Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 86
Văn bản gốc(Tây Tạng)
Trang 12 / 18 (50.000 ký tự/trang)
ཐོང་ལ་ནི་མཁས་པ་དང་། སེམས་དུལ་བ་ཉིད་དང་། ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་སོ། །སྟོང་པ་ཉིད་ལ་རྩོད་པའི་ནི་ཆགས་པའི་ ས་མ་ཡིན་པའོ། །དེ་དང་འགལ་བར་བརྗོད་པའི་ནི་གང་དུ་འདོད་པར་ཞིང་གཞན་དུ་མཉམ་པར་འགྲོ་བའོ། །ཐམས་ཅད་དུ་བདག་ཉིད་ཀྱི་ངོ་བོར་སྟོན་པ་ཞེས་བྱ་བ་དང་ཉི་ཤུའོ། །བདག་ལ་སོགས་པའི་ལྟ་བ་མེད་པ་དང་། རྣམ་པར་ཐར་པའི་ སྒོ་ཤེས་པ་ལ་སོགས་པ་སྐྱེས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་ཉིད་ཀྱིས་ས་རིང་དུ་སོང་བ་འཐོབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །ཉན་ཐོས་ལ་སོགས་པའི་རིགས་དང་ཞེས་བྱ་བ་ལ་སོགས་པ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་རིགས་དང་བརྒྱད་པ་དང་ཞེས་བྱ་བ་ལ་སོགས་པ་དང་ སྦྱར་བར་བྱ་སྟེ། ཉན་ཐོས་ལ་སོགས་པའི་རིགས་ནི་རིགས་ཀྱི་སའོ། །འབྲས་བུ་དང་པོ་ལ་ཞུགས་པ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་གང་ཡིན་པ་དེ་ནི་བརྒྱད་པའི་སའོ། །རྒྱུན་དུ་ཞུགས་པ་ནི་མཐོང་བའི་སའོ། །ལན་ཅིག་ཕྱིར་འོང་བ་ནི་བསྲབས་པའི་སའོ། །ཕྱིར་ མི་འོང་བ་ནི་འདོད་ཆགས་དང་བྲལ་བའི་སའོ། །དགྲ་བཅོམ་པ་ནི་བྱས་པ་རྟོགས་པའི་སའོ། །ཞུགས་པ་གསུམ་ནི་ཉན་ཐོས་ཀྱི་སའོ། །རང་སངས་རྒྱས་རྣམས་ནི་རང་སངས་རྒྱས་ཀྱི་ས་ཞེས་བྱ་སྟེ། དེ་ལྟར་ས་བརྒྱད་དེ། ཉན་ཐོས་ཀྱི་རིགས་ལ་སོགས་པའི་ཤེས་པའི་ ཁྱད་པར་རྣམས་སོ། །འདིར་རིགས་ཀྱི་ས་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟོགས་པར་བྱ་བ་མ་ཡིན་པས་མིང་ཙམ་ཞིག་བརྗོད་པ་ཡིན་ལ་དེ་བས་ན་རྒྱུ་དང་མཚན་ཉིད་མ་བརྗོད་དོ་ཞེས་བརྩད་པར་མི་བྱའོ། །བྱང་ཆུབ་སེམས་དཔའི་ས་དགུ་ནི་གཅིག་ཡིན་པས་ས་ དགུ་འདས་ནས་ཞེས་བཤད་པར་བྱའོ། །ཐེག་པ་གསུམ་གྱི་དོན་ཐོབ་པ་ནི་ངེས་པར་འབྱུང་བ་ཡིན་ཏེ། དེ་ནི། ཐོབ་པའི་མཚན་ཉིད་ངེས་འབྱུང་དང་། །ཞེས་གསུངས་པ་ཡིན་ནོ། །གཞན་དག་ནི་ཚུལ་ཤེས་པ་རྣམས་ཀྱིས་གོ་སླའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས། སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱི་གཞུང་ཆོས་ཀྱི་གྲགས་པས་དཀའ་འགྲེལ་དུ་བྱས་པ་ལས་སྐབས་དང་པོའི་འགྲེལ་པ་བཤད་པའོ།། །།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི་ཞེས་བྱ་བ་ལ་སོགས་ པས་ལམ་ཤེས་པ་ཉིད་གསུངས་པ་ཡིན་ཏེ། རང་བཞིན་གྱིས་འོད་ནི་ཡེ་ཤེས་ལས་བྱུང་བའོ། །རྣམ་པར་སྨིན་པའི་འོད་ནི་ལས་ལས་སྐྱེས་པའོ། །ལམ་ཤེས་པ་ཉིད་ཀྱི་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་ནི། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ པ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་རྣམ་པ་བཞིའི་ནང་ནས་སོ། །སྡུག་བསྔལ་གྱི་རྣམ་པ་བདེན་པའི་ཞེས་བྱ་བ་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་ཞི་བའི་རྣམ་པ་བཞི་དང་གོ་རིམས་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། ། དེ་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་དང་མི་མཐུན་པ་ཉིད་ཀྱིས་ན་མི་རྟག་པ་དང་སྡུག་བསྔལ་བ་དག་ཏུ་བཤད་ལ། སྡུག་བསྔལ་བ་ཉིད་མི་རྟག་པ་ཡིན་པར་མཚུངས་སུ་ཟིན་ན་ཡང་ཟག་པ་དང་བཅས་པ་ཉིད་ནི་མི་མཐུན་པ་ཉིད་ཡིན་གྱི་འཕགས་པའི་ལམ་གྱི་ནི་མ་ཡིན་ཏེ། ཟག་པ་མེད་པ་ཉིད་ཀྱིས་ན་འཕགས་པ་རྣམས་དང་རྗེས་སུ་མཐུན་པ་ཉིད་ཡིན་པར་བལྟའོ། །གཞན་གྱིས་བརྟགས་པའི་བདག་གི་སྟོང་པ་ཉིད་ཡིན་པའི་ཕྱིར་སྟོང་པའི་མཚན་ཉིད་ཀྱི་བདག་མེད་པའོ། །རང་ཉིད་བདག་མེད་པ་ཉིད་ཀྱིས་ན་དེའི་མཚན་ཉིད་ནི་ཞི་བ་སྟེ། །རྣམ་པ་ འདི་དག་གི་རང་བཞིན་མི་དམིགས་པ་ཉིད་དུ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །འདིས་ནི་འདི་ལྟ་སྟེ་མི་རྟག་པ་ཉིད་དང་། སྡུག་བསྔལ་བ་ཉིད་དང་། བདག་མེད་པ་ཉིད་དང་། ཞི་བ་ཉིད་དེ་རྣམ་པ་བཞི་དག་གོ། །ཀུན་འབྱུང་གི་བདེན་པའི་ཞེས་བྱ་བ་ལ་སོགས་པ་ལ་རྒྱུ་ནི་སྡུག་ བསྔལ་གྱི་རྩ་བའི་རྒྱུ་ཡིན་པས་སོ། །ཀུན་འབྱུང་བ་ནི་འཕྲལ་གྱི་སྡུག་བསྔལ་གྱིའོ། །རབ་ཏུ་སྐྱེ་བ་ནི་འཕྲལ་དུ་ཤིན་ཏུ་སྡུག་བསྔལ་བའོ། །རྐྱེན་ནི་སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་པའིའོ། །དེ་རྣམས་ཀྱི་ངོ་བོ་ཉིད་ནི་ནད་དེ། མ་ཞུ་བ་ལ་སོགས་པ་དང་། འབྲས་ དང་ཟུག་རྔུ་ནི་གྲགས་པར་ཟད་དོ། །སྡིག་པ་ནི་འཇོམས་པ་སྟེ། རྣམ་པ་འདི་རྣམས་ཀྱི་ངོ་བོ་ཉིད་མི་དམིགས་པ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །འདིས་ནི་རྒྱུད་ལ་སོགས་པའི་བདག་ཉིད་ཀྱི་རྣམ་པ་བཞི་ཡིན་ཏེ། འདི་ལྟ་སྟེ་ནད་ཉིད་དང་། འབྲས་ཉིད་དང་། ཟུག་རྔུ་ཉིད་དང་། སྡིག་པ་ཉིད་དོ། །སྔར་བཤད་པའི་བདེན་པ་དག་གི་རྣམ་པ་གཞན་དག་ནི་ཡིད་འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཡིད་འབྱུང་བ་ནི་སྐྱོ་བའོ། །འདོད་ཆགས་དང་བྲལ་བར་བྱ་བ་ནི་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པའོ། ། འགོག་པ་ནི་སེམས་དང་སེམས་ལས་བྱུང་བ་མི་རྒྱུ་བའམ་སེམས་ཕྲ་བར་འཇུག་པའི་གནས་སྐབས་སོ། །དེའི་དོན་གྱི་ཕྱིར་ཞུགས་པ་ནི་ཉམས་སུ་ལེན་པ་དང་ལྡན་པར་འགྱུར་བའོ་ཞེས་འབྱུང་བའི་ཕྱིར་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ལུང་ལས་གསུངས་པ་སྟེ། སྡུག་བསྔལ་བ་དང་ཞེས་ བྱ་བ་ལ་སོགས་པར་རྗེས་སུ་སྦྱར་བར་བྱའོ། །ཡིད་འབྱུང་བའི་མཚན་ཉིད་དག་གི་ཞེས་བྱ་བ་ནི་ཡིད་འབྱུང་བ་ཉིད་ཀྱིས་སོ། །ཕ་རོལ་དང་འཇིག་པའི་ཆོས་ཅན་གྱི་རྣམ་པ་དག་དང་ཞེས་བྱ་བ་ནི་ཕྱིར་རྒོལ་བར་གྱུར་པ་ཉིད་ཀྱིས་ན་ཕ་རོལ་ལོ། །ཕྱིར་རྒོལ་བར་གྱུར་པ་ནི་འཇིག་པའི་ ཆོས་ཅན་ཉིད་ཡིན་པའི་ཕྱིར་འཇིག་པའི་ཆོས་ཅན་ཉིད་དེ་འདི་དག་ནི་ཡིད་འབྱུང་བའི་རྣམ་པའོ། །འདོད་ཆགས་དང་བྲལ་བའི་རྣམ་པ་དག་ནི་གཡོ་བ་དང་རབ་ཏུ་འཇིག་པའི་རྣམ་པ་དག་ཅེས་བྱ་བ་ཡིན་ཏེ། རང་གི་ངོ་བོར་མི་གནས་པ་ཉིད་ཀྱིས་ན་གཡོ་བའོ། །རྒྱུ་ལ་མི་ལྟོས་ པར་རང་བཞིན་གྱིས་འཇིག་པ་ཉིད་ཡིན་པས་ན་རབ་ཏུ་འཇིག་པའོ། །འདི་དག་ནི་འདོད་ཆགས་དང་བྲལ་བའི་རྣམ་པའོ། །འགོག་པའི་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པ་གཞན་དག་གསུངས་པ་ཡིན་ཏེ། འདི་དང་ཕྱི་མའི་འཇིག་པའི་གནས་སུ་གྱུར་པ་ཉིད་ཀྱིས་ན་ འཇིག་པ་ཉིད་དང་། སྲིན་པོ་ལ་སོགས་པའི་ཉེ་བར་འཚེ་བའི་ཡུལ་དུ་གྱུར་པ་ཉིད་ཀྱིས་ན་ནད་འགོ་བ་ཉིད་དང་འབྱུང་བ་ཆེན་པོ་འཁྲུགས་པ་དང་། །གློ་བུར་བའི་གནས་སུ་གྱུར་པ་ཉིད་ཀྱིས་ན་འཚེ་བ་ཉིད་དེ། དེ་དག་ཉིད་ལ་སོ་སོར་འགོག་པའི་རྣམ་པ་གསུམ་ཡིན་ནོ། ། འདི་རྣམས་ཀྱི་ངོ་བོ་ཉིད་མི་དམིགས་པ་ནི་སྔ་མ་བཞིན་ནོ། །ཡིད་འབྱུང་བ་ལ་སོགས་པ་རྣམ་པ་བདེན་པ་གཉིས་སུ་གཏོགས་པ་ཉིད་ཀྱིས་ན་རེ་རེ་ཞིང་གཉིས་གཉིས་སུ་བལྟ་བར་བྱའོ། །དེས་ན་ཡིད་འབྱུང་བ་ལ་ཕ་རོལ་དང་འཇིག་པའི་ཆོས་ཅན་དང་། འདོད་ཆགས་དང་བྲལ་བ་ལ་ གཡོ་བ་དང་། རབ་ཏུ་འཇིགས་པའི་རྣམ་པ་བརྒྱད་དང་། འགོག་པ་ལ་འཇིགས་པ་དང་། ནད་འགོ་བ་དང་འཚེ་བའི་རྣམ་པ་དྲུག་སྟེ། སྤྱིར་ན་བཅུ་བཞི་ཡིན་ནོ། །འགོག་པའི་ཞེས་བྱ་བ་ལ་སོགས་པ་ལ་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱིས་ན་བདག་མེད་པ་ཉིད་དང་། སྡུག་ བསྔལ་བ་རབ་ཏུ་ཞི་བ་ཉིད་ཀྱིས་ན་ཞི་བ་ཉིད་དང་། གྱ་ནོམ་པའི་རྣམ་པ་དང་བདག་གིས་དབེན་པ་ཞེས་བྱ་བ་བདེ་བ་དང་གཙང་བ་དང་བྲལ་བ་ཉིད་ཀྱིས་ན་དབེན་པ་ཉིད་དེ་རྣམ་པ་གསུམ་མོ། །ངེས་པར་འབྱུང་བ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པ་སྟེ། དེའི་མཚན་ཉིད་ནི་རྟག་ པ་དང་ཕན་པའི་དངོས་པོ་ཉིད་ཀྱིས་ན། སྟོང་པ་ཉིད་ལ་སོགས་པ་ནི་རྣམ་པ་གཅིག་ཡིན་ནོ། །འདི་རྣམས་ཀྱི་ངོ་བོ་ཉིད་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །ལམ་གྱི་བདེན་པ་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་ཕྱིན་པའི་དོན་གྱིས་ན་ལམ་ཉིད་དོ། །ཉོན་མོངས་པ་མེད་པ་དང་ཉོན་ མོངས་པའི་གཉེན་པོའི་ཚོགས་སུ་གྱུར་པ་ན་རིག་པ་ཉིད་དོ། །སེམས་ཕྱིན་ཅི་མ་ལོག་པར་རྟོགས་པར་བྱེད་པ་ཉིད་ཀྱིས་ན་སྒྲུབ་པ་ཉིད་དོ། །མངོན་པར་ཞེན་པ་མེད་པའི་རྟག་པའི་གནས་སུ་འགྲོ་བ་ཉིད་ཀྱིས་ན་ངེས་པར་འབྱིན་པ་ཉིད་དོ། །རྣམ་པ་འདི་རྣམས་ཀྱི་ངོ་བོ་ཉིད་མི་ དམིགས་པ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རིམ་པ་འདི་ཉིད་ཀྱིས་ན་ཐེག་པ་ཆེན་པོར་རྣམ་པ་ཁ་ཅིག་ནི་རྣམ་གྲངས་ཉིད་དུ། ཁ་ཅིག་ནི་རང་གི་ངོ་བོ་ཉིད་དུ་སྟོན་པ་ཡིན་པས་ཉན་ཐོས་ཀྱི་ལམ་མ་ཡིན་པ་ཉིད་དུ་ཐལ་བར་མི་འགྱུར་རོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་ ནི་ངེས་པར་འབྱེད་པའི་ཞེས་བྱ་བ་ཚིག་ལེའུར་བྱས་པའི་དོན་སྟོན་པ་ཡིན་ཏེ། གཟུགས་ལ་སོགས་པའི་ཕུང་པོ་རྣམས་རང་རང་གི་ངོ་བོ་དབང་པོ་དང་། དོན་ལྔ་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་ཉམས་སུ་མྱོང་བ་ལ་སོགས་པ་ནི་དེས་སྟོང་པ་ཉིད་ཡིན་པའི་ཕྱིར་དེ་རྣམས་ཀྱི་སྟོང་ པ་ཉིད་ནི་གཟུགས་ལ་སོགས་པའི་སྟོང་པ་ཉིད་སྣ་ཚོགས་པ་ཕན་ཚུན་ཐ་དད་པ་མེད་པ་ནི་གཅིག་ཡིན་ནོ། །གཟུགས་ལ་སོགས་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གང་གི་ཕྱིར་ཞེས་བྱ་བ་ལ་སོགས་ པ་ལ་ཆོས་ཀྱི་མཆོག་གི་དོན་དུ་དགོས་པ་ནི་འདི་ཡིན་ཏེ། བདག་ཅག་གི་ཐམས་ཅད་མཁྱེན་པས་བག་ཆགས་དང་བཅས་པའི་ཉོན་མོངས་པ་མ་ལུས་པར་སྤངས་པའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་སྒྱུ་མ་ལྟ་བུའི་རང་བཞིན་དུ་དམིགས་ཤིང་མཁྱེན་གྱི། དེ་ལས་ གཞན་པའི་བདག་ལ་སོགས་པ་གཙོ་བོའི་དོན་ནི་རིགས་པ་མ་ཡིན་པས་དེ་བཞིན་གཤེགས་པ་ལས་གཞན་པའི་ཚད་མར་གྱུར་པ་སུ་ཞིག་ཡོད། ཉན་ཐོས་ཀྱི་ལམ་ཞེས་བྱ་བ་ལ་སོགས་པས་ནི་རང་སངས་རྒྱས་ཀྱི་ཡེ་ཤེས་ཟབ་པར་གསུངས་པ་ཡིན་ཏེ། གང་སྒྲར་བརྗོད་པ་ནི་ཆོས་བསྟན་པའི་སྒོ་ནས་ཆོས་ འཕགས་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྟོན་པར་མཛད་པ་ན་དེས་ཉན་པ་པོ་རྟག་ཏུ་ངུ་ལ་སོགས་པ་རྣམས་ཀྱིས་འཆད་པ་པོའི་ཤེས་པའི་རྩལ་རྟོགས་པར་བྱེད་པ་ནི་ཆོས་འཕགས་ལ་སོགས་པ་སྟོན་པ་པོའི་ཤེས་པའི་ནུས་པ་ཁོང་དུ་ཆུད་པར་བྱེད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སོགས་པའི་ཡེ་ཤེས་བདག་ཉིད་ལས་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་ཐ་སྙད་དུ་བྱ་བའི་སྟོན་པའི་རྣམ་པ་ཡིན་ལ། དེ་དག་ནི་ཞེས་བྱ་བར་རང་སངས་རྒྱས་ནི་སྒྲ་མེད་པའི་ཆོས་བསྟན་པས་ཞེས་བྱ་བ་ངག་གིས་སྟོན་པ་མེད་པར་རང་གི་ཐོས་པའི་ཡེ་ཤེས་ལ་སོགས་པ་སྟེ། བཟུང་བའི་ དོན་གྱི་བག་ཆགས་སྤངས་པའི་ཡེ་ཤེས་དང་སྨོན་ལམ་དེའི་མཐུས་གཞན་དག་སྟེ། དེས་འདུལ་བའི་སེམས་ཅན་རྣམས་དགེ་བ་བཅུ་ལ་སོགས་པ་ཞེས་བྱ་བ་སྲོག་གཅོད་པ་ལས་ལྡོག་པ་ལ་སོགས་པ་ལ་འཇུག་པར་བྱེད་དོ། །དེའི་ཕྱིར་རང་སངས་རྒྱས་དེ་དག་གི་ཡེ་ཤེས་མི་རྟོག་པ་ཉིད་དེ། ཡེ་ཤེས་ ཀྱི་རྩལ་ནི་མཚན་མས་རྟག་ཏུ་མེད་པ་ལ་སོགས་པ་ཡིན་ནོ། །ཆོས་སྟོན་པ་ནི་ཆོས་ཉེ་བར་སྟོན་པ་མ་ཡིན་ནམ། དེ་མེད་ཀྱང་ཇི་ལྟར་དེ་རྣམ་པར་གཞག་ཅེས་རྟོག་པ་ལ་སྐད་ཀྱི་དབྱིངས་གཞན་པ་ཉིད་དུ་བྱས་ནས་ནང་གི་ཚེ་བརྗོད་པ་མེད་པར་སྟོན་པ་དེ་ཡང་སྟོན་པའི་དོན་ཡིན་པ་ལ་འགལ་ བ་མེད་པས་ཆོས་སྟོན་པ་ཞེས་བྱ་བ་ལ་སོགས་པས་སྟོན་པ་ཡིན་ཏེ། གང་གི་ཕྱིར་གང་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བརྗོད་པར་བྱ་བའི་ཆོས་ཚིག་ཏུ་སྟོན་པའི་ཕྱོགས་ཚིག་ཏུ་བརྗོད་པར་འདོད་པ་ལ་སོགས་པ་ཉེ་བར་བསྟན་པའི་དོན་ཡིན་ན་ཡང་བྱིན་རླབ་ཀྱི་ཉན་པ་ པོའི་རྒྱུད་ལ་ད་ལྟར་ཁྱད་པར་དང་བཅས་པའི་ཤེས་པ་ངེས་པར་སྐྱེ་བར་འགྱུར་བས་སྟོན་པ་ནི་བསྐྲུན་པའི་དོན་ལ་ཡང་རིགས་པ་ཡིན་པས་འགལ་བ་མེད་དེ་སྐད་ཀྱི་དབྱིངས་ཀྱི་དོན་ནི་དོན་དུ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ཁྱད་ཞུགས་པ་བརྗོད་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། ། གཟུང་བའི་རྟོག་པ་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་ནི་གཟུང་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གཟུང་བ་དང་འཛིན་པ་ཉིད་ནི་དོན་ཡིན་ཏེ། ཡུལ་ཡིན་པ་དེ་ལ་གང་རྣམ་པར་རྟོག་པ་སྟེ། དེ་དག་གི་གོ་རིམས་བཞིན་དུ་སྤངས་པ་དང་མ་སྤངས་པ་ཞེས་ བྱ་བ་གཟུང་བའི་ཡུལ་གྱི་རྣམ་པར་རྟོག་པ་ནི་སྤངས་པ་དང་། འཛིན་པའི་ཡུལ་གྱི་རྣམ་པར་རྟོག་པ་ནི་མ་སྤངས་པ་སྟེ། གཟུང་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །རང་སངས་རྒྱས་ཀྱི་ཐེག་པས་ཞེས་བྱ་བ་ལམ་གྱིས་བསྡུས་པ་རྟེན་པའི་ཆོས་རང་ཉིད་རྟོགས་པ་པོ་ལ་སོགས་པ་གང་ཡིན་པ་དེའི་ གཞིའི་ཁྱད་པར་གྱིས་རང་ཉིད་རྟོགས་པ་ལ་སོགས་པའི་རྟེན་ཉིད་ཀྱིས་ཕྱེ་བས་སོ། །ཇི་སྐད་དུ་བཤད་པའི་ཞེས་བྱ་བ་ལ་སོགས་པ་ལ་གཞི་ཇི་ལྟ་བ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་བསྒོམས་པ་ཉིད་ཀྱིས་ཞེས་བྱ་བ་གཟུགས་ལ་སོགས་པའི་དངོས་པོ་རྣམས་རྟོགས་པ་ ལས་མ་འདས་པས་སྒྱུ་མ་བྱེད་པས་སྤྲུལ་པ་ལྟ་བུར་སྒྱུ་ལ་སོགས་པ་ལས་སྐྱེས་པ་ཉིད་ཡིན་པས་ཡང་དག་པར་གཟུགས་ལ་སོགས་པ་ནི་རིགས་པ་མ་ཡིན་པ་དང་། སྐྱེ་བ་མེད་པར་བསྒོམས་པས་ཆོས་ཁྱད་པར་དུ་འཕགས་པ་རྟོགས་ཤིང་རང་གི་ཁོང་དུ་ཆུད་པ་ལ་སོགས་པ་ཡིན་པར་ཡོངས་ སུ་ཤེས་པར་བྱ་བ་ཡིན་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་མངོན་སུམ་དུ་ནི་མི་བྱའོ། །བརྟགས་པའི་ཆོས་ཉིད་ཅེས་བྱ་བ་ལ་སོགས་པ་ཚིག་ལེའུར་བྱས་པའི་དོན་ནི་གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གཟུགས་ལ་སོགས་ པའི་ཆོས་བརྡ་ལས་བྱུང་བ་ནི་སངས་རྒྱས་ལ་སོགས་པས་ངོ་བོ་ཉིད་དང་རྒྱུ་ལས་ངེས་པར་བྱས་པ་ནི་བརྟགས་པ་སྟེ་མིང་ངོ་། །དེའི་ཆོས་ཉིད་དང་མི་འགལ་བར་ནི་ཇི་ལྟར་རྒྱལ་བ་དང་འགྲོ་བ་ལ་གྲགས་པས་སྟོན་པའོ། །བརྟགས་པའི་ཞེས་བྱ་བ་ལ་སོགས་པ་དང་། སྟོན་པའི་ རྣམ་པ་དྲིར་གྱུར་པ། །ཞེས་བྱ་བ་ལ་སོགས་པའི་བཤད་པ་ཡིན་ནོ། །གཟུགས་ལ་སོགས་པ་ལ་ཞེས་བྱ་བ་ལ་སོགས་པས་ནི་རྩེ་མོར་གྱུར་པ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ཡིན་ནོ། །ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་ནང་ སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པའི་བཤད་པ་ཡིན་ནོ། །གཟུགས་ལ་སོགས་པ་ལ་སྐྱེ་བ་དང་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་སྐྱེ་བ་མེད་ཅེས་བྱ་བ་ལ་སོགས་པའི་བཤད་པ་ཡིན་ནོ། །རང་སངས་རྒྱས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་བཟོད་པ་ཉིད་སྔོན་དུ་འགྲོ་བ་ཅན་ཉིད་ འཕགས་པའི་བདེན་པ་བཞི་པོ་སོ་སོའི་མ་སྐྱེས་པ་ལ་སོགས་པ་ཡོད་པ་ལ་ཤེས་པ་གཉིས་སྐྱེ་བས་བཟོད་པ་དག་དང་ཤེས་པ་དག་སྟེ། བཟོད་པ་དང་ཤེས་པ་བཞི་ཡིན་ལ། དེ་ཉིད་ནི་སྐད་ཅིག་མ་ཡིན་ཏེ། བཟོད་པ་དང་ཤེས་པའི་སྐད་ཅིག་མ་དེ་རྣམས་སོ། །བདེན་དང་བདེན་ལ་ ཞེས་བྱ་བ་སོ་སོར་བདེན་པ་བཞི་དང་འབྲེལ་པ་རྣམ་པ་བཞིས་ལམ་ཤེས་པ་ཉིད་ལ་མཐོང་བའི་ལམ་གྱི་ཕན་ཡོན་དང་བཅས་པ་སྟེ། འབྲས་བུ་དང་བཅས་པར་བཤད་དོ། །ཚིག་ལེའུར་བྱས་པའི་དོན་ནི་སྡུག་བསྔལ་ལ་སོགས་པའི་བདེན་པའི་ཆོས་མི་རྟག་པ་དང་། སྡུག་བསྔལ་ བ་དང་སྟོང་པ་ལ་སོགས་པའི་ཆོས་གང་ཡིན་པ་དེའི་ཤེས་པ་ནི་མི་དམིགས་པར་ཤེས་པའོ། །དེ་ལ་བཟོད་པ་ནི་འདོད་པ་སྟེ་ཆོས་ཤེས་པའི་བཟོད་པའོ། །བཟོད་པ་སྔོན་དུ་འགྲོ་བའི་ཆོས་དེ་ལ་དེ་བཞིན་དུ་ཤེས་པ་ནི་ཆོས་ཤེས་པའོ། །དེ་བཞིན་དུ་སྡུག་བསྔལ་ལ་སོགས་པ་ ལ་མ་སྐྱེས་པ་ལ་སོགས་པ་ཡོད་པ་ལ་སྔ་མ་བཞིན་དུ་ཆོས་གང་ཡིན་པ་དེའི་ཤེས་པ་མི་དམིགས་པ་གང་ཡིན་པ་དེ་ནི་རྗེས་སུ་ཆོས་ཤེས་པའི་བཟོད་པ་ཡིན་ནོ། །རྗེས་སུ་ཤེས་པ་ཡང་དེ་བཞིན་ནོ། །དེ་ལྟར་ན་བཟོད་པ་དང་། ཤེས་པའི་མཚན་ཉིད་བཞི་པོ་དེ་རྣམས་ལ་སོགས་ པས། འདི་དང་གཞན་པའི་ཡོན་ཏན་དང་། །ཞེས་བྱ་བ་ཕྱིར་མི་ལྡོག་པ་ལ་སོགས་པ་འདི་དང་སྐྱེ་བ་དྲན་པ་ལ་སོགས་པ་གཞན་པའི་ཡོན་ཏན་ཆོས་དང་རྗེས་སུ་མཐུན་པ་དག་དང་ལྡན་པའོ། །དེ་ཉིད་ཀྱིས་ན་ཕན་ཡོན་ཆེན་པོ་སྟེ། །དེ་ལ་སོགས་པའི་འབྲས་བུ་ཐམས་ཅད་ལ་ མཆོག་ཏུ་གྱུར་པ་སྟེར་བ་ཡིན་པའི་ཕྱིར་རོ། །རྣམ་པ་ཇི་ལྟ་བུར་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པ་བཅུ་དྲུག་གསུངས་པ་ཡིན་ནོ། །དེ་བཞིན་ཉིད་དང་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་སྟོན་ཏེ། དེ་བཞིན་ཉིད་དང་སངས་རྒྱས་དག །རྟེན་དང་བརྟེན་པ་པོའི་རྣམ་ གྲངས་སུ་ཁས་མི་ལེན་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་རྣམ་པ་ཡིན་ནོ། །ཆེན་པོ་ཉིད་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་རྣམ་པ་ཡིན་ནོ། །ཚད་མེད་པ་ཉིད་ནི་རྗེས་སུ་ཤེས་པའི་བཟོད་པའི་རྣམ་པ་ཡིན་ནོ། །དཔག་ཏུ་མེད་པ་ནི་རྗེས་སུ་ཆོས་ཤེས་པའི་རྣམ་པ་ཡིན་ ནོ། །མཐའ་ཉིད་ལ་སོགས་པ་མེད་པ་ནི་ཀུན་འབྱུང་ལ་ཤེས་པའི་བཟོད་པའི་རྣམ་པ་ཡིན་ནོ། །སངས་རྒྱས་ཉིད་དུ་ངེས་པར་འཛིན་པ་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་རྣམ་པའོ། །བླང་བ་མེད་པ་དང་དོར་བ་མེད་པ་ནི་རྗེས་སུ་ཆོས་ཤེས་པའི་བཟོད་པའི་རྣམ་པ་ཡིན་ནོ། ། བྱམས་པ་ལ་སོགས་པ་བསྒོམས་པ་ནི་རྗེས་སུ་ཆོས་ཤེས་པའི་རྣམ་པ་ཡིན་ནོ། །སྟོང་པ་ཉིད་ནི་འགོག་པ་ལ་ཆོས་ཤེས་པའི་བཟོད་པའི་རྣམ་པའོ། །སངས་རྒྱས་ཉིད་ཐོབ་པ་ནི་འགོག་པ་ལ་ཆོས་ཤེས་པའི་རྣམ་པའོ། །རྣམ་པར་བྱང་བ་ཐམས་ཅད་ནི་རྗེས་སུ་ཆོས་ཤེས་པའི་ བཟོད་པའི་རྣམ་པའོ། །ཉམ་ང་བ་དང་ནད་ཀུན་སེལ་བ་ནི་རྗེས་སུ་ཆོས་ཤེས་པའི་རྣམ་པའོ། །མྱ་ངན་ལས་འདས་པ་ལས་འཛིན་པ་བཞི་ཉིད་ནི་ལམ་ལ་ཆོས་ཤེས་པའི་བཟོད་པའི་རྣམ་པའོ། །སངས་རྒྱས་རྣམས་ཀྱིས་བསྲུང་བ་ལ་སོགས་པ་ནི་ལམ་ལ་ཆོས་ཤེས་པའི་རྣམ་ པའོ། །དགེ་བ་བཅུ་ལ་སེམས་ཅན་རྣམས་དགོད་པ་ནི་རྗེས་སུ་ཆོས་ཤེས་པའི་བཟོད་པའི་རྣམ་པའོ། །སྦྱིན་པ་ལ་སོགས་པའི་དགེ་བ་སངས་རྒྱས་ཉིད་དུ་ཡོངས་སུ་བསྔོ་བ་ནི་ལམ་ལ་རྗེས་སུ་ཆོས་ཤེས་པའི་རྣམ་པ་ཡིན་ནོ། །གཞན་དག་ན་རེ། ཤེས་པ་དང་རྣམ་པར་སྦྱར་བ་ནི་ ཤེས་པའི་རྣམ་པ་གཞན་དུ་མི་འཐད་པས་རྣམ་པ་འདི་དག་ཉིད་ཀྱང་བདེན་པ་རྣམས་ཁོ་ནའི་ཡིན་པར་བལྟ་བར་བྱའོ་ཞེས་ཟེར་རོ། །མཐོང་བའི་ལམ་འདིའི་ཡང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གསུངས་པ་གཟུང་བར་བྱའོ། །གལ་ཏེ་ དེ་ལྟ་ཡིན་ན་དེར་ཡང་རབ་ཏུ་དགའ་བའི་ས་ལ་སོགས་པ་བརྗོད་པ་ཡོད་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བའི་ལམ་བསྟན་པ་ཡིན་པའི་ཕྱིར་ཡང་ཅིའི་ཕྱིར་སྨོས་ཤེ་ན་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ནི་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཡིན་ནོ་ཞེས་བརྗོད་པས། རྒྱུ་དང་འབྲས་བུ་མ་ལུས་པ་རྟོགས་པ་ལ་ལྟོས་པ་ཡིན་པས་རྒྱལ་བའི་སྲས་རྣམས་ཀྱི་ནི་དེ་ལས་གསུངས་པའི་ལམ་དུ་མི་འགྱུར་བར་དོགས་པ་བཟློག་པའི་དོན་དུ་དེ་ཉིད་ལས་རྒྱུ་ཙམ་ཞིག་བགྲངས་ནས་རྒྱལ་བའི་སྲས་རྣམས་ཀྱི་མཐོང་བ་ལ་སོགས་ པའི་ལམ་གྱི་བདག་ཉིད་ཅན་ལམ་ཤེས་པ་ཉིད་དུ་ལོགས་ཤིག་ཏུ་བཞག་པ་ཡིན་ནོ། །དེ་ལྟར་འཕགས་པ་རྣམ་པར་གྲོལ་སྡེའི་བཤད་པའི་རྗེས་སུ་འབྲངས་པ་ཡིན་པའི་ཕྱིར་བཟོད་པ་ཞེས་བྱ་བ་ལ་སོགས་པ་བཤད་མ་ཐག་པའི་མཐོང་བའི་ལམ་གྱི་རྣམ་པ་ཡིན་པར་བཟང་པོའི་ཞལ་ སྔ་ནས་ཀྱིས་སྦྱར་བ་ཡིན་ནོ། །གཞན་དག་ནི་མཐོང་བའི་ལམ་གྱི་གཞུང་དང་དོན་མ་ལུས་པ་རྣམ་པ་དང་སྦྱར་བ་མ་ཡིན་པས་ཁ་ཅིག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཁ་ཅིག་ཅེས་བྱ་བ་ནི་ཡང་སློབ་དཔོན་ལ་ལ་གཞན་དུ་འཆད་དེ་དེ་ནི། བདེན་དང་བདེན་ལ་ བཟོད་པ་དང་། །ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་གང་ཡིན་པ་ནི་ཤེས་པའི་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ཅན་ཡིན་ལ། དེའི་ཉེ་བར་མཚོན་པ་ལྷུར་ལེན་པའི་གཞུང་གིས་རྣམ་པའི་དོན་བསྟན་པས། དེ་བཞིན་ཉིད་དང་སངས་རྒྱས་དག །ཅེས་བྱ་བ་ལ་ སོགས་པའི་ཚིག་ལེའུར་བྱས་པས་རྣམ་པའི་དོན་མ་བཤད་པར་ཞེས་བྱ་བ་གཟུགས་ལ་སོགས་པའི་དེ་བཞིན་ཉིད་དང་སངས་རྒྱས་དག་རྟེན་དང་བརྟེན་པ་པོའི་རིམ་པར་མི་གནས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་རྣམ་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ངེས་པས་ རྣམ་པའི་རང་གི་ངོ་བོ་མ་བརྗོད་པར། ཉན་ཐོས་ལ་སོགས་པའི་མཐོང་བའི་ལམ་ཇི་སྙེད་བཤད་པ་དེ་ལ་སྐད་ཅིག་མ་བཅུ་དྲུག་གང་ཡིན་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པའི་བཟོད་པའོ། །དེའི་ཉེ་བར་མཚོན་པ་ཉི་ཚེར་མཛད་ཅིང་སྦྱར་བར་ཟད་པས་འདིར་ཡང་བྱང་ཆུབ་ སེམས་དཔའི་མཐོང་བའི་ལམ་གྱི་རྣམ་པ་འབའ་ཞིག་སྨོས་པ་ནི་མ་ཡིན་ནོ་ཞེས་སྦྱར་བར་མི་བྱའོ་ཞེས་བྱ་བ་ནི་འདིའི་དགོངས་པ་ཡིན་ནོ། །དེས་ཅིར་འགྱུར་ཞེ་ན། བཤད་པ་དང་མ་བཤད་པའི་རབ་ཏུ་བྱེད་པ་མ་ལུས་པ་ནི་མཐོང་བའི་ལམ་སྟོན་པར་བྱེད་པ་ཡིན་ལ། དེ་ཡང་། དེ་བཞིན་ཉིད་དང་སངས་རྒྱས་དག །ཅེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་རྣམས་དང་སྦྱར་བར་བལྟའོ། །ཕྱོགས་འདི་ལ་བཟང་པོའི་ཞལ་སྔ་ནས་ཀྱི་ཉེས་པ་བརྗོད་པ་ནི་དེ་དག་གིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སློབ་དཔོན་དེ་དག་ གིས་ནི་བསྒོམ་པའི་གོ་རིམས་ལ་སོགས་པ་མ་བསྟན་པའི་ཕྱིར་ཞེས་བྱ་བ་མངོན་པར་རྟོགས་པ་ལས་གསུངས་པའི་རིམ་གྱིས་བསྒོམ་ཞིང་བསླབ་པའི་གོ་རིམས་སོམོ། །སོགས་པའི་སྒྲ་ནི་བསྒོམ་པ་རབ་ཀྱི་མཐར་ཕྱིན་པ་སྟེ། དེ་ལས་ཀྱང་སངས་རྒྱས་ཉིད་བསྒྲུབ་པ་ཡིན་ལ་འདིས་ནི་ མངོན་པར་རྟོགས་པའི་རིམ་པ་ཅུང་ཟད་ཀྱང་མ་བསྟན་ཏོ་ཞེས་བྱ་བ་སྔར་བཤད་པའི་སེམས་བསྐྱེད་པ་ལ་སོགས་པའི་ལམ་དེའི་རབ་ཀྱི་མཐའ་སངས་རྒྱས་ཉིད་བསྒྲུབ་པའི་གོ་རིམས་ཅུང་ཟད་ཀྱང་མ་བཤད་ལ་ཐམས་ཅད་དུ་འབྲེལ་པའི་དབང་དུ་བྱས་པའི་གོ་རིམས་མེད་པས། སྟོང་ ཕྲག་བརྒྱ་པ་ལ་སོགས་པ་ལྟར་འཆོལ་བར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །ཉེས་པ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དམིགས་པ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པའི་དོན་དྲོ་བ་ལ་སོགས་པའི་དམིགས་པ་དང་རྣམ་པའི་ཁྱད་པར་ཉན་ཐོས་རྣམས་ ལས་གང་ཡང་ཤིན་ཏུ་ཁྱད་ཞུགས་པར་བསྟན་པ་དེ་ཡང་མེད་པར་འགྱུར་ཏེ། །ཕྱོགས་འདི་ལ་ནི་ཐུན་མོང་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཕྱོགས་འདི་ནི་ལེགས་པ་མ་ཡིན་པ་སྙམ་སེམས་སོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཚོགས་ཀྱི་རྩ་བ་ནི་དངོས་པོ་ལ་མངོན་ པར་ཞེན་པ་ཡིན་ལ་དེ་དང་མི་མཐུན་པ་ནི་བདག་མེད་པ་ལ་གོམས་པ་དང་། སྡུག་བསྔལ་གྱི་ཕུང་པོ་ལ་སོགས་པ་དངོས་པོ་ལ་དམིགས་པ་དག་ནི་ཕན་ཚུན་འགལ་བ་ཡིན་པའི་ཕྱིར་བདག་མེད་པ་གོམས་པ་འགྲུབ་པར་མི་འགྱུར་བ་མ་ཡིན་ནམ། ཇི་ལྟར་ན་དེའི་རྒྱུ་ཅན་སྡུག་ བསྔལ་གྱི་ཕུང་པོ་ལ་སོགས་པའི་ཡུལ་རྣམ་པ་བཅུ་དྲུག་ལ་དམིགས་པས་འདིར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པར་འགྱུར་ཞེ་ན། མ་ཡིན་ཏེ་གང་གི་ཕྱིར། དེ་བཞིན་ཉིད་དང་སངས་རྒྱས་དག །ཅེས་བྱ་བ་ལ་སོགས་པའི་ཚིག་ ལེའུར་བྱས་པ་རྣམས་ཀྱིས་སྡུག་བསྔལ་ལ་སོགས་པ་རྣམ་པ་བཅུ་དྲུག་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཡིན་པར་བསྟན་པས་དངོས་པོ་མེད་པ་ཉིད་དུ་ཇི་སྐད་གསུངས་པ་དེ་བཞིན་དུ་བསླབས་པ་ན། ཆོས་ཉིད་ཀྱིས་དེ་སྐྱེད་པར་བྱེད་པར་འགྱུར་བས་དོན་དམ་པར་དོན་གྱི་བྱ་བ་མི་འཐད་ པའི་ཕྱིར་ཞེས་ཐམས་ཅད་དུ་ཤེས་པར་བྱའོ། །མཐོང་བའི་ལམ་གྱི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མོས་པ་རང་གི་དོན་དང་ནི། །ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་ནི་རང་དང་གཞན་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། །རང་དང་གཞན་དང་གཉི་གའི་དོན་ལ་ དམིགས་པ་ཉིད་ཅེས་བྱ་བ་ལ་རང་གི་དོན་ལ་དམིགས་པ་ནི་རང་ཉིད་སྣོད་དུ་རུང་བ་ཉིད་ཀྱི་ཕྱིར་རོ། །གཞན་གྱི་དོན་ལ་དམིགས་པ་ནི་གདུལ་བྱ་སྣོད་དུ་རུང་བའི་དོན་ཉིད་ཡིན་པའི་ཕྱིར་རོ། །རང་དང་གཞན་གྱི་དོན་ལ་དམིགས་པ་ནི་རང་དང་གཞན་སྣོད་དུ་རུང་བའི་དོན་ཉིད་ཀྱི་ཕྱིར་རོ། ། ཇི་ལྟར་མོས་པ་བཞིན་དུ་ཞེས་བྱ་བ་ནི་བདག་མེད་པ་ལས་མ་འདས་པས་སོ། །མཐོང་བ་ནི་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་ལམ་ཉིད་དུ་ཐུགས་སུ་ཆུད་པའོ། །དགེ་བའི་ཆོས་གང་ཡིན་པ་ནི་མ་ཆགས་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་སེམས་བསྐྱེད་པ་ལ་སོགས་ པའོ། །དེའི་རྟེན་ཡིན་ན་ཡང་ཞེས་བྱ་བ་ནི་དེའི་གཞི་ཡིན་ན་ཡང་ངོ་། །དང་པོར་ནི་ཐོག་མར་རོ། །མངོན་དུ་མི་བྱེད་པའི་ངོ་བོ་ནི་རང་དང་གཞན་དང་གཉི་གའི་ཕྱིར་སེམས་བསྐྱེད་པ་ལ་སོགས་པ་ལ་དམིགས་པ་ནི་འདིར་མངོན་པར་མ་ཞེན་པའི་རྣམ་པ་ཉིད་ཡིན་པའི་ཕྱིར་རོ། །གང་ལས་ ཤེ་ན་བསྒོམ་པའི་ལམ་གྱི་དབང་དུ་བྱས་པ་ལས་ཞེས་བྱ་བ་སྨོས་ཏེ། གོམས་པའི་གནས་སྐབས་ལས་ཏེ། རབ་ཀྱི་མཐར་ཐུག་པ་མེད་པར་སློབ་པའི་དུས་སུ་མངོན་སུམ་དུ་བྱ་བ་ནི་སུ་ལ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །རང་གི་དོན་ལ་མོས་པ་ཉིད་ནི་འདི་ ལྟར་རྣམ་པ་དགུ་ཉིད་ཡིན་ཏེ། འདི་ལྟ་སྟེ་ཆུང་ངུའི་ཆུང་ངུ་དང་། ཆུང་ངུའི་འབྲིང་དང་། ཆུང་ངུའི་ཆེན་པོ་དང་། འབྲིང་གི་ཆུང་ངུ་དང་། འབྲིང་གི་འབྲིང་དང་། འབྲིང་གི་ཆེན་པོ་དང་། ཆེན་པོའི་ཆུང་ངུ་དང་། ཆེན་པོའི་འབྲིང་དང་། ཆེན་པོའི་ཆེན་པོའོ། །དེ་བཞིན་ དུ་གཞན་གྱི་དོན་ལ་མོས་པ་དང་གཉི་གའི་དོན་ལ་མོས་པ་ལ་རེ་རེ་ཞིང་དགུ་དགུ་སྟེ། མོས་པ་རྣམ་པ་ཉི་ཤུ་རྩ་བདུན་ནོ། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཆུང་ངུ་དང་འབྲིང་ལ་སོགས་པའི་བདག་ཉིད་ཅན་འདི་ནི་གཉེན་པོ་ཉིད་ཡིན་པས་མི་མཐུན་པའི་ཕྱོགས་ཆེན་པོའི་ཆེན་པོ་ལ་ སོགས་པ་རྣམ་པ་ཉི་ཤུ་རྩ་བདུན་ཡང་དོན་གྱིས་ཤེས་པར་བྱའོ་ཞེས་འཆད་དོ། །ལུང་ལས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བཀུར་ལ་བསྔགས་པ་དང་། ཐབས་གཅིག་ཏུ་ བཞུགས་སོ་ཞེས་གསུངས་པས། བྱང་ཆུབ་སེམས་དཔའི་ལྷག་པར་མོས་པའི་སྟོན་པ་ནི། དེ་བསྒོམ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བསྔོ་བ་ཁྱད་པར་ཅན་ནི་བདག་མེད་པ་ལ་ལྷག་པར་མོས་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དག་གི་ ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་རོ། །ཡང་དེའི་བྱེད་པ་མཆོག་ནི་རང་དང་གཞན་དག་གི་བྱང་ཆུབ་སྒྲུབ་པའོ། །དམིགས་མེད་རྣམ་པ་ཞེས་བྱ་བ་ལ་སོགས་པ་ནི་རང་དང་གཞན་དང་གཉི་གའི་སེམས་བསྐྱེད་པ་ལ་སོགས་པར་བྱེད་པའི་ཡིད་ལ་བྱེད་པ་ནི་ལྷག་ པར་མོས་པའི་ཡིད་ལ་བྱེད་པ་ཞེས་བཤད་དོ། །མོས་པ་དང་བསྔོ་བ་ཡིད་ལ་བྱེད་པ་དག་སྔོན་དང་ཕྱི་མར་གནས་པ་དག་གི་ཡུལ་ནི་སེམས་བསྐྱེད་པ་ལ་སོགས་པ་ཡིན་པའི་ཕྱིར་ཡུལ་གྱི་ཁྱད་པར་མེད་དོ་ཞེས་བྱ་བའི་དགོངས་པ་དང་ལྡན་པས་ཇི་སྐད་བཤད་པའི་མི་དམིགས་པ་ཞེས་བྱ་བ་ལ་སོགས་ པ་སྨོས་ཏེ། །ཇི་སྐད་དུ་བཤད་པའི་མོས་པའི་ཁྱད་པར་མི་དམིགས་པ་གང་ཞིག་ཡིན་ཞེ་ན། མི་དམིགས་པ་སྟེ། དེ་ནི་དམིགས་མེད་རྣམ་པ་ཅན། །ཞེས་བྱ་བ་ཡང་འདི་ནི་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པ་དམིགས་པ་མེད་པ་ཞེས་བྱ་བ་ཡིན་ནོ། །བདག་ཏུ་ལྟ་བ་ལ་སོགས་ པའི་ལྟ་བ་ཕྱིན་ཅི་ལོག་མེད་པས་ཕྱིན་ཅི་མ་ལོག་པ་སྟེ། ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་བྱ་བའོ། །གཟུང་བ་ལ་སོགས་པ་མེད་པས་དབེན་པའོ། །དེ་བཞིན་གཤེགས་པའི་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཞེས་བྱ་བ་ལ་སོགས་པའི་དོན་སྟོན་པ་ཡིན་ནོ། ། སེམས་མ་ཞུམ་པ་ལ་སོགས་པ་དང་ལྡན་པས་ཐབས་ལ་མཁས་པ་དང་བཅས་པའོ། །སྦྱིན་པར་བྱ་བ་ལ་སོགས་པ་མི་དམིགས་པས་མཚན་མ་མེད་པའོ། །སངས་རྒྱས་དགྱེས་པ་ཡིན་པས་སངས་རྒྱས་ཀྱིས་གནང་བའོ། །འདོད་པ་ལ་སོགས་པའི་ཁམས་ལ་མངོན་པར་ཞེན་པ་མེད་པ་ཡིན་ པའི་ཕྱིར་ཁམས་གསུམ་པར་མ་གཏོགས་པ་སྟེ། ཐབས་བཅས་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །ཆུང་དང་འབྲིང་དང་ཆེན་པོ་ཡི། །བསྔོ་བ་གཞན་ནི་རྣམ་གསུམ་དང་། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཐམས་ཅད་ལས་མཆོག་ཏུ་གྱུར་པའི་བསོད་ནམས་ཀྱི་བདག་ཉིད་སྐྱེད་པ་ཡིན་ པའི་ཕྱིར། བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །ཞེས་བྱ་བ་སྟེ། བསོད་ནམས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་ལྟར་མིང་དུ་བཏགས་པའི་ཡིད་ལ་བྱེད་པས་དམིགས་པ་མེད་པ་ལ་སོགས་པའི་མིང་ཅན་གྱི་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པ་བཅུ་གཉིས་མི་ དམིགས་པ་ལ་དམིགས་པས་ཐེག་པ་གསུམ་གྱིས་གདུལ་བར་བྱ་བའི་སེམས་ཅན་ལ་དེ་རྣམས་ཀྱི་ལམ་ཉེ་བར་སྟོན་པའི་རྒྱུའི་ངོ་བོའི་བྱེད་པ་དང་ལྡན་པ་གང་ཡིན་པ་དེ་དང་ལྡན་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མི་ཟད་པར་བྱ་བའི་ཕྱིར་ཞེས་བྱ་བ་བྱང་ཆུབ་ཀྱི་བར་དུ་འཕེལ་བར་ བྱ་བའི་དོན་དུ་བསྔོ་བ་རྣམ་པ་བཅུ་གཉིས་ཀྱིས་སྔོ་བར་བྱེད་དོ། །གང་ཞིག་མི་དམིགས་པ་ལ་དམིགས་པའི་བསྔོ་བའི་ཡིད་ལ་བྱེད་པ་དེ་ནི་གོ་རིམས་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བླ་ན་མེད་པའི་བྱང་ཆུབ་ནི་འཚང་རྒྱ་བ་ཉིད་དོ། །ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ནི་ ཟག་པ་མེད་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་ལ་སོགས་པའོ། །སེམས་གང་གིས་སྔོ་བར་བྱེད་པ་དེ་དང་དེའི་བདག་ལ་སོགས་པ་དང་ལྡན་པའི་གཞི་ཅན་ནི་བདག་དང་གཞན་གྱི་རྣམ་པར་རྟོག་པའི་ཉོན་མོངས་པའི་ཕུང་པོའོ། །དུས་གསུམ་གྱི་སངས་རྒྱས་ཀྱི་དགེ་བ་ནི་བྱུང་བ་དང་ འབྱུང་བར་འགྱུར་བ་དང་། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱི་བསོད་ནམས་སོ། །སྦྱིན་པ་ལ་སོགས་པ་དང་མཚན་མ་ནི་སྦྱིན་པར་བྱ་བ་ལ་སོགས་པ་འཚང་རྒྱ་བའི་རྒྱུ་ཉིད་དོ། །ལམ་ཐམས་ཅད་ནི་ཐེག་པ་གསུམ་མོ། །འདོད་པ་ལ་སོགས་པའི་ཁམས་ནི་འདོད་པ་དང་གཟུགས་དང་ གཟུགས་མེད་པའི་ཁམས་སོ། །དགེ་བ་བཅུ་ལ་སོགས་པའི་ལས་ཀྱི་ལམ་ནི་སྲོག་གཅོད་པ་ལས་ལྡོག་པ་ལ་སོགས་པའོ། །རྒྱུན་ཏུ་ཞུགས་པ་ལ་སོགས་པ་ནི་རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་ལ་སོགས་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པ་ རྣམས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་བསྔོ་བ་ཁྱད་པར་ཅན་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །འདིས་ནི་སེམས་བསྐྱེད་པ་ལ་སོགས་པ་སྔ་མ་བཞིན་དུ་མོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་དམིགས་པ་ལ་སོགས་པའི་བསམ་པས་ སེམས་ཅན་རྣམས་ཐེག་པ་གསུམ་གྱི་རིམ་གྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དགེ་བའི་རྩ་བ་དེ་བསྔོ་བར་བྱའོ་ཞེས་བྱ་བར་དགོངས་སོ། །བསྒོམ་པའི་ལམ་གྱི་རྗེས་སུ་ཡི་རང་བ་བསྒོམ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །ཆོས་ཀྱིས་ཕོངས་ པའི་རྒྱུ་ནི་རང་གི་ཆོས་མཉན་པ་ལ་སོགས་པ་མ་ཐོབ་པའི་རྒྱུ་རྣམས་སོ། །ཤིན་ཏུ་རྣམ་པར་དག་པའི་སྐབས་ཡིན་པས་རྣམ་པར་དག་པ་སྤྱིར་ཡིན་ཏེ། ཀུན་རྫོབ་དེ་བཞིན་ཉིད་གང་ཡིན། །དེ་ནི་དོན་དམ་པ་ཡིར་འདོད། །ཅེས་བྱ་བའི་ཚུལ་གྱིས་དེ་ལྟར་ཐོབ་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ ཏེ། འབྲས་བུ་དག་པ་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་ནི་འཕགས་པའི་གང་ཟག་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། འཕགས་པའི་གང་ཟག་ནི་ཉན་ཐོས་ལ་སོགས་པའོ། །དེའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གང་ཡིན་པ་ནི་རྒྱུན་ཏུ་ཞུགས་པ་ལ་སོགས་པའོ། །དེའི་མི་ མཐུན་པའི་ཕྱོགས་གང་ཡིན་པ་ཐམས་ཅད་དེ། དེ་དང་བྲལ་བ་ཉིད་ཀྱིས་རྣམ་པར་དག་པ་སྟེ་དྲི་མ་མེད་པའོ། །དེ་གང་ཡིན་ཞེ་ན། གང་གཟུགས་ལ་སོགས་པའི་རྣམ་པར་དག་པ་སྟེ། གཟུང་བ་ལ་སོགས་པ་མེད་པས་གཟུགས་ལ་སོགས་པའི་སྟོང་པ་ཉིད་དོ། །འབྲས་བུ་ལ་སོགས་པ་ནི་བཤད་ ཟིན་ཏོ། །ཅིའི་ཕྱིར་ཞེ་ན། འབྲས་བུ་སྟེ། རྒྱུན་ཏུ་ཞུགས་པ་ལ་སོགས་པའི་སྔ་མ་བཞིན་དུ་རྣམ་པར་དག་པ་གང་ཡིན་པ་དང་། གཟུགས་ལ་སོགས་པ་ལ་བདག་ཏུ་མངོན་པར་ཞེན་པ་སྟེ། དོན་དམ་པར་ཡོད་པར་ཞེན་པ་གང་ཡིན་པ་དེ་དག་དང་བྲལ་བས་རབ་ཏུ་ཕྱེ་བ་ ཉིད་ཀྱིས་ན་དེ་བཞིན་ཉིད་དང་གཟུགས་ནི་གཅིག་པ་ཉིད་དོ། །དོན་འདི་ཉིད་ནི་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་དག་གི་རྣམ་པར་དག་པ་ཞེས་བྱ་བ་གང་གི་ཕྱིར་འཚང་རྒྱ་བ་ཉིད་དང་། གཟུགས་ལ་སོགས་པའི་དག་པ་དག་ནི་ཐ་མི་དད་ཅིང་བཅད་དུ་མེད་པ་ཉིད་དོ། །དོན་ མཚུངས་པ་ཡིན་ན་ཡང་ཁྱད་པར་གྱི་སྒོ་ནས་ཐ་དད་པའི་སྒྲར་བརྗོད་པའི་རྒྱུ་ནི་རང་དང་སྤྱིའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རང་དང་སྤྱིའི་མཚན་ཉིད་ཐ་དད་པ་ཉིད་མ་ཡིན་པས་དེའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་དང་གཟུགས་ལ་སོགས་པའི་རང་དང་སྤྱི་ཇི་ལྟར་གྲགས་པའོ། །ཡང་ན་ གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་སྐད་ཅིག་མ་གཅིག་པ་ཉིད་དུ་གྱུར་པ་ཉིད་ཀྱི་ཕྱིར་དང་། གོང་ནས་གོང་དུ་རིམ་གྱིས་རྒྱུད་ལ་གནས་པ་ཡིན་པའི་ཕྱིར་རང་དང་སྤྱིའོ། །དེ་དག་གི་མཚན་ཉིད་དེ། དོན་དམ་པར་ནི་སྒྱུ་མ་ལྟ་བུའི་ངོ་བོ་ཉིད་དེ་དེ་དང་འདྲ་བར་ཐ་དད་པ་ཉིད་མ་ཡིན་པའི་ངོ་བོ་ཉིད་ ཡིན་ནོ། །དེ་ལྟར་ན་རང་དང་སྤྱིའི་མཚན་ཉིད་ཐ་དད་པ་དང་བྲལ་བས་གོ་རིམས་བཞིན་དུ་དེ་དག་གི་རྣམ་པར་དག་པ་ནི་ཐ་མི་དད་ཅིང་བཅད་དུ་མེད་པ་ཉིད་ཡིན་ནོ། །ཡང་ན་འདིར་འདི་དག་ནི་ཡང་དག་པ་ཉིད་དུ་སྣ་ཚོགས་པའི་མཚན་ཉིད་ཀྱི་དབྱེ་བ་མེད་པས་ཐ་མི་དད་པ་ཡིན་ལ། རབ་ཏུ་ དབྱེ་བའི་མཚན་ཉིད་ཀྱི་བཅད་པ་མེད་པས་བཅད་དུ་མེད་པ་ཉིད་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པའི་ཕྱིར་རྣམ་པར་དག་པ་ཡིན་ཏེ། གཟུགས་ལ་སོགས་པའི་རྣམ་པར་དག་པ་གང་ཡིན་པ་དེ་ཉིད་འབྲས་བུའི་རྣམ་པར་དག་པ་ཡིན་ནོ་ཞེས་བཤད་དོ། །དེ་གཉིས་ཞེས་བྱ་བ་ལ་ སོགས་པ་ནི་བཤད་ཟིན་ཏོ། །རྣམ་པར་དག་པའི་ཁྱད་པར་ནི་རྣམ་པར་དག་པ་སྤྱིར་བརྗོད་ནས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱི་གཞུང་ཆོས་ཀྱི་ གྲགས་པས་དཀའ་འགྲེལ་ཏུ་བྱས་པ་ལས་སྐབས་གཉིས་པའི་འགྲེལ་པའི་བཤད་པའོ།། །།གཞི་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་རབ་ཏུ་བྱེད་པའི་འགྲེལ་པ་བརྗོད་ནས་ཐམས་ཅད་ཤེས་པ་ཉིད་བཤད་པ་ཡིན་ནོ། །ཚུ་རོལ་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་ རྣམ་པར་འགྲེལ་པ་ནི་དུས་གསུམ་པའི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དུས་གསུམ་པའི་ཆོས་རྣམས་ནི་དུས་གསུམ་དུ་གནས་པའི་གཟུགས་ལ་སོགས་པའོ། །སྐྱེ་བ་མེད་པའི་རྣམ་པར་ཏེ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱི་མ་སྐྱེས་པ་ཉིད་ཡིན་པར་མཉམ་པ་ཉིད་དུ་རྟོགས་པས་ཞེས་ བྱ་བར་གཅིག་པ་ཉིད་དུ་ཤེས་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཉེ་བར་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདོད་པ་རང་གི་སེམས་ལ་གནས་པའི་གཉིས་སུ་མེད་པའི་ཡེ་ཤེས་གང་ཡིན་པའི་ངོ་བོ་དེ་ནི་ཉན་ཐོས་ལ་སོགས་པ་གཞན་དག་གི་མ་ཡིན་ཏེ། དེ་རྣམས་ ལ་གཟུང་བ་ལ་སོགས་པའི་བག་ཆགས་ཡོད་པས་ཐམས་ཅད་དུ་འགྲོ་བའི་སྐྱེ་བ་མེད་པའི་ཡེ་ཤེས་མེད་པའི་ཕྱིར་རོ། །དུས་རྣམས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་གང་ལ་ཡང་མི་གནས་པ་ནི་ཚུ་རོལ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྒྱལ་བའི་སྲས་རྣམས་ཀྱི་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ནི་ཚུ་རོལ་གྱི་མཐའ་ནི་འཁོར་བ་སྟེ། སོ་སོའི་སྐྱེ་བོ་ལ་སོགས་པས་བགྲོད་ཅིང་མཐོང་བ་ཉིད་ཀྱིས་ཉེ་བར་གྱུར་པའི་ཕྱིར་སྲིད་པའི་མཐར་མི་གནས་ཤིང་མངོན་པར་ཞུགས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱིས་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སོགས་པའི་ཚུལ་ཕྱིན་ཅི་མ་ལོག་པར་ཐོས་པ་ལ་སོགས་པས་ཤེས་པའི་ཕྱིར་རོ། །ཕ་རོལ་གྱི་མཐའ་ནི་མྱ་ངན་ལས་འདས་པ་སྟེ། སོ་སོའི་སྐྱེ་བོ་རྣམས་ཀྱིས་བགྲོད་པར་བྱ་བ་མ་ཡིན་ཞིང་མ་མཐོང་བ་ཉིད་ཀྱིས་མཐའ་རིང་བའི་མྱ་ངན་ལས་འདས་པ་ལ་མི་གནས་སོ། །ཅིའི་ཕྱིར་ཞེ་ན་ སྙིང་རྗེས་ཞེས་བྱ་བ་སྟེ། སེམས་ཅན་མ་ལུས་པ་ལ་དམིགས་པའི་སྙིང་རྗེས་སོ། །སྲིད་པ་དང་ཞི་བ་འདི་དག་རྣམ་གྲངས་གཞན་གྱིས་བསལ་བར་བྱ་བ་ནི་གོ་རིམས་བཞིན་དུ་བདག་ལ་སོགས་པར་ལྟ་བ་དང་མི་ལྟ་བར་གྱུར་པ་ཉིད་ཀྱིས་སྲིད་པ་དང་མྱ་ངན་ལས་འདས་པ་ནི་རྟག་པ་དང་ཆད་པའི་ མཚན་ཉིད་ཡིན་ལ། དེ་དག་གི་བར་ན་མི་གནས་པ་ནི་ཡང་དག་པར་ན་སྲིད་པ་དང་ཞི་བ་དག་མེད་པས་དེའི་བར་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་ཞེ་ན། ཚུལ་དེ་ལྟར་ན་སྲིད་པ་དང་མྱ་ངན་ལས་འདས་པ་མཐའ་དང་བར་ན་ གནས་པ་མེད་པས་སྲིད་པ་དང་ཞི་བ་ལ་མི་གནས་པ་ཡིན་ཏེ། སྲིད་པ་དང་མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་བཤད་དོ། །འདིས་ནི་ཤེས་རབ་ཀྱི་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུམ་ རྗེས་སུ་འགྲོ་བའི་སྒོ་ནས་བཤད་ནས་ལྡོག་པའི་སྒོ་ནས་ཉན་ཐོས་ལ་སོགས་པ་རྣམས་ལ་དེ་མེད་པ་ནི་ཀུན་ཤེས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཀུན་ཤེས་པ་ཉིད་ཀྱི་གནས་སྐབས་སུ་ཞེས་བྱ་བ་ནི་ཐམས་ཅད་ཤེས་པའི་དབང་དུ་བྱས་པར་བཟློག་སྟེ་བསྟན་པས་ཞེས་བྱ་བ་བྱང་ཆུབ་སེམས་ དཔའ་ལས་གོ་བཟློག་པའི་སྒོ་ནས་བཤད་པ་ཡིན་པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པ་ལ་དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་མེད་པའི་ཕྱིར་ཞེས་བྱ་བ་དུས་གསུམ་དུ་གནས་པའི་དངོས་པོ་སྐྱེ་བ་མེད་པར་ཤེས་པ་མེད་པས་སོ། །ཡང་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རིང་བར་གྱུར་པས་ཞེས་ བྱ་བ་ནི་ཐམས་ཅད་དུ་མངོན་པར་ཞེན་པ་མེད་པའི་ཤེས་པ་རིང་དུ་སྤངས་པ་ཡིན་ཏེ། དེ་ནི་དུས་གསུམ་གྱི་དངོས་པོ་སྐྱེ་བ་མེད་པར་ཤེས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་གྱུར་པ་རང་གིས་རྟོགས་པ་ཙམ་སྟེ། རང་གི་རིག་པའི་ངོ་བོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་བརྩེ་བ་དང་ཤེས་རབ་དང་ བྲལ་བའི་ཕྱིར། མྱ་ངན་ལས་འདས་པ་ལ་དངོས་པོ་མཐོང་བས་སྐྲག་པའི་ཕྱིར། མྱ་ངན་ལས་འདས་པའི་ཆད་པའི་བདག་ཉིད་ཅན་དང་། འཁོར་བའང་འཁྲུལ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཆ་འདྲ་བས་རྟག་པར་ལྟ་བ་སྐྱེད་པ་ཡིན་པར་གནས་ཤིང་མངོན་པར་ཞུགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་དང་དངོས་པོ་མེད་པར་དམིགས་པ་ཉིད་ཀྱིས་ཞེས་བྱ་བ་སྟེ། དེའི་གཞུང་གིས་རྟག་པ་ཡིན་པའི་ཕྱིར་དོན་དམ་པར་ཡོད་པའི་དངོས་པོ་ནི་མྱ་ངན་ལས་འདས་པའོ། །མི་རྟག་པ་ལ་སོགས་པའི་ཚུལ་གྱིས་ན་དེ་རྣམས་ཀྱི་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར་སྲིད་པ་ནི་དངོས་པོ་མེད་པའོ། །དེ་དག་དམིགས་པ་ཉིད་ ཀྱིས་ཤེས་པའོ། །ཡང་ན་ཡང་དག་པ་ཉིད་དུ་ཕྱིན་ཅི་ལོག་ཉིད་ཡིན་པས་གཟུགས་ལ་སོགས་པའི་དངོས་པོ་རྣམས་དོན་དམ་པར་དངོས་པོ་ཡོད་པ་ཉིད་དང་། །ཡང་དག་པར་ན་དེ་མེད་པས་དེའི་མི་རྟག་པ་ཉིད་ལ་སོགས་པ་ལ་དངོས་པོ་མེད་པར་མངོན་པར་ཞེན་པ་ཡིན་ནོ་ཞེས་ཤེས་པར་བྱའོ། ། གཉི་ག་ལྟར་ན་ཡང་ཉན་ཐོས་ལ་སོགས་པ་དམིགས་པ་ཅན་རྣམས་ནི་ངེས་པར་དངོས་པོ་འགའ་ཞིག་ལ་ཀུན་ཏུ་ཆགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དུ་ཟིན་ན་ཡང་ཉམས་པ་ལ་སོགས་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ལུགས་ལས་ཞེས་བྱ་བ་ལ་སོགས་པ་དང་། དེའི་མཚན་བཅས་ ཞེས་བྱ་བ་ལ་སོགས་པའི་ལན་གྱིས་ཚིག་ལེའུར་བྱས་པའི་འགྲེལ་པ་ནི་གོ་སླའོ། །དངོས་པོ་མཚན་མ་དང་ལྡན་པར་རྟོགས་ནས་ཞེས་བྱ་བ་ནི་དངོས་པོ་ལ་མངོན་པར་ཞེན་པའི་འཁྲུལ་བའི་མཚན་མ་རགས་པ་ལ་སོགས་པ་དང་ལྡན་པར་ཆ་འདྲ་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ གཟུགས་ལ་སོགས་པའི་དངོས་པོ་ལ་རྟོག་པས་སོ། །ཡང་ན་ཚོགས་པ་ལས་བྱུང་བ་ཡིན་པའི་ཕྱིར་དངོས་པོ་ལ་མངོན་པར་ཞེན་པའི་འཁྲུལ་བའི་མཚན་མའི་རྒྱུ་དང་ལྡན་པར་གཟུགས་ལ་སོགས་པ་རྟོག་པས་སོ། །དངོས་པོའི་ངོ་བོ་མི་ཤེས་པ་རྣམས་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ རང་བཞིན་ལོག་པ་རྣམས་མི་ཤེས་པའོ། །དེའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་གཟུགས་ལ་སོགས་པ་སྐྱེ་བ་མེད་པའི་ཡེ་ཤེས་སོ། །ཐབས་མ་ཡིན་པས་ནི་ཞེས་བྱ་བ་ལ་སོགས་པའི་བཤད་པས་ནི། ཐབས་མ་ཡིན་པས་རིང་བ་སྟེ། །ཞེས་བྱ་བ་བཤད་པ་ཡིན་ནོ། །བྱང་ཆུབ་སེམས་ དཔའ་དུས་རིང་མོ་ཞིག་ནས་ཞེས་བྱ་བ་ལ་སོགས་པའི་བཤད་པས་ནི། དེ་ནི་ཐབས་ལ་མཁས་པ་ཡིས། །ཞེས་བྱ་བ་ལ་སོགས་པའི་བཤད་པ་ཡིན་ནོ། །ཉན་ཐོས་ལ་སོགས་པའི་གཉེན་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཉིད་ཡིན་པ་ནི་དེ་ལྟར་ཉན་ཐོས་ལ་ སོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར་ན་ཉན་ཐོས་ལ་སོགས་པས་འོག་ནས་བཤད་པའི་རིམ་གྱིས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་བར་འགྱུར་བ་སྒྲུབ་པ་ཡིན་ཞིང་མི་འཐོབ་པ་ཡིན་པའི་ཕྱིར་ལོག་པར་གོམས་པ་ཡིན་པས་དེ་རྣམས་ཀྱི་གཉེན་པོ་ནི་བྱང་ཆུབ་ སེམས་དཔའ་རྣམས་ཀྱིས་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་ཡིན་ནོ་ཞེས་འཕགས་པ་བྱམས་པས་མི་མཐུན་པའི་ཕྱོགས་ཡིན་པར་གསུངས་སོ། །གཟུགས་སོགས་ཞེས་བྱ་བ་ལ་སོགས་པའི་ཚིག་ལེ་འུར་བྱས་པའི་དོན་ནི་གཟུགས་ལ་སོགས་པ་ཞེས་བྱ་བ་ ལ་སོགས་སྨོས་པ་ཡིན་ཏེ། སོ་སོའི་སྐྱེ་བོ་རྣམས་ཀྱི་ཟག་པ་དང་བཅས་པ་དང་། འཕགས་པ་རྣམས་ཀྱི་ཟག་པ་མེད་པ་དང་གཉི་གའི་ངོ་བོ་སྟེ། ཉོན་མོངས་པའི་ཕྱོགས་གཅིག་སྤངས་པའི་སོ་སོའི་སྐྱེ་བོ་འདོད་ཆགས་དང་བྲལ་བའི་ཚོགས་སོ། །གཟུགས་ལ་སོགས་པ་དུས་གསུམ་པའི་ཆོས་གང་ཡིན་པ་དེ་ ཐམས་ཅད་ལ་དེའི་གཞུང་གིས་དངོས་པོར་མ་གྱུར་པ་ལ་དངོས་པོར་དམིགས་པ་ཉིད་ཀྱིས་དོན་དམ་པར་ཡོད་པར་མངོན་པར་ཞེན་པས་གཟུགས་ལ་སོགས་པ་གང་ཡིན་པར་ཤེས་ལ། དེ་བས་ན་གཟུགས་ལ་སོགས་པའི་ཕུང་པོ་དེ་རྣམས་ཉིད་ལ་གཞན་གྱིས་ཀུན་བརྟགས་པའི་བདག་ལ་སོགས་པ་སྟོང་པ་ཉིད་ དུ་བལྟའོ། །སྦྱིན་པ་ལ་སོགས་པ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། བསམ་གཏན་བཞི་རྣམས་ཏེ། འདི་རྣམས་ལ་སྒྲུབ་པའི་འདུ་ཤེས་ཞེས་བྱ་བ་བདག་མེད་དོ་ཞེས་མངོན་པར་ཞེན་པ་ནི་ཉན་ཐོས་ལ་སོགས་པ་དེ་རྣམས་ཀྱི་གཉེན་པོ་སྟེ་ལམ་ ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཕྱིན་ཅི་ལོག་འབྱུང་བ་ཉིད་ཀྱིས་བདག་ལ་སོགས་པ་ལ་མངོན་པར་ཞུགས་པའི་སོ་སོའི་སྐྱེ་བོ་རྣམས་ལས་གོ་བཟློག་པར་ཞུགས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་བཤད་མ་ཐག་པའི་ཉན་ཐོས་ལ་སོགས་པའི་གཉེན་པོའི་ཕྱོགས་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ མཐུན་པའི་ཕྱོགས་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཕྱིན་ཅི་ལོག་པ་འབྱུང་བ་ཉིད་ཀྱིས་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའམ། གཟུགས་ལ་སོགས་པ་དེ་ཁོ་ན་ཉིད་དུ་མེད་པས་སྟོང་པ་ཉིད་དུ་ལྟ་བ་ལ་སོགས་པ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བཤད་ པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཟློག་སྟེ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །མཐོང་བ་ལ་སོགས་བཀག་པ་ཡིས། །ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྟོགས་པར་བྱ་བ་ཉིད་ཡིན་པར་མདོ་ལས་བཀག་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་རང་བཞིན་ཏེ་རྟོགས་པར་ དཀའ་བ་ཉིད་ཡིན་ཏེ། འཇིག་རྟེན་པའི་ཚད་མས་རྟོགས་པའི་ཡུལ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཤེས་པས་སྤང་བར་བྱ་བ་དང་། བླང་བར་བྱ་བ་མ་ལུས་པ་ལ་ཆགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་མི་མཐུན་ པའི་ཕྱོགས་ཞེས་བྱ་བ་ལ་སོགས་པས་ནི་སྦྱོར་བ་གསུངས་པ་ཡིན་ཏེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དང་ཞེས་བྱ་བ་ལ་སོགས་པས་ཚིག་ལེའུར་བྱས་པའི་དོན་སྟོན་པ་ཡིན་ཏེ། སྒྲུབ་པ་ནི་གཟུགས་ལ་སོགས་པ་བདག་མེད་པར་སློབ་པ་ལ་རྩོམ་པའོ། །དེའི་ཡོངས་སུ་ཤེས་པ་ནི་ཉེ་བར་དམིགས་པའོ། ། དེ་བསལ་བའི་སྒོ་ནས་ཞེས་བྱ་བ་ནི་གཟུགས་སུ་མ་ཡིན་ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་དུ་བཀག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་དང་དེ་ལ་སྦྱོར་བ་ནི་གཟུགས་ལ་སོགས་པ་ལ་མངོན་པར་མ་ཞེན་པས་བདག་མེད་པ་ལ་གོམས་པའི་མཚན་ཉིད་ཕུལ་དུ་བྱུང་བའི་སྦྱོར་བ་ནི་རྣམ་པ་བཅུ་སྟེ། གཟུགས་ལ་ སོགས་པ་ལ་ཡུལ་གྱི་དབྱེ་བ་རྣམ་པ་བཅུ་ཡིན་པ་རྗེས་སུ་འགྲོ་བའི་སྒོ་ནས་བསྟན་ལ་རབ་ཏུ་བྱེད་པ་ལས་ཞེས་བྱ་བ་ནི་ལྷག་མ་སྟེ། སྦྱོར་བ་དགག་པ་ཞེས་བྱ་བའི་འགྲེལ་པ་ཡིན་ནོ། །གཟུགས་ལ་སོགས་པ་ཞེས་བྱ་བ་བཤད་པར་བྱ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་ པའོ། །དེ་ཉིད་མི་རྟག་པ་དང་སྟོང་པ་ཉིད་ལ་སོགས་པ་ནི་གོ་སླའོ། །མཚན་ཉིད་ཀྱིས་སྟོང་པ་ཉིད་དུ་བརྟགས་པའི་ཕྱིར་དང་། ཡོན་ཏན་གྱི་ཚོགས་དང་ལྡན་པ་ཉིད་དང་ཆོས་ཀྱི་ངོ་བོ་ཉིད་ཡིན་པས་སོ་སོར་མ་རྫོགས་པ་དང་རྫོགས་པ་ཉིད་དེ། གཟུགས་ལ་སོགས་པ་ཚང་བ་ཉིད་དང་མ་ཚང་བ་ཉིད་དོ། །ཆགས་པ་མེད་པ་ནི་གཟུགས་ལ་ སོགས་པ་ལ་མ་ཞེན་པ་སྟེ། གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞིའི་བཤད་པ་ཡིན་ནོ། །གཞན་དུ་མི་འགྱུར་བ་ནི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་ཡུམ་གྱི་འགྱུར་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ན་བྱེད་པ་པོ་མེད་པ་ཉིད་ཡིན་ཏེ། མི་འགྱུར་བྱེད་པོ་མེད་ཉིད་དང་། ། ཞེས་བྱ་བའི་བཤད་པ་ཡིན་ནོ། །གོ་རིམས་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་སྔར་བཤད་པ་སྟེ། དེའི་བདག་ཉིད་ཅན་གྱི་ཆེད་དུ་བྱ་བ་དང་སྦྱོར་བ་དང་ཕྱེད་པ་གང་ཡིན་པ་ནི་སྔར་བཤད་པ་སྟེ། དེ་རྣམས་ཀྱི་དཀའ་བ་ཉིད་ནི་རྣམ་པ་ཐམས་ཅད་དང་ལམ་དང་གཞི་རྣམས་དེ་ཁོ་ན་ཉིད་དུ་མེད་ན་ཡང་བྱང་ཆུབ་སེམས་དཔའ་རྣམས་ རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་ལ་འབད་པས་དེའི་བདག་ཉིད་ཅན་གྱི་ཆེད་དུ་བྱ་བ་ལ་སོགས་པས་ནི་བསྒྲུབ་པར་དཀའ་བ་ཉིད་ཡིན་པས། སྦྱོར་བ་དཀའ་བ་རྣམ་གསུམ་དང་། །ཞེས་བཤད་པ་ཡིན་ནོ། །སྐལ་བ་ཅི་ལྟ་བ་བཞིན་དུ་འབྲས་བུ་འཐོབ་པས་མི་སྟོང་པ་ཉིད་ དེ། སྐལ་བ་དང་འཚམ་པ་ལས་མི་འདའ་བར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་འབྲས་བུ་འཐོབ་པ་དོན་ཡོད་པ་ཉིད་ཀྱིས་ན། སྐལ་བ་ཇི་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞན་གྱི་རྐྱེན་གྱིས་མི་འགྲོ་ཉིད། །ཅེས་བྱ་བ་ནི་ཐམས་ཅད་ཀྱི་དམ་པར་འགྱུར་བས་མཆོག་གཞན་ མེད་པའམ། ཡང་དག་པར་ན་དེ་ལས་གཞན་པ་མེད་པའི་ཕྱིར་བདག་མེད་པ་བསྒོམ་པའི་བདག་ཉིད་དོ། །དེ་ནི་བདག་ཉིད་སྲུང་བ་ལ་སོགས་པའི་དོན་གྱི་རྒྱུར་གྱུར་པ་ཡིན་པས་ན་རྐྱེན་ཏོ། །ཡང་ན་གཞན་གྱི་རྐྱེན་གྱི་བདག་ཉིད་ཀྱི་སྲུང་བ་ལ་སོགས་པའི་ཕྱིར་དངོས་པོ་རྣམས་དངོས་པོ་མེད་པར་སོ་སོར་རྟོག་པའི་ཡེ་ཤེས་ཞེས་ སོ། །དེར་འགྲོ་བ་ནི་དེར་ཐོབ་པ་སྟེ། རང་ལས་གཞན་པའི་ནུས་པས་སམ། །ཕྱི་རོལ་དུ་ལྟ་བའི་སྲུང་བ་ལ་སོགས་པ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་ལེགས་པ་མ་ཡིན་ཏེ། སེམས་ཀྱི་གེགས་སེལ་བ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ཡང་གང་འདི་རྒྱུ་བ་དང་ནི་མི་རྒྱུ་བ། སྒྱུ་མ་ནམ་མཁའི་ངོ་བོར་ ཡོངས་རྟོགས་པ། །དོན་དམ་མཐོང་བའི་སྲུང་བ་དེ་ཉིད་ཡིན། །སྲུང་བའི་གོ་ཆ་གཞན་དག་འདིར་ཅི་དགོས། །ཞེས་གང་བཤད་པ་ཡིན་ནོ། །རྣམ་པར་ཤེས་པ་ཡོངས་སུ་གྱུར་པ་ཉིད་ཡིན་པས་ན་ཡོངས་སུ་འགྱུར་བའོ། །སྔགས་དང་སྨན་གྱི་ཚོགས་པ་ཉིད་ཡིན་པས་ན་མཉམ་པར་སྦྱོར་བའོ། །མེད་པ་ཉིད་ཀྱིས་ ན་འགལ་བའོ། །སྒྲ་ནི་རྐྱེན་ལ་རག་ལས་པས་ན་རྐྱེན་ཏོ། །ཤེས་བྱའི་ཚུལ་ལས་མི་འདའ་བས་ན་མི་འདའ་བའོ། །གཞི་མེད་པས་ན་རྟེན་མེད་པའོ། །རྒྱུ་དང་བྲལ་བས་ན་བྱེད་པ་པོ་མེད་པའོ། །འདི་རྣམས་སུ་སྣང་བ་ཞེས་བྱ་བ་གང་ཡིན་པ་ནི་ཡང་དག་པར་ན་རྣམ་པར་ཤེས་པ་ལ་སོགས་པ་ཡིན་པར་མི་འདོད་པས་ དེ་ཡོངས་སུ་གྱུར་པ་ལ་སོགས་པ་ནི་ལོག་པར་སྣང་བ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །གང་དེའི་གཉེན་པོའི་ཤེས་པ་ཡིན་པ་ཉིད་ཀྱིས་ན་རྨི་ལམ་དང་། །སྒྱུ་མ་དང་། སྨིག་རྒྱུ་དང་། བྲག་ཅ་དང་། མིག་ཡོར་དང་། དྲི་ཟའི་གྲོང་ཁྱེར་དང་། སྤྲུལ་པ་ལྟ་བུ་ཉིད་ཀྱིས་ན་གོ་རིམས་བཞིན་དུ་དངོས་པོ་རྣམས་ཤེས་པ་རྣམ་པ་བདུན་ པོ་དེ་ལ་ཤེས་བྱེད་རྣམ་པ་བདུན་ཞེས་བྱ་སྟེ། བཤད་མ་ཐག་པར་གྲགས་པའི་རྨི་ལམ་ལ་སོགས་པའི་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་དོན་ནི་འདི་ཡིན་ཏེ། དེ་ལ་རྣམ་པར་ཤེས་པ་ཡོངས་སུ་གྱུར་པ་ཉིད་ཀྱིས་ན་ཡོངས་སུ་གྱུར་པ་ཞེས་བྱ་སྟེ། དངོས་པོ་རྣམས་ནི་རྨི་ལམ་ལྟ་བུར་ཤེས་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ དཀའ་འགྲེལ་ཉིད་ལས་གསལ་བ་ཡིན་ནོ། །ཉན་ཐོས་ལ་སོགས་པ་དེ་ལས་གོ་བཟློག་པའི་སྦྱོར་བ་རྣམ་པ་བཅུ་ནི་ཤུགས་ཀྱིས་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྦྱོར་བའི་མཉམ་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་ཡིན་ལ། གཟུགས་ལ་སོགས་པ་ལ་ཞེས་བྱ་བ་ལ་སོགས་པ་ཚིག་ལེའུར་བྱས་པའི་དོན་ནི་གཟུགས་ ལ་སོགས་པ་སྨོས་པ་ཡིན་ཏེ། གཟུགས་དང་ཚོར་བ་ལ་སོགས་པ་ལ་མངོན་པར་ཞེན་པ་ནི་མངོན་པར་ཆགས་པའོ། །གཟུགས་ལ་སོགས་པའི་ཐ་སྙད་དུ་བྱ་བའི་རྒྱུ་མཚན་ཡིན་པའི་ཕྱིར། སྔོན་པོ་ལ་སོགས་པའི་མཚན་མའོ། །གཟུགས་རྣམ་གཉིས་དང་ཉི་ཤུའོ། །ཞེས་བྱ་བ་ལ་སོགས་པ་ནི་སྤྲོས་པའོ། །དྲོད་ལ་སོགས་པའི་ཤེས་ པ་ནི་རྟོགས་པའོ། །འདི་རྣམས་ཀྱི་རློམ་པ་རྣམས་ནི་མངོན་པར་ཞེན་པ་ལ་སོགས་པ་ཡུལ་བཞིའི་དབྱེ་བ་ཤེས་པ་རྣམ་པ་བཞི་ཡིན་ནོ། །དེ་རྣམས་རྣམ་པ་ཐམས་ཅད་དུ་མི་དམིགས་པ་ནི་མ་མཐོང་བའོ། །སྦྱོར་བའི་མཉམ་པ་ཉིད་ནི་སྦྱོར་བའི་མཚུངས་པ་ཉིད་དོ། །སྦྱོར་བའི་མཉམ་པ་ཉིད་སོ་སོར་རྟོགས་ནས་ཞེས་བྱ་བ་ལ་སོགས་པ་ནི་ སྡུག་བསྔལ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་ལ་འཇུག་པ་ཡིན་ཏེ། ཆོས་ཤེས་རྗེས་སུ་ཤེས་བཟོད་དང་། །ཤེས་པ་ཞེས་བྱ་བ་ནི་ཆོས་ཤེས་པ་དང་། རྗེས་སུ་ཤེས་པའི་བཟོད་པ་དང་ཤེས་པ་དག་སྟེ། བཞི་པོ་དེ་དག་ཉིད་ནི་སྐད་ཅིག་མ་འབྱུང་བ་ཉིད་ཡིན་པས་སྐད་ཅིག་སྟེ། དེའི་བདག་ཉིད་ཅན་ནི་སྡུག་ བསྔལ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གཟུགས་རྟག་མ་ཡིན་ཞེས་བྱ་བ་ལ་སོགས་པའི་བདེན་པའི་རྣམ་པའི་ཚིག་ལེའུར་བྱས་པའི་དོན་ནི་ངོ་བོ་ཉིད་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ངོ་བོ་ཉིད་མེད་པའི་ཕྱིར་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་ན་གཟུང་བ་ལ་སོགས་པའི་སྟོང་པ་ཉིད་ཡིན་པས་སོ། གཟུགས་ ལ་སོགས་པ་ནི་གཟུགས་དང་ཚོར་བ་ལ་སོགས་པ་སྟེ། རྟག་པ་དང་མི་རྟག་པ་ཞེས་བྱ་བ་བརྟན་ཞིང་གཅིག་པ་དང་འཇིག་པའི་བདག་ཉིད་དག་ནི་དངོས་པོའི་ཆོས་ཡིན་ལ་དེ་དག་བྲལ་ཞིང་མེད་པས་ན་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཏེ། བརྟན་པ་དང་འཇིག་པ་ཡང་མ་ཡིན་པའོ། །དེ་བཞིན་དུ་སྡུག་ བསྔལ་ནི་ཚོར་བ་ཡིད་དུ་མི་འོང་བའོ། །དེ་མེད་པ་ནི་སྡུག་བསྔལ་མ་ཡིན་པའོ། །དེ་དག་དང་བྲལ་བ་ཉིད་ཀྱིས་ན་འཆིང་བ་དང་ཐར་པའི་རྟག་པ་དང་ཆད་པའི་མཐའ་དང་བྲལ་བའོ། །གཞན་གྱི་བདག་གི་དངོས་པོ་མེད་པས་སྟོང་པ་དང་དེ་མེད་པ་མི་སྟོང་པ་སྟེ། དེ་དང་བྲལ་བའི་ཕྱིར་ རྣམ་པར་དག་པའོ། །རང་ཉིད་བདག་གི་ངོ་བོ་ཉིད་ཀྱིས་ན་བདག་ཡིན་ལ་དེ་མེད་པ་ནི་བདག་མེད་པ་སྟེ། དེ་དག་ཉིད་ཁོ་ནའི་ངོ་བོ་ནི་དེ་ལྟར་བརྟགས་པ་ཉིད་ཡིན་པའི་ཕྱིར་རོ། །དེས་མ་སྐྱེས་པའི་ཕན་ཚུན་འགལ་བའི་ཚུལ་གཉིས་ཀྱིས་སྐྱེ་བ་མི་རིགས་པའི་ཕྱིར་དང་། དེ་ལྟར་སྐྱེ་བ་མེད་པས་མ་འགགས་ཤིང་། འཇིག་པ་ མེད་པ་དང་། འདོད་ཆགས་ལ་སོགས་པས་ཀུན་ནས་ཉོན་མོངས་པ་མ་ཡིན་པ་དང་། དེ་མེད་པས་རྣམ་པར་བྱང་བ་མ་ཡིན་པའོ། །སོགས་པའི་སྒྲས་ནི་ཉམས་པ་དང་འཕེལ་བར་རིགས་པ་མ་ཡིན་ནོ། །སྡུག་བསྔལ་གྱི་བྱེད་རྒྱུ་ནི་རྒྱུ་ཡིན་ལ་དེ་མེད་པས་རྒྱུ་མ་ཡིན་པའོ། །དེ་དག་ནི་གསོག་ཉིད་ཡིན་པའི་ཕྱིར་ནམ་མཁའ་དང་ འདྲ་བའོ། །ཚེ་འདིའི་སྡུག་བསྔལ་གྱི་རྒྱུ་ནི་ཀུན་འབྱུང་བ་ཡིན་ལ་དེ་མེད་པ་ནི་ཀུན་འབྱུང་བ་མེད་པ་སྟེ། དེ་དང་མི་ལྡན་པའི་ཕྱིར་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །ཉེ་བའི་ཉོན་མོངས་པ་ཐམས་ཅད་ནི་ཁྲོ་བ་དང་ཁོན་དུ་འཛིན་པ་ལ་སོགས་པ་སྟེ་དེ་དག་སྤངས་པའོ། །ཚེ་འདི་དང་ཡུན་རིང་པོའི་སྡུག་བསྔལ་གྱི་ རྒྱུ་ནི་རབ་ཏུ་སྐྱེ་བ་ཡིན་ལ་དེ་མེད་པ་ནི་རབ་ཏུ་སྐྱེ་བ་མེད་པས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་ཡོངས་སུ་འཛིན་པ་ལས་གྲོལ་བ་སྟེ། ཀུན་ཏུ་ཆགས་པས་སྟོང་པའོ། །སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུ་ནི་རྐྱེན་ཡིན་ལ་དེ་མེད་པ་ནི་རྐྱེན་མ་ཡིན་པའོ། །དེ་དག་ལས་རྣམ་པར་གྲོལ་བ་ཡིན་པའི་ ཕྱིར་རང་གི་ངོ་བོ་ཤེས་པས་ངོ་བོས་བརྗོད་དུ་མེད་པ་ཞེས་བྱ་སྟེ། ཡེ་ཤེས་ཀྱི་རང་གི་མཚན་ཉིད་ནི་བརྗོད་དུ་མེད་པ་ཡིན་པའི་ཕྱིར་རོ། །ཉོན་མོངས་པ་དང་བྲལ་བ་ཉིད་ཀྱིས་ན་འགོག་པ་ཡིན་ལ་དེ་མེད་པ་ནི་འགོག་པ་མེད་པའོ། །གང་གི་ཕྱིར་ཡང་དག་པར་ན་དེ་དག་དང་མ་བྲལ་བ་དེའི་ཕྱིར་འགོག་པའི་བདེན་པའི་ དོན་ཉོན་མོངས་པ་དང་བྲལ་བའི་མཚན་ཉིད་གང་ཡིན་པ་དེ་ནི་ཚིག་ཏུ་བརྗོད་པས་ཞེས་བྱ་བའི་ཚིག་གིས་བསྟན་པས་རྒྱུ་གཞན་དག་ལ་སྦྱིན་དུ་མེད་པ་ཡིན་ཏེ། སྟོང་པ་ཡིན་པའི་ཕྱིར་སྦྱིན་པར་ནུས་པ་མ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་མི་འབྱུང་བ་ཉིད་ཀྱིས་ན་ཞི་བ་ཡིན་ལ་དེ་མེད་པ་ནི་མ་ཞི་བའོ། །འདི་དག་ནི་ ཡང་དག་པར་ན་མེད་པ་ཡིན་པའི་ཕྱིར་དམིགས་པ་མེད་པར་བྱེད་པ་སྟེ། མི་དམིགས་པར་ཤེས་པའོ། །བདེ་བ་དང་གཙང་བས་དབེན་པ་ཉིད་ཀྱིས་ན་གྱ་ནོམ་པ་ཡིན་ལ་དེ་མེད་པས་གྱ་ནོམ་པ་མ་ཡིན་པའོ། །དེ་དག་དང་བྲལ་བའི་ཕྱིར་མཐའ་གཉིས་ལས་འདས་པས་རྣམ་པར་དག་པ་ཞེས་བྱ་སྟེ། ཆད་ པ་དང་རྟག་པའི་མཐའ་མེད་པའི་ཕྱིར་དྲི་མ་མེད་པའོ། །མྱ་ངན་ལས་འདས་པ་ནི་ངེས་པར་འབྱུང་བ་ཡིན་ལ་དེ་མེད་པ་ནི་ངེས་པར་འབྱུང་བ་མེད་པའོ། །དེ་དག་མེད་པའི་ཕྱིར་ནད་ཐམས་ཅད་མི་སྐྱེ་བ་ཞེས་བྱ་སྟེ། ཕྱི་དང་ནང་གི་མུ་སྟེགས་པའི་ལྟ་བ་འཇིག་པ་སྟེ་གནས་མེད་པ་ཡིན་པའི་ཕྱིར་རོ། །ཐར་པའི་ གྲོང་ཁྱེར་དུ་ཕྱིན་པར་བྱེད་པའི་དོན་གྱིས་ན་ལམ་ཡིན་ལ་དེ་མེད་པས་ལམ་མ་ཡིན་པའོ། །དེ་དག་དང་བྲལ་བ་ཡིན་པའི་ཕྱིར་ངན་སོང་ཆད་པའོ། །ཉོན་མོངས་པ་མ་ལུས་པའི་གཉེན་པོའི་ཕྱོགས་སུ་གྱུར་པས་ན་རིགས་པ་ཡིན་ལ་དེ་མེད་པ་ནི་རིགས་པ་མ་ཡིན་པ་སྟེ། དེ་དག་དང་མ་འདྲེས་པའི་ཕྱིར་རོ། ། འབྲས་བུ་ནི་འཚང་རྒྱ་བ་ཉིད་ཡིན་ལ་དེ་མངོན་སུམ་དུ་བྱ་བ་ནི་མངོན་སུམ་དུ་བྱ་བའོ། །དེའི་དོན་གྱི་ཐབས་གང་ཡིན་ཞེ་ན། རྣམ་པར་མི་རྟོག་པ་ཉིད་དེ། ཐམས་ཅད་དུ་མངོན་པར་ཞེན་པ་མེད་པའོ། །སེམས་ཕྱིན་ཅི་མ་ལོག་པ་སྟོན་པའི་དོན་གྱིས་ན་བསྒྲུབ་པ་ཡིན་ལ་དེ་མེད་པ་ནི་སྒྲུབ་པ་མ་ཡིན་པའོ། །དེ་དག་ ལས་རྣམ་པར་གྲོལ་བ་ཉིད་ཀྱིས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་མཚན་མ་སྔོན་པོ་ལ་སོགས་པས་ཐ་སྙད་དུ་བྱ་བའི་རྒྱུ་དང་མ་འབྲེལ་ཅིང་མ་འདྲེས་པའི་ཆོས་ཉིད་ཀྱི་གནས་སྐབས་སོ་ཞེས་བྱ་བའི་བར་དུའོ། །མངོན་པར་ཞེན་པ་མེད་པའི་རྟག་པའི་གནས་སུ་འགྲོ་བས་ན་ངེས་པར་འབྱིན་པ་ཡིན་ ལ་དེ་མེད་པ་ནི་ངེས་པར་འབྱིན་པ་མ་ཡིན་པ་སྟེ། དེ་དག་མེད་པ་ཉིད་ཀྱིས་ན་སྟོང་པ་ཉིད་ཡིན་པའི་ཕྱིར་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་ངོ་བོའི་མཚན་ཉིད་ཤེས་བྱ་དང་སྒྲ་གཉིས་ལ་ཤེས་པ་སྐྱེ་བ་མེད་པ་ཞེས་བྱ་བ་ནི་ཡང་དག་པར་ན་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དག་མེད་པས་དེ་དག་གི་ཤེས་པའི་ ཡུལ་མ་ཡིན་པ་ཉིད་དེ་ཆོས་ཀྱི་དབྱིངས་ཉིད་ཀྱི་གནས་སོ་ཞེས་བྱ་བའི་བར་དུའོ། །འདིས་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་རྣམས་ཀྱི་རྣམ་པ་བཅུ་དྲུག་སྔར་བཤད་པ་དེ་རྣམས་ཀྱི་ནང་ནས་བདེན་པ་རེ་རེ་ཞིང་རྣམ་པ་གཉིས་གཉིས་ཀྱི་ཆོས་གང་ཡིན་པ་དང་། རྗེས་སུ་ཤེས་པ་གང་ཡིན་པ་ཀུན་རྫོབ་ཀྱི་བདེན་པར་ བརྗོད་པ་ཡིན་ལ་དེ་ནི་ཤེས་པ་གཉིས་གཉིས་སུ་བལྟ་བར་བྱའོ། །དེ་ལ་རྟག་པ་དང་མི་རྟག་པ་དང་སྡུག་བསྔལ་བ་དང་སྡུག་བསྔལ་བ་མ་ཡིན་པ་དག་མི་དམིགས་པའི་ཆོས་གང་ཡིན་པ་དེ་དག་ལ་ཤེས་པ་གང་ཡིན་པ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་སྡུག་བསྔལ་ལ་ཆོས་ཤེས་པའོ། །དེ་ བཞིན་དུ་བདག་དང་། བདག་མེད་པ་དང་། སྟོང་པ་དང་མི་སྟོང་པ་མི་དམིགས་པ་དག་གི་རྗེས་སུ་ཤེས་པ་གང་ཡིན་པ་དེ་དག་ནི་རྗེས་སུ་ཆོས་ཤེས་པའི་བཟོད་པ་དང་རྗེས་སུ་ཆོས་ཤེས་པ་ཡིན་ནོ། དེ་བཞིན་དུ་ཀུན་འབྱུང་བ་ལ་སོགས་པ་རེ་རེ་ཞིང་ཡང་ཤེས་པ་བཞི་བཞི་དང་སྦྱར་བས་ཤེས་པ་བཅུ་དྲུག་ཡིན་ནོ། །གཞན་ དག་ན་རེ་ཤེས་པ་འདི་རྣམས་ཀྱང་རྟག་པ་དང་མི་རྟག་པ་ལ་སོགས་པ་མི་དམིགས་པའི་རྣམ་པ་བདེན་པ་བཞིའི་ཡུལ་ལ་སྐྱེ་བའི་ཤུགས་ཀྱིས་རྟག་པ་དང་མི་རྟག་པ་ལ་སོགས་པའི་རྣམ་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ་ཞེས་འདོད་དོ། །ཉན་ཐོས་ལ་སོགས་པའི་ཕྱོགས་ལྟར་ན་མི་རྟག་པ་དང་སྡུག་བསྔལ་བ་དག་གི་ཆོས་ གང་ཡིན་པ་དང་། དེ་དག་གི་ཤེས་པ་གང་ཡིན་པ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་ཡིན་ལ། སྟོང་པ་དང་བདག་མེད་པའི་རྗེས་གང་དག་ཡིན་པ་དེ་དག་གི་ཤེས་པ་གང་དག་ཡིན་པ་དེ་དག་ནི་རྗེས་སུ་ཆོས་ཤེས་པའི་བཟོད་པ་དང་། རྗེས་སུ་ཆོས་ཤེས་པ་ཡིན་ནོ། །དེ་ བཞིན་དུ་ཀུན་འབྱུང་བ་ལ་སོགས་པ་རེ་རེ་ལ་ཡང་ཤེས་པ་བཞིར་སྦྱར་བས་ཤེས་པ་བཅུ་དྲུག་ཡིན་ནོ། །གཞན་དག་ན་རེ་འདིར་ཡང་མི་རྟག་པ་ལ་སོགས་པའི་རྣམ་པ་བདེན་པ་བཞིའི་ཡུལ་ལ་སྐྱེ་བའི་དོན་གྱི་ཤུགས་ཀྱིས་ཤེས་པ་རྣམས་ཀྱང་བདེན་པ་བཞིའི་རྣམ་པར་ཤེས་པར་བྱའོ་ཞེས་ཟེར་ རོ། །དེ་ནི་དེ་ལྟ་བུའི་རྣམ་པ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འཕགས་པ་བྱམས་པ་དང་སེང་གེ་བཟང་པོའི་ཞལ་སྔ་ནས་བདག་གི་ཡུལ་གསུམ་ཅར་ལ་ཤེས་པ་དང་རྣམ་པ་མ་བསྟན་ན་ཡང་བདག་གིས་མ་བསྟན་པ་ནི་དེའི་ཤུགས་ཀྱིས་འོངས་པ་ཡང་དོན་ཡིན་ནོ་ཞེས་བྱ་བའི་ ཚུལ་གྱིས་སོ། །ཤེས་པ་ཡང་ཡུལ་གྱི་རྣམ་པ་ཅན་ཉིད་ཡིན་པའི་ཕྱིའི་ཡུལ་ཡོད་པ་དང་ཤེས་པར་སྨྲ་བ་རྣམས་ཀྱི་ཚད་མ་ཡིན་པས་ཉེས་པ་མེད་དོ། །ལམ་ཤེས་པ་ཉིད་ལ་ཇི་ལྟ་བ་དེ་བཞིན་དུ་ཐམས་ཅད་ཤེས་པ་ཉིད་ལ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དག་གི་བསྒོམ་པའི་ལམ་སོ་སོར་མེད་ཅེ་ན། ཀུན་ཤེས་པ་ ཉིད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དོན་ནི་འདི་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པས་མཐོང་ནས་འདའ་བར་བྱའོ་ཞེས་གསུངས་པས་མངོན་སུམ་དུ་བྱ་བ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་བསྒོམ་པའི་ལམ་ བསྟན་ལ། ཉན་ཐོས་ལ་སོགས་པ་ནི་ཇི་ལྟར་ཡོངས་སུ་མཐོང་བའི་དོན་ཉིད་ཡང་དང་ཡང་དུ་མངོན་དུ་བྱ་བ་ནི་བསྒོམ་པའི་ལམ་ཡིན་པས་རྟོགས་སླ་བའི་ཕྱིར་བསྟན་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱང་སྔར་བཤད་པ་ཉིད་ཡིན་པར་ཤེས་པར་བྱའོ། ། ཉན་ཐོས་ལ་སོགས་པ་ནི་མི་རྟག་པ་ལ་སོགས་པའི་རྣམ་པས་བདེན་པ་བཞི་ལ་དམིགས་པ་ན་ཟག་པ་དང་བཅས་པའི་བསྒོམ་པའི་རང་བཞིན་གྱི་དྲོ་བ་ལ་སོགས་པ་ནི་གསལ་བ་ཉིད་ཡིན་པའི་ཕྱིར་མ་བསྟན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་རྒྱས་པར་བསྟན་ནས་ཞེས་བྱ་བ་ལ་སོགས་པས་ནི་མངོན་ པར་རྟོགས་པ་བརྒྱད་ཀྱི་མཚན་ཉིད་ཀྱི་དོན་གང་ཡིན་པ་དེ་མཐའ་དག་སྡུད་པར་བྱེད་པ་ཡིན་པས་གཙོ་བོ་ཡིན་པ་ཉིད་ཀྱིས་ན། །ཐམས་ཅད་མཁྱེན་པ་ཉིད་གསུམ་མཇུག་བསྡུ་བར་གསུངས་པ་ཡིན་ཏེ་ཞེས་བྱ་བ་རྒྱལ་བའི་ཡུམ་ལས་བཤད་དོ་ཞེས་བྱ་བའོ། །ལམ་ཤེས་པ་ཉིད་ དུ་ཉན་ཐོས་ལ་སོགས་པའི་ལམ་བརྗོད་པས་ཐམས་ཅད་ཤེས་པ་ཉིད་བཤད་པ་མ་ཡིན་ནམ། ཅིའི་ཕྱིར་ཡང་ཐམས་ཅད་ཤེས་པ་ཉིད་ལོགས་ཤིག་ཏུ་བསྟན་ཅེ་ན། བརྗོད་པར་བྱ་སྟེ་དེ་ནི། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ ཤེས་པར་བྱ། །ཞེས་བྱ་བས་མི་དམིགས་པར་བསྒོམ་པ་ལ་སོགས་པའི་རིམ་གྱིས་ཉན་ཐོས་ལ་སོགས་པའི་ལམ་བྱང་ཆུབ་སེམས་དཔས་བསྒོམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། དེ་བས་ན་མི་རྟག་པ་ལ་སོགས་པའི་རྣམ་པ་བཟློག་པའི་སྒོ་ནས་འཕངས་པའི་གཞི་མ་ལུས་པ་ཡོངས་སུ་ཤེས་པར་བྱ་བའི་དོན་དུ་ཐམས་ ཅད་ཤེས་པ་ཉིད་ལོགས་ཤིག་ཏུ་སྨོས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱི་གཞུང་རྟོགས་དཀའ་བའི་སྣང་བའི་དཀའ་འགྲེལ་དྷརྨ་ཀཱིརྟིས་བྱས་པ་ལས་སྐབས་གསུམ་པའི་བཤད་པའོ།། །། ཐམས་ཅད་མཁྱེན་པ་ཉིད་གསུམ་ཞེས་བྱ་བ་ལ་སོགས་པས་འགྲེལ་པ་བརྗོད་ནས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་དབང་དུ་མཛད་ནས་གཞི་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་སྐད་གསུམ་དུ་གསུངས་པའི་གཉེན་པོ་མ་ལུས་པ་ནི་གཞི་སྟེ། དེ་རྣམས་ཀྱི་ཡེ་ཤེས་ཀྱི་ རྣམ་པ་ནི་དེ་ལ་དམིགས་པར་བྱེད་པའི་སེམས་ཀྱི་ཁྱད་པར་རོ། །དེ་རྣམས་ཀྱི་རྣམ་པ་གང་ཡིན་པ་ནི་སྣང་བའོ། །ཀུན་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་དང་ལམ་དང་གཞི་སྐྱེ་བ་མེད་པར་མཁྱེན་པས་ཡེ་ཤེས་ནི་རྣམ་གསུམ་ཕྱིར། ཞེས་བྱ་བ་དབྱེ་ན་རྣམ་པ་གསུམ་ཡོད་པས་དེ་ནི་རྣམ་པ་གསུམ་པོ་ ཉིད་ཡིན་ལ། དེ་ལྟར་ཅི་རིགས་པའི་མཚན་ཉིད་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྤྱིའི་མཚན་ཉིད་ཡིན་པར་འདོད་པར་ཤེས་པར་བྱའོ། །ཚིག་ལེའུར་བྱས་པའི་དོན་ནི་རྟག་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྟག་པ་ལ་སོགས་པར་འཛིན་པ་ནི་རྟག་པ་དང་སྡུག་ བསྔལ་མ་ཡིན་པ་ལ་སོགས་པར་མངོན་པར་ཞེན་པའོ། །དེ་ཉིད་ནི་སྤང་བར་བྱ་བ་ཡིན་པས་ན་མི་མཐུན་པའི་ཕྱོགས་སོ། །དེའི་གཉེན་པོ་ནི་མི་རྟག་པ་ལ་སོགས་པའོ། །དེའི་ཆོས་ཉིད་ཀྱི་ངོ་བོ་ཉིད་ནི་ཤེས་པར་སྣང་བ་སྟེ་དེ་རྣམས་ཀྱིའོ། །དེ་ནི་མི་རྟག་པ་ལ་སོགས་པ་ལ་དམིགས་པའི་ཡེ་ཤེས་ ཀྱི་རྣམ་པ་རྣམས་ཞེས་བྱ་བ་སྨོས་པ་ཡིན་ཏེ། མི་རྟག་པ་ལ་སོགས་པ་ལ་དམིགས་པའི་ཡེ་ཤེས་ཀྱི་ཁྱད་པར་ལ་རྣམ་པ་ཉིད་དུ་རྣམ་པར་གཞག་པ་ནི་རྣམ་པ་ཡིན་ནོ་ཞེས་ངེས་པར་བྱས་པའོ། མཚན་ཉིད་ནི་སྤྱིར་ན་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པས་དམིགས་པའི་མཚན་མའོ། ། དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་འདིས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་གཞིའི་ཡུལ་ཅན་ཡིན་པ་ཉིད་ཀྱིས་ན་སྔར་སྨྲས་པའི་རྣམ་པ་རྣམས་གཞི་མེད་པའི་རྣམ་པ་ཡིན་པར་ངེས་པ་གསལ་བ་ཡིན་ནོ། །སྤྱིར་ཞེས་བྱ་བས་རྣམ་པ་རྣམས་ལ་དབྱེ་བ་མ་བརྗོད་པར་རྣམ་པ་གསུམ་བསྟན་ ནས་ད་ནི་ཁྱད་པར་ཏེ། འཕགས་པའི་བདེན་པ་བཞི་ལ་བརྟེན་པའི་དབྱེ་བས་མེད་པའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མེད་པའི་རྣམ་པ་ནས་གཟུང་སྟེ་ཞེས་བྱ་བ་ནི་མེད་པ་དང་མི་སྐྱེ་བའི་རྣམ་པ་ནས་གཟུང་སྟེ། མི་གཡོ་བའི་རྣམ་པའི་མཐར་ཐུག་པའི་བར་གྱིས་སོ། ། བརྩི་བ་ནི་བདེན་པ་སོ་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བདེན་པ་སོ་སོ་ལ་བཞི་དང་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་གསུམ་ལ་བཞི་བཞི་སྟེ་བཅུ་གཉིས་སོ། །ལམ་གྱི་བདེན་པ་ལ་ནི་བཅོ་ལྔར་ཞེས་བྱ་བ་དེ་དག་ནི་རྣམ་པ་ཞེས་བྱ་བ་ཡིན་པར་བཤད་དོ། །དེ་ལ་ ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པའི་དོན་སྨོས་པ་ཡིན་ཏེ། དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱིས་དབང་དུ་བྱས་ནས་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ནང་ནས་འདིར་སོ་སོར་བསྒོམ་པར་འདོད་པས་ཐམས་ཅད་ཤེས་པ་ཉིད་ཀྱི་གནས་སྐབས་ཡིན་པའི་ཕྱིར་རོ། །མེད་པ་ནི་ནམ་ མཁའ་དང་མཉམ་པའི་རྟག་པའི་ཚུལ་གྱིས་མེད་པའོ། །མི་སྐྱེ་བ་ནི་ཡང་དག་པར་སྐྱེ་བ་མེད་པའོ། །དབེན་པ་ནི་ཡོན་ཏན་སྐྱེད་པར་བྱེད་པ་ཉིད་ཀྱིས་ན་བདག་སྟོང་པ་ཉིད་དོ། །མི་བརྫི་བ་ནི་བདག་མེད་པ་ཉིད་ཀྱིས་མུ་སྟེགས་པ་རྣམས་ཀྱིས་འཁྲུགས་པར་མི་ནུས་པ་སྟེ། སྡུག་བསྔལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་མཚན་ཉིད་དོ། །ཡང་དག་པར་ན་མིང་དང་གཟུགས་ཀྱི་ཕུང་པོ་སྐྱེད་པར་བྱེད་པ་མེད་པའི་དོན་གྱིས་ན་གནས་མེད་པའོ། །ནམ་མཁའ་ནི་དངོས་པོ་མེད་པའོ། །ཡང་དག་པར་ན་ཚིག་ཏུ་བརྗོད་ དུ་མེད་པ་ན་བརྗོད་དུ་མེད་པའོ། །གཟུགས་ཅན་མ་ཡིན་པའི་ཕུང་པོ་མེད་པ་ནི་མིང་མེད་པ་སྟེ། ཀུན་འབྱུང་གི་རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་གྱི་མཚན་ཉིད་དོ། །འགྲོ་བ་མེད་པ་ནི་ཡང་དག་པ་ཉིད་དུ་ན་འགྲོ་བ་མེད་པའོ། །མི་འཕྲོགས་པ་ནི་གཟོད་མ་ནས་ཞི་བ་ཉིད་ཀྱིས་ ན་ཡུལ་མེད་པའོ། །མི་ཟད་པ་ནི་ཟད་པ་མེད་པའོ། །སྐྱེ་བ་མེད་པ་ནི་མ་སྐྱེས་པ་སྟེ་འགོག་པའི་འགོག་པ་དང་། ཞི་བ་དང་གྱ་ནོམ་པ་དང་། ངེས་པར་འབྱུང་བའི་མཚན་ཉིད་དོ། །དེ་ལྟར་ན་མེད་པ་ལ་སོགས་པ་རྣམ་པ་བཅུ་གཉིས་པོ་འདི་དག་ནི་གོ་རིམས་བཞིན་དུ་སྡུག་བསྔལ་ལ་སོགས་པའི་ བདེན་པ་གསུམ་གྱིས་མི་རྟག་པ་ལ་སོགས་པའི་མཚན་ཉིད་དག་ཡིན་པར་བཤད་པར་བྱའོ། །ད་ནི་ལམ་གྱི་བདེན་པ་རྣམ་པ་གསུམ་ཉོན་མོངས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཉོན་མོངས་པ་ཉིད་ནི་རྩིག་པ་ལ་སོགས་པ་དང་འདྲ་བར་སྒྲིབ་པ་ཡིན་ཏེ། ཡང་དག་པའི་ཡེ་ཤེས་ཀྱི་ གེགས་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེའི་གཉེན་པོ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་དང་པོ་ཉན་ཐོས་རྣམས་ཀྱི་ཟག་པ་མེད་པའི་ལམ་ལ་ཡང་དག་པ་ཉིད་དུ་ན་བྱེད་པ་པོ་དམིགས་སུ་མེད་པས་ན་བྱེད་པ་པོ་མེད་པའོ། །བདག་ཉིད་མེད་པས་ན་ཤེས་པ་པོ་མེད་པའོ། །ཡང་དག་ པར་ན་འཕོ་བ་མེད་པས་ན་འཕོ་བ་མེད་པའོ། །ཉོན་མོངས་པ་འདུལ་བ་མེད་པས་ན་འདུལ་བ་མེད་པའོ། །དེ་ལྟར་ན་རྣམ་པ་དང་ཞེས་བྱ་བ་ལ་སོགས་པས་ནི་ལམ་ལ་སོགས་པའི་མཚན་ཉིད་ཡིན་ཏེ། ལམ་དང་རིག་པ་དང་སྒྲུབ་པ་དང་ངེས་པར་འབྱིན་པའི་བདག་ཉིད་དོ། །གཉིས་ པ་ནི་རང་སངས་རྒྱས་རྣམས་ཀྱི་ལམ་ཟག་པ་དང་བཅས་པ་སྟེ། རབ་ཏུ་གཉིད་ཀྱིས་ལོག་པའི་གནས་སྐབས་ཀྱི་ཤེས་པ་ནི་རྨི་ལམ་མོ། །བྲག་ཆ་ནི་སྒྲ་བརྙན་ནོ། །ཟླ་བ་གཉིས་པ་ལ་སོགས་པའི་སྣང་བ་ནི་མིག་ཡོར་རོ། །སྨིག་རྒྱུ་ནི་མྱ་ངན་གྱི་སྨིག་རྒྱུའོ། །མིག་འཕྲུལ་ནི་སྒྱུ་མའོ། །དེ་ལྟར་ ན་རྣམ་པ་དེ་ལྔ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པ་ཉིད་དུ་ན་སྐྱེ་བར་མི་རིགས་པ་ཉིད་དོ། །ཞེས་བལྟ་བར་བྱའོ། །སྤྱིར་ཤེས་བྱའི་སྒྲིབ་པའི་གཉེན་པོར་གྱུར་པ་དག་ཡིན་ནོ། །ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་ཐམས་ཅད་འཇོམས་པར་བྱེད་པའོ། །གསུམ་པ་ནི་རང་སངས་རྒྱས་རྣམས་ ནི་ལམ་ལ་འདོད་ཆགས་ལ་སོགས་པ་མེད་པས་ན་ཀུན་ནས་ཉོན་མོངས་པ་མེད་པའོ། །རྣམ་པར་བྱང་བ་ནི་མྱ་ངན་ལས་འདས་པ་སྟེ། དེ་མེད་པ་ནི་རྣམ་པར་བྱང་བ་མེད་པའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་མ་གོས་པ་ན་གོས་པ་མེད་པའོ། །གཟུགས་ལ་སོགས་ པའི་སྤྲོས་པ་མེད་པ་ནི་སྤྲོས་པ་མེད་པའོ། །མངོན་པར་ཞེན་པ་མེད་པ་ནི་རློམ་པ་མེད་པའོ། །ཆོས་ཀྱི་དབྱིངས་ལྟར་བརྟན་པས་ན་མི་གཡོ་བ་སྟེ། །འདི་དག་རྣམ་པ་རྣམས་ཡིན་ནོ། །ཀུན་ནས་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །རྣམ་པར་བྱང་བ་མ་ཡིན་པ་ནི་མྱ་ངན་ ལས་འདས་པ་མ་ཡིན་པའོ། །ཉོན་མོངས་པའི་བག་ཆགས་ནི་འདོད་ཆགས་ལ་སོགས་པའི་རྒྱུན་ནམ་མེད་པའི་རྣམ་པ་ཉེ་བར་མཐོང་བར་ནུས་པའི་ཉོན་མོངས་པའི་བག་ཆགས་རྣམས་སོ། །གཟུགས་ལ་སོགས་པའི་སྤྲོས་པ་ནི་གཟུགས་དང་ཚོར་བ་ལ་སོགས་པའི་བར་དུ་དབྱེ་བའོ། ། རང་གི་རྟོག་པ་ནི་འཛིན་པའི་ཤེས་པ་ལ་ཉེ་བར་དམིགས་པའོ། །ཡོངས་སུ་ཉམས་པ་ནི་ཉོན་མོངས་པ་འཇོམས་པ་སྟ། མི་མཐུན་པའི་ཕྱོགས་ཀྱི་བདག་ཉིད་ཅན་གྱི་རྣམ་པར་རྟོག་པ་འདི་རྣམས་ཀྱི་སོ་སོར་ངེས་པའི་གཉེན་པོར་གྱུར་བ་དག་ཡིན་ནོ་ཞེས་སྨོས་ཏེ། ཀུན་ནས་ཉོན་མོངས་ པ་ལ་སོགས་པ་ཤེས་བྱའི་སྒྲིབ་པ་གང་ཡིན་པ་དེ་རྣམས་ཀྱི་དྲུག་པོ་དག་ཉིད་ཡིན་ནོ། །རྒྱུ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་བཤད་པར་འདོད་ནས། གནས་སྐབས་པ་ལ་བདེན་པ་རྣམས་ཀྱི་སོ་སོར་སྨོས་པའི་རྒྱུ་མཚན་ནི་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་དང་ཅིག་ཤོས་ཀྱི་ཕྱོགས་ལ་བརྟེན་ནས་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཡུལ་གྱི་དབྱེ་བས་སོ། །གྲངས་བཞིན་དུ་རྣམ་པ་བརྒྱད་དང་ཞེས་བྱ་བ་ལ་སོགས་པར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་ཀུན་འབྱུང་དང་ལམ་དག་ལ་རྣམ་པ་བརྒྱད་ དང་བདུན་རྣམས་སོ། །སྡུག་བསྔལ་དང་འགོག་པ་ལ་རྣམ་པ་ལྔ་དང་བཅུ་དྲུག་ཏུ་ཤེས་པར་བྱའོ། །དེ་ལ་ཀུན་འབྱུང་གི་བདེན་པར་རྟོག་པ་རྣམ་པ་བརྒྱད་ནི་འདོད་ཆགས་དང་བྲལ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཡུལ་ལ་རྒྱབ་ཀྱིས་ཕྱོགས་པ་ནི་འདོད་ཆགས་ དང་བྲལ་བའོ། །མངོན་པར་ཞེན་པ་མེད་པ་ནི་མི་གནས་པའོ། །ཉེས་པ་ཉེ་བར་ཞི་བ་ནི་ཞི་བའོ། །འདོད་ཆགས་དང་བྲལ་བ་ནི་འདོད་ཆགས་མེད་པའོ། །ཞེ་སྡང་མེད་པ་ནི་ཞེ་སྡང་དང་བྲལ་བའོ། །ཡང་དག་པའི་ཡེ་ཤེས་ནི་གཏི་མུག་མེད་པའོ། །ཉོན་མོངས་པ་དང་བྲལ་ བ་ནི་ཉོན་མོངས་པ་མེད་པའོ། །སེམས་ཅན་མེད་པ་ནི་སེམས་ཅན་མེད་པ་སྟེ། རྣམ་པ་འདི་དག་ནི་གོ་རིམས་བཞིན་དུ་འདི་རྣམས་གང་དག་གི་གཉེན་པོ་ཡིན་ཞེ་ན། མི་མཐུན་པའི་ཕྱོགས་ནི་ཀུན་འབྱུང་གི་བདེན་པའི་རྒྱུ་དང་། ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་ཏེ་རྣམ་པ་ བཞི་སྨོས་པ་ཡིན་ལ། དེ་ལ་རྒྱུ་གང་ཡིན་པ་དེ་ནི་སྔོན་དང་ཕྱི་མའི་རྒྱུ་དང་འབྲས་བུ་དང་སྲེད་པའི་དབྱེ་བས་རྣམ་པ་གསུམ་ཡིན་ལ། དེ་ནི་འདུན་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདུན་པ་ནི་ཡུལ་ཐམས་ཅད་མངོན་པར་འདོད་པའོ། །དེ་མངོན་དུ་འགྲོ་བའི་མངོན་པར་ ཞེན་པ་ནི་འདོད་ཆགས་ཏེ། འདོད་ཆགས་ལ་ནི་དགའ་བ་སྟེ། ལྷར་འགྱུར་བའམ་མིར་འགྱུར་བའོ་ཞེས་སྲིད་པ་ལ་མངོན་པར་དགའ་བར་བྱེད་པའོ། །མི་མཐུན་པའི་ཕྱོགས་འདི་རྣམས་ཀྱི་གཉེན་པོ་ནི་འདོད་ཆགས་དང་བྲལ་བ་དང་། མི་གནས་པ་ དང་ཞི་བའི་རྣམ་པ་སྟེ་གསུམ་ཡིན་ནོ། །ཀུན་འབྱུང་བ་གང་ཡིན་པ་དེ་ཡང་གསུམ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གོ། །འདོད་ཆགས་ལ་སོགས་པ་མི་མཐུན་པའི་ཕྱོགས་འདི་རྣམས་ཀྱི་གཉེན་པོ་ནི་འདོད་ཆགས་མེད་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པའོ། །རབ་ཏུ་སྐྱེ་ བ་གང་ཡིན་པ་དེ་ནི་ཀུན་ཏུ་རྟོག་པ་སྟེ། མི་མཐུན་པའི་ཕྱོགས་མ་ལུས་པའི་རྣམ་པ་ཉིད་ཡིན་པའི་ཕྱིར་རོ། །དེའི་གཉེན་པོ་ནི་ཉོན་མོངས་པ་མེད་པ་སྟེ། ཉོན་མོངས་པ་ལྡོག་པ་ལས་རྣམ་པར་རྟོག་པ་ཐམས་ཅད་ལྡོག་པ་ཡིན་པའི་ཕྱིར་རོ། །རྐྱེན་གང་ཡིན་པ་དེ་ནི་སེམས་ཅན་དུ་མངོན་ པར་ཞེན་པ་སྟེ། དེའི་རྣམ་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེའི་གཉེན་པོ་ནི་སེམས་ཅན་མེད་པ་སྟེ། སེམས་ཅན་མེད་པར་ཤེས་པ་ལས་དེའི་མངོན་པར་ཞེན་པ་ལྡོག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དེ་རྣམས་ཀྱི་གཉེན་པོར་གྱུར་པ་སྟེ། འདུན་པ་དང་འདོད་ཆགས་ལ་སོགས་པ་ མི་མཐུན་པར་གྱུར་པའི་ངོ་བོ་གསུམ་དང་གསུམ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པ་དང་། འདོད་ཆགས་མེད་པ་ལ་སོགས་པ་དང་གཅིག་དང་གཅིག་སྟེ་ཞེས་བྱ་བ་ཉོན་མོངས་པ་མེད་པ་དང་སེམས་ཅན་མེད་པ་སྟེ། བརྒྱད་དང་ཞེས་བྱ་བ་ལ་སོགས་པ་ལ་རྒྱུ་རྣམ་པ་བརྒྱད་ཡིན་ ནོ་ཞེས་བྱ་བར་བསྒྲགས་སོ། །ལམ་གྱི་རྣམ་པ་བདུན་ནི་ཚད་མེད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྟོག་པའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱིས་ན་ཚད་མེད་པའོ། །འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སྤངས་པས་ན་མཐའ་གཉིས་དང་མ་འབྲེལ་བ་སྟེ་མ་ དམིགས་སོ། །ཆོས་ཀྱི་དབྱིངས་དང་འདྲ་བ་དབྱེར་མེད་པ་ཉིད་ཡིན་པས་ན་ཐ་མི་དད་པའོ། །ཉན་ཐོས་ལ་སོགས་པའི་རྣམ་པར་རྟོག་པ་དང་མ་འདྲེས་པས་མཆོག་ཏུ་འཛིན་པ་མེད་པའོ། །རྣམ་པར་རྟོག་པ་ཐམས་ཅད་ནི་སྟོང་པ་ཉིད་ཡིན་པར་མཚུངས་པ་ཡིན་པའི་ཕྱིར་རྣམ་པར་མི་རྟོག་ པའོ། །ཤེས་པར་བྱ་བ་མེད་པས་ན་དཔག་ཏུ་མེད་པའོ། །ཆོས་ཐམས་ཅད་ལ་ཞེན་པ་མེད་པའི་ཕྱིར་ཆགས་པ་མེད་པ་སྟེ། རྣམ་པར་རིག་པ་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་གང་སེམས་ཅན་ཐམས་ཅ