Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 86

Văn bản gốc(Tây Tạng)

Trang 3 / 18 (50.000 ký tự/trang)
སྐྱེ་བའི་སྡུག་བསྔལ་ལ་སོགས་པ་རེག་པ་ཁྲག་ཁྲིག་མང་པོ་ནི་ཉེ་བར་མཚོན་པའོ། །དགྲོལ་སྙམ་
སེམས་པ་དེའི་ཚེ་ཕྱིན་ཅི་ལོག་ཏུ་ཞུགས་པའི་ཕྱིར་སེམས་ཅན་འདུ་ཤེས་ཡོངས་རྟོག་བྱང་ཆུབ་སེམས་དཔའ་གྱུར་པ་མ་ཡིན་ཞེས་བྱ་བར་འོག་ཏུ་སྦྱར་ཏེ། དེ་ནི་ཤེས་རབ་ཇི་སྐད་བསྟན་པའི་རང་བཞིན་ཕ་རོལ་ཕྱིན་མཆོག་སྤྱོད་མ་ཡིན་ཞེས་བྱ་བ་ནས་སྒྲུབ་པ་མ་ཡིན་ཞེས་བྱ་བའི་བར་དུའོ། །
དེའི་རྗེས་ལ་གཉིས་པ་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཀྱི་བསྒོམ་པའི་ལམ་བསྒོམ་པར་བྱ་བ་ཡིན་པས་དེ་སྐྱེ་བའི་རྒྱུ་དང་མི་སྐྱེ་བའི་རྒྱུ་ཉིད་གོ་རིམས་ཇི་ལྟ་བ་བཞིན་དུ་བླང་བ་དང་དོར་བའི་ཕྱིར་རེ་ཞིག་བསྐྱེད་པའི་རྒྱུ་རྟོགས་པར་བྱ་བའི་ཆེད་དུ་བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་
སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་གིས་དེ་བཞིན་གཤེགས་པ་གཉིས་པ་སྔོན་དུ་འགྲོ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྔོན་དུ་ཕྱོགས་པས་ཡུན་རིང་པོར་སྤྱད་པ་ནི་སྔོན་སྤྱོད་དེ། ཐབས་ལ་མཁས་པའི་སྟོབས་ཀྱིས་མཁས་པ་ཡང་ཡིན་ཏེ། ཐོས་མ་
ཐག་ཏུ་དེ་ནི་སྟོན་པའི་འདུ་ཤེས་བསྐྱེད་པར་འགྱུར་རོ། །སྐྱེ་བའི་རྒྱུ་དེ་ཉིད་དང་ལྡན་པས་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་བསྒོམ་པའི་ལམ་མྱུར་དུ་རྟོགས་པར་འགྱུར་རོ། །ཆོས་མ་ལུས་པའི་ཆོས་ཉིད་རྟོགས་པ་ནི་བྱང་ཆུབ་བོ། །གནོད་པ་ཐམས་ཅད་ཞི་བས་ན་ཞི་བའོ། །སྐྱེད་

པའི་རྒྱུའི་རྗེས་ལ་མི་བསྐྱེད་པའི་རྒྱུ་བསྟན་པའི་ཕྱིར་སྔོན་སྤྱོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་སྤྱད་པ་སྤྱོད་པའི་ཚེ་ན་སངས་རྒྱས་ཁྲག་ཁྲིག་ལ་ཡང་དག་པར་མཆོད་ཅིང་འཁོར་ལ་སོགས་པ་ཕུལ་ཡང་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ། ཕུང་པོར་མངོན་པར་ཞེན་པ་དང་།
མི་དགེ་བའི་གྲོགས་པོ་བསྟེན་པ་དང་། བདུད་ཀྱིས་བྱིན་གྱིས་བརླབས་པའི་རྒྱུས་རྒྱལ་བའི་ཡུམ་ལ་མ་དད་པ་ནི་དེ་མི་སྐྱེ་བའི་རྒྱུའི་སྟོབས་ཀྱིས་མངོན་པར་འདོད་པའི་ལམ་མངས་ནས་སྐྱབས་མེད་པར་འགྱུར་རོ་ཞེས་བྱ་བར་འབྲེལ་ཏོ། །གང་གིས་དེ་བཞིན་དུ་ཡུམ་ཐོས་ཀྱང་ཆོས་ཟབ་མོ་
མི་རྟོགས་པས་བློ་ཆུང་བ་དེ་ཡིས་འདི་སྤོང་བར་བྱེད་དེ། དེ་སྤངས་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་འགྲོ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤངས་པ་ཉིད་ཀྱིས་སངས་རྒྱས་དཀོན་མཆོག་ལ་སོགས་པས་འཛིན་པའི་སྐྱབས་མེད་པར་འགྱུར་བ་ཞེས་བྱའོ། །ཉེ་བར་
བསྡུ་བའི་ཕྱིར། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལ་མ་དད་པ་ཉིད་ཉེས་པ་ཡིན་པས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་གལ་ཏེ་སངས་རྒྱས་ཡེ་ཤེས་མཆོག་རེག་པ་སྟེ་མངོན་སུམ་དུ་ཐོབ་པར་འདོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱལ་བའི་ཡུམ་
འདི་ལ་དད་པར་གྱིས་ཤིག །དཔེར་ན་ཚོང་པ་རིན་ཆེན་གླིང་དུ་སོང་ནས་ནི། །ཟོང་ཟད་སླར་ལོག་ལྟ་བུར་གྱུར་ན་མི་རུང་ངོ་། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེའི་གླིང་དུ་ཕྱིན་ན་སྔོན་ཉེ་བར་བསགས་པའི་དགེ་བའི་རྩ་བ་མི་ཟད་པ་ཁྱད་པར་དུ་འགྲོ་བར་འགྱུར་རོ། །
ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་དམྱལ་བའི་ལེའུ་སྟེ་བདུན་པའི་བཤད་པའོ།། །།སྐྱེ་བ་དང་ནི་སྐྱེ་བའི་རྒྱུ་ཐོབ་པ་དང་སྤང་བའི་ཡུལ་བསྟན་ནས་དེ་བཞིན་དུ་སྐབས་ལ་བབ་པ་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་བསྒོམ་པའི་ལམ་གྱི་རྣམ་པར་དག་པ་
སྤྱིར་བསྟན་པའི་ཕྱིར། གཟུགས་ཀྱི་དག་པ་འབྲས་བུ་དག་པར་རིག་པར་བྱ་ཞེས་བྱ་བ་གསུངས་ཏེ། གཟུགས་ནི་རང་བཞིན་ཏེ་ཕུང་པོ་ལྔ་ལ་སོགས་པའོ། །བདག་དང་གཞན་ལ་སོགས་པའི་རྒྱུས་མངོན་པར་ཞེན་པ་དང་བྲལ་ཏེ་སྒྱུ་མ་ལྟ་བུ་ཉིད་ནི་དག་པའོ། །

དང་པོའི་འབྲས་བུ་ཞེས་བྱ་བ་ནི་ཚིག་ལྷག་མའོ། །དེ་ལ་སོགས་པ་དག་པར་རིག་པར་བྱའོ། །གཞན་དུ་ན་འབྲས་བུ་དག་པ་སྐྱེ་མི་སྲིད་པ་དེ་བཞིན་དུ་འབྲས་བུ་རྣམ་པར་དག་པས་ཀྱང་གཟུགས་རྣམ་པར་དག་པར་རིག་པར་བྱ་སྟེ་ལྷག་མ་ཡང་ངོ་། །རྒྱུ་ནི་འབྲས་བུའི་རྗེས་སུ་འབྲང་བའི་
ཕྱིར་རོ། །རྣམ་པར་དག་པ་སྤྱིར་བསྟན་ནས་ཁྱད་པར་དུ་བསྟན་པ་ནི་འབྲས་བུ་གཟུགས་དག་ཐམས་ཅད་མཁྱེན་པ་ཉིད་དག་པར་གསུངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ལྕོགས་མེད་པ་ནས་བརྩམས་ཏེ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་ནི་བསྒོམ་པའི་ལམ་ཏེ། ཆོས་ཐམས་ཅད་བདག་མེད་དོ་ཞེས་དེ་
ལྟར་སྤྱི་ལ་ཡང་དང་ཡང་དུ་དམིགས་པས་ས་རེ་རེའི་ཉོན་མོངས་པ་ཆེན་པོ་ལ་སོགས་པས་དབྱེ་བ་རྣམ་པ་དགུ་སྤོང་ཞིང་ཆུང་ངུའི་ཆུང་ངུ་ལ་སོགས་པ་རིམ་གྱིས་སྐྱེས་ནས་རྣམ་པ་ཐམས་ཅད་དུ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་དབང་དུ་བྱེད་དོ། །དེའི་ཚེ་རྩེ་མོའི་གནས་སྐབས་སུ་འབྲས་བུ་གཟུགས་དག་སྟེ། ཤིན་ཏུ་
རྣམ་པར་དག་པའི་མཚན་ཉིད་བསྒོམ་པའི་ལམ་ཐོབ་པས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྤྱིར་ཡིན་ཡང་ལམ་ཤེས་པ་ཉིད་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་སངས་རྒྱས་བཅོམ་ལྡན་འདས་དེ་ཡིས་དག་པར་གསུངས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དག་པས་འབྲས་བུ་གཟུགས་དག་པར་
ཡང་བཟུང་སྟེ། སྟོང་ཕྲག་བརྒྱ་པ་ལས་དེ་བཞིན་དུ་བསྟན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་དག་པ་ཐ་དད་པས་ཕྱིན་ཅི་ལོག་ཏུ་འགྱུར་རོ་ཞེ་ན། ཐམས་ཅད་མཁྱེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་རྫོབ་ཏུ་རྣལ་འབྱོར་པའི་དག་པའི་བྱེ་བྲག་ཐ་དད་དུ་འདིར་བསྟན་གྱི། གཞན་དུ་ན་ཀུན་རྫོབ་ཀྱི་ལམ་རྟོགས་
པར་མི་ནུས་སོ། །རིགས་པ་ཐམས་ཅད་མཁྱེན་པ་ཉིད་འབྲས་བུ་དག་དང་གཟུགས་དག་པ། ནམ་མཁའི་ཁམས་དང་མཚུངས་ཏེ། སྟོང་པ་ཉིད་ཀྱི་རང་གི་མཚན་ཉིད་ལ་དབྱེར་མེད་དེ་ཐ་དད་པ་མེད་དོ། །འདིས་ནི་ལམ་ཤེས་པ་བསྟན་པ་ཡིན་ནོ། །དེ་སྐད་དུ་ཡང་། མོག་མོག་པོར་བྱེད་ལ་སོགས་དང་། །
སློབ་མ་བསེ་རུའི་ལམ་གང་དང་། །འདི་དང་གཞན་པའི་ཡོན་ཏན་གྱིས། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང་། །བསྟོད་དང་བཀུར་དང་བསྔགས་པ་དང་། །བསྔོ་བ་རྗེས་སུ་ཡི་རང་དང་། །ཡིད་ལ་བྱེད་པ་བླ་མེད་དག །སྒྲུབ་དང་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་བསྒོམ་པའི་

