས་ཀྱི་ཏིང་ངེ་འཛིན་གྱི་རྣམ་པར་དག་པ་བརྗོད་ནས་འབྲས་བུའི་གནས་སྐབས་ཀྱི་ཆོས་རྣམ་པར་དག་པ་གསུངས་པ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་མུ་མ་མཆིས་པ་ཉིད་ཀྱིས་ཞེས་བྱ་བ་ལ་

སོགས་པ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཐམས་ཅད་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་རྣམས་སོ། །སྔར་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་མུ་མ་མཆིས་པ་ཉིད་ཀྱིས་ཞེས་བྱ་བ་གང་ཞིག་གསུངས་པ་དེ་བཅོམ་ལྡན་འདས་ཀྱིས་རང་གི་རྒྱུད་
ལ་གནས་པའི་སངས་རྒྱས་ཀྱི་ཆོས་རྣམས་གསུངས་པའོ། །དེ་ལྟ་ན་ནི་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གནས་པར་བྱེད་པའི་རྒྱུད་གཞན་ལ་གནས་པ་རྣམས་ཞེས་བྱ་བ་བྱེ་བྲག་གོ། །སངས་རྒྱས་ཀྱི་ཆོས་རྣམས་ལས་ཆོས་རྣམས་གཞན་དག་ཀྱང་སངས་རྒྱས་ཀྱི་རྒྱུད་ལ་གནས་པ་སྲིད་པ་སྟེ་
དེ་རྣམས་ཀྱི་རྣམ་པར་གཞག་པ་གང་ཡིན་ཞེས་གསུངས་པ་ནི། ཆོས་ཐམས་ཅད་མུ་མེད་པའི་ཕྱིར་ཞེས་བྱ་བ་སྟེ། འོན་ཏེ་ཆོས་རྣམས་ཐམས་ཅད་ཉིད་ཀྱི་སྟོང་པ་ཉིད་ནི་དེ་དང་དེར་བརྗོད་པ་ཡིན་ནོ། །འདི་ལྟ་སྟེ་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པའོ། །དེ་བས་
ན་སྟོང་པ་ཉིད་ཁོ་ན་ལ་རྣམ་པར་དག་པ་བརྗོད་པར་མཛོད་ཅེས་གསུངས་པ་ནི། སྟོང་པ་ཉིད་མུ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། སྟོང་པ་ཉིད་ལ་མུ་མ་མཆིས་པ་ནི་སྟོང་པ་ཉིད་དེ་སྟོང་པ་ཉིད་ཅེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་ཅེས་བྱ་བ་རྫས་གཞན་ཡོད་པ་མ་ཡིན་ཏེ།
དེ་བས་ན་སྟོང་པ་ཉིད་ལ་ཡང་སྟོང་པ་ཉིད་ཀྱིས་རྣམ་པར་དག་པ་ཞེས་བྱ་བའོ། །འོན་ཏེ་སྟོང་པ་ཉིད་ནི་རྫས་སུ་མ་གྱུར་ཅིང་། སླར་རི་བོང་གི་རྭ་བཞིན་དུ་ཐམས་ཅད་དུ་ཆད་པ་ཉིད་ནི་མ་ཡིན་ནོ། །དེ་བས་ན་ཅི་ནས་ཀྱང་དེ་དངོས་པོ་དང་དངོས་པོ་མེད་པ་གཉིས་དང་བྲལ་བའི་ངོ་བོས་མངོན་
