Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 94
Văn bản gốc(Tây Tạng)
Trang 17 / 21 (50.000 ký tự/trang)
སྡུས་པའི་ཕྱིར་རོ། །དོན་གསུངས་པ་ལ་བརྟན་པར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་ནི། དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པས་སོ། ། ད་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ལ་སྤྱོད་པ་མེད་པ་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འདིའི་སྤྱོད་པ་ཡང་དོན་མེད་པ་ཞེས་རློམ་སེམས་སུ་བྱེད་པ་རྣམས་ཀྱི་དེའི་དོགས་པ་བསལ་བའི་དོན་དུ་བསོད་ནམས་མང་བ་ཉིད་དང་དེའི་རྒྱུ་གསུངས་པ་ནི། ཡང་གལ་ཏེ་ཞེས་བྱ་བ་ལ་སོགས་ པ་སྟེ། ཅི་སྲིད་འཚོའི་བར་དུ་གནས་ཤིང་ཞེས་བྱ་བ་ནི་ཚེ་ཅི་སྲིད་དུའོ། །སྦྱིན་པ་དེ་ཡང་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལའོ། །མང་ངོ་ཞེས་བྱ་བ་ནི་སེམས་ཅན་གཅིག་ལ་ཡང་བསོད་ནམས་དེ་མང་ན་མང་པོ་རྣམས་ལ་ནི་རེ་ཞིག་ལྟ་སྨོས་ཀྱང་ཅི་དགོས། སྦྱིན་པའི་ གནས་སུ་འགྱུར་རོ་ཞེས་བྱ་བ་ནི་བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་ཉིད་ཐོབ་པར་འགྱུར་རོ། །མ་གཏོགས་པར་ཞེས་བྱ་བ་ནི་དོར་བར་བྱས་ནས་སོ། །དེ་དེ་རྣམས་ཀྱིས་མ་གཏོགས་པ་ནི་ཅིའི་ཕྱིར་ཞེ་ནའོ། །གང་ཟག་བླ་ན་མེད་པ་ཞེས་བྱ་བ་ནི་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བྱང་ཆུབ་ སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་ཤིན་ཏུ་ཐབས་ཅིག་པའི་ཕྱིར་རོ། །ཇི་སྐད་དུ་གསུངས་པ། འོན་ཀྱང་རྡུལ་ཕྲན་ས་ལ་ནི། །བ་ལང་རྗེས་དང་རྒྱ་མཚོ་ཡི། །ཁྱད་པར་དག་ནི་གང་ཡིན་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །ཁྱད་པར་དག་ནི་དེ་ཡིན་ནོ། །གསད་པར་བྱ་བར་འགྱུར་ཞེས་བྱ་བ་ནི། ། གསད་པར་བྱ་བའི་གནས་སུ་གྱུར་པ་ལྟ་བུའོ། །མི་ཁོམ་པར་གྱུར་པ་ཞེས་བྱ་བ་ནི་ཐོབ་པར་གྱུར་པ་མ་ཡིན་པའོ། །སྐྱོ་བ་ཆེན་པོ་ཞེས་བྱ་བ་ནི་ཤིན་ཏུ་སེམས་ཅན་རྣམས་ལ་དགའ་བ་ཉིད་ཀྱིས་མྱུར་དུ་སྡུག་བསྔལ་ལས་འདོན་པའི་སྐྱོ་བ་ཡོད་པའི་ཕྱིར་རོ། །ཡིད་ལ་བྱས་པར་འགྱུར་ཞེས་བྱ་བ་ནི་སྐྱོབ་པར་བྱེད་ པ་ཉིད་ཀྱིས་སོ། །དེ་གསུངས་པ་ནི་སྡུག་ཅེས་བྱ་བ་ལ་སོགས་པ་སྟེ། སྦྱིན་པ་ཆེན་པོ་ཞེས་བྱ་བ་ནི་གང་ཞིག་རང་གི་ལག་གིས་སྦྱིན་པ་དེ་རྣམས་ཀྱི་སྦྱིན་པ་པོ་སྟེ་གང་ཞིག་གཞན་གྱིས་སྦྱིན་པ་བྱེད་དུ་བཅུག་པ་དེ་རྣམས་འབྱོར་པའི་བདག་པོ་སྟེ་སྦྱིན་པའི་བདག་པོའོ། །འབྲས་བུ་ཡོད་པ་ནི་འབྲས་བུ་དང་ བཅས་པའོ། །ཡུལ་འཁོར་གྱི་བསོད་སྙོམས་ཞེས་བྱ་བ་ནི་ཡུལ་འཁོར་གྱི་བསོད་སྙོམས་སོ། །གསུངས་པ་དཔེས་གསལ་བར་བྱེད་པ་ནི་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། ནོར་བུ་རིན་པོ་ཆེ་ཤེས་པ་ལ་གནས་པ་ཞེས་བྱ་བ་ནི་དེ་བརྟག་པའི་བསྟན་ བཅོས་ཡོངས་སུ་ཤེས་པའི་ཕྱིར་རོ། །ནོར་བུ་རིན་པོ་ཆེའི་རིགས་ཤེས་པས་ཞེས་བྱ་བ་ནི་མཚོན་པར་བྱ་བ་ལ་ཡོངས་སུ་འདྲིས་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་སྲིད་དུ་བཙལ་བར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །དེའམ་གཞན་ཞེས་བྱ་བ་ནི་བསྡུས་པ་ལ་སོགས་པ་འཇུག་པའི་དབྱེ་ བས་སོ། །གཞན་དག་སྨྲ་བ་ནི་ལམ་དུ་མའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཡང་དག་པར་ལྡན་པའི་ཡིད་ལ་བྱེད་པ་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའམ་ཞེས་བྱ་བ་ནི་གང་ཞིག་སྔར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཡང་དག་པར་ལྡན་པའི་ཡིད་ལ་བྱེད་པ་ཡོད་པར་འགྱུར་བའོ། །གཞན་ ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་གཞན་དང་ལྷན་ཅིག་སྤྱོད་པ་བྱམས་པ་ལ་སོགས་པའི་དབྱེ་བས་ཐ་དད་པའོ། །བཅོམ་ལྡན་འདས་གང་ཡང་ཞེས་བྱ་བ་ལ་སོགས་པས་འདི་འདྲི་བར་བྱེད་དེ། གལ་ཏེ་ཡིད་ལ་བྱེད་པ་ཐམས་ཅད་ངོ་བོ་ཉིད་ཀྱིས་དབེན་པ་དེའི་ཚེ་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དང་ཡང་དག་པར་ལྡན་པའི་ཡིད་ལ་བྱེད་པ་རྣམས་ཀྱིས་མི་འབྲལ་བར་འགྱུར་ཞེས་ཅི་ལྟར་རིགས་པར་འགྱུར། ངོ་བོ་ཉིད་ཀྱིས་དབེན་པའི་སྟོང་པ་ཉིད་ལ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པའམ་བྱང་ཆུབ་སེམས་དཔའ་འགའ་ཞིག་ལ་དམིགས་པར་འགྱུར་བ་མ་ཡིན་ཞེས་བྱ་བའོ། །དེ་བས་ན་ བཅོམ་ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་དང་བྱང་ཆུབ་སེམས་དཔའ་ཡིད་ལ་བྱེད་པ་རྣམས་ཀྱིས་སོ་སོར་ཆོས་གཞན་ཉིད་ཡོངས་སུ་བརྟགས་ནས་འདི་ལྟར་བརྗོད་པ་མ་ཡིན་ནོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་རང་བཞིན་གྱིས་དབེན་པའི་བསོད་ནམས་ཐམས་ཅད་འདི་ལྟར་ཤེས་པར་འགྱུར་བ་དེ་ ཙམ་གྱིས་ཐམས་ཅད་མཁྱེན་པ་ཉིད་དང་ཡང་དག་པར་ལྡན་པའི་ཡིད་ལ་བྱེད་པ་རྣམས་དང་མ་བྲལ་བ་ཞེས་བརྟགས་པ་ཡིན་གྱི་དོན་དམ་པར་དེ་རྣམས་ལ་ཐ་དད་པ་ཡོད་པ་མ་ཡིན་ཞེས་བརྟན་པར་བྱེད་པ་ནི་རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ སྟོང་པ་ཉིད་དེ་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པ་དང་དྲི་མ་མེད་པའི་ཤེས་རབ་ཆོས་ཐམས་ཅད་ཀྱིས་དབེན་པ་དང་། ཆོས་ཐམས་ཅད་ཀྱིས་སྟོང་པ་དེ་ནི་མི་འཕེལ་མི་འགྲིབ་པོ་ཞེས་བྱ་བ་ནི་ཞུགས་པའི་དབང་གིས་གློ་བུར་བའི་འཕེལ་བ་མེད་པ་དང་མ་རྟོགས་པའི་དབང་གིས་འགྲིབ་པ་མེད་ཅེས་བྱ་བའི་དོན་ཏོ། ། བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ལ་སོགས་པས་འདི་ལྟར་དྲི་བར་བྱེད་དེ། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དབེན་པའི་རང་བཞིན་ཡིན་ན་དེ་ཅི་ལྟར་དབེན་པ་དང་སྟོང་པས་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་ཅེས་དྲི་བར་བྱེད་དེ། དེ་ནས་བཅོམ་ལྡན་འདས་ བྱང་ཆུབ་སེམས་དཔའ་ཡང་དབེན་པ་ཉིད་དང་སྟོང་པ་ཉིད་དེ་ཆོས་ཀྱི་སྐུའི་རང་བཞིན་གྱི་ཕྱིར་དེ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་འབྱུང་ཞེས་བྱ་བ་འདི་ཡོད་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྐུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ བརྟེན་ནས་འཕེལ་བ་དང་དེ་ལ་མ་བརྟེན་པས་འགྲིབ་པ་མ་ཡིན་ཏེ། གནས་པའི་མཚན་ཉིད་ཀྱི་ཕྱིར་ཞེས་སྟོན་པར་བྱེད་པ་དེ་རབ་འབྱོར་ཡང་འཕེལ་བའམ་འགྲིབ་པ་མེད་དོ་ཞེས་བྱ་བ་ལ་སོགས་པས་སོ། །བཅོམ་ལྡན་འདས་ཡང་ཅི་ཞེས་བྱ་བ་ལ་སོགས་པས་འདི་ལྟར་དྲི་བར་བྱེད་དེ་ཆོས་འགའ་ཞིག་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། འོན་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྟོང་པ་ཉིད་སྤྱོད་ཅེས་བྱ་བའམ། འོན་ཏེ་སྟོང་པ་ཉིད་ལས་གཞན་འགའ་ཞིག་གམ། འོན་ཏེ་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། འོན་ཏེ་སྟོང་པ་ཉིད་ཀྱི་ཆོས་འགའ་ཞིག་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། འོན་ཏེ་སྟོང་པ་ཉིད་ལ་སྟོང་པ་ཉིད་སྤྱོད་ཅེས་བྱ་བའི་བརྟག་པ་རྣམ་པ་དྲུག་གོ། །དེ་བཞིན་དུ་ཅི་ཞིག་གཟུགས་ལ་སོགས་པ་རྣམས་སྤྱོད་དམ། གལ་ཏེ་ཡང་གཟུགས་ལ་སོགས་པ་རྣམས་ལས་ཆོས་གཞན་འགའ་ཞིག་སྤྱོད་ཅེས་བྱ་བའི་བརྟག་པ་རྣམ་པ་ གཉིས་སོ། །དེ་ལྟར་བརྟག་པ་རྣམ་པ་བརྒྱད་ལ་བརྟེན་ནས་དྲི་བའོ། །དེ་ནས་བཅོམ་ལྡན་འདས་བརྟག་པ་མེད་པ་དེ་ཉིད་ཀྱིས་གང་ཞིག་སྤྱོད་པ་དང་། གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཅི་ལྟར་སྤྱོད་པ་དང་། དེ་རྣམས་ཀྱི་མི་དམིགས་པ་དང་། སྐྱེ་བ་དང་འགག་པ་མི་དམིགས་པ་ ལ་བརྟེན་ནས་མི་སྐྱེ་བའི་ཆོས་ལ་བཟོད་པས་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་ལ་བསྟན་ཞིང་བཞུགས་སོ། །གང་ཡང་ཆོས་ཐམས་ཅད་མི་སྐྱེ་བའི་ཆོས་ཉིད་གང་ལགས་པ་དེ་ལུང་བསྟན་པར་འགྱུར་རམ་ཞེས་བྱ་བ་སྟེ། གཟུགས་ལ་སོགས་པའི་ཆོས་རྣམས་ སམ་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་གང་ཞིག་སྐྱེ་བ་མེད་པའི་ཆོས་ཉིད་ཅེས་བྱ་བའོ། །རབ་འབྱོར་ཡང་ཅི་ཁྱོད་ཀྱིས་ཆོས་གང་ཡང་དག་པར་རྗེས་སུ་མཐོང་ངམ་ཞེས་བྱ་བ་ནི་ལུང་བསྟན་པར་བྱ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་མེད་པའི་ཕྱིར་འདིའི་དོན་དུ་ལུང་བསྟན་པ་ཞེས་འདི་ ཡོད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དགེ་བའི་བཤེས་གཉེན་དང་པོར་ཡོད་པའི་ལེའུ་ནི་དགེ་བའི་བཤེས་གཉེན་གྱི་ལེའུ་སྟེ་ལེའུ་ཉི་ཤུ་རྩ་གཉིས་པའོ།། །།ཟབ་ཅིང་ཟབ་པའི་གནས་བསྟན་པའི་གོ་སྐབས་དབྱེ་བར་བྱ་བའི་ཕྱིར། ད་ནི་བརྒྱ་བྱིན་གྱིས་གསུངས་པ་ནི། བཅོམ་ལྡན་འདས་འདི་ ནི་ཟབ་པོ་ཞེས་བྱ་བ་སྟེ། དད་པས་ཟིལ་གྱིས་མི་ནོན་པ་འཕེལ་བའི་ཕྱིར་ཡང་བསོད་ནམས་མང་བ་ཉིད་བརྗོད་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཅན་ ཐམས་ཅད་དང་ཐབས་མི་མཁས་པའི་བྱང་ཆུབ་སེམས་དཔའ་རྣམས་ཟིལ་གྱིས་ནོན་ཞེས་བྱ་བས་བསྔགས་པའི་ཚིག་གོ། །དེ་ལྟར་སློབ་པར་གྱུར་པའི་བྱང་ཆུབ་སེམས་དཔའ་ལ་འཇིག་རྟེན་སྐྱོང་བ་བཞི་དང་བརྒྱ་བྱིན་དང་དེ་ལས་གཞན་པའི་ལྷ་རྣམས་དེའི་དྲུང་དུ་ཉེ་བར་འོང་བར་འགྱུར་ཞེས་བྱ་བ་ལ་སོགས་ པ་རྣམས་ཀྱིས་ཕན་ཡོན་བསྟན་པ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བསྟན་པ་ཞེས་སྟོན་པར་བྱེད་པ་ཞེས་བྱ་བ་ནི་ལེའུའི་དོན་ཏོ། །ནམ་མཁའ་ཟབ་པའི་ཕྱིར་ཞེས་བྱ་བ་ནི་ནམ་མཁའ་ལྟར་འགྲིབ་པ་དང་འཕེལ་བ་མེད་པའི་ཕྱིར་རོ། །དབེན་པའི་ཕྱིར་བལྟ་དཀའ་བ་ཞེས་བྱ་བ་ནི་ཀུན་བརྟགས་དང་ གཞན་དབང་གི་ངོ་བོ་རྣམས་བྲལ་བའི་ཕྱིར་དང་། ཤིན་ཏུ་ཕྲ་བ་ཉིད་ཀྱིས་ཡོངས་སུ་གྲུབ་པའི་ངོ་བོ་དེ་བཞིན་གཤེགས་པ་ལས་གཞན་རྣམས་ཀྱིས་དེ་དེའི་ངོ་བོ་བརྟག་པར་མི་ནུས་པའི་ཕྱིར་རོ། །སྟོང་པའི་ཕྱིར་རྟོགས་པར་དཀའ་བའོ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ངོ་བོ་དང་གཉིས་སུ་མེད་པའི་ངོ་བོ་དང་ རྟོགས་པ་པོ་དང་རྟོགས་པར་བྱ་བ་ལ་སོགས་པ་མེད་པས་དེ་རྟོགས་པར་དཀའ་བའི་ཕྱིར་རོ། །དེ་ནས་དགེ་སློང་གཞན་ཞིག་གིས་ཞེས་བྱ་བ་སྟེ། འཁོར་དེར་མིང་དང་རིགས་དང་རུས་མ་གྲགས་པའོ། །དེས་ཁྱོད་ཟིལ་གྱིས་མནན་པ་ཞེས་བྱ་བ་ནི་དགེ་བ་ཅི་ཙམ་གྱིས་བརྒྱ་བྱིན་ཉིད་དང་དེ་ལས་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཐོས་པ་ལ་སོགས་པས་བསོད་ནམས་ལྷག་པའི་ཕྱིར་རོ། །གཞན་དུ་ན་བརྒྱ་བྱིན་ཡང་བྱང་ཆུབ་སེམས་དཔའ་ཉིད་དེ། དེ་ཅི་ལྟར་སེམས་བསྐྱེད་པ་གཅིག་ཉིད་ཀྱིས་ཟིལ་གྱིས་ནོན་པ་ཞེས་བྱ་བའོ། །ཅི་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པ་ཞེ་ན། གསུངས་པ་ནི། མ་ཉམས་པ་ཞེས་ བྱ་བ་ལ་སོགས་པ་སྟེ། ཕམ་པ་ལྷག་པར་སྤྱོད་པ་སོ་སོར་བཏང་ནས་སླར་འཛིན་པ་མེད་པའི་ཕྱིར་མ་ཉམས་པའོ། །ཚངས་པར་སྤྱོད་པ་ལ་མངོན་པར་མི་དགའ་བའི་རྒྱུ་རྣམས་ཀྱིས་བུད་མེད་མཐོང་བ་དང་སྨྲ་བ་དང་འདུས་པ་ལ་སོགས་པ་རྣམས་ཀྱིས་རྒས་པར་མ་བྱས་པའི་སྐྱོན་མེད་པའོ། །ལྟུང་བྱེད་ལ་ སོགས་པའི་ལྟུང་བ་འབྲིང་པོ་རྣམས་ཀྱིས་མ་འདྲེས་པར་བྱས་པའི་ཕྱིར་འདྲེན་མར་མ་གྱུར་པའོ། །ཤིན་ཏུ་ཕྲན་ཚེགས་ཀྱི་ལྟུང་བ་རྣམས་ཀྱང་ལྷག་པར་མི་སྤྱོད་པའི་ཕྱིར་ཡོངས་སུ་རྫོགས་པའོ། །བཟོད་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་བསམ་པས་སོ། །ཞི་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་སྦྱོར་ བས་སོ། །བརྩོན་འགྲུས་བརྩམས་པ་ཞེས་བྱ་བ་ནི་སྨོན་ལམ་གྱིས་སོ། །སྙོམས་པ་མེད་པ་ཞེས་བྱ་བ་ནི་སྦྱོར་བ་བརྩམས་པས་སོ། །ལེ་ལོ་མེད་པ་ཞེས་བྱ་བ་ནི་སྦྱོར་བས་སོ། །མ་ཞུམ་པ་ཞེས་བྱ་བ་ནི་གོང་ནས་གོང་དུ་སྦྱོར་བ་རྒྱུན་མ་ཆད་པ་ཉིད་ཀྱིས་སོ། །བསམ་གཏན་ལ་དགའ་བ་ཞེས་བྱ་བ་ནི་དེ་གོམས་ པ་རབ་ཡིན་པའི་ཕྱིར་རོ། །བསམ་གཏན་ལ་མོས་པ་ཞེས་བྱ་བ་ནི་དེའི་ཡོན་ཏན་ཡང་དག་པར་བསྟན་པའི་ཕྱིར་རོ། །བསམ་གཏན་གྱི་སྟོབས་ཅན་ཞེས་བྱ་བ་ནི་འོག་མའི་ས་རྣམས་ལས་ལྡོག་པའི་ཕྱིར་རོ། །བསམ་གཏན་དང་ལྡན་པ་ཞེས་བྱ་བ་ནི་བསམ་གཏན་གྱི་བདེ་བ་མྱངས་པས་ཟིལ་གྱིས་མི་ ནོན་པའི་ཕྱིར་རོ། །བསམ་གཏན་ལ་གནས་པ་ཞེས་བྱ་བ་ནི་ཡོངས་སུ་མ་ཉམས་པ་ཉིད་ཀྱིས་སོ། །བསམ་གཏན་ལ་དབང་བ་ཞེས་བྱ་བ་ནི་བསྡུས་པ་དང་རྒྱས་པའི་རིམ་པས་དེ་སྙོམས་པར་ཞུགས་པ་ལ་མཁས་པའི་ཕྱིར་རོ། །རྗེས་སུ་འཇུག་ན་ཞེས་བྱ་བ་ནི་ཅི་ལྟར་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའི་དམིགས་པ་ལ་སེམས་རྩེ་གཅིག་པ་ཉིད་ཐོབ་པའི་ཕྱིར་རོ། །ཉན་ཐོས་ཀྱི་བསླབ་པ་ལ་མི་སློབ་ཅེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་སྤངས་ནས་བདག་གཅིག་པུ་དུལ་བ་དང་ཞི་བ་ཙམ་ལ་སློབ་པར་བྱེད་པ་ནི་ཉན་ཐོས་ཀྱི་བསླབ་པ་དགེ་སློང་གི་བསླབ་པ་ལ་ སོགས་པ་ནི་མ་ཡིན་ནོ། །སོ་སོར་ཐར་པའི་སྡོམ་པ་རིགས་བདུན་མེད་པར་བྱང་ཆུབ་སེམས་དཔའི་སྡོམ་པ་མི་སྐྱེ་བའི་ཕྱིར་རོ། །གསུངས་པའི་སྒྲུབ་པ་ལ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་པ་ཉིད་བསྟན་པའི་ཕྱིར་གསུངས་པ་ནི། དེ་ནས་སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ལ་སོགས་པས་སོ། ། བརྒྱ་བྱིན་གྱིས་བརྗོད་པའི་ལེའུ་ནི། བརྒྱ་བྱིན་གྱི་ལེའུ་སྟེ་ལེའུ་ཉི་ཤུ་རྩ་གསུམ་པའོ།། །།ཕན་ཡོན་བསྟན་པའི་རྗེས་ལ་བཅོམ་ལྡན་འདས་ཀྱིས་བདུད་ཀྱི་གཏམ་དང་བདུད་ཀྱི་ལས་ལས་ངེས་པར་འབྱུང་བའི་གཏམ་དང་ཅི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གྱི་གང་ཟག་རྣམས་ ཀྱི་ཉེ་བར་གནས་པར་བྱ་བ་དང་གང་ཞིག་ཡང་མཉམ་པ་ཉིད་ཀྱིས་བསྟན་པ་དེ་བྱས་པར་འགྱུར་ཞེས་གསུངས་པ་ནི། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་དུ་བྱེད་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལའོ། །སློབ་པ་ཞེས་བྱ་བ་ནི་ཡང་དང་ཡང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་དྲན་ པར་བྱེད་པའི་ཕྱིར་རོ། །སྒོམ་པ་ཞེས་བྱ་བ་ནི་བསླབ་པའི་རྗེས་ལ་རྣལ་འབྱོར་ལ་མངོན་པར་འདུ་མི་བྱེད་པར་འཇུག་པའི་ཕྱིར་རོ། །དམ་པའི་ཆོས་མ་ཡིན་པ་ཡོངས་སུ་འཛིན་པ་ཞེས་བྱ་བ་ནི་དངོས་པོར་ལྟ་བ་དང་དངོས་པོ་མེད་པར་ལྟ་བ་ལའོ། །སྦྱོར་བ་ལ་བརྟེན་པ་ཞེས་བྱ་བ་ནི་རྗེས་སུ་སྦྱོར་བའོ། ། ཅི་ལྟར་ཞེ་ན། གསུངས་པ་ནི། འདི་ནི་ཞེས་བྱ་བ་ལ་སོགས་པ་ནས་ཅི་སྲིད་བསམ་པ་ཡོངས་སུ་རྫོགས་པར་བྱེད་ཅེས་བྱ་བའོ། །དེ་ལྟར་འདིར་ཞེས་བྱ་བ་ལ་སོགས་པ་ནི་ཅི་ལྟར་མདོ་སྡེ་གཞན་དག་ཏུ་དེ་བཞིན་གཤེགས་པས་བཤད་པ་རིགས་པར་གྱུར་པ་དེ་ལྟར་འདིར་ཡོད་པ་མ་ཡིན་ ཞེས་བྱ་བའི་དོན་ཏོ། །གཏིང་ནི་རབ་ཏུ་གནས་པའོ། །རོ་ནི་འདོད་པའོ། །ཆུང་བ་ལ་སོགས་པ་ལུས་ཀྱི་བདེ་བ་འབྱུང་བ་རྣམ་པ་གསུམ་གྱིས་དགའ་བ་ཞེས་བྱ་བ་ལ་སོགས་པའོ། །ཡིད་ཀྱི་བདེ་བ་གསུམ་བསྐྱེད་པས་རབ་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་གསུམ་མོ། །སྦྱོར་བ་ལ་ སོགས་པ་རྣམས་ལ་གེགས་བྱེད་པའི་ནུས་པ་མེད་པའི་ཕྱིར་ཀུན་དུ་ཚིམ་པ་ཞེས་བྱ་བ་ལ་སོགས་པ་གསུམ་མོ། །མིང་ནས་སྨོས་པ་ཞེས་བྱ་བ་ནི་འདི་ལྟ་བུའི་མིང་དང་འདི་ལྟ་བུའི་རིགས་དང་འདི་ལྟ་བུའི་སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་ཕྱོགས་ཆེ་གེ་མོ་ན་བྱང་ཆུབ་སེམས་དཔའ་ཆེ་གེ་མོ་ ཡོད་ཅེས་བྱ་བ་གལ་ཏེ་འདི་འཇིག་རྟེན་ཡོངས་སུ་གྲགས་པར་བྱེད་པའོ། །ཞིག་པ་ཞེས་བྱ་བ་ནི་ཉེ་བར་བསགས་པའོ། །ལྷ་མ་ཡིན་གྱི་ཚོགས་ཞེས་བྱ་བ་ནི་སྤུངས་པ་རྣམས་སོ། །ནོན་པའི་རང་བཞིན་ཅན་ཞེས་བྱ་བ་ནི་ཟིལ་གྱིས་ནོན་པ་རྣམས་སོ། །རྗེས་སུ་བྱེད་པར་འགྱུར་ཞེས་བྱ་བ་ནི་ གདམས་ངག་དང་རྗེས་སུ་མཐུན་པར་རྗེས་སུ་འགྲུབ་པའི་ཕྱིར་རོ། །དེ་བཞིན་ཉིད་དུ་ཞེས་བྱ་བ་ནི་ཅི་ལྟ་བ་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་སོ་སོར་ཐོབ་པའི་དོན་དུའོ། །མི་འདོད་པ་ཞེས་བྱ་བ་ནི་ལུས་ཀྱི་སྡུག་བསྔལ་གྱི་ཚོར་བའི་རྒྱུ་ཡིན་པའི་ཕྱིར་རོ། །མི་སྡུག་པ་ནི་གཟུགས་ མི་སྡུག་པའི་ཕྱིར་རོ། །མི་དགའ་བ་ནི་མི་དགའ་བ་དང་ཡང་དག་པར་སྦྱོར་བས་སོ། །ཡིད་དུ་མི་འོང་བ་ནི་དགའ་བ་དང་མི་འཕྲད་པའི་ཕྱིར་རོ། །འཐབ་པར་བྱེད་པ་ཞེས་བྱ་བ་ནི་སྐྱེས་བུའི་ངག་ཡང་དག་པར་རྩོམ་པས་སོ། །རྩོད་པར་བྱེད་ཅེས་བྱ་བ་ནི་རྒྱལ་པོའི་ཕོ་བྲང་ལ་སོགས་པ་ལ་རྩོད་པ་ལ་ཞུགས་པས་ སོ། །འགྱེད་པར་བྱེད་པ་ནི་དབྱིག་པ་ལ་སོགས་པ་འཛིན་པས་སོ། །གཤེ་བ་ནི་ཚིག་གིས་ཟིལ་གྱིས་ནོན་པས་སོ། །གལ་ཏེ་དེ་ལྟར་བྱེད་པ་ནི་ཁྱེད་ནི་གསད་པར་བྱ་ཞེས་བྱ་བ་ལ་སོགས་པ་ངེས་པའི་ཕྱིར་སྤྲོ་བར་བྱེད་པའོ། །སྡང་བ་བསྐྱེད་པ་ནི་གནོད་པར་སེམས་པའོ། །འཁོན་དུ་འཛིན་ པ་ནི་ཞེ་སྡང་བསྐྱེད་པའོ། །གང་ལ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྤྱོད་པ་ལའོ། །ཅི་ལྟར་ཞེས་བྱ་བ་ནི་མི་དམིགས་པའི་སྦྱོར་བས་སོ། །དེ་ལྟར་སློབ་པས་ན་ཞེས་བྱ་བ་ནི་དྲན་པ་དང་ཤེས་བཞིན་དག་གིས་བག་མེད་པ་ཡོངས་སུ་སྤངས་པས་སོ། །གང་ཞིག་འདི་ཕྱིར་ མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་མངོན་པའི་ང་རྒྱལ་དེ་མཚོན་པར་བྱེད་པའི་ལེའུ་ནི་མངོན་པའི་ང་རྒྱལ་གྱི་ལེའུ་སྟེ་ལེའུ་ཉི་ཤུ་བཞི་པའོ།། །།ད་ནི་གང་ལ་བསླབས་ན་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས་ཞེས་གནས་བརྟན་རབ་འབྱོར་གྱི་དྲི་བའོ། །བཅོམ་ ལྡན་འདས་ཀྱི་ལན་ནི་རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། ཟད་པ་ཞེས་བྱ་བ་ནི་ཁྱད་པར་མེད་པའི་ཕྱིར་གཟུགས་ལ་སོགས་པའི་ཆོས་རྣམས་ཐམས་ཅད་ལའོ། །འདི་ནི་མཚན་མ་མེད་པ་ལ་བདུན་པ་སྟེ་གང་ཞིག་གཟུགས་ལ་སོགས་པའི་ཆོས་ རྣམས་ཀྱི་ཟད་པ་ལ་སློབ་པ་དེ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་ཅེས་བྱ་བའོ། །དེ་བཞིན་དུ་འབྱུང་བ་མེད་པ་དང་ནམ་མཁའ་དང་ནམ་མཁའི་དངོས་པོ་ཉིད་ཐོབ་པ་ལའོ། །ཆོས་ཀྱི་དབྱིངས་དང་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཐོབ་པ་ལའོ། །མྱ་ངན་ལས་འདས་པ་ལ་ནི་རྣམ་པ་ཐམས་ཅད་ དུ་གཟུགས་ལ་སོགས་པ་རྣམས་ཀྱི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ལ་སློབ་པོ། །ཅིའི་སླད་དུ་ཞེས་བྱ་བ་ནི་རབ་འབྱོར་གྱི་རྒྱུ་ལས་འདྲི་བའོ། །འདི་ནི་བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་ཅིའི་ཕྱིར་སློབ་པར་འགྱུར་ཞེས་ཟེར་བ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་དྲི་བ་རྗེས་སུ་བརྗོད་པ་ སྔོན་དུ་འགྲོ་བའམ་དེ་ཉིད་ཀྱི་རྒྱུ་སྦྱིན་པའི་དོན་དུ་དྲི་བའོ། །རབ་འབྱོར་ཅི་སྙམ་དུ་སེམས་ཞེས་བྱ་བ་སྟེ། ཟད་པ་ནི་ཟད་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་ཀུན་བརྟགས་དང་གཞན་དབང་དག་ལ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་གྱི་ཕྱིར་རྣམ་པ་གང་གིས་ཀྱང་གཞན་གྱིས་ ཉེ་བར་བརྟགས་པའི་ཟད་པ་ནི་མི་ཟད་པའོ། །སྐྱེ་བར་འགྱུར་བའམ་ཞེས་བྱ་བའི་ཚིག་ནི་འབྱུང་བ་མེད་པ་ལ་སོགས་པ་བཟློག་པ་ཤེས་པར་བྱའོ། །སྐྱེ་བ་ནི་རྣམ་པ་གཉིས་ཏེ། མངོན་པར་གསལ་བའི་མཚན་ཉིད་དང་སྐྱེ་བའི་མཚན་ཉིད་དུ་འགྱུར་ཞེས་གཉིས་གསུངས་པ་ནི་སྐྱེ་བར་འགྱུར་ བའམ་དངོས་པོར་འགྱུར་བའོ། །སྔར་ནི་ཀུན་ནས་ཉོན་མོངས་པའི་གཟུགས་ལ་སོགས་པ་ཡང་དག་པར་འབྱུང་བ་ལ་ཕྱིས་ནམ་མཁའི་དངོས་པོ་ཐོབ་པའམ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཐོབ་པར་འགྱུར་རོ། །སྔར་ཉིད་མི་འབྱུང་བའི་ཕྱིར་གསུངས་པ་ནི། དེ་ནི་མ་ལགས་སོ་ཞེས་བྱ་ བ་སྟེ། འདི་རྣམས་ཀྱི་བསླབ་པ་མཆོག་གསུངས་པ་ནི། རབ་འབྱོར་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་ཞེས་བྱ་བ་ནི་འཁོར་བར་ལྟུང་བའི་སེམས་ཅན་གྱི་ཁམས་ལ་གཟིགས་ནས་དེ་རྣམས་གདོན་པའི་དོན་དུ་རྡོ་རྗེ་ལྟ་བུའི་སེམས་མངོན་དུ་བྱས་པའི་ ཕྱིར་རོ། །རང་གི་སྤྱོད་ཡུལ་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པ་དང་རྗེས་སུ་མཐུན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལའོ། །མགོན་པོར་འགྱུར་བའི་ཆོས་ཞེས་བྱ་བ་ནི་མགོན་པོ་ཉིད་དུ་འགྱུར་བ་རྣམས་ལའོ། །སེམས་ཅན་གྱི་ཁམས་འབྲི་བར་མི་བྱའོ་ཞེས་བྱ་བ་ནི་སེམས་ཅན་ གྱི་ཁམས་དེ་ལ་དོན་དམ་པར་རང་བཞིན་མེད་པའི་ཕྱིར་དང་ཀུན་རྫོབ་ཏུ་མུ་མ་མཆིས་པའི་ཕྱིར་རོ། །གདུང་རྒྱུན་མི་འཆད་པར་བྱ་བ་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་བསླབ་པ་ལ་དེ་བཞིན་གཤེགས་པ་བརྒྱུད་པས་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །བདུད་རྩིའི་དབྱིངས་ཀྱི་སྒོ་དབྱེའོ་ ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཐབས་སོ། །རབ་འབྱོར་བསླབ་པ་འདི་ནི་ཞེས་བྱ་བ་ནི་དེ་མ་ཐག་པར་གསུངས་པའི་བསླབ་པའོ། །སེམས་སྟོབས་ཞན་པས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔས་སོ། །སློབ་མི་ནུས་ཞེས་བྱ་བ་སྟེ་དེ་བས་ན་བརྩོན་འགྲུས་དང་ལྡན་པར་འགྱུར་བར་ བྱ་ཞེས་བྱ་བའི་དོན་ཏོ། །མགོན་དུ་འདོད་པ་ཞེས་བྱ་བ་ནི་མགོན་པོ་ཉིད་དུ་འདོད་པའོ། །མངོན་པར་འཕགས་པ་ཞེས་བྱ་བ་ནི་མཆོག་ཉིད་དོ། །བྱ་རྣམས་གསད་པས་ན་བྱ་བའོ། །བྱ་རྣམས་བསད་ནས་འཚོ་བ་རྟག་པར་བྱ་ཞེས་བདག་ཏུ་བྱས་པས་སྡོམ་པ་མ་ཡིན་པ་སྐྱེས་པ་རྣམས་ སོ། །དེ་བཞིན་དུ་གཞན་ཡང་ཉ་པ་ནི་ཉ་ཤོར་བ་རྣམས་སོ། །ཤན་པ་ནི་ལུག་གསོད་པ་ལ་སོགས་པ་རྣམས་ཏེ། དེ་རྣམས་གསོད་པས་ན་ཤན་པ་རྣམས་སོ། །ལོང་བ་ནི་མིག་མེད་པའོ། །འོན་པ་ནི་རྣ་བས་མི་ཐོས་པའོ། །ཞར་བ་ནི་མིག་གཅིག་པའོ། །རྡུམ་པོ་ ནི་དཔུང་པ་འཁྱོག་པའོ། །སྒུར་པོ་ནི་རྒྱབ་བྱུང་བའོ། །ཞ་བོ་ནི་སོར་མོ་འཁུམས་པའོ། །གྲུམ་པོ་ནི་པུས་མོ་ཟུམ་པའོ། །འཐེང་པོ་ནི་འགྲོ་བ་མ་ཚང་བའོ། །ལྐུགས་པ་ནི་སྤོབས་པ་མེད་པའོ། །དིག་པ་ནི་ལྕེ་ལས་སུ་མི་རུང་བའོ། །རྣ་བ་མི་གསང་བ་ནི་སྒྲ་རིང་པོ་ནས་མི་ཐོས་ པའོ། །ཡན་ལག་ཉམས་པ་ནི་ཡན་ལག་སྣད་པའོ། །ཡན་ལག་མ་ཚང་བ་ནི་ཡན་ལག་མ་རྫོགས་པའོ། །ཡན་ལག་མི་སྡུག་པ་ནི་མི་དང་མི་འདྲ་བའི་ཡན་ལག་གོ། །སྟོབས་ཡོངས་སུ་དག་པར་འགྱུར་བ་ནི་ངེས་པར་འགྲུབ་པའོ། །དེ་དག་རྗེས་སུ་ཐོབ་པར་འགྱུར་ཞེས་བྱ་བ་ ནི་སྟོབས་ལ་སོགས་པའི་ཡོངས་སུ་དག་པ་མངོན་སུམ་དུ་ཐོབ་པར་འགྱུར་བའོ། །ཤེས་པར་བྱ་བའོ་ཞེས་བྱ་བ་དང་མཐོང་བར་བྱ་བའོ་ཞེས་བྱ་བ་སྟེ་གསུངས་པ་ཉིད་དཔེས་གསལ་བར་བྱེད་པ་ནི། འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། ས་ལེ་སྦྲམ་ནི་ ཁྱད་པར་ཅན་གྱི་གསེར་ཏེ་བ་ལང་དང་གླང་གི་རིགས་པས་ཁྱད་པར་མེད་པའི་གསེར་རོ། །བ་ཚ་ཅན་ནི་བ་ཚ་དང་བཅས་པའི་ས་ཡོད་པའོ། །གྲམ་པ་ནི་མཐོ་ཞིང་ཆུ་མེད་པའོ། །སྡོང་དུམ་ནི་ཤིང་སྐོམ་པོའི་དུམ་བུའོ། །ཚེར་མ་སྣ་ཚོགས་ནི་མ་ད་ན་སྟེ་མྱོས་བྱེད་ཀྱི་ཚེར་མ་ལ་སོགས་པའོ། ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འདི་ལས་བྱུང་བས་ན་དེ་ཐོབ་པར་འགྱུར་བའོ། །དེ་བཞིན་དུ་གཞན་ནོ། །ཐ་བ་ནི་དགེ་བའི་ལོ་ཏོག་བཙུགས་པ་དང་འགལ་བའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་སོ། །ཐེ་ཚོམ་ནི་བདེན་པ་དང་དཀོན་མཆོག་རྣམས་ལ་སོམ་ཉི་ཟ་བའོ། །ཕྲག་ དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་ལྷག་པར་ཁྲོ་བའོ། །ལྷག་མ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སོ། །དེ་ལྟར་ཞེས་བྱ་བ་ནི་ཚད་མེད་པའི་སེམས་ཅན་ལ་མཉམ་པ་ཉིད་དང་འགལ་བའི་ཐ་བ་ལ་སོགས་པ་སྤངས་པས་སོ། །ཡང་དག་པར་གཟུང་བ་ཞེས་བྱ་བ་ནི་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐམས་ཅད་ཡང་དག་པར་འཛིན་པའི་བདག་ཉིད་ཅན་གྱི་ཕྱིར་རོ། །ཡོངས་སུ་བཟུང་བ་ཞེས་བྱ་བ་ནི་བཏུས་ནས་སྙིང་པོ་བཟུང་བའི་ཕྱིར་རོ། །རྗེས་སུ་སོང་བ་ཞེས་བྱ་བ་ནི་སྟོང་པ་ཉིད་མཐོང་བས་སེར་སྣ་དང་ཁོང་ཁྲོ་བ་ལ་སོགས་པ་ཟིལ་གྱིས་གནོན་པའི་ཕྱིར་དང་འབད་པ་ མེད་པས་སྦྱིན་པ་ལ་སོགས་པ་འཇུག་པའི་ཕྱིར་རོ། །ནང་དུ་འདུས་པ་ཞེས་བྱ་བ་ནི་དོན་དམ་པར་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཉིད་ཀྱིས་གཞན་རྣམས་ཁོངས་སུ་བསྡུས་པའི་ཕྱིར་རོ། །འཇིག་ཚོགས་ལ་ལྟ་བའི་ནང་དུ་ལྟ་བ་དྲུག་ཅུ་རྩ་གཉིས་འདུས་པར་འགྱུར་ཞེས་བྱ་བ་སྟེ། འཇིག་ཚོགས་ཀྱི་ལྟ་བ་འདི་གང་ཞེ་ན། དམ་པ་མ་ཡིན་པའི་སྐྱེས་བུ་ལ་ཡང་དག་པར་བསྙེན་པ་ལ་བརྟེན་ནས་དམ་པའི་ཆོས་མ་ཐོས་པས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའམ། རང་བཞིན་ཅན་གྱི་དྲན་པ་ཉམས་པའམ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བདག་དང་བདག་གི་ཉིད་དུ་ཡང་དག་ པར་མཐོང་ཞིང་གང་ཞིག་ངེས་པའམ་མ་ངེས་པ་ཉོན་མོངས་པ་ཅན་གྱི་ཤེས་རབ་དེ་ནི་འཇིག་ཚོགས་ཀྱི་ལྟ་བའོ། །གཟུགས་ནི་བདག་གོ་ཞེའམ་བདག་ནི་གཟུགས་དང་ལྡན་ནོ་ཞེ་འམ། གཟུགས་བདག་གིའོ་ཞེའམ་བདག་གི་གཟུགས་སོ་ཞེས་བྱ་བ་དང་དེ་བཞིན་དུ་ཚོར་བ་ལ་སོགས་ པ་རྣམས་ལ་ཞེས་བྱ་བ་རྣམ་པ་ཉི་ཤུས་འཇིག་ཅིང་དེ་བས་ན་འཇིག་པའོ། །ཚོགས་ནི་ལུས་སོ། །འཇིག་ཅིང་ཚོགས་པས་ན་འཇིག་ཚོགས་སོ། །དེ་ལ་ལྟ་བ་ནི་འཇིག་པའི་བདག་ཉིད་ཅན་གྱི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་བདག་དང་བདག་གི་བར་བལྟ་བའོ། །ལྟ་བར་སོན་ པ་ཞེས་བྱ་བ་ནི་རྣམ་པ་དྲུག་ཅུ་རྩ་གཉིས་སོ། །ནང་དུ་འདུས་པ་ཞེས་བྱ་བ་ནི་ཁོངས་སུ་བསྡུས་པའོ། །དེ་རྣམས་ཀྱང་གང་ཡིན་ཞེ་ན། །འདིར་དགེ་སྦྱོང་དང་བྲམ་ཟེ་རྟག་པར་སྨྲ་བ་རྣམས་ཁ་ཅིག་བདག་དང་འཇིག་རྟེན་རྟག་པར་རབ་ཏུ་ཤེས་པར་བྱེད་པ་མིན་ཏེ་དེ་རྣམས་ཀྱང་དངོས་པོ་རྣམ་པ་བཞི་ པོ་དེ་ལ་རེ་ཞིག་ཁ་ཅིག་ནི་འཇིག་རྟེན་པའི་ལམ་གྱི་ཏིང་ངེ་འཛིན་རེག་པར་བྱེད་ཅིང་གཅིག་གམ་གཉིས་ནས་ཇི་སྲིད་དུ་དྲུག་ཅུ་པོ་སྐྱེ་བ་དང་འཇིག་པ་རྗེས་སུ་དྲན་པར་བྱེད་དོ། །སེམས་ཅན་རྣམས་ཀྱང་ཡང་དག་པར་རྒྱུ་ཞིང་འཁོར་བར་འཆི་འཕོ་བ་དང་སྐྱེ་བར་གྱུར་པ་རྗེས་སུ་དྲན་པར་བྱེད་ དོ། །དེ་རྣམས་ལ་འདས་པའི་འདུ་བྱེད་རྣམས་ལ་དྲན་པ་ཙམ་ལ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་རྣམས་ལ་འདུ་ཤེས་དང་། ཚོར་བའི་དབྱེ་བ་མཐོང་བ་རྣམས་ལ་རང་གི་མཚན་ཉིད་ཀྱི་དབྱེ་བ་དེའི་ལྟ་བ་ལ་སོན་པ་བདག་དང་འཇིག་རྟེན་ནི་རྟག་པ་ཞེས་སྐྱེ་བར་འགྱུར་རོ། །བུམ་པ་བཞིན་ དུ་གཞན་གྱིས་འཇིག་པ་མེད་པ་ཡིན་ཏེ། ཐེར་ཟུག་ཏུ་གནས་པ་རྣམ་པར་ཤེས་པ་བཞིན་དུ་རང་ཉིད་ཀྱིས་འཇིག་པ་མ་ཡིན་ནོ། །གཞན་ནི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་བདག་ཉིད་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་པར་བྱེད་པ་ནི་འདིར་བདག་གི་མིང་ནི་འདི་ཞེས་བྱ། རིགས་ནི་ འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་ཞིག་ཟ། ཚེ་ནི་འདི་སྲིད་ཅིག་གི་མཐར་ཐུག་པར་གནས། དེ་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་དང་ཞེས་བྱ་བ་ནི་རྣམ་པ་དང་བཅས་ངན་རྟགས་དང་བཅས་པ་སྐྱེ་བ་གཅིག་ནས་ཇི་སྲིད་སྐྱེ་བ་བརྒྱ་ཕྲག་དང་སྟོང་ཕྲག་ཀྱང་རྗེས་སུ་དྲན་པར་བྱེད་དེ། དེ་ལྟར་སྔ་མ་བཞིན་དུ་འཇིག་ པ་དང་སྐྱེ་བ་དག་རྗེས་སུ་དྲན་ཞིང་དེར་ཡང་འདི་ལྟར་འགྱུར་རོ། །བདག་དང་འཇིག་རྟེན་ནི་རྟག་པ་སྟེ་སྔ་མ་ནི་གཞན་རྣམས་ཀྱི་སྐྱེ་བ་རྗེས་སུ་དྲན་ནས་ལྟ་བ་སྐྱེད་པར་བྱེད་དེ་འདི་ནི་བདག་གི་ཞེས་བྱ་བ་བྱེ་བྲག་གོ། །གཞན་ནི་ལྷའི་མིག་བསྐྱེད་ནས་ལྷའི་ མིག་གིས་སེམས་ཅན་རྣམས་འཆི་འཕོ་བར་གྱུར་པ་དང་སྐྱེ་བར་གྱུར་པ་མཐོང་ཞིང་བདེ་འགྲོ་དང་ངན་འགྲོའི་འགྲོ་བ་ཡང་མཐོང་ངོ་། །དེ་ལ་ཡང་སྔ་མ་བཞིན་དུ་འདི་ལྟར་འགྱུར་ཏེ་བདག་དང་འཇིག་རྟེན་ནི་རྟག་པ་སྟེ། འདི་ལ་ལྷའི་མིག་གི་མངོན་པར་ཤེས་པས་ཡུལ་གྱི་ལྐོག་ཏུ་གྱུར་པ་ད་ལྟར་ བྱུང་བའི་དོན་མཐོང་ནས་ལྟ་བ་སྐྱེ་བ་ཞེས་བྱ་བ་སྔ་མ་དག་ལས་ཁྱད་པར་རོ། །གཞན་རྟོག་གེ་པ་དང་དཔྱད་པ་པ་རང་ཉིད་ཀྱིས་སྤོབས་པ་དང་ལྡན་པ་སོ་སོ་སྐྱེ་བོའི་ས་ལ་གནས་ཤིང་འདི་སྐད་སྨྲ་སྟེ། གང་ཞིག་ཡོད་པ་དེ་ན་ཡོད་པ་དང་གང་ཞིག་མེད་པ་དེ་ནི་མེད་པ་སྟེ། མེད་པ་ལ་འབྱུང་ བ་ཡོད་པ་མ་ཡིན་པ་དང་ཡོད་པ་ལ་འཇིག་པ་ཡོད་པ་མ་ཡིན་ནོ། །དེ་ནི་འདི་སྐད་སྨྲ་སྟེ། བདག་དང་འཇིག་རྟེན་ནི་རྟག་པ་སྟེ་ཞེས་བྱ་བའི་རྟག་པར་སྨྲ་བ་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པ་བཞིའོ། །མི་རྟག་པར་སྨྲ་བ་ནི་རྣམ་པ་གཉིས་ཏེ། གཅིག་ཏུ་ནི་འདུ་ཤེས་མེད་པའི་ལྷ་རྣམས་ལས་ འཆི་འཕོ་བ་འདི་ལྟར་ཁྱོད་འོངས་པ་མངོན་པར་ཤེས་པ་ཐོབ་ནས་སྔར་གྱི་འདུ་ཤེས་དྲན་པར་བྱེད་དེ། དེ་ཡང་འདི་ལྟར་འགྱུར་ཏེ་བདག་དང་འཇིག་རྟེན་ནི་མི་རྟག་པའོ། །གཞན་ནི་རྟོག་གེའི་སྟོབས་ཀྱིས་བདག་དང་འཇིག་རྟེན་ནི་མི་རྟག་པ་ཞེས་སྨྲའོ། །ད་ལྟར་ཉིད་དུ་སྐྱེས་པ་ཞེས་བྱ་བ་མི་རྟག་ པར་སྨྲ་བ་ནི་རྣམ་པ་གཉིས་སོ། །ཁ་ཅིག་རྟག་པར་སྨྲ་བ་རྣམ་པ་བཞི་སྟེ། སྐྱེས་པར་གྱུར་པའི་འཇིག་རྟེན་ལ་སེམས་ཅན་གཞན་འོད་གསལ་གྱི་ལྷ་ནས་འཆི་འཕོ་ནས་ཚངས་པའི་གཞལ་ཡས་ཁང་སྟོང་པར་སྐྱེ་བ་ཡིན་ཏེ། དེ་གཅིག་པུ་དུས་རིང་པོར་གནས་ཤིང་སེམས་ཅན་གཞན་དག་ཀྱང་ འདིར་སྐྱེ་བར་འགྱུར་བ་ཞེས་དེ་ལ་མི་དགའ་བ་སྐྱེ་བར་འགྱུར་རོ། །གཞན་དག་ཀྱང་དེ་ལས་ཤི་འཕོས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ་དེ་རྣམས་ལ་ཡང་འདི་ལྟར་འགྱུར་རོ། །འདི་ནི་ཐོག་མར་བདག་ཅག་གི་བྱེད་པ་པོ་ཞེས་འདི་ལྟར་འགྱུར་རོ། །དེ་རྣམས་དེ་ནས་ཡང་ཤི་འཕོས་ནས་འདི་ ལྟར་ཁྱོད་འོངས་པ་ཞེས་དེ་རྣམས་ལ་མངོན་པར་ཤེས་པ་ཐོབ་ནས་མཐོང་བ་རྣམས་ལ་ཚངས་པ་ནི་རྟག་གོ། །བདག་ཅག་ནི་མི་རྟག་པ་ཞེས་དེ་ལྟར་འགྱུར་རོ། །ཁ་ཅིག་ནི་དུས་རིང་པོར་རོལ་པའམ་རྩེ་དགའ་བའི་འདོད་པ་རྣམས་ལ་ཆགས་པར་འགྱུར་རོ། །དེ་རྣམས་དེ་ལས་ཤི་འཕོས་ནས་མངོན་ པར་ཤེས་པ་བསྐྱེད་ནས་མཐོང་ཞིང་འདི་ལྟ་བུའི་ལྟ་བ་ཅན་དུ་འགྱུར་རོ། །གང་དག་དུས་རིང་པོར་འདོད་པ་རྣམས་ལ་མི་ཆགས་པ་དེ་རྣམས་དེ་ཉིད་དུ་རྟག་པའོ། །དེ་བཞིན་དུ་ཡིད་ལ་སྨོད་པར་བྱེད་པ་རྣམས་ལས་ཕན་ཚུན་དུ་གནོད་སེམས་བསྐྱེད་ནས་འཆི་འཕོ་བ་འདི་ལྟར་འོངས་པ་སྔ་མ་བཞིན་དུ་འདི་ ལྟ་བུའི་ལྟ་བ་ཅན་དུ་འགྱུར་རོ། །གཞན་དག་རྟོག་གེའི་སྟོབས་ཀྱིས་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་མི་རྟག་པ་སྟེ། སེམས་སམ་ཡིད་དམ་རྣམ་པར་ཤེས་པ་ནི་རྟག་པ་ཞེས་འདི་སྐད་སྨྲའོ་ཞེས་བྱ་བ་བཞི་ནི་ཁ་ཅིག་ནི་རྟག་པར་སྨྲ་བ་པ་རྣམས་སོ། །མཐའ་ དང་མཐའ་མེད་པ་ཅན་རྣམ་པ་བཞི་སྟེ། གཅིག་ནི་བསམ་གཏན་ཆུང་ངུ་ལ་བརྟེན་ནས་འཇིག་རྟེན་གྱི་མཐའ་ཡང་དག་པར་ཚོལ་བར་གྱུར་པ་སྟེང་དང་འོག་དང་ལོགས་སུ་མཐའ་དང་བཅས་པའི་འཇིག་རྟེན་མཐོང་ངོ་། །དེ་ནི་མཐའ་དང་ལྡན་པ་ཞེས་སྨྲའོ། །གཞན་ནི་བསམ་གཏན་ཆེན་པོ་ལ་བརྟེན་ པས་སྟེང་དང་འོག་དང་ལོགས་སུ་མཐའ་མེད་པའི་འཇིག་རྟེན་མཐོང་ཞིང་མཐའ་མེད་པ་ཞེས་སྨྲའོ། །གཞན་དག་ནི་བསམ་གཏན་འབྲིང་ལ་བརྟེན་པས་གང་གི་ཚེ་མནར་མེད་པའི་འོག་ཏུ་ཕ་རོལ་དུ་དམིགས་པ་མེད་པ་བསམ་གཏན་བཞི་པ་ལས་སྟེང་གི་ཕྱོགས་སུ་དམིགས་པ་མེད་པ་ལོགས་སུ་ཡང་ ཐམས་ཅད་ཀྱི་ཕྱོགས་སུ་དམིགས་པ་དེའི་ཚེ་སྟེང་དང་འོག་ཏུ་མཐའི་འདུ་ཤེས་ཅན་ལ་ལོགས་སུ་ནི་མཐའ་མེད་པའི་འདུ་ཤེས་ཅན་ནོ། །གཞན་ནི་རྟོག་གེའི་སྟོབས་ཀྱིས་འཇིག་རྟེན་མཐའ་དང་ལྡན་པ་དང་མཐའ་མེད་པ་ཞེས་སྨྲའོ། །ཡང་ན་ཡི་གེ་སྣ་ཚོགས་པ་ལ་མངོན་པར་ཞེན་ནས་ལྟ་བ་ བཞི་པ་སྐྱེ་བ་ཡིན་གྱི། དོན་སྣ་ཚོགས་པ་ཉིད་ཅེས་བྱ་བའི་ཕྱོགས་གསུམ་པ་ནི་མ་ཡིན་ནོ་ཞེས་བྱ་བ་མཐའ་དང་མཐའ་མེད་པའི་ལྟ་བ་རྣམ་པ་བཞིའོ། །གཞན་རྣམ་པར་གཡེང་བ་སྨྲ་བ་རྣམ་པ་བཞི་སྟེ། འདིར་ཁ་ཅིག་དགེ་སྦྱོང་ངམ་བྲམ་ཟེ་རྣམས་བདག་ཅག་ལྷ་དང་རྣམ་པར་དག་པའི་ ལྷ་ཞེས་སོ་སོར་ཤེས་པ་ཡིན་ཏེ། གང་དུ་ལྷ་རྣམས་ཀྱི་དོན་དམ་པར་རྣམ་པར་དག་པའི་ལྷ་རྣམས་ཀྱི་དྲི་བ་དྲིས་པ་ལ་རྣམ་པར་གཡེང་བ་དེར་དེ་རྣམས་དྲི་བ་དྲིས་པ་ངག་གིས་རྣམ་པར་གཡེང་བ་ཐོབ་པར་འགྱུར་རོ། །གཞན་དག་ནི་གཞན་སོ་སོར་རྙེད་ པ་མ་ཡིན་ནོ། །དེས་ན་རྣམ་པར་གཡེང་བའི་ལྷ་ཞེས་བྱ་བར་བརྗོད་དོ། །དེ་ལ་ཁ་ཅིག་ནི་འདི་ལྟར་སོ་སོར་སློབ་པ་ཡིན་ཏེ། བདག་ནི་འདི་ཤེས་པ་ཡིན་ཏེ་འཇིག་རྟེན་ཕ་རོལ་ཅི་ཞིག་ཡོད་དམ་ཡང་ན་མེད་ཅེས་བྱ་བ་སྟེ། གལ་ཏེ་དེ་བདག་ཡོད་ཅེས་བྱ་བའམ་ཡང་ན་མེད་ཅེས་བྱ་བ་སྨྲ་བར་གྱུར་ ན་དེ་ནི་བདག་ལ་བརྫུན་དུ་སྨྲ་བར་འགྱུར་རོ། །དེ་དྲི་བ་དྲིས་པ་བརྫུན་དུ་སྨྲ་བའི་འཇིགས་པས་འཇིགས་པ་དང་མི་ཤེས་པ་སྲིད་པའི་འཇིགས་པས་འཇིགས་པ་བདག་ནི་མི་ཤེས་ཞེས་བྱ་བ་ནི་གསལ་བར་ལུང་བསྟན་པར་མི་འགྱུར་རོ། །དེ་ལྟ་ན་ཡང་དེ་ལྟར་ཡང་མ་ཡིན་པ་དང་གཞན་དུ་ཡང་ མ་ཡིན་ཞེས་བྱ་བ་ལ་སོགས་པའི་ངག་གིས་རྣམ་པར་གཡེང་བ་ཐོབ་པར་འགྱུར་རོ། །གཞན་ནི་འདི་ལྟར་སློབ་པར་འགྱུར་ཏེ། བདག་ནི་འདི་མི་ཤེས་པས་ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་ལས་རྣམས་ལ་འབྲས་བུ་རྣམ་པར་སྨིན་པ་ཅི་ཞིག་ཡོད་དམ་ཡང་ན་མེད་ཅེས་བྱ་བ་སྟེ། དེ་གཞན་དག་གིས་དྲིས་པ་རང་གི་རྟོགས་པ་ལ་མི་མཁས་པས་དྲི་བའི་འཇིགས་པས་འཇིགས་པ་དང་ལོག་པའི་ལྟ་བའི་འཇིགས་པས་འཇིགས་པ་གསལ་བར་ལུང་མི་སྟོན་ཏེ། དེ་ལྟར་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པའི་ངག་གིས་རྣམ་པར་གཡེང་བ་ཐོབ་པར་འགྱུར་རོ། །གསུམ་པ་ནི་འདི་ ལྟར་སློབ་པ་ཡིན་ཏེ། བདག་གིས་འདི་ནི་དགེ་བ་འདི་ནི་མི་དགེ་བ་ཞེས་བྱ་བ་འདི་ནི་མི་ཤེས་སོ། །གལ་ཏེ་དེ་འདི་ནི་དགེ་བ་འདི་ནི་མི་དགེ་བ་ཞེས་བྱ་བ་བདག་གིས་ཤེས་པ་འཇིག་རྟེན་དགེ་སྦྱོང་ངམ་བྲམ་ཟེ་མཁས་པ་དང་རྣོ་བ་ཕ་རོལ་སྨྲ་བ་རྣམས་ལ་འབིགས་པ་ཡོད་པ་ཡིན་ཏེ། དེ་རྣམས་ ཀྱི་དྲི་བར་གྱུར་པའི་བདག་ལ་སེམས་ཀྱིས་ཕོངས་པར་འགྱུར་རོ་ཞེས་བྱ་བའི་དྲི་བའི་འཇིགས་པས་འཇིགས་པ་སྔ་མ་བཞིན་དུ་ངག་གིས་རྣམ་པར་གཡེང་བ་ཐོབ་པར་འགྱུར་རོ། །མོ་མུ་ཧ་ཐམས་ཅད་ཀྱིས་ཐམས་ཅད་དུ་དེས་མངོན་པར་མཐོ་བའི་ལམ་མམ་ངེས་པར་ལེགས་པའི་ལམ་མམ་སྡུག་བསྔལ་ དང་ཀུན་འབྱུང་དེ་འགོག་པ་དང་ལམ་ལ་དྲིས་པ་ཡི་གེ་ཙམ་ལ་ཡང་མི་མཁས་པ་བདག་ནི་མོ་མུ་ཧ་ཞེས་བྱ་བ་གསལ་བར་ལུང་མི་སྟོན་ཏེ། གཞན་ལ་དྲིས་ནས་དེ་དང་རྗེས་སུ་སྒྲུབ་པ་ལས་སྔ་མ་བཞིན་དུ་ངག་གིས་རྣམ་པར་གཡེང་བ་ཐོབ་པར་འགྱུར་རོ། །གང་གི་ཕྱིར་ཕྱིར་རྒོལ་བ་འོངས་པ་ལ་འདི་ རྣམས་ལ་འདི་ལྟར་འགྱུར་ཏེ། དེར་བསྒྲུབ་པར་བྱ་བ་ལ་རྟོགས་པར་བྱ་ཞེས་འདི་ནི་འདིར་ལྟ་བར་འདུས་པར་རིག་པར་བྱའོ། །དེ་ལྟར་ལྟ་བ་འདི་རྣམས་བཅོ་བརྒྱད་དུ་འགྱུར་རོ། །གཞན་དག་སླར་དགེ་སྦྱོང་ངམ་བྲམ་ཟེ་རྣམས་ཕ་རོལ་དུ་ཤི་བ་བདག་ཉིད་འདུ་ཤེས་ཅན་ནད་མེད་པ་ཤི་ཕན་ཆད་ སྨྲ་བ་འདི་དག་དངོས་པོ་བཅུ་དྲུག་གིས་འདི་སྐད་སྨྲ་སྟེ། ཁ་ཅིག་ནི་བདག་རྟག་པ་སྟེ་ནད་མེད་པ་ཤི་ཕན་ཆད་འདུ་ཤེས་ཅན་དུ་སྨྲའོ། །དེ་བཞིན་དུ་བདག་མི་རྟག་པ་དང་རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང་། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་དང་། མཐའ་ཡོད་པ་ དང་མཐའ་མེད་པ་དང་། མཐའ་ཡོད་ཀྱང་ཡོད་ལ་མཐའ་མེད་ཀྱང་མེད་པ་དང་། མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་པའི་བདག་ཤི་ཕན་ཆད་འདུ་ཤེས་ཅན་དུ་སྨྲ་བར་བྱའོ། །དེ་བཞིན་དུ་རྟག་པའི་འདུ་ཤེས་ཅན་དང་སྣ་ཚོགས་པའི་འདུ་ཤེས་ཅན་དང་ཆུང་བའི་འདུ་ཤེས་ཅན་དང་མཐའ་མེད་ པའི་འདུ་ཤེས་ཅན་དང་མཐའ་གཅིག་ཏུ་བདེ་བ་ཅན་དང་། མཐའ་གཅིག་ཏུ་སྡུག་བསྔལ་ཅན་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་བདག་ནད་མེད་པ་ཤི་ཕན་ཆད་འདུ་ཤེས་ཅན་དུ་སྨྲ་བར་བྱའོ། །གལ་ཏེ་ཡང་དེ་རྣམས་ཕུང་པོ་ལྔ་དང་བཅས་པའི་བདག་འདོད་པ་ཡིན་ཏེ། དེ་དུས་ཐམས་ཅད་དུ་བདེ་བ་ཅན་དང་སྡུག་བསྔལ་ཅན་ཞེས་བྱ་བ་ལ་སོགས་པ་ཉམས་སུ་མྱོང་བ་དང་འགལ་བ་དེ་ལྟ་ན་ཡང་དེ་རྣམས་དེ་ཙམ་གྱི་ལྟ་བ་ཅན་ནོ། །གཞན་དག་བདག་ནི་འདུ་ཤེས་མེད་པ་དང་ནད་མེད་པ་ཤི་ཕན་ཆད་སྨྲ་སྟེ། དེ་དག་ཀྱང་དངོས་པོ་བརྒྱད་ཀྱིས་སྨྲ་སྟེ་བདག་ནི་རྟག་པ་ནད་ མེད་པ་ཤི་ཕན་ཆད་འདུ་ཤེས་ཅན་མ་ཡིན་ནོ། །དེ་བཞིན་དུ་ཅི་སྲིད་མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་པའི་བདག་ཤི་ཕན་ཆད་འདུ་ཤེས་ཅན་མ་ཡིན་པ་སྨྲ་བར་བྱའོ། །དེ་བཞིན་དུ་འདུ་ཤེས་ཡོད་མིན་མེད་མིན་དུ་སྨྲ་བ་རྣམས་ནི་རྣམ་པ་བརྒྱད་དེ། བདག་ནི་རྟག་པ་ཤི་ ཕན་ཆད་འདུ་ཤེས་ཡོད་མིན་མེད་མིན་ཅན་ཞེས་བྱ་བ་སྟེ་ཇི་སྲིད་དུ་བདག་མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་པ་ཤི་ཕན་ཆད་འདུ་ཤེས་ཡོད་མིན་མེད་མིན་ཞེས་བྱ་བ་སྟེ། དེ་ལྟར་རེ་ཞིག་ལྟ་བ་ལྔ་བཅུའོ། །ཆད་པར་སྨྲ་བ་རྣམས་ནི་རྣམ་པ་ བདུན་ཏེ། གཅིག་ནི་རེ་ཞིག་འདི་ལྟ་བུའི་ལྟ་བ་ཅན་དུ་འགྱུར་ཏེ། གང་ཞིག་བདག་འདི་གཟུགས་ཅན་དང་རྒྱ་ཆེ་བ་དང་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ་ཕ་དང་མ་དག་ལས་ཡང་དག་པར་སྐྱེས་པ་ཅི་སྲིད་དུ་གནས་པ་དེ་སྲིད་དུ་ནད་དང་བཅས་པ་འབྲས་དང་བཅས་པ་ཟུག་རྔུ་དང་ བཅས་པ་ལུས་དང་བྲལ་ནས་ཤི་འཕོས་ཏེ་འཇིག་པར་འགྱུར་རོ། །དེ་ཙམ་གྱིས་བདག་ཀུན་ནས་ཆད་པར་འགྱུར་རོ། །ཅི་ལྟར་གྱོ་མོག་ཆག་པ་སོ་སོར་འབྱར་བ་མ་ཡིན་པ་དང་རྡོ་བ་ཆག་པ་ལྟར་རོ། །གཞན་ཡང་བདག་ཡོད་དེ་གཟུགས་ཅན་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ ལྡན་པ་མཐོ་རིས་ནས་བྱུང་བ་འདོད་པ་ལ་སྤྱོད་པ་སྟེ། དེ་ལུས་དང་བྲལ་ནས་ཅི་སྲིད་ཀུན་ནས་ཆད་པར་འགྱུར་རོ། །དེ་བཞིན་དུ་མཐོ་རིས་ལས་བྱུང་བ་གཟུགས་ན་སྤྱོད་པའོ། །གཟུགས་མེད་པ་ནི་རྣམ་པ་བཞི་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་ནས། ཅི་སྲིད་འདུ་ཤེས་ མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་འགྲོ་བ་ཤི་ཕན་ཆད་ཀུན་ནས་ཆད་པར་འགྱུར་བ་ཞེས་བྱ་བ་ཆད་པའི་ལྟ་བ་ཅན་ནི་བདུན་ནོ། །མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་ནི་ལྔ་སྟེ། གཅིག་ནི་འདི་སྐད་སྨྲ་བར་འགྱུར་ཏེ་བདག་འདི་ནི་སེམས་མཐོང་བ་ཉིད་ཐོབ་པ་དང་རྣལ་འབྱོར་ལ་ དབང་ཐོབ་པ་དེ་ནི་དབང་ཕྱུག་ཉིད་དང་དབང་བ་ཉིད་ཐོབ་པ་ལྷའི་འདོད་པའི་ཡོན་ཏན་ལྔས་ཡང་དག་པར་བཏང་བ་ཀུན་ནས་རྗེས་སུ་ཡན་ལག་ཏུ་གྱུར་པ་རྩེ་ཞིང་དགའ་བ་དང་ཡོངས་སུ་སྤྱོད་ཅིང་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཐོབ་པའི་དག་པས་བདག་དག་པར་ཤེས་སོ། །གཞན་ནི་དབང་ཕྱུག་ ཉིད་དང་དབང་ཉིད་འདི་ཅི་ལྟ་བ་བཞིན་པ་མ་ཡིན་ཏེ་གང་གི་ཕྱིར་འདོད་པ་རྣམས་གཞན་དུ་འགྱུར་བ་དང་ཡོངས་སུ་འགྱུར་བ་དང་བྲལ་བས་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་སྐྱེ་བར་འགྱུར་བ་དེ་བས་ན་འདོད་པ་རྣམས་ཀྱིས་དབེན་པ་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་བསམ་གཏན་ དང་པོ་ལས་སྐྱེས་ནས་གནས་ཤིང་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཐོབ་པ་བདག་ཉིད་སེམས་པར་བྱེད་དེ། རྟོག་པ་དང་དཔྱོད་པ་ཡང་དག་པར་འབྱུང་བས་འདི་ཡང་རྒྱ་ཆེ་བ་སེམས་པར་བྱེད་ཅིང་རྟོག་པ་དང་བྲལ་ནས་དཔྱོད་པ་མེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ བསམ་གཏན་གཉིས་པ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་སེམས་པར་བྱེད་དེ། གཞན་ནི་འདི་ལ་ཡང་དགའ་བས་བྱས་པའི་སེམས་ཡངས་པ་ལས་རྒྱ་ཆེ་བ་ཉིད་སེམས་པར་བྱེད་ཅིང་དགའ་བའི་འདོད་ཆགས་དང་བྲལ་ནས། བདེ་བ་ལུས་ཀྱིས་མྱོང་བ་བཏང་སྙོམས་དང་དྲན་པ་ ཡོངས་སུ་དག་པའི་བསམ་གཏན་གསུམ་པ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ལ་སེམས་པར་བྱེད་དོ། །གཞན་འདི་ནི་བདེ་བ་ཞེས་བྱ་བ་སེམས་ཀྱི་འབད་པས་འདི་ཡང་རྒྱ་ཆེ་བ་སེམས་པར་བྱེད་ཅིང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་བསམ་གཏན་བཞི་པ་མཐོང་བའི་ཆོས་ ལ་མྱ་ངན་ལས་འདས་པ་ཅན་དུ་སྨྲའོ། །གལ་ཏེ་འདི་ཡང་གཟུགས་ཀྱི་འདོད་ཆགས་སྤངས་པས་དུས་དེ་སྲིད་བག་ལ་ཉལ་སྤངས་པ་ཡང་ཀུན་དུ་སྤྱོད་པས་ཁམས་གསུམ་ལས་མ་གྲོལ་བ་ཉིད་དེ། དེ་ལྟར་ན་ཡང་རེ་ཞིག་དེ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཐོབ་པས་བདག་ཉིད་གྲོལ་ བ་སེམས་པར་བྱེད་ཅེས་བྱ་བ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པའི་ལྟ་བ་རྣམས་ནི་ལྔའོ། །ཐམས་ཅད་གཅིག་ཏུ་བགྲང་བར་གྱུར་པས་ལྟ་བ་དྲུག་ཅུ་རྩ་གཉིས་སུ་མདོ་སྡེ་ཚངས་པའི་དྲ་བ་ལས་གསུངས་སོ། །འདི་རྣམས་འཇིག་ཚོགས་ཀྱི་ལྟ་བ་ལ་ཁོངས་སུ་བསྡུས་པ་སྟེ། ལྟ་བ་ གཞན་དག་ལ་དེ་རྩ་བར་གྱུར་པའི་ཕྱིར་རོ། །འདུས་པར་འགྱུར་ཏེ་ཞེས་བྱ་བ་ནི་སྲོག་གི་དབང་པོ་གནས་པས་བདག་གི་དངོས་པོ་གནས་པའི་ཕྱིར་རོ། །མི་ཤེས་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ལའོ། །མཆོག་ཏུ་ཞེས་བྱ་བ་ནི་ཅི་ལྟར་གསུངས་པའི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བས་མཆོག་ཉིད་ལའོ། །བསོད་ནམས་ཀྱི་མཆོག་ཉིད་ནི་བསོད་ནམས་ཀྱི་མཆོག་གོ། །དེ་ཉིད་བསྟན་པར་བྱེད་པ་ནི་ཅི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་སྟེ། སེ་གོལ་གཏོགས་པ་སྲིད་ནི་སེ་གོལ་ཉུང་ཟད་གཏོགས་པའོ། །བླ་ན་མེད་པ་ཞེས་བྱ་བ་ནི་ཆོས་ ཀྱི་སྐུ་ཐོབ་པའི་ཕྱིར་རོ། །མགོན་དུ་འགྱུར་བར་འདོད་པ་ནི་ལོངས་སྤྱོད་དང་སྤྲུལ་པའི་སྐུ་བརྙེས་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཆོས་ཚང་བའོ། །ཁྱུ་མཆོག་ནི་དབང་དུ་བསྒྱུར་བའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །རྣམ་པར་རོལ་པ་ནི་རྣམ་པ་མང་བའི་རྫུ་ འཕྲུལ་གྱི་ཆོ་འཕྲུལ་རྣམས་སོ། །སངས་རྒྱས་ཀྱི་སེང་གེའི་སྒྲ་ཞེས་བྱ་བ་ནི་བདག་ཉིད་གཅིག་པུ་འགྲོ་བ་ལ་བདག་མེད་པར་སྨྲ་བ་དང་སྟོན་པ་ཞེས་བྱ་བ་ལ་སོགས་པ་སེང་གེའི་སྒྲ་རྣམས་ཏེ་མུ་སྟེགས་པ་ལ་སོགས་པ་སྐྲག་པར་བྱེད་པའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་ཕུན་སུམ་ཚོགས་པ་ནི་འཕགས་ པའི་དགེ་འདུན་གཉིས་ལ་བདག་པོར་བྱེད་པ་ཉིད་དོ། །ཆོས་ཀྱི་གཏམ་ནི་རྒྱས་པར་ཆོས་རྣམས་བསྟན་པའོ། །ཕུན་སུམ་ཚོགས་པ་ནི་ལྷག་པའི་ཚུལ་ཁྲིམས་ལ་སོགས་པའི་དབྱེ་བས་ཐ་དད་དུ་བྱས་པའི་རྒྱུའི་ཕུན་སུམ་ཚོགས་པའོ། །གནས་པར་བྱའོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་ པ་ལ་སྨོན་ལམ་གྱིས་སོ། །ཡོད་པར་འགྱུར་རོ་ཞེས་བྱ་བ་ནི་དངོས་སུ་དེའི་མྱ་ངན་ལས་འདས་པ་ལ་ཞུགས་པས་སོ། །རྣམ་པར་དཔྱོད་པར་བྱེད་པ་ནི་ཡོངས་སུ་ཤེས་པའི་ཕྱིར་རོ། །གནས་པར་མི་བྱེད་པ་ནི་དེ་རྣམས་ལ་མི་གནས་པའི་ཕྱིར་རོ། །དེ་སྟེ་འདི་ཡང་ཞེས་བྱ་བ་དང་ཡང་དག་པར་མི་ ཤེས་པ་དང་འདི་ནི་ཞེས་བྱ་བ་ལ་སོགས་པ་སྒྲའི་མཐའ་ཁོ་ནའོ། །དེ་ལྟར་ཡང་ཞེས་བྱ་བ་ནི་རྣམ་པ་གསུམ་པོ་འདི་ཉིད་རྣམས་ཀྱིས་སོ། །གལ་ཏེ་དེ་ལྟར་སྤྱོད་ན་ཞེས་བྱ་བ་ནི་དེ་ལྟར་ཡང་དག་པར་ཤེས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་ཞིང་དེའི་མཚན་མ་མི་འཛིན་པའི་སྦྱོར་བས་སོ། །བསླབ་པ་རྗོད་ པར་བྱེད་པའི་ལེའུ་ནི་བསླབ་པའི་ལེའུ་སྟེ་ལེའུ་ཉི་ཤུ་རྩ་ལྔ་པའོ།། །།ད་ནི་དང་བའི་ཁྱད་པར་ཡང་དག་པར་སྐྱེས་པའི་བརྒྱ་བྱིན་སྤྱོད་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཟིལ་གྱིས་གནོན་པ་བསྟན་པར་བྱེད་པ་ནི། སྤྱོད་པ་ཉིད་ཀྱིས་ཀྱང་ཞེས་བྱ་བ་སྟེ། སྤྱོད་པའི་ མཚན་མ་ལ་ཡང་མི་ལེན་པ་ལ་སྤྱོད་ཅིང་ཟིལ་གྱིས་གནོན་ན་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཁྱད་པར་ལས་དང་ཡེ་ཤེས་ཀྱི་ཁྱད་པར་ལས་དང་སྤྱོད་པའི་ཁྱད་པར་ལས་སོ། །རྙེད་པ་ནི་མི་ཁོམ་པ་བརྒྱད་སྤངས་པའི་མི་ལ་སོགས་པ་རྣམས་སོ། །ལེགས་པར་རྙེད་པ་ནི་ལེགས་པར་ཉེ་བར་མཁོ་བའི་ཕྱིར་རོ། །སེམས་ འཇུག་པ་ནི་འགྲོ་བ་དང་རབ་ཏུ་དང་བར་གྱུར་པ་ཞེས་བྱ་བའི་དོན་ཏོ། །སེམས་བསྐྱེད་པ་ཞེས་བྱ་བ་ནི་ཀྱེ་མ་བདག་འདི་ལ་གཏོགས་པར་གྱུར་ཅིག་ཅེས་བྱ་བའོ། །སེམས་ཅན་དམ་པ་ཞེས་བྱ་བ་ནི་འཇུག་པའི་དུས་སུ་བརྩོན་འགྲུས་ཆེན་པོ་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །ད་ནི་བྱང་ཆུབ་སེམས་ དཔའ་རྣམས་ལ་འདོད་པའི་དོན་སྒྲུབ་པའི་ཕྱིར་བརྒྱ་བྱིན་གྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ཏེ། དེའི་དོན་དུ་དེ་ལ་ཡོངས་སུ་སྔོ་བར་བྱེད་ཅེས་བྱ་བ་བསྟན་ཅིང་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཁྱེར་བར་གྱུར་པ་ཞེས་བྱ་བ་ནི་བྱ་བར་འགྱུར་བ་རྣམས་སོ། ། ཕ་རོལ་གྱི་འགྲམ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལའོ། །མཉམ་པར་གཞག་པ་ནི་སྐྱོན་དང་བྲལ་བའོ། །སེམས་བསྐྱེད་པ་དེ་རྣམས་འབྱོར་པར་གྱུར་ཅིག་ཅེས་བྱ་བ་གཞན་དང་འབྲེལ་ཏོ། །འཚལ་བ་ཞེས་བྱ་བ་ནི་འདུན་པའི་དུས་སུ་དགའ་བ་བསྐྱེད་པའི་ཕྱིར་རོ། །ཡོངས་སུ་ བསམ་པ་དང་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ལ་སྦྱར་བའི་དུས་སུ་ཡང་དང་ཡང་དུ་བསྐྱེད་པའི་ཕྱིར་རོ། །ཡོངས་སུ་བཟུང་བ་ནི་སླར་ཡོངས་སུ་མི་འདོར་བའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་ཞེས་བྱ་བ་འདི་ནི་མདོར་བསྟན་པའོ། །འདིའི་རྒྱས་པར་བཤད་པ་ནི་ཚིག་གསུམ་གྱིས་སོ། །ཀུན་ རྫོབ་དང་དོན་དམ་པའི་རྣམ་པ་རྣམས་ཀྱིས་ཆོས་ཐམས་ཅད་མཁྱེན་པ་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་གཞན་གྱི་གདམས་ངག་ལ་མ་ལྟོས་པའོ། །སྐྱེ་བ་ཐ་མ་ལ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མངོན་དུ་བྱས་པས་རང་འབྱུང་ཉིད་དོ། །སྐྱེས་པའི་སངས་རྒྱས་ཀྱི་ནི་ཆོས་རྣམས་ལ་སླར་མི་ལྡོག་ པའི་ཕྱིར་མི་འཕྲོགས་པའི་ཆོས་ཉིད་དོ། །ཅི་ཞིག་ཁྱོད་ལ་ཡིད་བཞིན་གྱི་ནོར་བུ་ལྟར་བསམས་པའི་དོན་ཐམས་ཅད་སྒྲུབ་པར་བྱེད་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་མཆོད་པ་དང་ཡོངས་སུ་བསྔོ་བའི་དབང་གིས་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ལ་འབྱུང་བར་འགྱུར་ཞེས་གསུངས་ པ་ནི་བཅོམ་ལྡན་འདས་བདག་ནི་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས་པ་དང་དོན་དུ་གཉེར་བ་ལ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྟེན་པའི་ཕྱིར་མཆོག་ཏུ་གཞན་དོན་དུ་ཡོངས་སུ་བསྔོ་བ་དེའི་ཕྱིར་བདག་གིས་འདི་ལྟར་དེ་བཞིན་གཤེགས་ པའི་མཆོད་པ་དང་ཡོངས་སུ་བསྔོ་བར་བྱའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཅི་ལྟར་གསུངས་པའི་སེམས་ལྡོག་པར་དོགས་པས་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོ་ཉན་ཐོས་ཀྱི་བྱང་ཆུབ་ལ་སོགས་པ་འདོད་པས་ལྡོག་པ་དགག་པར་བྱེད་པ་ནི། བཅོམ་ ལྡན་འདས་བདག་ནི་ཞེས་བྱ་བ་སྟེ། སླར་མྱ་ངན་ལས་འདས་པ་ཙམ་དོན་དུ་མི་གཉེར་བ་རྣམས་ལ་རྫོགས་པའི་བྱང་ཆུབ་ལས་ལྡོག་པ་དགག་པར་གསུངས་པ་ནི། བཅོམ་ལྡན་འདས་བདག་ནི་མི་སྐྱེ་ཞེས་བྱ་བའོ། །མི་ལྡོག་པ་གཅིག་པུར་མ་ཟད་ཀྱི་འོན་ཀྱང་ཕལ་ཆེར་འཇུག་པ་ཉིད་ཅེས་གསུངས་ པ་ནི། རྒྱ་ཆེར་ཞེས་བྱ་བ་སྟེ། དོན་དུ་འཚལ་བ་ཞེས་བྱ་བ་ནི་བླ་ན་མེད་པའི་བདེ་བ་ལ་སོ་སོར་གནས་པར་བྱེད་པའི་ཕྱིར་རོ། །སྨན་པར་འཚལ་བ་ནི་ཆགས་པ་དང་ལེ་ལོ་ལ་སོགས་པས་ཉེ་བར་གདུངས་པ་རྣམས་ལ་སྦྱིན་པ་ལ་སོགས་པ་ལ་སོ་སོར་གནས་པར་བྱེད་པའི་ཕྱིར་རོ། །སེམས་བསྐྱེད་ པའི་ཁྱད་པར་རྣམས་བསྟན་པར་བྱེད་པ་ནི། འདི་ལྟ་བུ་འདི་དག་དང་ལྡན་ཏེ་ཞེས་བྱ་བ་སྟེ། འདི་དག་ཅེས་བྱ་བ་ནི་མདོ་ལས་འབྱུང་བ་བསྟན་པའོ། །རྒལ་བ་ནི་ཁམས་གསུམ་པའི་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །གྲོལ་བ་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་སྤངས་པའི་ཕྱིར་རོ། །དབུགས་ དབྱུང་བ་ནི་བདེ་བའི་འགྲོ་བ་ལ་འགྲོ་བའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་འདས་པ་ནི་སླར་མི་ལྡོག་པའི་ཕྱིར་རོ། །དེ་བས་ན་འདིར་བྱང་ཆུབ་སེམས་དཔའི་སེམས་ལ་སོགས་པ་རྗེས་སུ་ཡི་རང་བ་ལ་སེམས་ཅན་རྣམས་ལ་འཇུག་པའི་དོན་དུ་གསུངས་པ་ནི། བཅོམ་ལྡན་འདས་གང་ཞེས་བྱ་བ་ལ་ སོགས་པ་སྟེ། ཐེག་པ་ལ་དང་པོར་ཞུགས་པ་ནི་མོས་པས་སྤྱོད་པའི་ས་ལའོ། །རབ་ཏུ་དགའ་བ་ལ་སོགས་པའི་ས་བདུན་རྣམས་ལ་སྤྱོད་པ་ལ་ཞུགས་པའོ། །ཕྱིར་མི་ལྡོག་པ་ནི་མི་གཡོ་བ་ལ་སོགས་པའི་ས་གསུམ་རྣམས་ལའོ། །སྐྱེ་བ་གཅིག་གིས་ཐོགས་པ་ནི་དེ་མ་ཐག་པའི་སྐྱེ་བ་ལ་ སངས་རྒྱས་འབྱུང་བ་རྣམས་སོ། །ཆོས་ཉིད་ནི་ཆོས་ཀྱི་ཚོགས་སམ་ངོ་བོ་ཉིད་དོ། །སྲང་གྲངས་སུ་ཞེས་བྱ་བ་ནི་སྲང་གི་ཚོགས་ཀྱིས་ཏེ་སྲང་འདི་ཙམ་ཞེས་བྱ་བའོ། །བཀའ་ལ་གྲངས་ཀྱི་སྒྲ་ནི་ཚོགས་ལ་ཡང་འཇུག་སྟེ། དཔེར་ན་ཞབས་འབྲིང་བ་དང་སྟོབས་ཀྱི་གྲངས་ཞེས་བྱ་བའོ། །གྲངས་ཀྱི་སྒྲ་ནི་ ཚོགས་དང་དམིགས་པ་ལ་ཡང་མཐོང་ཞེས་བྱ་བ་རྣམ་པར་བཤད་པའི་རིགས་པ་ལས་ཀྱང་མཐོང་ངོ་། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཡོད་པ་ལ་བསོད་ནམས་ཆེན་པོ་གཞལ་དུ་མེད་པ་སྟེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་དམིགས་པ་མེད་པའི་འབྲས་བུ་ཉིད་ཀྱིས་གཞལ་དུ་ མེད་པའི་ཕྱིར་རོ། །དེ་བས་ན་དེ་ལྟ་བུའི་རྗེས་སུ་ཡི་རང་བའི་ཡིད་ལ་བྱེད་པ་མཆོག་ཏུ་བསོད་ནམས་སྐྱེ་བའི་རྒྱུ་དོན་ཆེན་པོ་འདི་ལ་མི་ཉན་པ་ལ་སོགས་པ་བག་མེད་པ་བདུད་ཀྱིས་བྱིན་གྱིས་བརླབས་པ་ཉིད་ཀྱིས་ཞེས་གསུངས་པ་ནི། བདུད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། བདུད་ཀྱིས་བྱིན་གྱིས་བརླབས་ པ་ཞེས་བྱ་བ་ནི་ཐབས་ཆེན་པོས་བདུད་ཀྱིས་སྤྲོ་བ་མེད་པར་བྱས་པ་རྣམས་སོ། །མི་ཉན་པ་ནི་སྒྲས་སོ། །མ་འཚལ་བ་ནི་དོན་གྱིས་སོ། །མ་མཐོང་བ་ནི་གུས་པས་སོ། །རྗེས་སུ་ཡི་རང་བར་མི་སེམས་པ་ནི་མངོན་དུ་ཕྱོགས་པར་བྱེད་པ་མ་ཡིན་ནོ། །བདུད་ཀྱི་ཕྱོགས་སུ་འབྱུང་བས་བདུད་ཀྱི་ཕྱོགས་ པ་སྟེ། དེ་བཞིན་དུ་སེམས་ཅན་གྱི་དོན་ཆེན་པོ་ལས་ཉམས་པར་བྱེད་པའི་ཕྱིར་རོ། །བདུད་ཀྱི་གནས་ནས་ཤི་འཕོས་པ་ཞེས་བྱ་བ་ནི་བདུད་ཉིད་དེ་རྣམས་ཀྱི་ཡོངས་སུ་དག་པའི་བསོད་ནམས་ལ་རྣམ་པར་སྡང་བའི་བག་མེད་པ་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །མངོན་པར་སྒྲུབ་པ་ཞེས་བྱ་བ་ ནི་སྒྲུབ་པ་རྣམས་སོ། །གང་གིས་ཤེ་ན་གསུངས་པ་ནི། གང་གིས་ཞེས་བྱ་བ་ལ་སོགས་པ་སྟེ། ཡོངས་སུ་བསྔོས་པ་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བར་བྱས་པའོ། །རྗེས་སུ་ཡི་རང་བར་བགྱིས་པ་ཞེས་བྱ་བ་ནི་གཅིག་ཏུ་ཞེས་བྱ་བའི་ལྷག་མའོ། །དེ་རྣམས་ཀྱིས་ཅི་ཞིག་བྱ་ཞེ་ན། གསུངས་ པ་ནི། རྗེས་སུ་ཡི་རང་བར་བགྱིའོ་ཞེས་བྱ་བ་སྟེ། གང་གིས་ཤེ་ན། གསུངས་པ་ནི། གང་དག་གིས་ཞེས་བྱ་བ་ལ་སོགས་པ་སྟེ། བརྒྱ་བྱིན་ནི་གང་དག་གིས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་ཚིག་རྗེས་སུ་བརྗོད་ནས། དེ་ལྟར་དེ་དག་གིས་ཞེས་བྱ་བ་ལ་སོགས་པས་ རྗེས་སུ་ཡི་རང་བ་དང་ཕན་ཡོན་གསུངས་པ་ནི། གང་དག་གིས་ཞེས་བྱ་བ་ལ་སོགས་པས་སོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཁྱད་པར་མེད་པས་གལ་ཏེ་ཡང་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའི་ཕྱིར་སེམས་བསྐྱེད་པ་དེ་ལྟ་ན་ཡང་སྐལ་བ་ཅི་ལྟ་བར་འབྲས་བུ་རྗེས་སུ་འབྲེལ་ བ་དེའི་ཕྱིར་གྲོལ་བར་བྱ་བའི་སེམས་ཅན་རྣམས་ཀྱི་བསོད་ནམས་ལ་ལྟོས་པ་ཉིད་ཀྱིས་དོན་གྱི་བྱ་བ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་དང་རྗེས་སུ་ཡི་རང་བའི་ཤུགས་ཀྱིས་སེམས་ཅན་རྣམས་ཀྱི་བསོད་ནམས་ལ་ཡང་རྗེས་སུ་ཡི་རང་བར་འགྱུར་ཏེ། རྗེས་སུ་ཡི་རང་བར་བྱེད་པ་ལ་ཡང་བྱེད་པ་པོ་ལྟར་འབྲས་བུ་ཐོབ་པའི་ཕྱིར་རོ། །རྗེས་སུ་ཡི་རང་བ་གཅིག་པུར་མ་ཟད་ཀྱི་རང་གི་རྒྱུད་ལས་བསྐྱེད་པ་དང་མངོན་པར་གྲུབ་པར་འགྱུར་ཞེས་བྱ་བའོ། །སེམས་བསྐྱེད་པ་ལ་སོགས་པ་འདི་ཐམས་ཅད་རྫོགས་པའི་བྱང་ཆུབ་རྟོགས་པ་འབྱུང་བ་ལ་ འབྲས་བུ་དང་བཅས་པར་འགྱུར་རོ། །དེ་ཉིད་ནི་ཡོད་པ་མ་ཡིན་ཏེ། ལོག་པར་སྣང་བའི་ངོ་བོ་ཡིན་པའི་ཕྱིར་རོ། །སྒྱུ་མ་ལྟ་བུའི་སེམས་མེད་པས་ཅི་ལྟར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བའི་བསམ་པས་རབ་འབྱོར་གྱིས་འདྲི་བར་བྱེད་པ་ནི། ཅི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། སྒྱུ་མ་མཁན་པོས་སྤྲུལ་པའི་གླང་པོ་ཆེ་ལ་སོགས་པ་ནི་སྒྱུ་མའོ། །དེ་བཞིན་དུ་གཞན་ཡང་གང་ཞིག་སྣང་བ་ཡོད་པ་མ་ཡིན་པ་དེ་ནི་སྒྱུ་མ་ལྟ་བུའོ། །འདི་ཅི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་སྟེ། དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་སེམས་སྒྱུ་མ་ལྟ་བུ་ཡིན་ན་བྱང་ཆུབ་ནི་སྒྱུ་མ་ལྟ་བུར་མི་འགྱུར་ རོ། །དེ་ལྟར་འབྱུང་བར་བརྒལ་བར་འགྱུར་ཏེ་གང་གི་ཕྱིར་སེམས་དང་བྱང་ཆུབ་གཉིས་ཀྱང་སྒྱུ་མ་ལྟ་བུ་སྟེ་དེའི་ཕྱིར་བརྒལ་བ་མེད་ཅེས་བྱ་བ་སྐབས་ཀྱི་དོན་ཏོ། །དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་མེད་པའི་ཕྱིར་ཞེས་བྱ་བའི་དགོངས་པའོ། །གཞན་ན་ཞེས་བྱ་བ་ནི་གཞན་ནོ། །དེ་ནི་མ་ལགས་ཏེ་ཞེས་བྱ་ བ་ནི་དེ་ཡང་ཤིན་ཏུ་མེད་པའི་ཕྱིར་རོ། །འདི་ཉིད་གསལ་བར་བྱེད་པ་ནི། བདག་གིས་ཞེས་བྱ་བ་ལ་སོགས་པ་དང་། ཆོས་གང་ཞིག་བརྗོད་པར་བགྱི་བ་དང་མཆིས་པའོ་ཞེའམ། མ་མཆིས་པའོ་ཞེས་བྱ་བ་སྟེ་གང་ཞིག་ཀུན་བརྟགས་ཀྱི་ཆོས་དེ་སྒྱུ་མ་ལྟ་བུའི་ཕྱིར་སྒྱུ་མ་ བཞིན་དུ་ཡོད་པ་དང་མེད་པ་ཞེས་བརྗོད་པར་མི་ནུས་ཞེས་བྱ་བའི་དགོངས་པའོ། །འོ་ན་ཀུན་བརྟགས་ཀྱི་ངོ་བོ་ཉིད་ཀྱིས་དབེན་པ་ཡོངས་སུ་གྲུབ་པའི་ཆོས་མཆིས་པའོ་ཞེས་བྱ་བའམ་མ་མཆིས་པའོ་ཞེས་བྱ་བ་བརྗོད་པར་ནུས་ཞེས་གསུངས་པ་ནི་ཆོས་གང་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ་ ཆོས་གང་ཡང་ཡོངས་སུ་གྲུབ་པ་དེ་ཡང་རྣམ་པ་ཐམས་ཅད་ཀྱིས་དབེན་པའི་ཕྱིར་ཡོད་པའོ་ཞེས་བརྗོད་པར་མི་ནུས་སོ། །བརྗོད་དུ་མེད་པ་རྣམ་པར་དབེན་པའི་ངོ་བོ་ཡོད་པའི་ཕྱིར་མེད་ཅེས་བྱ་བ་ཡང་བརྗོད་པར་མི་ནུས་སོ། །ཆོས་གང་ཤིན་ཏུ་དབེན་པ་ཞེས་བྱ་བ་ནི་དྲི་མ་དང་བཅས་པའི་ གནས་སྐབས་ལ་ཡང་ནམ་མཁའ་བཞིན་དུ་རང་བཞིན་གྱིས་དབེན་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་དེ་དེ་མེད་པ་ཉིད་ཀྱིས་རྣམ་པར་བྱང་བ་ཡང་ཡོད་པ་མ་ཡིན་ནོ། །དེ་བས་ན་ཅི་ལྟར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བའོ། །ཆོས་མ་མཆིས་པ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་ པའི་ངོ་བོ་ཉིད་དོ། །དེ་ཡང་ཡོད་པའི་ཆོས་ཐམས་ཅད་ལས་འདས་པའི་ཕྱིར་མ་མཆིས་པའི་ཆོས་ཞེས་བརྗོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པ་ལགས་ལ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །བསྒོམ་པར་བགྱི་བ་མ་ལགས་ཏེ་ཞེས་བྱ་བ་ནི་བསྒོམ་པ་ནི་ གོམས་པར་བྱེད་པའོ། །དེ་རང་བཞིན་ཉིད་ཀྱིས་ཤིན་ཏུ་དབེན་པ་ལ་རིགས་པ་མ་ཡིན་ནོ། །ཆོས་གང་ཡང་ཐོབ་པར་བགྱིད་པའམ་ཞེས་བྱ་བ་ནི་བྱང་ཆུབ་ལ་ཡང་འདྲེན་པ་པོ་མ་ཡིན་ཏེ་རྒྱུན་དུ་གནས་པའི་ཕྱིར་སྤོང་བར་བགྱིད་པ་མ་ལགས་ཏེ་རང་བཞིན་གྱིས་དབེན་པ་ཉིད་ཀྱི་ཕྱིར་ ཞེས་བྱ་བ་བསམ་པར་བྱེད་དོ། །བཅོམ་ལྡན་འདས་ཅི་ལྟར་དབེན་པས་དབེན་པ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བ་སྟེ། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་དབེན་པ་ཡིན་ན་ཅི་ལྟར་རྫོགས་པའི་བྱང་ཆུབ་དབེན་པ་ལ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མངོན་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་ཞེས་དྲི་བར་བྱེད་པ་ནི་ལེགས་སོ་ལེགས་སོ་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་འདི་གསུངས་པ་སྟེ། གལ་ཏེ་གཅིག་དབེན་པ་དང་གཞན་དབེན་པ་མ་ཡིན་པར་འགྱུར་ན་དེ་ལྟར་ན་རིགས་པ་མ་ཡིན་ ཏེ་གང་གི་ཕྱིར་འདི་གཉིས་ཀྱང་དབེན་པ་དེ་བས་ན་སྐྱོན་མེད་པའོ། །འདི་ཉིད་ཆོས་ཐམས་ཅད་ཀྱི་དབེན་པའི་མཚན་ཉིད་དུ་ཤེས་ཤིང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བརྗོད་པ་བསྟན་པར་བྱེད་པ་ནི། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། གསུངས་པ་ཉིད་ཀྱི་དོན་ཡོངས་སུ་ རྒྱས་པར་བྱེད་པ་ནི། རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པས་སོ། །གལ་ཏེ་ཡང་དག་པར་ཤེས་ན་དེའི་ཚེ་རྣམ་པར་རྟོག་པར་འགྱུར་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུ་བའོ། །མངོན་པར་རྫོགས་པར་ འཚང་རྒྱ་བ་ཡང་མེད་དོ་ཞེས་བྱ་བ་ནི་དབེན་པས་དབེན་པ་ལ་མངོན་པར་རྫོགས་པའི་བྱང་ཆུབ་མི་རིགས་པའི་ཕྱིར་རོ། །བྱང་ཆུབ་མངོན་པར་རྫོགས་པར་འཚང་ཡང་རྒྱ་སྟེ་ཞེས་བྱ་བ་ནི་དབེན་པའི་མཚན་ཉིད་ཤེས་ཤིང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བརྗོད་པ་ཡིན་ནོ། །སྔར་གསུངས་པ་ཉིད་ ཀྱི་དོན་བསྟན་པའི་དོན་ཉེ་བར་སྟོན་པར་བྱེད་པ་ནི། དོན་ཟབ་མོ་ལ་སྤྱོད་དོ་ཞེས་བྱ་བ་སྟེ། གང་གི་ཕྱིར་གཞན་རྣམས་ཀྱིས་སྤྱོད་པར་མི་ནུས་པའོ། །དཀའ་བ་བྱེད་པ་ཞེས་བྱ་བ་ནི་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་དེ་མངོན་དུ་བྱེད་པའི་ཕྱིར་ནུས་ཀྱང་སེམས་ཅན་གྱི་དོན་ལ་ལྟོས་པར་བྱེད་པ་མ་ཡིན་ ནོ། །ཅི་ལྟར་བདག་གིས་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་འགའ་ཞིག་དམིགས་པར་གྱུར་ན་དེ་ལྟ་ན་དཀའ་བའི་ཕྱིར་དཀའ་བ་བགྱིད་པར་འགྱུར་རོ། །གང་གི་ཕྱིར་ཆོས་ཐམས་ཅད་དམིགས་པ་མ་ཡིན་པ་མེད་པ་རྣམས་ལ་མི་དམིགས་པ་ཞེས་བྱ་བ་ནི་ཤེས་པའི་དོན་དུ་དཀའ་བ་བྱེད་པ་ མ་ཡིན་པ་ཞེས་བྱ་བའི་དགོངས་པའོ། །གང་ཞིག་མངོན་སུམ་དུ་བགྱིད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །སླར་ཡང་གང་ཞེས་བྱ་བ་ནི་བྱང་ཆུབ་ཅེས་བྱ་བའོ། །གང་གིས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བས་སོ། །དེ་བས་ན་རྫོགས་པའི་བྱང་ཆུབ་ཅི་ཞིག་ སྒྲུབ་པའམ་བྱ་བ་ཅུང་ཟད་ཡོད་པ་མ་ཡིན་ནམ་ཞེས་གསུངས་པ་ནི། བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། མི་ཞུམ་ཞེས་བྱ་བ་ནི་བསྙེན་པར་མི་བྱེད་པ་སྟེ་འདིར་ནི་མདོར་བསྟན་པའོ། །འདིའི་རྒྱས་པར་བཤད་པ་ནི་ཚིག་རྣམ་པ་དྲུག་གིས་སོ། །མི་འགོང་ ཞེས་བྱ་བ་ནི་འདིར་མཉེས་གཤིན་པ་འབྲིང་མ་ཡིན་པའོ། །ཀུན་དུ་མི་ཞུམ་ཞེས་བྱ་བ་ནི་འདི་ལ་མཉེས་གཤིན་པ་ཆུང་བ་མ་ཡིན་པའོ། །ཡིད་ཕྱིར་ཕྱོགས་པར་མི་འགྱུར་བ་ནི་མཉེས་གཤིན་པ་མེད་པ་མ་ཡིན་པའོ། །མི་དངང་ཞེས་བྱ་བ་ནི་འདི་ལ་འདོར་བར་འདོད་པ་མ་ཡིན་པའོ། །ཀུན་ཏུ་ མི་སྐྲག་ཅེས་བྱ་བ་ནི་དོར་བ་མ་ཡིན་པའོ། །ཀུན་དུ་སྐྲག་པ་དང་ལྡན་པར་མི་འགྱུར་བ་ནི་རྒྱུན་གྱིས་དོར་བ་མ་ཡིན་པའོ། །དེ་ལྟར་མི་དམིགས་པའི་སྤྱོད་པ་འདི་ལ་གལ་ཏེ་མི་ཞུམ་པ་ལ་སོགས་པ་མེད་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོན་ཏན་གྱིས་ སྤྱོད་དོ། །ཡོན་ཏན་གྱི་རྣམ་པར་རྟོག་པ་འབྱུང་བ་རྣམ་པ་གསུམ་དུ་དོགས་ནས་སེལ་བར་བྱེད་དེ། དེ་ལ་སྤྱོད་པའི་རྣམ་པར་རྟོག་པ་ནི་གལ་ཏེ་སྤྱོད་དོ་ཞེས་བྱ་བ་ལ་སོགས་པས་སོ། །ཉེ་བའི་རྣམ་པར་རྟོག་པ་ནི་ཉེ་བར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པས་སོ། །རིང་དུ་བསྲིངས་པའི་ རྣམ་པར་རྟོག་པ་ནི་རིང་དུ་བསྲིངས་སོ་ཞེས་བྱ་བ་ལ་སོགས་པས་སོ། །འདི་ཙམ་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བསྟན་པར་འགྱུར་རོ། །དེ་ལ་ཕྱིན་ཅི་ལོག་མེད་པ་དང་རྣམ་པར་རྟོག་པ་མེད་པར་ཡང་ཉི་ཚེ་བའི་རྣམ་པར་མི་རྟོག་པ་ཡོད་ དེ་ཅི་ལྟར་འཕགས་པ་ཉན་ཐོས་རྣམས་ཀྱིའོ། །དེ་རྣམས་ནི་བསྒོམ་པའི་རང་བཞིན་གྱི་ཤེས་རབ་ཀྱིས་སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམས་ཕྱིན་ཅི་མ་ལོག་པ་རྣམ་པ་བཞིས་ཀུན་ལས་རྣམ་པར་བྱེད་དོ། །དེ་ལས་གཞན་པས་རྟག་པ་ལ་སོགས་པའི་ཕྱིན་ཅི་ལོག་རྣམས་ལ་རྟོག་པར་ མི་བྱེད་པ་དེ་བས་ན་དེ་ཡང་རྣམ་པར་མི་རྟོག་པར་བརྗོད་དོ། །དེའི་ཕྱིར་ཉི་ཚེ་བའི་རྣམ་པར་རྟོག་པ་བསལ་བའི་དོན་དུ་ནམ་མཁའི་དཔེའོ། །སྤྲོས་པ་ཐམས་ཅད་ཀྱིས་རྣམ་པར་མི་རྟོག་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཏེ་དེ་རྣམས་ནི་མི་རྟག་པ་ལ་སོགས་པ་ཡང་རྣམ་པར་ མི་རྟོག་ཅི་སྲིད་དུ་བྱང་ཆུབ་ཀྱང་དེའི་ཕྱིར་ཁྱབ་པར་བྱེད་པ་ནམ་མཁའ་བཞིན་དུ་རྣམ་པར་མི་རྟོག་པ་ཉིད་དེ་བས་ན་ནམ་མཁའི་དཔེའོ། །ཕྱི་རོལ་གྱི་ཡུལ་ཅན་ཁྱབ་པ་རྣམ་པར་མི་རྟོག་པ་ཉིད་འདི་ཡོད་མོད་ནང་གི་བདག་ཉིད་ནི་མ་ཡིན་ནོ། །དེ་ལ་རྣམ་པར་རྟོག་པ་ཉིད་འཇུག་པ་ལ་སྤྱོད་པ་མ་ གྲུབ་པ་ཞེས་བྱ་བའི་དོགས་པ་ལ་ནང་གི་བདག་ཉིད་ལ་ཡང་རྣམ་པར་མི་རྟོག་པ་ཉིད་གྲུབ་པའི་དོན་དུ་སྒྱུ་མའི་སྐྱེས་བུའི་དཔེའོ། །འོན་ཏེ་ཡེ་ཤེས་ནི་རྣམ་པར་མི་རྟོག་པ་སྟེ་ཤེས་པ་ལ་ཅི་ནས་ཀྱང་ཤེས་བྱ་ཡོད་པར་འགྱུར་བ་དེ་ལྟ་ན་ཡང་གཟུང་བ་དང་འཛིན་པའི་ངོ་བོ་ཐོབ་པ་དེ་འགྱུར་ཞེས་བྱ་ བའི་དོགས་པ་ལ་གཟུགས་བརྙན་གྱི་དཔེའོ། །གཟུགས་བརྙན་ལ་ནི་འདི་ལྟར་མི་འགྱུར་ཏེ་དམིགས་པ་གང་གིས་བདག་སྐྱེས་པ་དེ་ལ་བདག་འཛིན་པ་པོ་སྟེ་འོན་ཀྱང་དེའི་རྣམ་པ་སྐྱེས་པ་དེ་ལ་འཛིན་པ་ཞེས་བརྗོད་པ་ཡིན་ནོ། །དེ་བཞིན་དུ་རྣམ་པར་མི་རྟོག་ པའི་ཡེ་ཤེས་ཀྱང་སྦྱོར་བའི་གནས་སྐབས་སུ་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དམིགས་པར་བྱས་ནས་སྐྱེ་བ་ཡིན་ནོ། །རྟོགས་པའི་གནས་ལ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཁོ་ན་ཐོབ་པ་ཡིན་གྱི་གཞན་དུ་ན་སྟོང་པ་ཉིད་འཛིན་པ་ཞེས་བྱ་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ། ཤེས་བྱས་ ཁྱད་པར་མེད་པ་གང་། །ཤེས་པ་དེ་ནི་རྟོག་དང་བྲལ། །ཞེས་བྱ་བའོ། །ཁྱད་པར་མེད་པའི་ཡེ་ཤེས་ལ་ཡང་སྟོང་པ་ཉིད་ཀྱི་ངོ་བོ་ཐོབ་པ་ཉིད་དོ། །ཅི་སྐད་དུ་བརྗོད་པ། རྟོག་པ་པོ་མེད་རྟོག་བྱ་མེད། །དོན་དམ་པར་འདིར་ཡོད་མ་ཡིན། །ཀྱེ་མ་མཆོག་ཏུ་རྟོགས་དཀའ་བའི། །ཆོས་ཉིད་ཁྱོད་ ཀྱིས་རྟོགས་པར་འགྱུར། །ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ས་དང་པོ་ཉིད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་ཡོད་དེ། དེ་ནི་ཡང་དག་པར་མཆོག་ཏུ་གྱུར་པ་ནི་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་པ་མེད་པའི་ཕྱིར་རོ། །དེ་བས་ན་འགྲུབ་པ་བསྟན་པའི་དོན་ དུ་དེ་བཞིན་གཤེགས་པའི་དཔེའོ། །ས་དང་པོ་ལ་ཞུགས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀུན་དུ་འགྲོ་བའི་ཆོས་ཀྱི་དབྱིངས་སོ་སོར་རྟོགས་པའི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པ་ཡིན་ནོ། །སངས་རྒྱས་ཀྱི་ས་ལ་ནི་མཐར་ཐུག་པ་ཐོབ་པས་གྲུབ་པའོ། །གལ་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ ཀྱིས་བསྡུས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་ཚེ་དེ་རྣམས་སེམས་ཅན་གྱི་རྣམ་པར་རྟོག་པ་མེད་པས་ཅི་ལྟར་སེམས་ཅན་གྱི་དོན་མཛད་ཅེས་བྱ་བ་དོགས་ནས་སྤྲུལ་པའི་དཔེའོ། །ཅི་ལྟར་སྤྲུལ་པ་ལ་འདི་ལྟར་མི་འགྱུར་ཏེ། འདི་ནི་བདག་གིས་བྱ་ཞེས་བྱ་བའོ། །འོན་ ཀྱང་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་རྣམ་པར་རྟོག་པ་མེད་ཀྱང་རྣམ་པ་སྣ་ཚོགས་པ་གདུལ་བྱ་ཅི་ལྟ་བར་རྗེས་སུ་འཛིན་པར་བྱེད་པའི་བྱ་བ་རྣམས་བྱེད་པ་ཡིན་ཞེས་བྱ་བའོ། །གསུངས་པ་ཉིད་ཀྱི་དོན་གཉིས་པ་ཤིང་གི་འཁྲུལ་འཁོར་གྱི་དཔེས་བསྟན་པའི་དོན་དུ་རྗོད་པར་བྱེད་ པ་ནི་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པས་སོ། །སྒྱུ་མ་ལྟ་བུའི་སེམས་ཀྱིས་ཉེ་བར་མཚོན་པའི་ལེའུ་ནི་སྒྱུ་མ་ལྟ་བུའི་ལེའུ་སྟེ་ལེའུ་ཉི་ཤུ་རྩ་དྲུག་པའོ།། །།དེ་ལྟར་རྣམ་པར་མི་རྟོག་པའི་སྤྱོད་པ་ཐོས་པས་ཀྱེ་མ་ཆོས་འདི་ནི་རྒྱ་ཆེ་བ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཞེས་བྱ་བ་ཡང་དག་པར་ཤེས་པའི་བློ་གནས་བརྟན་ཤཱ་རིའི་བུས་སྨྲས་པ། ཀྱེ་མ་སྙིང་པོ་ལ་སྤྱོད་དོ་ཞེས་བྱ་བ་སྟེ་ཀྱེ་མའི་སྒྲ་ནི་དགའ་བ་ལའོ། །དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དོན་དམ་པ་ཉིད་ཀྱི་ཕྱིར་སྨྲས་པ། སྙིང་པོ་ཞེས་བྱ་བ་སྟེ། གནས་བརྟན་རབ་འབྱོར་ནི་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཞེས་བྱ་བ་རྫས་སུ་ཡོད་པའི་ཆོས་འགའ་ཞིག་ཡོད་ཅེས་བྱ་བའི་དགོངས་པས་སྨྲས་པ། སྙིང་པོ་མ་ཡིན་པ་ལ་ཞེས་བྱ་བ་སྟེ། དངོས་པོ་ཡོད་པ་རྣམས་ཉིད་ལ་ནི་ཅུང་ཟད་སྙིང་པོ་ཞེས་བྱ་བར་འགྱུར་བ་ཡིན་གྱི་དངོས་པོ་མེད་པ་ལས་འདས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཅུང་ཟད་ དངོས་པོ་ཡོད་པའི་སྙིང་པོ་ཡོད་པ་མ་ཡིན་ཞེས་བྱ་བའི་དགོངས་པའོ། །སྤྱོད་པ་འདི་ལ་ལྷའི་བུ་རྣམས་ཀྱི་ཡིད་ཆེས་པ་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་བསྐྱེད་ནས་ཞེས་བྱ་བ་ནི་སེམས་བསྐྱེད་པ་མེད་པས་འདི་ལྟ་བུའི་སྤྱོད་པ་མི་འགྲུབ་པའི་ཕྱིར་རོ། །མངོན་པར་སྒྲུབ་པ་ ཞེས་བྱ་བ་ནི་སྒྲུབ་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་སྒྲུབ་པའོ། །ཟབ་མོ་ཞེས་བྱ་བ་ནི་འཕགས་པའི་ཡེ་ཤེས་མ་སྐྱེས་པ་རྣམས་ཀྱི་དངོས་པོ་དང་དངོས་པོ་མེད་པ་ལས་རྣམ་པར་གྲོལ་བ་ཉིད་ཀྱིས་གཟུང་བར་དཀའ་བ་ཉིད་ཀྱི་ཕྱིར་རོ། །གོམས་པ་འདི་ནི་འཕེལ་བར་བྱེད་པའི་དོན་དུ་ སྟེ། མངོན་དུ་བྱེད་པའི་དོན་དུ་ནི་མ་ཡིན་ཞེས་གསུངས་པ་ནི། དེ་ལྟར་སྤྱོད་ཀྱང་ཞེས་བྱ་བ་སྟེ། དེ་ལྟར་འདིས་ཕྱག་འཚལ་བྱ་བ་ཉིད་ལ་རྒྱུ་རྣམ་པ་བཞི་བསྟན་ཏེ་སེམས་བསྐྱེད་པས་བསམ་པ་ཕུམ་སུམ་ཚོགས་པ་དང་མངོན་པར་སྒྲུབ་པ་ལ་སྦྱོར་བ་ཕུན་སུམ་ཚོགས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའི་སྤྱོད་པ་མངོན་དུ་བྱས་པས་དབང་བ་ཉིད་ཐོབ་པའི་ཕུན་སུམ་ཚོགས་པ་དང་། ཡང་དག་པའི་མཐའ་མངོན་དུ་མ་བྱས་པས་ཉེས་དམིགས་སྤོང་བའི་ཕུན་སུམ་ཚོགས་པའོ། །སེམས་ཅན་གྱི་དོན་ལ་མ་ལྟོས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ཆོས་ཀྱི་མཉམ་པ་ཉིད་ལས་ཡང་དག་པར་འདས་ ནས་ཐེག་པ་དམན་པས་རྣམ་པར་གྲོལ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉེས་དམིགས་སོ། །འདིས་ཞེས་བྱ་བ་ནི་གསུངས་པའི་རིམ་པས་སོ། །མང་བ་གསུངས་པ་ཉིད་ཀྱི་ཕྱིར་ངེས་པའི་དོན་ཡོངས་སུ་འཛིན་པའི་དོན་དུ་གསུངས་པ་ནི། གང་ཆོས་རྣམས་ ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཉིད་ལ་སྤྱོད་ཀྱང་ཞེས་བྱ་བ་འདི་ས་ལམ་གྱི་གདོན་མི་ཟ་བ་ཉིད་གསུངས་སོ། །དེ་ལྟ་ན་ཡང་འཁོར་བ་པའི་སྡུག་བསྔལ་རྣམས་ཀྱིས་གནོད་པར་གྱུར་པ་རྣམས་ལ་ཡང་སེམས་ཅན་གྱི་དོན་ལ་ལྟོས་པས་མངོན་དུ་མི་བྱེད་པར་དཀའ་བ་བྱེད་པའོ། །རབ་འབྱོར་ ནི་སེམས་ཅན་དཔག་ཏུ་མེད་པ་ཁས་ལེན་པ་ཉིད་སེམས་ཅན་མེད་པའི་རྟོག་པ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་དགའ་བ་ཞེས་གསུངས་པ་ནི། འདི་དག་ནི་ཞེས་བྱ་བ་ལ་སོགས་པ་སྟེ། གདུལ་བར་བྱ་བ་རྣམས་ཞེས་བྱ་བ་ནི་གང་དག་ཐེག་པ་གསུམ་ལ་གདུལ་བར་བྱ་བ་རྣམས་སོ། །ནམ་མཁའ་ དབེན་པའི་ཕྱིར་ཞེས་བྱ་བ་ནི་ཅི་ལྟར་སྒྲིབ་པ་མེད་པ་ཙམ་ལ་ནམ་མཁའི་ཐ་སྙད་དེའི་ཕྱིར་ནམ་མཁའ་ཞེས་བྱ་བ་ནི་ཅུང་ཟད་མ་ཡིན་ནོ། །དེ་བཞིན་དུ་བདག་ལ་སོགས་པ་དང་བྲལ་བས་སེམས་ཅན་ཞེས་བྱ་བ་ནི་ཐ་སྙད་ཙམ་སྟེ། སེམས་ཅན་ཞེས་བྱ་བ་འགའ་ཞིག་མ་ཡིན་ནོ། །དེ་ལྟར་ནམ་མཁའ་དང་ སེམས་ཅན་དག་ལ་མཚུངས་པར་བརྗོད་ན། ནམ་མཁའ་དང་སེམས་ཅན་གྱི་གོ་ཆ་དག་ལ་ཡང་མཚུངས་པ་ཉིད་དུ་གསུངས་པ་ནི། ནམ་མཁའ་དང་ལྷན་ཅིག་ཅེས་བྱ་བ་ལ་སོགས་པ་སྟེ། གང་ཞིག་ནམ་མཁའ་ཉིད་བྱའོ་ཞེས་གོ་ཆ་བགོས་པ་ནམ་མཁའ་དེ་མེད་པའི་ཕྱིར་རྗེས་སུ་བསམ་པ་མ་ཡིན་ནོ། །དེ་ བས་ན་དེ་དང་ལྷན་ཅིག་ཏུ་རྩོད་པ་མེད་དོ། །དེ་བཞིན་དུ་སེམས་ཅན་རྣམས་ཀྱང་མེད་པའི་ཕྱིར་བདག་ཉིད་ལ་རྣམ་པར་གྲོལ་བ་མི་སེམས་སོ། །ཕུང་པོ་ལྔ་ལས་ཐ་དད་པ་འགའ་ཞིག་བདག་ལ་སོགས་པའི་སེམས་ཅན་ཞེས་བྱ་བ་མེད་མོད། ཕུང་པོ་ལྔའི་རང་བཞིན་ནི་ཡོད་པར་འགྱུར་ བ་དེ་བས་ན་སེམས་ཅན་རྣམས་ཀྱི་ཐ་སྙད་ཀྱི་རྟེན་གཟུགས་ལ་སོགས་པ་རྣམས་ལ་ཡང་མེད་པ་གསུངས་པ་ནི། །སེམས་ཅན་དབེན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་སོ། །དབེན་པའི་སླད་དུ་ཞུམ་པར་མི་བགྱིད་དོ་ཞེས་བྱ་བ་སྟེ། གལ་ཏེ་བྱང་ཆུབ་སེམས་དཔའ་དངོས་པོའི་ངོ་བོ་གང་གིས་ཀྱང་བདག་ ཉིད་མཐོང་ན་དེའི་ཚེ་ཞུམ་པར་འགྱུར་ཞེས་བྱ་བའི་དགོངས་པའོ། །ཆོས་གང་ལ་ཡང་ཞེས་བྱ་བ་ནི་བདག་གི་ཐ་སྙད་ཀྱི་ཡུལ་ཕུང་པོ་ལ་སོགས་པའོ། །ཞུམ་པར་འགྱུར་བ་མ་མཆིས་སོ་ཞེས་བྱ་བ་ནི་རང་ཉིད་ཀྱིས་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་ བ་སྟེ། ཆོས་དེ་དག་གང་ཡང་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའམ་སེམས་སོ། །ཆོས་དེ་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་གང་གིས་ཞེས་བྱ་བ་ནི་སེམས་ཀྱིས་སོ། །ཆོས་གང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །བཅོམ་ལྡན་འདས་དེ་དེ་བཞིན་ཏེ་ཞེས་བྱ་བ་ཞལ་གྱིས་བཞེས་ ནས་བྱང་ཆུབ་སེམས་དཔའ་ཅི་ལྟར་དེ་ལ་སྤྱོད་པ་དེ་གསུངས་པ་ནི། རབ་འབྱོར་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། བརྗོད་པ་དང་ཞེས་བྱ་བ་ནི་གཞུང་གིས་སོ། །བཤད་པ་དང་ཞེས་བྱ་བ་ནི་དོན་གྱིས་སོ། །བསྟན་པ་དང་ཞེས་བྱ་བ་ནི་ལྷག་མ་མེད་པར་བརྗོད་པའི་ཕྱིར་རོ། །ཉེ་བར་བསྟན་པ་ ཞེས་བྱ་བ་ནི་གསང་བ་བརྗོད་པའི་ཕྱིར་རོ། །ཞུམ་པར་མི་འགྱུར་ཞེས་བྱ་བ་ནི་དམན་པར་མི་འགྱུར་བའོ། །བག་མི་ཚ་ཞེས་བྱ་བ་ནི་ངལ་བས་སོ། །བག་ཚ་བ་དང་མི་ལྡན་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་ངལ་བའི་ཕྱིར་རོ། །མི་ཞུམ་ཞེས་བྱ་བ་ནི་སེམས་ཀྱིས་བཏུད་པའི་ཕྱིར་རོ། ། ཡང་དག་པར་མི་ཞུམ་པ་ནི་དུས་ཐམས་ཅད་དུ་བཏུད་པའི་ཕྱིར་རོ། །ཕྱིར་ཕྱོགས་པ་ནི་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །བཅོམ་ཞིང་ཕྱིར་ཕྱོགས་པ་ནི་སླར་མངོན་དུ་མ་བྱས་པའི་ཕྱིར་རོ། །མི་དངང་བ་ནི་སྐྲག་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་རོ། །ཀུན་དུ་མི་སྐྲག་པ་ནི་ཡང་དག་པར་མི་སྐྲག་པའི་ ཕྱིར་རོ། །ཀུན་དུ་སྐྲག་པ་དང་མི་ལྡན་པ་ནི་དུས་རྟག་པ་ཉིད་ཀྱིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེས་བྱ་བ་ནི་རིག་པར་བྱའོ། །འདི་ལ་སྤྱོད་ཅིང་ཕན་ཡོན་གྱི་ཁྱད་པར་གསུངས་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པས་སོ། །ཕན་འདོགས་ཤིང་ཞེས་བྱ་བ་ནི་ཁྱད་པར་ དུ་བསྟོད་པའི་ཕྱིར་རོ། །དགོངས་པར་མཛད་དོ་ཞེས་བྱ་བ་ནི་དྲན་པ་ལས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱང་དེ་དག་ལ་ཆོས་སྟོན་ཅིང་ཞེས་བྱ་བ་དང་འབྲེལ་ཏོ། །ཅི་ལྟ་བུ་ཞེ་ན་གསུངས་པ་ནི། ཉན་ཐོས་ཀྱི་དགེ་འདུན་ཞེས་བྱ་བ་ལ་སོགས་པ་སྟེ། ཅི་ལྟ་བུ་ལ་ཞེ་ན། གསུངས་ པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། མིང་ནི་མཚན་ནོ། །རུས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོགས་པའི་རིགས་སོ། །སྟོབས་ནི་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་རྣམས་སོ། ། ཁ་དོག་ནི་ལྷག་མའི་ཡོན་ཏན་རྣམས་སོ། །གཟུགས་ནི་རང་བཞིན་ཏེ་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པར་འདོད་པ་ལ་སོགས་པའོ། །འདི་རྣམས་ཡོངས་སུ་སྒྲོགས་པའི་ཚུལ་ནི་རབ་ཀྱི་ཚུལ་ལོ། །ཆེད་དུ་བརྗོད་པ་ཞེས་བྱ་བ་ནི་མངོན་པར་འཕེལ་བའི་ཆོས་ཀྱི་ཤུགས་དང་དགའ་བས་ བསླང་བའི་ཚིག་ནི་ཆེད་དུ་བརྗོད་པའོ། །ཡང་ཆེད་དུ་བརྗོད་པ་ནི་བརྗོད་པའོ། །གང་གི་ཡོན་ཏན་ཞེ་ན། གསུངས་པ་ནི། དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པས་དཔེ་གསུངས་སོ། །རབ་འབྱོར་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་དོན་ནོ། །ཅི་ ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་དྲི་བའོ། །རབ་འབྱོར་དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ལན་ནོ། །ཆགས་པ་ཐམས་ཅད་ནི་བདེན་པའི་ཉེ་བར་དམིགས་པ་ཐམས་ཅད་དོ། །བཅོམ་ལྡན་འདས་མཆིས་སམ་ཞེས་བྱ་བ་ལ་སོགས་པས་སླར་དྲི་བའོ། །རབ་འབྱོར་ཡོད་དོ་ཞེས་ བྱ་བ་ལ་སོགས་པས་ནི་ལན་ནོ། །རབ་འབྱོར་འདི་དག་ཀྱང་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུ་བའོ། །ཡང་གཞན་གསུངས་པ་ནི། རབ་འབྱོར་གཞན་ཡང་གང་དག་ཅེས་བྱ་བ་ལ་སོགས་པས་སོ། །ཡང་དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུ་བའོ། །རབ་འབྱོར་གཞན་ཡང་ ཞེས་བྱ་བ་ལ་སོགས་པས་ཏེ། ཞི་བའོ་ཞེས་བྱ་བ་ནི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ། །མོས་པ་ཞེས་བྱ་བ་ནི་ཞི་བ་རྣམས་སླར་མི་སྐྱེད་པའི་ཕྱིར་རོ། །ཕྱིར་མི་ལྡོག་པ་རྣམས་ཀྱི་དབང་ནི་ཕྱིར་མི་ལྡོག་པའི་དབང་ངོ་། །དེ་ཐོབ་པ་ནི་ཕྱིར་མི་ལྡོག་པའི་དབང་ཐོབ་པའོ། །དེས་ནོན་པར་ མ་གྱུར་པ་ནི་ཞུགས་པའོ། །སངས་རྒྱས་རྣམས་ཀྱི་མིང་ལ་སོགས་པ་ཡོངས་སུ་བསྒྲགས་པ་ལ་ཕན་ཡོན་གསུངས་པ་ནི། ཡང་དེ་དག་གིས་ཞེས་བྱ་བ་ལ་སོགས་པས་སོ། །རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ཅི་ལྟར་ལྷག་པར་མོས་པར་བྱ་ཞེ་ན། གསུངས་པ་ནི། དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པས་སོ། །དེ་དག་ཅེས་བྱ་བ་ནི་མི་བསྐྱོད་པ་གཅིག་པུར་མ་ཟད་པའོ། །གང་རྣམས་ཀྱི་ཞེ་ན་གསུངས་པ་ནི་གང་དག་དེའི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་གི་ཐད་ནས་ཞེས་བྱ་བ་ནི་མི་བསྐྱོད་པ་དང་དེའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །རབ་འབྱོར་ དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཐོས་པའི་ཕན་ཡོན་ཉེ་བར་བསྡུས་ནས་དེ་བཞིན་ཉིད་ཀྱི་སྒྲུབ་པ་གསུངས་པ་ནི་ལྟ་ཅི་སྨོས་ཞེས་བྱ་བ་སྟེ། དེ་བཞིན་ཉིད་ཀྱི་དོན་དུ་ཞེས་བྱ་བ་ནི་དེ་བཞིན་ཉིད་དོ། །རབ་འབྱོར་རྗེས་སུ་སྦྱར་བར་གྱུར་པ་ཉིད་བསྟན་པར་བྱེད་པ་ནི། བཅོམ་ལྡན་འདས་གང་གི་ཚེ་ཞེས་བྱ་བ་ལ་ སོགས་པ་སྟེ། དེ་བཞིན་ཉིད་མ་གཏོགས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཙམ་ལ་སྣང་བའི་ཕྱིར་རོ། །ཆོས་གཞན་གང་ཡང་དམིགས་སུ་མེད་ན་ཀུན་བརྟགས་རྣམ་པ་སྣ་ཚོགས་པ་མི་སྣང་བའི་ཕྱིར་རོ། །དེའི་ཆོས་གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གནས་བརྟན་རབ་འབྱོར་མ་ དག་པའི་གནས་སྐབས་ལ་ཆོས་གཞན་གྱི་དམིགས་པ་བཀག་པ་ལ་དེ་བཞིན་ཉིད་ལ་བཅོམ་ལྡན་འདས་ཀྱིས་ཁྱད་པར་གསུངས་པ་ནི། རབ་འབྱོར་རེ་ཞིག་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་ཉིད་ལ་ཡང་དྲི་མ་དང་བཅས་པའི་གནས་སྐབས་ལ་ཀུན་བརྟགས་དང་འདྲ་བའི་ཕྱིར་དེ་བཞིན་ ཉིད་རྣམ་པར་དག་པའི་གནས་སྐབས་ལ་དམིགས་པ་མ་ཡིན་ནོ། །གང་དེ་བཞིན་ཉིད་ལ་གནས་པར་འགྱུར་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །དགོངས་པ་ནི་འདི་ཡིན་ཏེ་གལ་ཏེ་ཅུང་ཟད་དམིག