ལམ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་གསུངས་པ་ཡིན་ནོ། །དངོས་པོ་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་ལམ་ཡང་དག་པར་ཡོངས་སུ་ཤེས་པ་མེད་པས་ཐམས་ཅད་ཤེས་པ་ཉིད་བསྟན་པའི་ཕྱིར། དཔའ་བོ་གར་སྤྱོད་ཅེས་བྱ་
བ་ལ་སོགས་པ་གསུངས་ཏེ། ཇི་ལྟ་བ་བཞིན་དུ་གྱུར་པའི་ཤེས་རབ་ཀྱིས་འཁོར་བའི་ཉེས་པ་མཐོང་ནས་ཁམས་གསུམ་སྟེ་འདོད་པ་དང་། གཟུགས་དང་གཟུགས་མེད་པ་ལས་ཡང་དག་པར་འདས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སྙིང་རྗེས་སེམས་ཅན་གྱི་དོན་བྱེད་པ་གཞན་གྱི་དབང་ལ་
དབང་ཐོབ་པ་ན་ཉོན་མོངས་པ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་ཉོན་མོངས་བསལ་བར་གྱུར་ཀྱང་འགྲོ་བ་བདག་ཏུ་འཛིན་པས་འཁོར་བར་སྐྱེ་བ་མཐོང་ནས་མི་རྟག་པས་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་དེ་དག་ཏུ་གནས་པའི་ལས་དང་ཉོན་མོངས་པ་མེད་པས་རྒ་དང་ན་དང་འཆི་བ་མེད་ཀྱང་རྒ་བ་
ལ་སོགས་པ་སྔོན་དུ་འགྲོ་བའི་འཆི་འཕོ་སྟོན་པར་བྱེད་དོ། །གང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་མཚན་མའི་རྣམ་པར་གཡེང་བས་རབ་ཏུ་མི་གཡོ་བའི་ཕྱིར་དེ་ནི་དཔའ་བོའོ། །རྣམ་པ་ཐམས་ཅད་དུ་ཐབས་ལ་མཁས་པའི་སྟོབས་ཀྱིས་ཉེ་བར་གྱུར་པ་ཐོབ་པ་ཡིན་ནོ་སྙམ་དུ་དགོངས་
པ་ཡིན་ནོ། །དེ་ལྟར་ཉེ་བར་གྱུར་པའི་རྒྱལ་བའི་སྲས་ཐབས་ལ་མཁས་པ་དང་ཕྱིན་ཅི་མ་ལོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པར་བསྒྲུབས་པ་དེ་ལས་བཟློག་ནས་བསྟན་པ་ནི་ཐམས་ཅད་ཤེས་པ་ལ་དབང་དུ་བྱས་པ་ཡིན་ཏེ། ཐབས་ལ་མི་
མཁས་པས་ཡང་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རིང་བར་གྱུར་ཏེ། ཉན་ཐོས་ལ་སོགས་པ་རྣམས་ནི་རང་གི་རྟོག་པ་ཙམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྙིང་རྗེ་དང་ཤེས་རབ་དང་བྲལ་བས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་ཇི་ལྟར་འབྲེལ་པ་བཞིན་དུ་གནས་ཏེ། དངོས་པོ་དང་
དངོས་པོ་མེད་པ་གཉིས་ལ་དམིགས་པ་ཡིན་པར་ཤེས་པར་བྱའོ། །དེ་བས་ན་ཉན་ཐོས་ལ་སོགས་པའི་གཉེན་པོ་ནི་བྱང་ཆུབ་སེམས་དཔའི་མི་མཐུན་པའི་ཕྱོགས་ཡིན་ནོ་ཞེས་བསྟན་པའི་ཕྱིར། འགྲོ་བ་འདི་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་ནི་འདོད་པ་སྟེ། མི་རྟག་

པ་ལ་སོགས་པའི་རྣམ་པ་དང་ལྡན་པར་ཉན་ཐོས་ལ་སོགས་པ་མངོན་པར་ཞེན་པ་ཡིན་པའི་ཕྱིར་རོ། །གཟུགས་ནི་འདིར་སྤྱི་སྟེ་རང་བཞིན་ཡིན་པར་བརྗོད་དོ། །གཟུགས་ཀྱི་རང་བཞིན་ནོ། །འགྲོ་བ་འདི་དག་ནི་བཅུད་དང་སྣོད་ཀྱི་འཇིག་རྟེན་གཉིས་སོ། །འདིར་བྱང་
ཆུབ་སེམས་དཔའ་སྐྱེ་བོ་འདམ་ལ་བྱིང་བ་ནི་བསྡམས་པའི་གནས་ཏེ། ཆགས་པ་ནི་མངོན་པར་ཞེན་པའོ། །འགྲོ་བ་དྲུག་པོ་དེ་དག་འཁོར་བའི་འཁོར་ལོར་ནི་ཕྱིན་ཅི་ལོག་མ་སྤངས་པའི་ཕྱིར་འཁྱམས་ཏེ་མི་བརྟན་པའི་ཕྱིར་རླུང་གི་འཁོར་ལོ་ལྟ་བུའོ། །མི་ཤེས་པའི་ཕྱིར་འཁྲུལ་པས་དེའི་ངོ་བོ་མ་ཡིན་པ་
ལས་མ་གྲོལ་བས་ཆོས་དང་ཆོས་ཅན་དུ་འཛིན་པའི་ཕྱིར་རོ། །རི་དྭགས་རྒྱར་ཆུད་པ་དང་འདྲ་བས་དེའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་འཇུག་པར་མི་བྱ་བར་དགོངས་སོ། །དེ་ལྟ་མོད་ཀྱི་རྒྱལ་བའི་སྲས་རྣམས་ཀྱི་གཉེན་པོ་ཇི་ལྟ་བུ་ཡིན་ཞེ་ན། ཤེས་རབ་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
ཇི་ལྟར་ནམ་མཁའ་ལ་ངང་པ་ལ་སོགས་པའི་བྱ་རྣམས་རྣམ་པར་སྤྱོད་པ་ན་དེ་ལ་རྟེན་མེད་དེ། ནམ་མཁའ་ལ་དངོས་པོའི་རང་བཞིན་དུ་གྱུར་པ་མ་ཡིན་པའི་ཕྱིར་རོ། །དེ་ནམ་མཁའི་བྱ་དང་འདྲ་བར་ཤེས་རབ་ལྡན་པའི་བྱང་ཆུབ་སེམས་དཔའ་གཟུགས་ལ་སོགས་པ་ལ་སྤྱོད་དོ། །དེ་ལ་ཆོས་དང་
ཆོས་ཅན་གྱི་དངོས་པོར་མི་རྟེན་ཏེ། གཟུགས་ལ་སོགས་པ་མེད་པའི་ཕྱིར་རོ། །དེ་བས་ན་མི་དམིགས་པར་བསྟན་པ་ཉིད་གཉེན་པོ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། མི་མཐུན་པ་དང་གཉེན་པོ་དེ་གཉིས་དོར་བ་དང་བླང་བར་བྱ་བའི་ཕྱིར་རིམ་པ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། སྦྱོར་བ་དང་མཉམ་པ་ཉིད་བསྟན་
པའི་ཕྱིར། སྤྱོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་བྱང་ཆུབ་སེམས་དཔའ་གང་ཞིག་གིས་མཉམ་པར་རྟོགས་པའི་སྟོབས་ཀྱིས་ཡོངས་སུ་དག་པར་སྤྱོད་པས་བསྒོམ་པ་ལ་བརྩོན་པ་ན་གང་ལ་ཡང་མི་སྤྱོད་དེ། མངོན་པར་ཞེན་པ་མེད་པས་སྦྱོར་
བའི་ཕྱིར་རོ། །དེ་ལྟར་དེ་རིམ་པ་བཞིན་དུ་སྟོང་པ་ཉིད་ལ་གོམས་པར་བྱས་པས་མི་མཐུན་པའི་ཕྱོགས་སྤངས་ནས་གཉེན་པོ་ཐོབ་པས་མི་མཐུན་པའི་ཕྱོགས་ཀྱི་འདམ་རྣམས་ཀྱི་ཆགས་པ་ཐམས་ཅད་ཡོངས་སུ་སྤོང་ཞིང་རྣམ་པར་གྲོལ་ཏེ། བདེ་གཤེགས་རྣམས་ཀྱི་ཤེས་རབ་སྤྱོད་དོ། །

ཉན་ཐོས་ལ་སོགས་པ་ཡང་གཟུགས་ལ་སོགས་པ་ལ་མི་རྟག་པ་ལ་སོགས་པར་འཛིན་པའི་སྤྱོད་པ་ཡིན་ཏེ། ལྡོག་པའི་སྒོ་ནས་བསྟན་པར་གྱུར་པ་ཡིན་ནོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་རྣམ་པར་དག་པའི་ལེའུ་སྟེ་བརྒྱད་པའི་བཤད་པའོ།། །།མཉམ་པ་
ཉིད་དུ་བསྒོམ་པའི་སྦྱོར་བས་མཐོང་བའི་ལམ་བསྒོམ་པར་བྱ་བ་ཡིན་པས་དེ་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་སྦྱོར་བའི་རིམ་གྱིས་སྤྱོད་པའི་བྱང་ཆུབ་སེམས་དཔའ་མཁས་གསལ་བ་གཟུགས་ལ་སོགས་པ་རྣམས་ལ་རྟག་པ་དང་མི་རྟག་པ་ལ་སོགས་པའི་
མི་མཐུན་པའི་ཕྱོགས་དང་གཉེན་པོ་བཀག་ནས་བདག་མེད་པའི་རྣམ་པར་བསྒོམས་ནས་མཐོང་བའི་ལམ་ཐོབ་པར་གྱུར་ནས་དེས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ཏེ། ཆགས་པ་བཅད་ནས་གྲོལ་ཏེ། གོང་ནས་གོང་དུ་ཁྱད་པར་དུ་རྣལ་འབྱོར་པ་འགྲོ་ཞིང་འགྲོ་བ་ལ་ཆགས་པ་མེད་དོ། །
དེ་བས་ན་ཉི་མ་སྒྲ་གཅན་གཟའ་བྲལ་ལྷང་ངེར་འདུག་པ་དང་། །མེ་བཏང་རྩྭ་དང་ཤིང་དང་ནགས་ཚལ་བསྲེགས་པ་བཞིན་ནོ། །དེ་བཞིན་དུ་དེས་བསྒོམ་པ་དང་ལྡན་པས་སྤང་བར་བྱ་བའི་ཉོན་མོངས་པའི་ཚོགས་སྲེག་ཅེས་བྱ་བ་ལྷག་མའོ། །ཉན་ཐོས་ལ་སོགས་པས་ནི་རྟག་པ་ལ་སོགས་
པའི་རྣམ་པ་བཀག་ནས་མི་རྟག་པ་ལ་སོགས་པའི་རྣམ་པས་རང་གིས་མཐོང་བའི་ལམ་སྒོམ་པར་བྱེད་དོ་ཞེས་དོན་གྱིས་སྟོན་པར་འགྱུར་རོ། །དེ་དག་གིས་ཐམས་ཅད་ཤེས་པ་ཉིད་བསྟན་ཏོ། །དེ་སྐད་དུ། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཐབས་
མ་ཡིན་པས་རིང་བ་དང་། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་པོའི་ཕྱོགས་དག་དང་། །སྦྱོར་དང་དེ་ཡི་མཉམ་ཉིད་དང་། །ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་གསུངས་པ་ཡིན་ནོ། །ཐམས་ཅད་མཁྱེན་པ་ཉིད་གསུམ་
རྟོགས་ནས་དབང་དུ་བྱ་བའི་ཕྱིར་ཁྱད་པར་གྱི་ལམ་དེའི་དེ་བཞིན་ཉིད་དུ་ཡིད་ལ་བྱེད་པ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་སྟེ། དེའི་རྣམ་པ་བསྟན་པའི་ཕྱིར། ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་དེ་རང་གི་ངོ་བོ་བསྒོམས་པས་སྒྱུ་མ་ལྟ་བུར་