དུ་བྱ་བ་སྟེ། སྟོང་པ་ཉིད་མཐོང་བ་རྣམས་ཀྱིས་དེ་ལྟར་བརྗོད་པ་འདོད་པའི་ཕྱིར་རོ། །དེ་བས་ན་ཅི་ནས་ཀྱང་སྟོང་པ་ཉིད་དུ་དམིགས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་ཡོད་པར་འགྱུར་ཞེས་དོགས་ནས་དེ་དག་གི་ཡང་རྣམ་པར་དག་པ་གསུངས་པ་ནི། སེམས་དང་
སེམས་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་དང་སེམས་ལས་བྱུང་བ་དག་གི་ཡང་མུ་མ་མཆིས་པ་ཁོ་ན་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འོ་ན་དེ་དག་གི་འཛིན་པའི་མཚན་ཉིད་ཅན་གྱི་བྱ་བ་དོན་དམ་པར་ཡོད་པ་ཡིན་མོད་ཅེས་གསུངས་པ་ནི། སེམས་ཀྱི་སྤྱོད་པ་

མུ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཀྱི་སྤྱོད་པ་ནི་སྤྱོད་པར་བྱེད་པའི་བྱ་བ་འཛིན་པ་ཞེས་བྱ་བའི་དོན་ཏོ། །འདིའི་ཡང་མུ་མ་མཆིས་པ་ཉིད་ནི་སྟོང་པ་ཉིད་ཁོ་ནའོ། །མཉམ་པས་མཉམ་པར་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་ངོ་བོས་གནས་པའི་སྟོང་
པ་ཉིད་འཛིན་པའི་ཡེ་ཤེས་དེ་ལ་གཟུང་བ་དང་འཛིན་པ་ལྟར་འཛིན་པ་ཡང་དངོས་པོ་ལ་ཡོད་པ་ཅུང་ཟད་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དགོངས་པའོ། །འཇིག་རྟེན་ལས་འདས་པ་མཉམ་པས་མཉམ་པའི་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་ངོ་བོར་གནས་པའི་རྣམ་
པར་ཤེས་པ་ཡང་དག་པར་སྐྱེས་པ་འདི་ལ་གཉེན་པོར་གྱུར་པ་དགེ་བའི་ཆོས་རྣམས་སྐྱེ་བ་ཡིན་པ་དང་མི་མཐུན་པར་གྱུར་པའི་མི་དགེ་བའི་ཆོས་རྣམས་སྤོང་བ་ཡིན་ནོ། །དེ་བས་ན་དེ་རྣམས་ཀྱི་ཡང་རྣམ་པར་དག་པ་གསུངས་པ་ནི། དགེ་བ་དང་མི་དགེ་བའི་ཆོས་ཚད་མེད་པའི་ཕྱིར་
ཞེས་བྱ་བ་ལ་སོགས་པ་སྟེ། ཚད་མེད་པ་ཉིད་ནི་མུ་མ་མཆིས་པ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་སྒྲུབ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྗེས་སུ་འགྲོ་བ་ཞེས་རྒྱས་པར་བསྟན་ནས་དེ་ཡང་འདི་ལྟ་བུར་གྱུར་པའི་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའི་སྒྲུབ་པ་གང་ལས་སྐྱེས་པ་ཡིན་ཞེས་གསུངས་པ་ནི། སེང་གེའི་སྒྲ་ཞེས་བྱ་བ་ལ་སོགས་པ་སྟེ། སེང་གེ་ཞེས་བྱ་བ་ནི་སྐྱེས་བུའི་སེང་གེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །དེ་རྣམས་ཀྱི་སྒྲ་ནི་ཐུན་མོང་མ་ཡིན་པ་སྟེ། དེ་རྣམས་ཉིད་ཀྱིས་གཅིག་ཏུ་བསྒྲགས་པའི་