རྟོགས་པའི་ཕྱིར་ཆོས་རྣམས་འདི་དག་ཐམས་ཅད་དག་ཅིང་ཡོངས་སུ་དག་པར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་རང་བཞིན་གྱི་ལྟ་བ་ནི་ཤིན་ཏུ་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའ་དེ་ལྟར་བྱེད་པ་པོ་ཡང་མི་
དམིགས་ཏེ། ཀུན་ཏུ་བརྟགས་པའི་བདག་དང་གཟུགས་ལ་སོགས་པའི་ཆོས་ཀུན་དང་། རང་གི་སྡེ་པས་གཞན་པ་དེ་དག་མེད་པའི་ཕྱིར་མི་དམིགས་ཏེ་ཐོབ་པ་མེད་དོ། །དེ་བས་ན་གང་ཟག་དང་ཆོས་བདག་མེད་པ་རྣམ་པ་གཉིས་རྟོགས་པས་རྣམ་པ་ཐམས་ཅད་རྟོགས་པའི་ཕྱིར་འདི་ནི་དེས་ན་
ཇི་སྐད་བསྟན་པའི་ཤེས་རབ་མངོན་པར་རྟོགས་པའི་རང་བཞིན་ཡིན་པའི་ཕྱིར་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན་པར་རྟོགས་པར་བྱའོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་བསྟོད་པའི་ལེའུ་སྟེ་དགུ་པའི་བཤད་པའོ།། །།ཁྱད་པར་ཅན་གྱི་སྦྱོར་བས་རྣམ་པ་
རྣམས་བསྒོམ་པར་བྱ་བ་ཡིན་པས་དེ་ཡང་སྦྱོར་བ་པོ་ཁྱད་པར་ཅན་མེད་པར་བསྟན་པར་མི་ནུས་པས་སྦྱོར་བ་པོ་བསྟན་པར་བཞེད་ནས། རྒྱལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་བ་ལ་ནི་ལྷ་རྒྱལ་བརྒྱ་བྱིན་གྱིས་ཞུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པའི་བདག་ཉིད་འདི་ལ་
ཇི་ལྟར་བརྩོན་པར་བྱེད་ཅིང་བྱང་ཆུབ་སེམས་དཔའ་སྦྱོར་བར་བྱེད་ཅེས་བྱ་བ་ནི་ཞུ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕུང་པོ་ཁམས་ལ་རྡུལ་ཙམ་བརྩོན་པར་མི་བྱེད་ཅིང་། རྡུལ་ཙམ་མི་དམིགས་པ་ལ་སྦྱོར་ཏེ་ཆོས་ཅན་དང་ཆོས་མི་རྟག་པ་ལ་སོགས་པ་མི་བརྩོན་ཏེ། དེ་ནི་བྱང་ཆུབ་སེམས་
དཔའ་ཕྱིན་ཅི་མ་ལོག་པ་ལ་ཞུགས་པའི་ཕྱིར་བརྩོན་པ་ཡིན་ནོ། །གང་གི་རྒྱུས་དེ་ལྟར་བརྩོན་ཞེ་ན། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་དེ་ནི་ཡུན་རིང་པོ་ནས་ཐེག་པ་ཆེན་པོ་འདི་ལ་སྦྱོར་བ་གོམས་པས་ཞུགས་པར་རིག་པར་བྱ་སྟེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་
མང་ལ་གཙུག་ལག་ཁང་ལ་སོགས་པ་བྱས་ཏེ་ཕུལ་བ་ནི་ལྷག་བྱས་ཡིན་ནོ། །གང་ཞིག་ཆོས་འདི་ནི་ཡུམ་སྟེ། གཟུགས་ལ་སོགས་པ་རང་གི་རྒྱུ་ལས་སྒྱུ་མ་བྱེད་པས་སྤྲུལ་པ་དང་། སྒྱུ་མ་འདྲ་བར་ཐོས་ནས་རྟོགས་པས་སོམ་ཉི་མེད་ཅིང་ཡང་སློབ་པ་ལ་ཕྱིར་ཞིང་སྦྱོར་བར་བྱེད་དོ། །

གཞན་དུ་འཇུག་པར་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །རྒྱལ་བ་སྐྱེད་མ་ལ་འཇུག་པའི་སྦྱོར་བ་ཉན་ཐོས་ལ་སོགས་པའི་བྱེད་པའི་ཁྱད་པར་ཅན་དུ་ཡིད་ལ་བྱེད་པའི་རང་བཞིན་ནི་གཞན་དུ་རྟོགས་པར་མི་ནུས་པའི་ཕྱིར་མཉན་པ་ལ་སོགས་པའི་བར་ཆད་ཀྱི་ཆོས་ལས་འདའ་བར་བྱ་བ་རྟོགས་པར་བྱ་བའི་
ཆེད་དུ་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། དགོན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འཇིགས་པ་དུ་མ་ཕལ་པོ་ཆེའི་དགོན་པའི་ལམ་དཔག་ཚད་མང་པོར་ཞུགས་པའི་མིས་བསྙེན་པ་སྔོན་དུ་ཕྱོགས་པ་ན། གང་གི་ཚེ་འབད་པའི་སྟོབས་ཀྱིས་གནག་རྫི་མཚམས་ཀྱི་
ནགས་ཚལ་ཕུན་སུམ་ཚོགས་པ་མཐོང་ན་དེའི་ཚེ་དགོན་པའི་འཇིགས་པ་མེད་དེ། དབུགས་ཕྱིན་པ་ཐོབ་པར་གྱུར་ཅིང་། རྐུན་མའི་འཇིགས་པ་མེད་དོ། །གང་གི་ཕྱིར་གོམས་པར་བྱས་ནས་འདི་དག་གྲོང་དང་གྲོང་ཁྱེར་གྱི་སྔོན་གྱི་མཚན་མ་ལ་བ་ལང་རྫི་ལ་སོགས་པ་མཐོང་བ་དེ་བཞིན་དུ། གང་གི་
ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་གིས་མཉན་པ་ནི་ཉེ་བར་མཚོན་པ་སྟེ། སེམས་དཔའ་ལ་སོགས་པ་ཡང་ངོ་། །བྱང་ཆུབ་སེམས་དཔའ་གང་ཞིག་བྱང་ཆུབ་ཐོབ་པར་བྱེད་པའི་ཆོས་ཡོངས་སུ་ཚོལ་བའི་དུས་དེའི་ཚེ་ཡང་དག་པའི་ལམ་རྙེད་པས་དབུགས་ཕྱིན་པར་གྱུར་ཅིང་ཐེག་པའི་
བར་ཆད་ཀྱི་འཇིགས་པ་མེད་དོ། །གང་གི་ཕྱིར་ཡུམ་མཉན་པ་ལ་སོགས་པའི་སྦྱོར་བ་ཕུན་སུམ་ཚོགས་པ་ན་དགྲ་བཅོམ་ས་ལ་མི་གནས་རྐྱེན་རྟོགས་ཀྱི་ས་ཐོབ་པ་ཡིན་ནོ། །ད་ནི་ཡང་ཡུམ་མཉན་པ་ལ་སོགས་པས་ཕུན་སུམ་ཚོགས་པ་ཐམས་ཅད་སྟེར་བར་བྱེད་པ་བསྟན་པ་འདིར་ཡང་
བརྗོད་པར་བྱ་སྟེ། ཆོས་ཀྱི་སྐུ་ཐོབ་པར་བྱེད་པ་བསྟན་པའི་སྒོ་ནས་རེ་ཞིག་སྦྱོར་བ་དཔེ་སྔོན་དུ་འགྲོ་བས་རྟོགས་པར་བྱ་བའི་ཕྱིར། མི་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་མི་ཞིག་རྒྱ་མཚོའི་ཆུ་ནི་བལྟ་ཕྱིར་འགྲོ་བ་ཡིས། གལ་ཏེ་དེས་ཤིང་དང་ནགས་ཚལ་རིར་
བཅས་པ་མཐོང་ན་ད་དུང་རྒྱ་མཚོ་ཆེན་པོ་ནི་རིང་ངོ་ཞེས་རྟོགས་པར་བྱའོ། །ཡང་གང་གི་ཚེ་ཅི་སྟེ་ཤིང་ལ་སོགས་པའི་རྟགས་མ་མཐོང་ན་དེའི་ཚེ་རྒྱ་མཚོ་ཆེན་པོ་ནི་ཉེ་བར་གྱུར་ཏེ། ཤིན་ཏུ་མི་རིང་ངོ་སྙམ་དུ་དེ་ལ་སོམ་ཉི་མེད་དེ་ཡིད་གཉིས་མེད་པར་རིག་པར་བྱའོ། །དེ་ལྟར་དེ་བཞིན་དུ་ཐོས་པའི་