ཕྱིར་གཞན་ཕྱིར་རྒོལ་བའི་རི་དགས་ཐམས་ཅད་འཇིགས་པར་བྱེད་པའི་སྟོང་པ་ཉིད་ཀྱི་སྒྲའོ། །དེའི་སྒྲོགས་པ་ནི་བསྟན་པ་སྟེ། རང་གི་དོན་ལ་དངོས་པོའི་རྒྱན་ནོ། །སེང་གེའི་སྒྲ་སྒྲོགས་པ་ཉིད་ནི་སྟོང་པ་ཉིད་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་བྱ་བ་ཞེས་བྱ་བའི་
དོན་ཏོ། །འོན་ཏེ་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན་པ་རྣམ་པ་སྣ་ཚོགས་པ་མཐོང་བ་ཡིན་ཏེ། སྟོང་པ་ཉིད་ཙམ་གྱི་ངོ་བོ་ཉིད་ནི་མ་ཡིན་ནོ་ཞེས་གསུངས་པ་ནི། ཆོས་ཐམས་ཅད་འཁྲུག་པ་མེད་པའི་ཕྱིར་ཞེས་བྱ་བ་སྟེ། འཁྲུག་པ་མེད་པ་ནི་གཞན་དུ་མེད་པའི་དོགས་

པ་ཉིད་དོ། །དེས་དོན་དམ་པའི་ཚུལ་གྱིས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡང་མདོ་སྡེར་བསྟན་པ་གཞན་ཡང་ཡོད་དེ་འོན་ཀྱང་དེ་ཀུན་རྫོབ་པ་སྟེ་དོན་དམ་པའི་ཚུལ་གྱིས་ནི་སྟོང་པ་ཉིད་ཁོ་ན་བསྟན་ཞེས་བྱ་བའི་དོན་ཏོ། །དེ་རྣམས་གནས་འདིར་ཚིག་རྣམས་
མང་བ་སྔོན་གྱི་པོ་ཏི་རྣམས་ལ་འདོན་པ་མ་ཡིན་ཏེ། དེ་ནི་འདྲི་མཁན་རྣམས་ཀྱིས་བག་མེད་པ་ཡིན་པར་འགྱུར་རོ། །པོ་ཏི་དེ་རྣམས་ཉིད་ལས། རབ་འབྱོར་གཟུགས་ནི་རྒྱ་མཚོ་དང་མཚུངས་པའོ་ཞེས་བྱ་བ་ལ་སོགས་པ་སླར་བསྟན་པ་ལ་དེ་རྣམས་འདོན་པའི་ཕྱིར་རོ། །འོན་ཏེ་གང་
ཞིག་གིས་འདི་རྣམས་རྒྱ་མཚོ་མུ་མ་མཆིས་པ་ལ་སོགས་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་རྣམས་གསུངས་པ་དེ་རྣམས་ནི་གཟུགས་ལ་སོགས་པ་རྣམས་ལ་མི་འབྱུང་བ་ནི་མ་ཡིན་ནོ། །གཞན་དུ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྱབ་པར་བྱེད་པ་མ་ཡིན་པར་
འགྱུར་རོ། །དེ་བས་ན་གཟུགས་ལ་སོགས་པ་རྣམས་ལ་ཡང་ཁྱད་པར་དེ་རྣམས་ཀྱིས་འབྱུང་བར་འགྱུར་ཞེས་བྱ་བ་ལ་དགོངས་ནས་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་དོགས་ནས་གསུངས་པ་ནི། རབ་འབྱོར་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཅི་ལྟར་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་