བསམ་པས་བྱང་ཆུབ་དམ་པར་ཞུགས་པར་རིག་པར་བྱའོ། །རྒྱལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་ནི་ཉེ་བར་མཚོན་པ་སྟེ། སེམས་པ་དང་། བསྒོམ་པ་ཡང་ཡིན་ནོ། །རྣམ་པར་འདྲེན་པ་སྟེ་བཅོམ་ལྡན་འདས་ཀྱིས་སོ། །མངོན་སུམ་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་
ལུང་བསྟན་པར་མ་གྱུར་ཀྱང་མཉན་པ་ལ་སོགས་པ་ལ་ནུས་པ་ཐོབ་པའི་ཕྱིར་སངས་རྒྱས་བྱང་ཆུབ་སྟེ། ཆོས་ཀུན་མངོན་པར་རྫོགས་པར་རྟོགས་པ་ཞེས་བྱ་བའི་བར་དུའོ། །རིང་པོར་མི་ཐོགས་བདག་རེག་འགྱུར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱ་བ་བསྒྲུབ་པའི་སྒོ་ནས་བསྟན་པའི་ཕྱིར། དཔྱིད་དུས་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་དཔྱིད་དུས་བཟང་ལ་ཡལ་ག་དང་ལོ་མ་རྙིངས་པ་རྣམས་ལྷགས་གྱུར་ན་ཡལ་གས་རིང་པོར་མི་ཐོགས་ལོ་འདབ་མེ་ཏོག་འབྲས་བུ་རྣམས་བསྐྲུན་ནོ། །དེ་བཞིན་དུ་ཤེས་རབ་ཕ་རོལ་ཕྱིན་འདི་སུའི་ལག་ཏུ་ཐོབ་པ་ན་ཡུན་རིང་པོར་མི་ཐོགས་པར་དེས་བྱང་ཆུབ་མཆོག་ཏུ་
ལོངས་སྤྱོད་རྫོགས་པའི་སྐུ་འདིར་མཉན་པ་ལ་སོགས་པའི་སྦྱོར་བའི་སྟོབས་ཀྱིས་འདྲེན་པ་རྣམས་ཀྱིས་འཐོབ་པོ། །སྤྲུལ་པའི་སྐུ་ཐོབ་པར་བྱ་བའི་སྒོ་ཡང་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་བུད་མེད་ན་ཆུང་མངལ་སྐྱེ་བ་ནི་སྦྲུམ་མའོ། །གང་གི་ཚེ་དེ་ནི་བཙའ་བའི་དུས་ལ་
བབ་ཅེས་བྱ་བ་སྟེ། ཡན་ལག་རྣམས་རྒྱས་པ་ནི་དུས་ལ་བབ་བོ། །ཚོར་བ་ནི་ཉམས་སུ་མྱོང་བའི་རང་བཞིན་ནོ། །དེ་བཙའ་བའི་དུས་ཏེ་སྐྱེ་བ་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྔར་མཉན་ནས་སེམས་པ་ན་རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་པ་ལ་གོང་ནས་གོང་དུ་དགའ་བ་དང་
འདུན་པ་བསྐྱེད་པ་མཐོང་བ་དེའི་ཚེ་འདིར་མཉན་པ་ལ་སོགས་པའི་སྦྱོར་བས་མྱུར་དུ་བྱང་ཆུབ་མཆོག་རེག་སྟེ། སྤྲུལ་པའི་སྐུ་ཐོབ་པོ། །ཡང་མཉན་པ་ལ་སོགས་པའི་བླང་བར་བྱ་བ་དང་དོར་བར་བྱ་བའི་ཆོས་ཇི་ལྟར་བླང་བ་དང་། དོར་བ་ཐོབ་ཅེ་ན། ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཕ་རོལ་ཕྱིན་
མཆོག་སྤྱོད་ཚེ་རྣལ་འབྱོར་པ་ཉན་པ་ལ་སོགས་པ་ནི་སྤྱོད་པའོ། །རྣལ་འབྱོར་པ་གང་ཞིག་གཟུགས་ལ་སོགས་པ་ཆོས་ཐམས་ཅད་དེ་ཁོ་ན་ཉིད་དུ་འཕེལ་བ་སྟེ་སྐྱེ་བ་མི་མཐོང་བའོ། །ཡོངས་སུ་འགྲིབ་པ་མེད་དེ་འཇིག་པ་མི་མཐོང་ངོ་། །དེ་ལྟ་བས་ན་གང་ཞིག་ཆོས་དང་ཆོས་མིན་མི་མཐོང་ཞིང་། འདི་དག་སོ་སོར་སྣང་བ་

གནས་པར་མཐོང་བ་སྒྱུ་མ་ལྟ་བུ་ཡིན་པས་ཆོས་ཀྱི་དབྱིངས་ཏེ། སྟོང་པ་ཉིད་ཀྱི་རྣམ་པའི་སྙིང་པོ་ཅན་ཡེ་ཤེས་ཀྱི་རང་བཞིན་དེ་དག་ཇི་ལྟ་བ་བཞིན་གནས་པ་རྟོགས་པའི་སྟོབས་ཀྱིས་མྱ་ངན་ལས་འདས་པ་སྟེ། ཉན་ཐོས་ལ་སོགས་པའི་བྱང་ཆུབ་ལ་མི་རེག་པར་གནས་པ་དེ་ནི་སྐུ་གསུམ་ཐོབ་ནས་ཆོས་ཀྱི་དབྱིངས་ཀྱི་
ཤེས་རབ་གནས་སོ། །དེ་ལྟར་ཇི་སྐད་བསྟན་པའི་ཕྱིན་ཅི་མ་ལོག་པའི་ལམ་ལ་གོམས་པར་བྱས་པས་འབྲས་བུ་དེ་དག་ཐམས་ཅད་དུ་འགྱུར་རོ། །དེ་བས་ན་སྦྱོར་བ་སྒྲུབ་བོ་ཞེས་བྱ་བར་དགོངས་སོ། །རྣམ་པ་ཕུལ་དུ་བྱུང་བའི་ཆེ་བའི་བདག་ཉིད་བཤད་ནས། ཡོན་ཏན་བརྗོད་ན་དེ་རྟོགས་པ་སྔོན་དུ་འགྲོ་བས་ཁྱད་
པར་དུ་གོམས་པར་འགྱུར་བས་དེའི་ཡོན་ཏན་བསྟན་པར་བཞེད་ནས། གང་ཞིག་འདིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཆོས་དང་གང་ཟག་ལ་བདག་མེད་པ་བསྒོམ་པ་ནི་གང་ཞིག་འདིར་རོ། །ཡང་སྦྱོར་བ་ལ་གནས་པ་ནི་སྤྱོད་པའོ། །སྤྱིའི་སངས་རྒྱས་ཀྱི་ཆོས་ནི་རྒྱུ་དང་འབྲས་
བུའོ། །ཁྱད་པར་ནི་དད་པ་ལ་སོགས་པ་ལྔ་དང་། འདུན་པ་ལ་སོགས་པ་དང་ལྷན་ཅིག་བྱེད་པ་རྫུ་འཕྲུལ་གྱི་རྐང་པ་བཞི་ཉེ་བར་མཚོན་པ་སྟེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡང་རྒྱུར་གྱུར་པ་རྣམས་ལ་མི་གནས་ཏེ། མི་རྟོག་ཅིང་བྱང་ཆུབ་ཀྱི་རྣམ་གྲངས་མ་ལུས་པ་ནི་ཉེ་བར་ཞི་བའོ། །འབྲས་
བུར་གྱུར་པ་རྣམས་ལ་དེ་སྦྱོར་བའི་སྟོབས་ཀྱིས་རྣམ་པར་མི་རྟོག་པ་དང་། རྣམ་པར་རྟོག་པ་དང་བཅས་པའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་གནས་པ་དང་མི་གནས་པ་གང་ཡང་རུང་བ་སྒྱུ་མ་ལྟ་བུར་དེ་དག་བརྫུན་པའི་རང་བཞིན་དུ་རྟོགས་པའི་ཕྱིར་མི་རྟོག་རྟོག་བྲལ་ལོ། །བདུད་ཀྱི་མཐུ་བཅོམ་པ་
ལ་སོགས་པའི་ཡོན་ཏན་ལ་སོགས་པ་བསྐྱེད་པས་རང་དབང་དུ་སྤྱོད་པ་ནི་བྱིན་གྱི་རླབས་ཀྱིས་སྤྱོད་པ་ཡིན་ནོ། །འདི་ནི་ཤེས་རབ་སྟེ་སྤྱོད་པའི་རང་བཞིན་ཡིན་པའི་ཕྱིར་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན་ཏེ། གནས་པ་མ་ཡིན་ནོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་ཡོན་
ཏན་གཟུང་བར་ཡོངས་སུ་བརྗོད་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་པའི་བཤད་པའོ།། །།ཡོན་ཏན་གྱི་རྗེས་ལ་གང་ཡང་སྦྱོར་བའི་བར་ཆད་བྱེད་པའི་སྐྱོན་སྤངས་ནས་བསྒོམ་པར་བྱ་བ་ཡིན་པས་སྐྱོན་བསྟན་པར་བཞེད་ནས། སྨྲ་བའི་ཟླ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱིན་ཅི་

ལོག་གི་ཞེན་པ་སེལ་བ་ལ་མཁས་པས་སྨྲ་བའི་ཟླ་བའོ། །སངས་རྒྱས་ལ་ནི་རབ་འབྱོར་ཞུས་པ་ནི་ཡོན་ཏན་གྱི་རྒྱུ་ཡིན་པའི་ཕྱིར་ཡོན་ཏན་ལ་སྦྱོར་བ་ལ་དགའ་བ་རྣམས་ཀྱི་བར་དུ་གཅོད་པ་གང་ལགས་ཞེས་བྱ་བ་ནི་ཞུས་པའོ། །སྟོན་པས་བཀའ་སྩལ་བར་དུ་གཅོད་
པར་འགྱུར་མང་སྟེ། དེ་ལས་ཅུང་ཟད་ནི་ཉེ་བར་མཚོན་པའོ། །དེ་བས་ན་རེ་ཞིག་ཡོངས་སུ་བརྗོད་པར་བྱའོ་ཞེས་བྱ་བ་ནི་ལན་ཏོ། །དེ་ཉིད་ནི་རྒྱལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་འབྲིའི་ཚེ་ནི་གཞུང་གི་དོན་བྲི་བ་དང་། ཡིད་ལ་བྱེད་པའོ། །
སྤོབས་པ་ནི་ཡུལ་ལ་ཁྱད་པར་ཅན་གྱི་ཡེ་ཤེས་ཀྱི་རང་བཞིན་ཐ་དད་པ་རྣམ་པ་དུ་མ་འབྱུང་འགྱུར་ཞིང་འགྲོ་བའི་དོན་མ་བྱས་པར་ཏེ། སྔ་མ་དང་ཕྱི་མ་དཔྱད་པས་མི་བསྟན་པར་གྱུར་པའི་ཕྱིར་དེ་ཡང་གློག་བཞིན་དུ་མྱུར་དུ་ཉམས་པར་འགྱུར་བ་འདི་ཉིད་ནི་རེ་ཞིག་བདུད་ཀྱི་ལས་སོ། །འདི་བཤད་ཚེ་ན་ཁ་ཅིག་
སོམ་ཉི་ཟ་འགྱུར་ཏེ་ཞེས་བྱ་བ་ལ། བཤད་པ་ནི་བཤད་པར་གྱུར་པའོ། །སངས་རྒྱས་ཀྱིས་གསུངས་པ་ལ་ཐེ་ཚོམ་ཟ་བ་ནི་སོམ་ཉིར་གྱུར་པའོ། །དེས་ཡོངས་སུ་མ་ཤེས་པར་འདྲེན་པ་བཅོམ་ལྡན་འདས་ཀྱིས་འདིར་ནི་བདག་གི་མིང་ཡང་མ་བརྗོད། རིགས་དང་ས་དང་རུས་ཀྱང་ཡོངས་སུ་མ་བརྗོད་
ཅེས། དེ་ནི་ཉན་པར་མི་འགྱུར་ལ། འོན་ཀྱང་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཞེས་སྤང་འགྱུར་ཏེ་ཡང་བདུད་ཀྱི་ལས་སོ། །དེ་ནི་ཅི་ཞིག་བྱེད་པར་འགྱུར་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བདུད་ཀྱིས་བྱིན་གྱིས་བརླབས་པའི་གང་ཟག་མི་ཤེས་པ་དེ་དག་
རྩ་བའི་རྒྱུ་བོར་ནས་སངས་རྒྱས་དོན་དུ་གཉེར་བའི་ལམ་ཇི་ལྟ་བ་བཞིན་དུ་གྱུར་པ་སྤངས་ནས་རྨོངས་པས་ཡལ་ག་དང་འདབ་མ་ཉན་ཐོས་ལ་སོགས་པའི་མདོ་སྡེ་ཚོལ་བར་འགྱུར་རོ། །གླང་པོ་རྙེད་ནས་དཔེར་ན་འགའ་ཞིག་གི་དོན་དུ་གླང་པོའི་རྗེས་ནི་ཚོལ་བ་ལྟར། ཤེས་རབ་ཕ་རོལ་ཕྱིན་ཐོས་
མདོ་གཞན་ཚོལ་བར་བྱེད་པ་དེ་ཡང་དེ་བཞིན་ནོ། །དཔེར་ན་ལ་ལས་རོ་བརྒྱ་ལྡན་པའི་ཟས་རྙེད་ལ། ཟས་མཆོག་རྙེད་ནས་ཞག་དྲུག་ཅུ་པའི་འབྲས་ཆན་ཚོལ་བར་བྱེད་པ་ལྟར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྙེད་ནས། དགྲ་བཅོམ་པའི་ས་ཡི་བླ་ན་