དང་མུ་མ་མཆིས་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་དང་མཚུངས་པ་དེ་བཞིན་དུ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣམས་ཀྱང་རྒྱ་མཚོ་དང་མཚུངས་པ་ནི་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་གཟུགས་ལ་སོགས་པ་རྣམས་གང་ཡིན་པ་
འདི་རྣམས་ཐམས་ཅད་མཚན་ཉིད་གཅིག་པའོ། །འདི་ལྟ་སྟེ་སྟོང་པ་ཉིད་ཀྱི་མཚན་ཉིད་ཅེས་བྱ་བའི་དགོངས་པའོ། །དེ་བཞིན་དུ་ནམ་མཁའ་དང་མཚུངས་པ་ལ་སོགས་པ་རྣམས་ཀྱང་ཤེས་པར་བྱ་སྟེ། རྣམ་པར་ཤེས་པ་ནི་རྣམ་པ་སྣ་ཚོགས་པ་རི་རབ་དང་མཚུངས་པ་ཞེས་བྱ་བ་
བརྗོད་ནས་གཟུགས་ནི་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་འབྱུང་བ་དང་མཚུངས་པའོ་ཞེས་བྱ་བ་སྔར་གྱི་པོ་ཏི་རྣམས་ལ་འདོན་པ་མཐོང་བ་ཡིན་ཏེ། འདི་ཉིད་རིགས་པ་ཡིན་ནོ། །འོན་ཏེ་ཅི་ལྟར་རིགས་པ་སྔར་ཆོས་རྣམས་གང་ཞིག་རྒྱ་མཚོ་ལ་སོགས་པ་མུ་མ་མཆིས་པ་ཉིད་ཀྱིས་

བསྟན་པ་ལ་བསྟན་པ་དེ་རྣམས་དེ་ལྟར་མཚུངས་པ་ཉིད་དུ་བསྟན་པ་ཡིན་ཏེ་ཅི་ལྟར་གཟུགས་ནི་རྒྱ་མཚོ་དང་མཚུངས་པ་ཞེས་བྱ་བ་ལ་སོགས་པའོ། །རི་རབ་རྣམ་པ་སྣ་ཚོགས་པ་ཉིད་ཀྱི་རྗེས་ཐོགས་ལ་སྔར་གཟུགས་མུ་མ་མཆིས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་འདོན་
པ་ཡིན་ནོ། །དེ་བས་ན་འདིར་ཡང་རི་རབ་དང་མཚུངས་པ་ཞེས་བྱ་བ་ལ་སོགས་འདིའི་རྗེས་ལ་གཟུགས་ནི་མུ་མ་མཆིས་པ་དང་མཚུངས་པ་ཞེས་བྱ་བ་ལ་སོགས་པའི་འདོན་པ་གང་དུ་མཐོང་བ་དེ་ཉིད་རིགས་པ་ཡིན་ནོ། །གཟུགས་ལ་སོགས་པ་རྣམས་ནི་སྔར་གཙོ་ཆེར་
བསྟན་པ་དེ་བཞིན་དུ་གཟུགས་ནི་གཟུགས་དང་མཚུངས་ཞེས་བྱ་བ་བརྗོད་པར་བྱ་བར་འགྱུར་རོ། །དེར་དེ་ཉིད་དང་མཚུངས་པ་ཞེས་བྱ་བ་བརྗོད་པར་ནུས་པ་མ་ཡིན་ནོ། །དེ་བས་ན་འདི་འདོན་པར་མི་རིགས་པས་ཏེ་ཅི་ལྟར་པོ་ཏི་སྔར་གྱི་མང་པོ་རྣམས་ལས་མཐོང་བ་ཞེས་བྱ་