མེད་པའི་བྱང་ཆུབ་ཚོལ་བར་བྱེད་དེ། ཡང་དེ་ལ་རྗེས་སུ་འབྲང་ཞིང་བློ་བསྐྱེད་པར་འགྱུར་རོ་ཞེས་བྱ་བ་ནི་ལྷག་མའོ། །བདུད་ཀྱི་ལས་རྣམ་པ་གཞན་ཡང་བསྟན་པའི་ཕྱིར། བསྟི་སྟང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲགས་པ་ཙམ་འདོད་པ་ནི་བསྟི་སྟང་འདོད་པའོ། །ནོར་འདོད་པ་ནི་
རྙེད་པ་འདོད་པའོ། །ཡོ་བྱད་ལ་ལྟོས་པ་ནི་ལྟོས་པ་དང་བཅས་པའི་སེམས་ཀྱིས་སོ། །བསོད་སྙོམས་ཀྱི་དོན་དུ་ཁྱིམ་པ་དང་འདྲིས་པ་དང་། ཁྱིམ་པ་བསྟེན་པ་དང་ལྡན་པར་འགྱུར་ཞིང་ངོ་། །ཆོས་བཏང་ནས་ནི་ཡུམ་འདིའོ། །དེས་ཆོས་ཅུང་ཟད་ཡིན་པ་ནི་ཆོས་མིན་ཏེ། ཉན་ཐོས་ལ་སོགས་པའི་
ཐེག་པས་བྱ་བ་སྤྱོད་པར་འགྱུར་བའོ། །ལམ་བོར་ལམ་གོལ་འགྲོ་བ་འདི་ནི་བདུད་ཀྱི་ལས་སོ། །གང་དག་དེའི་ཚེ་མ་བྱོན་པའི་རྒྱལ་བ་རྣམས་བསྐྱེད་མ་ལ་འདུད་ཅིང་དད་པར་གྱུར་ནས་ཏེ། ལས་དང་འབྲས་བུ་ལ་ཡིད་ཆེས་པར་བྱེད་པ་ནི་དད་པའོ། །ཆོས་ཀྱི་དམ་པ་འདི་མཉན་པར་འདོད་ཅིང་འདོད་པ་
ལས་དེ་དག་གིས་ནི་ཆོས་སྨྲ་བ་ལྡན་རིག་པ་ནི་བྱ་བ་མ་ཡིན་པའི་བསམ་པ་དང་ལྡན་པ་རྟོགས་པའོ། །དད་པ་དང་བྲལ་ནས་དགའ་བ་མེད་ཅིང་ཡིད་མི་བདེ་བར་གྱུར་ནས་གཞན་དུ་འགྲོ་བ་དོན་དུ་གཉེར་བའི་དོན་དང་བྲལ་བས་ཡིད་མི་བདེ་བ་ཡང་བདུད་ཀྱི་ལས་སོ། །བདུད་ཀྱི་ལས་ཇི་སྙེད་པ་རྣམ་པ་ཐམས་ཅད་
མཐའ་ཡས་པས་བརྗོད་པར་མི་ནུས་པའི་ཕྱིར་ཉེ་བར་བསྡུས་པའི་དོན་དུ་དེའི་ཚེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཞེས་བྱ་བ་ནི་རྗེས་ཐོགས་ལ་མངོན་པའོ། །འབྱུང་བར་གྱུར་པ་ནི་བདུད་ཀྱི་ལས་སོ། །དེའི་ཚེ་གང་དག་ལ་མ་འོངས་པའི་དུས་ན་བར་དུ་གཅོད་པ་རྣམས་མང་ནི་དུ་
མའོ། །གཅོད་པ་ནི་བགེགས་བྱེད་པར་འབྱུང་བར་འགྱུར་རོ། །གང་ཞིག་ཉེས་པས་གཡེང་བའི་ཕྱིར་དགེ་སློང་མང་པོ་དཀྲུགས་པས་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཞུང་དང་དོན་འཛིན་པར་མི་འགྱུར་ན། གཞན་དགེ་བསྙེན་ལ་སོགས་པ་ལྟ་ཅི་སྨོས་ཅིའི་རྒྱུས་རྣམ་པ་མང་
པོར་འགྱུར་ཞེ་ན། རིན་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིན་ཆེན་རིན་ཐང་མེད་པ་རྙེད་གྱུར་གང་དག་ཡིན། ཆོས་དེ་དག་རང་དཀའ་བས་ཐོས་པ་ནི་དཀོན་པའོ། །དུས་རྣམས་རྟག་ཏུ་ཐམས་ཅད་འདི་འདོད་པའི་ཕྱིར་དུ་དོན་དུ་གཉེར་བ་ཡིན་ནོ། །དེ་བཞིན་དུ་རྒྱལ་བའི་ཤེས་རབ་ཕ་

རོལ་ཕྱིན་པ་མཆོག །རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བ་ཡང་མང་ངོ་། །ཅིའི་ཕྱིར་འདི་དག་ཐམས་ཅད་ཀྱི་བདུད་ཀྱི་ལས་ཡིན་ནམ་ཞེ་ན། ཐེག་པ་གསར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མངོན་པར་ཞུགས་པའི་ཕྱིར་ཐེག་པ་ལ་གསར་དུ་ཞུགས་པ་སྟེ། བྱང་
ཆུབ་སེམས་དཔའ་བསོད་ནམས་ཆུང་བའི་ཕྱིར་བློ་ཆུང་བར་གྱུར་པ་གང་གི་ཡུམ་དཀོན་པའི་རིན་ཆེན་ཆོས་འདི་བདུད་ཀྱི་བྱིན་གྱིས་བརླབ་པས་མ་རྙེད་པའོ། །དེ་བཞིན་དུ་ལས་དང་པོ་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་དེ་ལྟར་རྙེད་པ་མི་འགྱུར་བར་བསྟེན་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་
གི་ཚེ་བདུད་རྣམས་རྒྱལ་བ་སྐྱེད་མ་ལ་ཇི་ལྟར་བགེགས་བྱ་ཞེས་བརྩོན་པ་དང་ལྡན་པས་སྤྲོ་བར་འགྱུར་ཏེ་བར་ཆད་ལ་ཞུགས་ནས་གཅོད་པར་ཞུགས་སོ། །དེ་བཞིན་དུ་ཡང་ཕྱོགས་བཅུའི་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པས་ཡུམ་ཡོངས་སུ་འཛིན་པ་ལ་དགོངས་ཤིང་དེ་དག་ལ་མགོན་མཛད་
པས་སྦྱོར་བ་དང་ལྡན་པས་ཐོབ་པར་འགྱུར་ཞེས་བྱ་བར་དགོངས་སོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས། བདུད་ཀྱི་ལས་ཀྱི་ལེའུ་སྟེ་བཅུ་གཅིག་པའི་བཤད་པའོ།། །།དེ་ལ་བཅོམ་ལྡན་འདས་ཅིའི་ཕྱིར་དགོངས་པ་མཛད་ཅེ་ན། དཔེ་སྔོན་དུ་འགྲོ་བས་རྟོགས་པར་
བྱ་བའི་ཕྱིར། མ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ཞིག་ལ་བུ་མང་པོ་ཡོད་པ་ན་མ་ན་བར་གྱུར་པ་ན། དེ་ཀུན་ཡིད་མི་བདེ་ཞིང་རིམ་གྲོ་ལ་སོགས་པའི་ཕྱིར་བྱས་པ་གཟོ་བས་བརྩོན་པ་ལ་རབ་ཏུ་སྦྱོར་བར་བྱེད་དོ། །དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་
སངས་རྒྱས་ཀྱང་སྟེ། བཅོམ་ལྡན་འདས་རྣམས་ཀྱང་བདུད་ཀྱི་ལས་བསལ་བར་བྱ་བའི་ཕྱིར་བྱས་པ་གཟོ་བས་བརྩོན་པར་མཛད་ཅིང་ཡུམ་གྱུར་ཤེས་རབ་དམ་པ་འདི་ལ་དགོངས་པ་མཛད་དོ། །ཡོན་ཏན་དང་སྐྱོན་བླང་བ་དང་དོར་བ་སྔོན་དུ་འགྲོ་བས་མཚན་ཉིད་ཤེས་པའི་སྒོ་ནས་ངེས་པར་བསྒོམ་
པར་བྱ་བ་ཡིན་པས་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ལ་རེ་ཞིག་མཚོན་པར་བྱེད་པ་གང་ཡིན་པ་བྱེད་པར་སྒྲུབ་པར་བྱེད་པ་ཡོངས་སུ་འཛིན་པའི་ཤེས་པ་དང་། ཁྱད་པར་དང་། བྱེད་པའི་དབྱེ་བས་མཚན་ཉིད་མཚོན་པར་བྱེད་པ་ནི་གསུམ་མོ། །དེའི་ལས་སུ་སྒྲུབ་པར་བྱེད་པ་རྟེན་གྱི་མཚན་

ཉིད་དང་བཞིར་འགྱུར་རོ། །དེ་ལ་རེ་ཞིག་ཤེས་པའི་མཚན་ཉིད་ནི་ཀུན་མཁྱེན་གསུམ་གྱི་དབྱེ་བས་གསུམ་ཡོད་པ་ལས་ཐམས་ཅད་ཤེས་པའི་སྒོ་ནས། དེ་བཞིན་གཤེགས་པ་འབྱུང་བ་ཤེས་པ་ཞེས་བྱ་བ་ལ་སོགས་པ་རེ་ཞིག་བསྟན་པའི་ཕྱིར། གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དག་འདས་པ་དང་ད་ལྟར་
ཕྱོགས་བཅུའི་འཇིག་རྟེན་མགོན། གང་ཡིན་པ་ནི་བཅོམ་ལྡན་འདས་སོ། །དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་འདི་ལས་བྱུང་བར་རིམ་པ་ཇི་ལྟ་བ་བཞིན་དུ་སྦྱར་ཏེ། དེ་དག་བསྐྱེད་པ་དང་། སྐྱེད་པ་དང་ལྡན་པ་དང་། མ་འོངས་པ་ན་བསྐྱེད་པར་འགྱུར་རོ། །སངས་རྒྱས་དེ་དག་གིས་ཡང་དག་པ་ཇི་ལྟ་བ་བཞིན་
དུ་དེ་ཁོ་ན་ཉིད་གཟིགས་པས་འཇིག་རྟེན་སྟོན་ཏོ། །ཡུམ་གྱིས་བསྒྲུབ་ཅིང་སྐྱེད་པར་མཛད་དོ། །འགྲོ་བའི་སྤྱོད་པ་ཐུགས་སུ་ཆུད་པས་སེམས་ཅན་གཞན་གྱིས་སེམས་ཀྱི་སྤྱོད་པ་ཡང་དག་པར་སྟོན་ཏོ། །ཕྱིན་ཅི་མ་ལོག་པའི་ལམ་ལ་སྦྱོར་བའི་སྟོབས་དང་ལྡན་པ་དེས་དེ་བཞིན་གཤེགས་པ་རྣམས་བསྐྱེད་ནས་འཇིག་རྟེན་
སྟོན་པ་ལ་སོགས་པ་མཐོང་བས་ཇི་ལྟར་སྟོན་ཅེ་ན། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཇིག་རྟེན་གྱི་སེམས་ཅན་གྱི་ཁམས་གང་ཡིན་པ་སྒྱུ་མ་ལྟ་བུའི་དེ་བཞིན་ཉིད་དང་། གང་ཡང་དགྲ་བཅོམ་པའི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་། རང་རྒྱལ་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྒྱལ་སྲས་རྣམས་ཀྱི་
ཕྱིན་ཅི་ལོག་པའི་དེ་བཞིན་ཉིད་གཅིག་པ་ཉིད་དེ་དངོས་བྲལ་ཏེ། རང་གི་ངོ་བོར་བྱེ་བྲག་མེད་པར་རྟོགས་པ་ནི་གཞན་མིན་ཏེ་དེ་བཞིན་ཉིད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུས་རྣམ་པར་མི་རྟོག་པའི་ཡེ་ཤེས་བརྙེས་ནས་སངས་རྒྱས་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་རྣམ་པར་གྲོལ་བ་ཉིད་དུ་འཇིག་རྟེན་མི་
གཟིགས་པར་འགྱུར་བ་མི་རིགས་ཏེ། གཞན་དུ་ན་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་གཞག་པར་མི་ནུས་པར་འགྱུར་བའི་ཕྱིར་རོ། །དེའི་རྗེས་སུ་ལམ་ཤེས་པའི་སྒོ་ནས་སྟོང་པ་ཉིད་ལ་སོགས་པའི་མཚན་ཉིད་བསྟན་པའི་ཕྱིར། མཁས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་པ་ནི་ད་ལྟར་བྱུང་བ་ཉིད་དོ། །འཇིག་རྟེན་
མཁས་པ་ནི་མ་འོངས་པའོ། །མྱ་ངན་ལས་འདས་ཀྱང་རུང་བ་ནི་འདས་པའི་བཅོམ་ལྡན་འདས་སོ། །གང་གི་ཕྱིར་ཆོས་ཉིད་སྐྱོན་མེད་ཆོས་རྣམས་སྟོང་པ་འདི་གནས་ཏེ། ངེས་པར་ཆོས་ཉིད་ཀྱི་རང་བཞིན་ཡིན་གྱི་གཞན་གྱི་ཚད་མས་གནོད་པའི་ཕྱིར་རོ། །ཕྱིན་ཅི་ལོག་གི་རང་བཞིན་ཡིན་པའི་ཕྱིར་གྲོལ་བར་མི་རིགས་སོ། །དེ་ལྟ་བས་ན་སྟོང་

པ་ཉིད་ཀྱི་དོན་ཆོས་ཉིད་འདི་ལ་གནས་ཏེ། སྟོང་པ་ཉིད་ལ་སོགས་པར་སྦྱོར་བའི་ཤེས་པའི་རང་བཞིན་བྱང་ཆུབ་སེམས་དཔའ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་ཁོ་ན་ཉིད་རྟོགས་པ་ཡིན་ནོ། །དེ་ལྟ་བས་ན་དེ་ཡང་ཐམས་ཅད་ཀྱི་དེ་བཞིན་ཉིད་དུ་ཐུགས་སུ་ཆུད་པས་དེ་བཞིན་གཤེགས་ཞེས་སངས་རྒྱས་དང་རྒྱལ་བའི་སྲས་
ཞེས་བྱ་བ་ལ་སོགས་པ་མཚན་གསོལ་ཏོ། །གལ་ཏེ་དེ་ལྟར་སྟོང་པ་ཉིད་ལ་སོགས་པའི་ཡེ་ཤེས་ཡིན་ན། སེམས་ཅན་གྱི་དོན་ཇི་ལྟར་བྱེད་པ་བསྟན་པའི་ཕྱིར། ཤེས་རབ་ཕ་རོལ་ཕྱིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ཐུན་མོང་མ་ཡིན་པའི་ཆོས་ཉིད་རྟོགས་པའི་སྤྱོད་ཡུལ་དུ་གྱུར་པས་སངས་རྒྱས་སུ་འཁྲུངས་པ་རྒྱལ་བའི་
སྲས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དགའ་བའི་རི་བོའི་ཚལ་ལ་བརྟེན་ཏེ། ཤིན་ཏུ་མཐོ་བའི་རི་ལ་བརྟེན་པར་རིག་པར་བྱའོ། །སྟོབས་བཅུ་རྣམ་འདྲེན་རྣམས་ཀྱི་སྤྱོད་ཡུལ་འདི་ཡིན་ཏེ། འདི་ལྟར་སྙིང་རྗེ་ཆེན་པོ་ལ་མངོན་དུ་ཕྱོགས་པར་གྱུར་པས་ཕྱིན་ཅི་ལོག་གི་སྐྱེ་བ་ལ་སོགས་པས་སྡུག་བསྔལ་བས་སེམས་ཅན་དམྱལ་
བ་ལ་སོགས་པ་ངན་སོང་གསུམ་དུ་སྐྱེད་པ་ལ་སྟོང་པ་ཉིད་ཀྱི་ཆོས་བསྟན་པས་བཏུལ་ནས་ཡོངས་སུ་འདོན་ཀྱང་། སྟོང་པ་ཉིད་ཀྱི་ཡེ་ཤེས་ཕུན་སུམ་ཚོགས་པས་སེམས་ཅན་དུ་འདུ་ཤེས་པར་དེ་དག་ནམ་ཡང་མི་འགྱུར་རོ། །དམིགས་པ་ལ་མངོན་པར་ཞེན་པ་མ་ཡིན་ནམ། སྟོང་པ་ཉིད་ཀྱི་ཆོས་བསྟན་པས་ཇི་ལྟར་འདུལ་བར་འགྱུར་ཞེ་ན།
དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སེང་གེ་རི་སུལ་ཕྱོགས་གཅིག་ལ་བརྟེན་ནས་འཇིགས་པ་མེད་པར་ནི་རང་ཉིད་འཇིགས་པ་དང་བྲལ་ཏེ། ཞུམ་པ་མེད་པར་གནས་ནས་རི་དགས་ཕྲ་མོ་མང་སྐྲག་བྱེད་ཅིང་སྒྲ་སྒྲོགས་ལྟར། དེ་བཞིན་དུ་ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས་ཏེ། དམིགས་པས་གནོད་པར་འགྱུར་བ་མེད་པ་
ལ་བརྟེན་ཏེ། མིའི་སེང་གེ་བྱང་ཆུབ་སེམས་དཔའ་ཚད་མས་གནོད་པ་མེད་པའི་སྟོང་པ་ཉིད་ལ་སོགས་པའི་ཆོས་བསྟན་པས་དམིགས་པས་འཇིགས་པའི་ཞུམ་པ་མེད་པར་མུ་སྟེགས་ཅན་མང་པོ་བདག་ཏུ་མངོན་པར་ཞེན་པ་ལས་མ་གྲོལ་བ་རྣམས་སྐྲག་པར་བྱེད་ཅིང་སྒྲ་ཡང་སྒྲོགས་ཤིང་འདུལ་བ་ཡིན་ནོ། །དེའི་རྗེས་ལ་རྣམ་
པ་ཐམས་ཅད་མཁྱེན་པའི་སྒོ་ནས་ཉིད་ཀྱི་ཆོས་ལ་བརྟེན་ནས་ཞུགས་པ་ལ་སོགས་པའི་མཁྱེན་པའི་མཚན་ཉིད་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ནམ་མཁར་གནས་པའི་ཉི་མའི་འོད་ཟེར་ནི་ས་འདི་སྐེམས་པར་བྱེད་ཅིང་སྟེ། ཆུ་སྐམས་ནས་མུན་པ་བསལ་ཏེ། དངོས་པོ་ཐམས་ཅད་ཀྱི་

གཟུགས་ཀྱང་རབ་ཏུ་སྟོན་པར་བྱེད་དོ། །དེ་བཞིན་དུ་སྦྱོར་བ་ལས་གོམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་གི་ཆོས་ཉིད་ལ་བརྟེན་ནས་བཞུགས་པ་ལ་སོགས་པའི་ཡེ་ཤེས་ཀྱི་རྟེན་ལམ་དམ་པ་ལས་ངེས་པར་བཞུགས་པ་ནི་ཆོས་རྒྱལ་ཏེ། བཅོམ་ལྡན་འདས་ཀྱིས་འཛིན་པ་མ་ལུས་པའི་སྲེད་པའི་ཆུ་ཀླུང་
སྐེམས་ཤིང་ཉིད་ཀྱིས་ངེས་པའི་ཆོས་ཉིད་རབ་ཏུ་སྟོན་ཏོ། །ཇི་ལྟར་ཆོས་ཉིད་སྟོན་ཅེ་ན། གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་ལྔར་ཆོས་ཐམས་ཅད་འདུས་པས་གཟུགས་ཀྱང་གང་འདིར་སྒྱུ་མ་ལྟ་བུ་ཉིད་ཡིན་པའི་ཕྱིར་མི་མཐོང་ཞིང་ངོ་། །དེ་བཞིན་དུ་ཚོར་བ་དང་། སེམས་པ་གང་ཡིན་པ་དང་། གང་ལ་རྣམ་
པར་ཤེས་པ་ཉིད་དང་། དགེ་བ་ལ་སོགས་པའི་ཆོས་ཀྱི་བག་ཆགས་སེམས་ལ་བསགས་པ་དེ་ཡིས་གང་ཡང་རྗེས་སུ་མཐོང་བ་མེད་དེ། འདི་དག་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ཤེས་རབ་ཀྱི་མིག་གིས་མཐོང་བ་འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན་པས་དེས་ཕྱིན་ཅི་ལོག་
བཟློག་གི། མིག་བཙུམས་པ་དང་། དམུས་ལོང་ལ་སོགས་པ་ལྟར་སྤྱན་མ་ཚང་བ་དང་། བལྟ་ན་སྙམ་པའི་ཡིད་ལ་བྱེད་པས་མ་མཐོང་བ་ནི་ཡང་དག་པར་མཐོང་བ་ཞེས་མི་བྱ་སྟེ། དེ་ནི་འདི་ལྟར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལས་ལངས་ནས། དངོས་པོ་དང་དངོས་པོ་མེད་པ་ལ་མངོན་པར་ཞེན་པའི་རྩ་བ་རྣལ་འབྱོར་པ་དེའི་ཉོན་
མོངས་པ་དང་ཤེས་བྱའི་སྒྲིབ་པ་འབྱུང་བའི་ཕྱིར་རོ་སྙམ་དུ་དགོངས་སོ། །འདིར་ཅི་འདྲ་བ་མཐོང་བ་ཡིན་ཞེ་ན། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ནམ་མཁའ་ལ་རྫས་ཐམས་ཅད་ཀྱིས་དབེན་པའི་ཕྱིར་མངོན་སུམ་དང་། རྗེས་སུ་དཔག་པའི་ཡུལ་ལས་འདས་པས་མཐོང་བ་མེད་ཀྱང་སེམས་ཅན་ཀུན་རྫོབ་ཀྱི་ཐ་སྙད་དུ་
ཡིན་གྱི། ཡང་དག་པ་དེ་ཁོ་ན་ཉིད་དུ་ནི་ནམ་མཁའ་མེད་པའི་ཕྱིར་གཅིག་ཏུ་གཟུགས་ཇི་ལྟར་མཐོང་སྟེ་མཐོང་བ་ཉིད་ཀྱང་མེད་དོ། །དེ་བས་ན་དོན་འདི་བརྟགས་བར་གྱིས་ཏེ་རྣམ་པར་དཔྱད་པས་སོ། །དེ་བས་ན་ནམ་མཁའ་ཞེས་བྱ་བ་ནི་ཐ་སྙད་དོ། །མཐོང་བ་མེད་པ་ཉིད་མཐོང་བ་ཡིན་ནོ་ཞེས་བྱ་བ་ལྷག་མ་མ་ཡིན་པར་རྟོགས་པར་བྱའོ། །དེ་ལྟར་
ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན་ཏོ། །གང་གི་ཕྱིར་མཐོང་བ་མེད་པ་ནི་གཅིག་ཏུ་ངེས་པའི་རང་བཞིན་མཐོང་བར་མི་ནུས་ཏེ། དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་རོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་འཇིག་རྟེན་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའི་བཤད་པའོ།། །།