བའོ། །གཟུགས་ནི་དགེ་བ་དང་མི་དགེ་བའི་ཆོས་བསགས་པ་དང་བྲལ་བའོ་ཞེས་བྱ་བ་སྟེ། བསགས་པ་དང་བྲལ་བ་ནི་རྣམ་པར་བྲལ་བའི་སྟོང་པ་ཉིད་དེ་ལ་ནི་གཟུགས་ཁོ་ན་དེ་དེའི་ངོ་བོ་ཡིན་པའི་ཕྱིར་རོ། །དེས་ན་གཟུགས་ནི་དགེ་བ་དང་མི་དགེ་བའི་ཆོས་ཀྱི་བརྩམས་པ་དང་
མཚུངས་པ་ཞེས་བྱ་བ་ཉིད་ཀྱི་དོན་ཏོ། །གཟུགས་ནི་བྲལ་བ་སྟེ་ཞེས་བྱ་བ་ནས་ཅི་སྲིད་སངས་རྒྱས་ཀྱི་ཆོས་སོ་ཞེས་བྱ་བའི་བར་གྱིས་སོ། །གང་ཞིག་དེ་སངས་རྒྱས་ཀྱི་ཆོས་རྣམས་ཐམས་ཅད་དེ་རྣམས་ཉིད་གཟུགས་ཏེ་ཐ་མི་དད་པར་ཉེ་བར་བཏགས་པའི་ཕྱིར་སངས་རྒྱས་ཀྱི་ཆོས་
དང་མཚུངས་པ་ཞེས་བྱ་བའི་དོན་ཏོ། །གཟུགས་ཀྱང་ཅི་ཞིག་བྲལ་བ་ནི་སྟོང་པ་ཉིད་དེ་དེ་ཉིད་ནི་གཟུགས་ཀྱི་ངོ་བོ་ཉིད་དོ། །དེ་ཉིད་ནི་གཟུགས་ཀྱི་དེ་ཁོ་ན་ཉིད་དོ། །གཟུགས་ཀྱི་སྟོང་པ་ཉིད་ནི་སྐབས་འདི་ལ་གཟུགས་ཀྱི་སྒྲས་གསུངས་པ་ཞེས་བྱ་བའི་དོན་ཏོ། །
གཟུགས་སྟོང་པ་ཞེས་བྱ་བ་ནི། སྟོང་པ་ཉིད་མུ་མ་མཆིས་པའི་ཆོས་ཉིད་ཀྱི་ངོ་བོ་ཉིད་དོ། །གཟུགས་ནི་སེམས་ཀྱི་སྤྱོད་པ་ལས་བྱུང་བ་ཞེས་བྱ་བ་ནི་སེམས་ཀྱི་སྤྱོད་པ་གང་ཞིག་འཛིན་པའི་བྱ་བའོ། །དེའི་འབྱུང་བ་ནི་ཐ་མི་དད་པར་བཏགས་པ་དེ་དང་མཚུངས་

པ་ཞེས་བྱ་བའི་དོན་ཏོ། །མི་དམིགས་པའི་བར་དུ་ཞེས་བྱ་བ་ནི་སྔར་ཅི་སྐད་གསུངས་པའི་གཟུགས་ནི་བྲལ་བ་སྟེ། གཟུགས་ཀྱི་ངོ་བོ་ཉིད་དང་གཟུགས་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་གང་ཞིག་གསུངས་པ་དེ་ལ་ལྟོས་པའི་བར་གྱི་སྒྲའོ། །གཟུགས་
ནི་བྲལ་བ་དང་གཟུགས་ཀྱི་ངོ་བོ་ཉིད་དང་གཟུགས་ཀྱི་དེ་བཞིན་ཉིད་དང་གཟུགས་ཀྱི་མི་དམིགས་པ་ཉིད་དང་དགེ་བ་དང་མི་དགེ་བ་ཐ་མི་དད་པར་བརྟགས་པའི་ཕྱིར་དེ་དང་མཚུངས་པའི་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་དེ་ལྟར་ན་ཞེས་བྱ་སྟེ། དེ་ལྟར་ན་ཞེས་བྱ་བ་ནི་ཅི་ལྟར་འདི་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལམ་ཤེས་པ་ཉིད་ཀྱི་ངོ་བོ་ཉིད་སྔར་བསྟན་པ་རྣམ་པ་གཉིས་ཀྱང་མདོར་བསྡུས་ནས་ལེའུ་འདི་ལ་དེ་ལྟར་ཉེ་བར་བསྟན་པ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་རྗེས་སུ་ཚོལ་བར་བྱ་བའོ། །དེ་