ཤེས་པའི་རྣམ་པ་སྤྱིའི་རང་བཞིན་ཡོངས་སུ་ཤེས་པས་ཁྱད་པར་དུ་ཤེས་པར་བྱ་དགོས་པས། ཁྱད་པར་གྱི་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ཡང་ཉན་ཐོས་ལ་སོགས་པའི་ལམ་རྣམས་ཀྱི་ཁྱད་པར་གྱི་ལམ་གྱི་བདག་ཉིད་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཁྱད་པར་
གྱིས་ཁྱད་པར་དུ་འཕགས་པ་སྡུག་བསྔལ་ལ་སོགས་པའི་བདེན་པའི་ཡུལ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའི་མཚན་ཉིད་རྟོགས་པར་བྱ་བའི་ཕྱིར། མཐོང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་བསམ་གྱིས་མི་ཁྱབ་པ་དང་། མི་
མཉམ་པ་ཉིད་ལ་སོགས་པ་ཉིད་ཀྱི་རྣམ་པ་རྣམས་ཡིད་ལ་བྱེད་པས་ཡུམ་མཐོང་བ་ཡིན་པས་དེ་མཐོང་བ་ཐོབ་པ་ཡང་འདིར་སྦྱོར་བའི་སྟོབས་ཀྱིས་ཆོས་ཐམས་ཅད་ཀྱི་ཁྱད་པར་གྱི་མཚན་ཉིད་ཀྱི་རང་བཞིན་དུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་དང་འདིར་རབ་ཏུ་འབྲེལ་པའི་བྱ་བ་
ཐམས་ཅད་དེས་ཡིན་ཏེ། རྒྱལ་པོ་བཏང་སྙོམས་འདུག་ཅིང་བློན་པོ་ཀུན་བྱེད་ལྟར། །དེ་བཞིན་དུ་ཇི་སྙེད་པ་དང་། སངས་རྒྱས་ཀྱི་སྒྲ་གང་ཡིན་པ་ཀུན་ལ་སྦྱར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། རང་སངས་རྒྱས་ཀྱིས་མཛད་པའི་ཆོས་རྣམས་དང་། དེ་བཞིན་
དུ་ཉན་ཐོས་རྣམས་ཀྱི་བྱ་བ་ཇི་སྙེད་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱེད་དོ། །དེ་ཉིད་གསལ་བར་བསྟན་པའི་ཕྱིར། རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་པོའི་གྲོང་ནི་ལུས་འཕགས་ལ་སོགས་པའོ། །ཡུལ་ནི་མ་ག་དྷཱ་ལ་སོགས་པའོ། །འཁོར་ནི་རྒྱལ་པོའི་
ཁབ་ལ་སོགས་པ་སྟེ། དེར་མི་འགྲོ་བར་རྒྱལ་པོ་དེའི་རང་བཞིན་ཡུལ་མིས་འབྲུ་ཐམས་ཅད་ཀྱང་སྡུད་པ་སྟེ། བསྐྱེལ་བ་ལྟར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་ཉིད་གང་དུ་ཡང་མི་འགྲོ་ལ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་ཁྱད་པར་གྱི་ལམ་གྱི་རང་བཞིན་གྱི་
སངས་རྒྱས་ཀྱི་སའི་ཡོན་ཏན་ཐམས་ཅད་སྡུད་དོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་བསམ་གྱིས་མི་ཁྱབ་པའི་ལེའུ་སྟེ་བཅུ་གསུམ་པའི་བཤད་པའོ།། །།ཡང་གང་གི་ཚེ་སངས་རྒྱས་ཀྱི་ཡོན་ཏན་ཁྱད་པར་ཅན་རྣམས་ཐོབ་ཅེ་ན། གང་ལ་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། གང་གིས་སངས་རྒྱས་སུ་བྱེད་པའི་ཆོས་སངས་རྒྱས་ཞེས་བྱ་བ་ཡིན་པའི་ཕྱིར། བདེ་གཤེགས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཏེ། མི་མཐུན་པའི་ཕྱོགས་ཀྱི་ཟིལ་གྱིས་མི་ནོན་པའི་བྱང་ཆུབ་སེམས་དཔའ་ལ་དད་པ་བརྟན་པོ་ཡོད་ན། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་མཆོག་ལ་བསམ་སྦྱོར་བ་སྟེ། མཆོག་ནི་ཆེན་པོ་ཡིན་པའི་ཕྱིར་རོ། །ཡང་དག་པའི་སྦྱོར་བ་ལ་རྗེས་སུ་གནས་པ་ཡོད་ན། དེའི་ཚེ་བདེན་པ་གཉིས་ཀྱི་རིམ་པས་ཞུགས་པ་ཡིན་པའི་ཕྱིར། ཉན་ཐོས་རང་རྒྱལ་ས་གཉིས་ཤིན་ཏུ་འདས་བྱས་ནས་བདུད་དང་མུ་
སྟེགས་ལ་སོགས་པས་ཟིལ་གྱིས་མི་གནོན་པའི་རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཀྱི་རྒྱུ་ཁྱད་པར་གྱི་མཚན་ཉིད་མྱུར་དུ་འཐོབ་བོ། །དད་པ་དང་ཤེས་རབ་ཡུལ་ལ་དྲག་ཏུ་སྒྲུབ་པ་ནི་བྱ་བ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་སྔོན་དུ་དད་པ་འགྲོ་བ་མ་ཡིན་ནམ། ཇི་ལྟར་ཤེས་
རབ་ཀྱི་བྱ་བ་ཡིན་ཞེ་ན། ལན་དུ་རྗེས་སུ་འགྲོ་བ་དང་ལྡོག་པའི་དཔེ་སྔོན་དུ་འགྲོ་བའི་སྒོ་ནས་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་རྒྱ་མཚོར་འཇུག་པའི་གྲུ་ནི་ཆག་གྱུར་པ། །མི་གང་རོའམ་རྩྭའམ་ཤིང་ནི་མི་འཛིན་པ། །ཆུ་དབུས་འཇིག་པར་
འགྱུར་ཏེ་ངོགས་སུ་ཕྱིན་མི་འགྱུར། །ཡང་གང་ཞིག་རོ་ལ་སོགས་པ་ལ་འཛིན་པ་དེ་ནི་བདེ་བར་ཕ་རོལ་ཏུ་ཕྱིན་པར་འགྱུར་ཏེ། དེ་ཐང་ལ་གནས་པར་དེ་ལྟར་དད་ལྡན་དང་བ་ཙམ་ཐོབ་པ་གང་ཞིག་གིས་ནི་ཤེས་རབ་ཕ་རོལ་ཏུ་ཕྱིན་ཡུམ་རྗེས་སུ་མི་འཇུག་སྟེ། དམིགས་པ་ལ་སོགས་པ་མ་
སྤངས་པས་འདོད་ཆགས་ལ་སོགས་པའི་སྡུག་བསྔལ་བརྒལ་དཀའ་བའི་ཕྱིར་འཁོར་བའི་རྒྱ་མཚོ་སྟེ། འཁོར་བ་དེས་དུས་ཐམས་ཅད་དུ་གནས་ཏེ། དད་པ་ཙམ་གྱིས་ཕྱིན་ཅི་ལོག་མི་སྤོང་བའི་ཕྱིར་རོ། །སྐྱེ་བ་ནི་འབྱུང་བའོ། །རྒ་བ་ནི་རྙིངས་པའོ། །རང་གི་རིགས་མཐུན་པའི་
རྒྱུན་ཆད་པས་ན་འཆི་བའོ། །བུ་དང་བུ་མོ་ལ་སོགས་པ་དང་བྲལ་བས་ཡིད་མི་བདེ་བ་ནི་མྱ་ངན་ནོ། །དེ་དག་ཉིད་རླབས་ཏེ་གང་གི་ཕྱིར་དེ་དག་གི་རིམ་པ་ནི་འཁོར་བའི་རྒྱ་མཚོའོ། །དེ་ལ་དེ་སྐད་ཅེས་བརྗོད་དེ། དེ་བས་ན་སྦྱོར་ཞེས་བྱ་བའོ། །གང་ཞིག་དེ་ཡང་དད་པ་སྟོབས་སུ་གྱུར་