ནས་ཅི་ཞིག་བྱ་ཞེ་ན་གསུངས་པ་ནི། རྗེས་སུ་རིག་པར་བྱེད་པ་དང་ཞེས་བྱ་བ་སྟེ། ཡི་གེའི་ཚོགས་ཀྱིས་ཐོས་པར་འགྱུར་བའོ། །རྣམ་པར་སྤྱོད་པ་དང་ཞེས་བྱ་བ་ནི་དོན་གྱི་ལུས་ཀྱིས་ཤེས་པར་འགྱུར་བའོ། །འཇུག་པ་ནི་དད་པར་འགྱུར་བའོ། །རྟོགས་པར་བྱེད་པ་ནི་
དྲན་པ་ཉེ་བར་གནས་པ་ཉིད་ཀྱིས་གཞུང་དང་དོན་དེ་དག་དུས་ཐམས་ཅད་དུ་འདིའི་བློ་ལ་གནས་པར་འགྱུར་བའོ། །སེམས་པ་ནི་གསུངས་པའི་དོན་རྣམས་ལ་གྲངས་ཀྱི་གོ་རིམས་ཀྱིས་དུས་ཅི་ལྟ་བར་ཉེ་བར་གནས་པའི་ཕྱིར་རོ། །འཇལ་བ་ནི་དོན་དེ་ལ་རིགས་པས་དཔྱོད་པར་
འགྱུར་བའོ། །ཉེ་བར་རྟོག་པ་ཞེས་བྱ་བ་ནི་འདི་ཙམ་ཉིད་ཀྱིས་ཐེ་ཚོམ་ཐམས་ཅད་གཅོད་པས་འདི་ནི་དེ་བཞིན་དེ་ཞེས་བྱ་བ་འཛིན་པར་འགྱུར་བའོ། །བསྒོམ་པར་འགྱུར་བ་ནི་ཕྱི་ནས་སོ། །སྒོམ་པ་ལ་བར་ཆད་བྱེད་པའི་སྐྱོན་རྣམ་པར་སྤངས་པ་ནི། རྒྱུ་དང་ཞེས་བྱ་བ་ལ་
སོགས་པ་སྟེ། དེ་ལ་སྒྱུ་ནི་སྒོམ་པ་པོ་མ་ཡིན་པ་ཉིད་ཡོད་བཞིན་དུ་རྙེད་པ་དང་བཀུར་སྟིའི་དོན་དུ་ཕ་རོལ་པོ་རྣམས་ལ་དེ་ལྟར་ཉེ་བར་བསྟན་པའོ། །གཡོ་ནི་ནུས་པ་ཡོད་ཀྱང་རྗེས་སུ་མི་སྒྲུབ་པའོ། །ལེ་ལོ་ནི་ཁ་ན་མ་ཐོ་བ་དང་བཅས་པའི་དངོས་པོ་ལ་མངོན་པར་ཆགས་པའོ། །རློམ་

སེམས་ཐམས་ཅད་ནི་བདག་ཅེས་བྱ་བ་དང་བདག་གི་ཞེས་བྱ་བ་དང་གཟུགས་ཞེས་བྱ་བ་དང་ཚོར་བ་ཞེས་བྱ་བའི་མངོན་པར་ཞེན་པའོ། །རློམ་ཞེས་བྱ་བའི་སྒྲ་ཎི་ཙའི་མཐའ་ཅན་ལས་ཡུ་ཙའོ། །དེས་ན་རློམ་སེམས་སོ། །བདག་ལ་བསྟོད་པ་ནི་བདག་ནི་གཡེང་བ་མེད་པ་དང་རབ་ཏུ་བྱུང་བ་དང་གཟུགས་བཟང་
བ་དང་བལྟ་ན་སྡུག་པ་དང་མང་དུ་ཐོས་པ་ཞེས་བྱ་བ་ལ་སོགས་པའོ། །གཞན་ལ་སྨོད་པ་ནི་གཞན་རྣམས་རིགས་དམན་པ་ལས་སྐྱེས་པ་ཅི་སྲིད་དུ་ཐོས་པ་མང་བ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའོ། །སླར་བདག་ལ་སོགས་པའི་འདུ་ཤེས་ཀྱིས་འདིའི་ཅི་ལྟ་བ་བཞིན་གྱི་
ཤེས་རབ་སྐྱེ་བ་མ་ཡིན་པ་དེའི་ཕྱིར་དེ་སྤོང་བའོ། །ཉོན་མོངས་པ་རྣམས་ཀྱིས་རྟོག་པ་གང་ཞིག་ནི་རྟོག་པ་ཐམས་ཅད་དོ། །དེའི་ཚེ་འདི་རྙེད་པར་དཀའ་བར་