པས་ཤེས་རབ་ཕ་རོལ་ཕྱིན་མཆོག་གིས་ཟིན་པ་སྟེ། དངོས་པོ་རྣམས་སྒྱུ་མ་ལྟ་བུར་རྟོགས་པའི་ཕྱིར་དངོས་པོའི་རང་བཞིན་ལ་མཁས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱི་སྟོབས་ཀྱིས་མྱ་ངན་ལས་འདས་པ་ཡང་མཐོང་བའི་ཕྱིར་དོན་དམ་པ་མཐོང་
བའོ། །དེ་བས་ན་དད་པ་དང་ཤེས་རབ་ཀྱི་སྟོབས་ལ་སོགས་པས་རིམ་པ་ཇི་ལྟ་བ་བཞིན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ནོར་ཀུན་རྫོབ་ཏུ་ཡོངས་སུ་རྫོགས་པ་ནི་གྲུ་སྟེ། རབ་ཏུ་དགའ་བ་ལ་སོགས་པའི་ས་རང་བཞིན་དེ་དག་དང་ལྡན་པ་ལ་དེ་སྐད་བརྗོད་དོ། །ཉན་ཐོས་ལ་སོགས་པའི་
ཡུལ་མ་ཡིན་པས་མཆོག་ཏུ་རྨད་བྱུང་བདེ་གཤེགས་བྱང་ཆུབ་མྱུར་དུ་རེག །ཁྱད་པར་གྱི་མཚན་ཉིད་དོན་དུ་གཉེར་བས་གཉིས་པོ་རྒྱུན་མི་འཆད་པར་དམིགས་པར་བྱའོ་ཞེས་བསྟན་པར་རིག་པར་བྱའོ། །དམིགས་པ་དང་དམིགས་པ་མེད་པའི་དཔེས་རིམ་པ་ཇི་ལྟ་བ་བཞིན་དུ་རེས་
འགའ་བྱེད་པ་དང་། རྒྱུན་མི་འཆད་པར་བྱེད་པ་མི་མཐུན་པའི་ཕྱོགས་དང་གཉེན་པོ་བསལ་བར་བྱ་བའི་ཕྱིར་དེ་གཉིས་ཉིད་ཐོབ་པ་ནི་ཁྱད་པར་ཅན་གྱི་གཞིར་གྱུར་པ་སྔོན་དུ་འགྲོ་བ་ཡིན་པར་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ལ་ལས་
རྫ་སོ་མ་བཏང་ཆུ་བསྐྱེད་ན། །ཉམ་ཆུང་ཕྱིར་ན་མྱུར་དུ་འཇིག་པར་རིག་པར་བྱ་སྟེ། ཆུ་བཅུ་བར་མི་ནུས་པའོ། །སོ་བཏང་བུམ་པར་ཆུ་བསྐྱེད་ལམ་དུ་འཇིག་པ་ཡི། །འཇིགས་པ་མེད་ཅིང་ཕྱི་མ་ལ་ཡང་སྦྱར་རོ། །ཕྱིན་པར་གྱུར་པ་ནི་བར་ཆད་ཀྱི་གནོད་པ་མེད་པར་གྱུར་པས་ཁྱིམ་དུ་བདེ་བར་
རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དད་པ་མང་གྱུར་ཀྱང་། ཤེས་རབ་རྣམ་པར་ཉམས་ནས་གཉིས་སུ་ལྟུང་བས་མྱུར་དུ་མ་རུང་འགྱུར་རོ། །དད་པ་དེ་ཉིད་ཀྱིས་ཤེས་རབ་ཀྱི་དོན་ནི་ཆོས་རྣམ་པར་འབྱེད་པའི་མཚན་ཉིད་ཡོངས་སུ་ཟིན་གྱུར་ན་ཉན་ཐོས་ལ་སོགས་པའི་ས་གཉིས་
ལས་ཤིན་ཏུ་འདས་ཏེ་བྱང་ཆུབ་མཆོག་ཐོབ་འགྱུར། བུམ་པ་སོ་མ་བཏང་བ་དང་བཏང་བས་མི་ཐོབ་པ་དང་། ཐོབ་པའི་ཆོས་ཀྱི་རྟེན་མ་ཡིན་པ་དང་རྟེན་དུ་གྱུར་པ་བསྟན་པར་འགྱུར་རོ། །རྟེན་གཞན་ཡང་དད་པ་ལ་སོགས་པ་མ་ཡིན་ནམ། ཅིའི་ཕྱིར་དེ་གཉིས་ཁོ་ན་གཙོར་བསྟན་ཅེ་ན། ལན་

འདི་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཤིང་རྙིང་པ་དབྱུང་བ་ལ་སོགས་པའི་བཅོས་ལེགས་མ་བྱས་པའི་གྲུ་རྒྱ་མཚོ་ཆེན་པོར་ནོར་དང་བཅས་པར་འཇིག་པར་འགྱུར་རོ། །ཡང་གྲུ་ལེགས་པར་བཅོས་ལེགས་པར་བྱས་པ་དང་། མཐུན་པའི་རླུང་དང་ལྡན་པར་བྱས་ན་མི་
འཇིག་ནོར་དང་བཅས་པ་ངོགས་སུ་ཕྱིན་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དད་པས་ཡོངས་བཟུང་ཡང་། །ཤེས་རབ་མེད་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བ་ལས་ཉམས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དད་པ་དེ་ཉིད་ཡོངས་བསྒོམས་པས་ཤེས་རབ་ཕ་
རོལ་ཕྱིན་པ་མཆོག་ལྡན་པ་ནི་བཟང་པོ་དང་ལྡན་པའོ། །དེ་ཉམས་ཤིང་གཞན་དུ་ལྟུང་བར་མི་འགྱུར་ཏེ། མ་རྨས་མ་ཉམས་པར་དེ་ཡང་རང་གི་ཐེག་པ་ལ་ཡང་དག་པར་ཞུགས་པའི་ཕྱིར་དེ་བཞིན་ཉིད་རྒྱལ་བ་རྣམས་ཀྱི་བྱང་ཆུབ་མཆོག་ལ་རེག་པར་འགྱུར་ཏེ། གཉིས་པོ་ཁོ་ནས་གྲུབ་པས་མ་
ཚང་བ་མེད་པ་ཡིན་པ་ཤེས་པར་བྱའོ། །ཟག་ལྷན་བྱས་པ་དང་མ་བྱས་པའི་གྲུས་འགྲུབ་པ་དང་མི་འགྲུབ་པ་དང་། ཚང་བ་དང་མ་ཚང་བ་ཤེས་པར་བྱ་བའི་ཕྱིར། དེ་གཉིས་ཁོ་ན་ཡོངས་སུ་གཟུང་བར་བྱའོ་ཞེས་བསྟན་པའི་ཕྱིར། ལོ་བརྒྱ་ཞེས་བྱ་བ་ལ་སོགས་གསུངས་ཏེ། དཔེར་ན་སྐྱེས་
བུ་གང་ཞིག་རྒས་ཤིང་གཉེར་མ་དང་ལྡན་པས་འཁོགས་པ་ཟས་ལ་སོགས་པ་དང་མི་ལྡན་པས་སྡུག་བསྔལ་བ་ལོ་བརྒྱ་དང་ཉི་ཤུ་ལོན་པས་གང་གི་ཡང་ཇི་སྲིད་ན་སྟན་ལས་ལངས་ཀྱང་། དེ་བཞིན་དུ་ཡང་རང་གིས་རྒྱང་གྲགས་ཕྱེད་དམ། རྒྱང་གྲགས་སུ་གྲོགས་མེད་པར་ནུས་པ་མེད་པའི་ཕྱིར་འགྲོ་
བར་ནུས་པ་མ་ཡིན་ཏེ། དེ་ནི་གཡས་གཡོན་གཉིས་ཀྱི་ལག་པ་གཉིས་མི་དག་གིས་བརྟེན་བྱས་པར་གྱུར་ན་དེའི་ཚེ་འགྱེལ་བའི་འཇིགས་པ་མེད་ཅིང་ཇི་སྲིད་དུ་འགྲོ་བར་བྱ་བའི་གནས་སུ་བདེ་བླག་ཏུ་ཕྱིན་པར་འགྱུར། དེ་བཞིན་བྱང་ཆུབ་སེམས་དཔའ་ཤེས་རབ་ལ་འདི་ལྟར་རྨོངས་པས་སྟོབས་ཆུང་
བ་གང་གི་ཚེ་ཡང་དད་པ་ཙམ་གྱིས་ཞུགས་པར་གྱུར་ཀྱང་། འདི་ལྟར་ཡང་ཆོས་ཉིད་ཀྱིས་མ་བཟུང་ཞིང་བྲལ་ན་ཉན་ཐོས་ལ་སོགས་པའི་སར་ལྟུང་བའི་བར་ཐོབ་པས་ཉམས་པར་འགྱུར་ཏེ་འཇིག་པར་འགྱུར་རོ། །དེ་ཉིད་ཐབས་དང་ཤེས་རབ་མཆོག་གིས་ཡོང་ཟིན་ན། །མི་ཉམས་ཏེ་དེ་

བཞིན་གཤེགས་ཀྱི་སྟེ། ཁྱད་པར་གྱི་མཚན་ཉིད་རྟོགས་ནས་མིའི་དྲང་སྲོང་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ལ་རེག་པར་འགྱུར་རོ། །དེས་ན་སྐྱེས་བུ་རྒས་པ་བརྟེན་པ་དང་མ་བརྟེན་པའི་དཔེས་ཤེས་རབ་དང་ཐབས་ལ་མཁས་པས་ཡོངས་སུ་བཟུང་བ་དང་། མ་བཟུང་བ་དག་
ཅི་རིགས་པར་འཁོར་བ་དང་མྱ་ངན་ལས་འདས་པར་ལྟུང་བ་དང་། མི་ལྟུང་བ་དག་བསལ་བར་བྱས་པས་བསྟན་པའི་དོན་རྟོགས་པར་བྱའོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་དཔེའི་ལེའུ་སྟེ་བཅུ་བཞི་པའི་བཤད་པའོ།། །།ཇི་སྐད་བསྟན་པའི་རིམ་པས་ཁྱད་
པར་གྱི་ལམ་ཐོབ་ནས་དམིགས་པའི་རོ་མྱང་བ་མེད་པར་དགེ་བའི་བཤེས་གཉེན་གྱི་སྟོབས་ཀྱིས་བྱ་བ་མ་ཡིན་པ་མི་བྱེད་དོ་ཞེས་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་དང་པོའི་ལས་ཅན་ནི་ཁྱད་པར་གྱི་མཚན་ཉིད་ལ་ཞུགས་
པའི་ཕྱིར་དང་པོའི་ལས་ཏེ་སར་གནས་པ་གང་ཡིན་པའོ། །དགེ་བ་འདོད་པའི་ཕྱིར་ལྷག་པའི་བསམ་པའོ། །སངས་རྒྱས་བྱང་ཆུབ་མཆོག་ཞུགས་པ་བླ་མའི་སྐྱོན་མི་འཛིན་པའི་ཕྱིར་སློབ་མ་བཟང་པོ་དེ་ཆེར་གུས་པས་བླ་མ་ལ་གུས་ལྡན་ནོ། །དགེ་བའི་བཤེས་གཉེན་ལ་དུས་ཐམས་
ཅད་དུ་བསྙེན་བཀུར་ལ་སོགས་པ་བྱས་པ་ཡིན་པར་རིག་པར་བྱའོ། །སེམས་སྲུང་བ་ཤེས་པ་ནི་མཁས་པའོ། །ཅིའི་ཕྱིར་དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱ་ཞེ་ན། ལན་དུ་མཁས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དགེ་བའི་བཤེས་གཉེན་དེ་རྣམས་ལས་
ཁྱད་པར་གྱི་མཚན་ཉིད་ཀྱི་ཡོན་ཏན་འབྱུང་བར་འགྱུར་རོ། །དེས་གདམས་ངག་དང་རྗེས་སུ་བསྟན་པས་སློབ་མ་དམིགས་པའི་རོ་མྱང་བ་མེད་པས་མཁས་པའོ། །དགེ་བའི་བཤེས་གཉེན་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་སྟོན། དེ་བས་ན་སངས་རྒྱས་ཆོས་རྣམས་ནི་
ཁྱད་པར་གྱི་མཚན་ཉིད་ཀྱི་རང་བཞིན་ནོ། །སྒྲིབ་པ་ཐམས་ཅད་སྤང་བའི་ཕྱིར་ཡོན་ཏན་གྱི་མཆོག་དགེ་བའི་བཤེས་གཉེན་ལ་བརྟེན་ཏོ་ཞེས་རྒྱལ་བ་དེ་སྐད་གསུང་ངོ་། །དེ་བས་ན་དེ་བསྙེན་བཀུར་བྱ་བ་ཡིན་པར་དགོངས་སོ། །དེ་དག་གི་གདམས་ངག་དང་རྗེས་སུ་བསྟན་པའི་འདྲ་བ་ཞིག་

ཅེ་ན། སྦྱིན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་པ་ལ་སོགས་པའི་ཆོས་ཐམས་ཅད་བསྡུས་པའི་རང་བཞིན་མི་དམིགས་པ་ལ་ཞུགས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ལས་བྱེད་པ་པོ་དང་བྱ་བ་མི་དམིགས་པས་ཡིན་ཏེ། རང་བཞིན་གཞན་དུ་འགྱུར་བའི་ཕྱིར་ས་དང་པོ་
ལ་སོགས་པ་ལ་དམིགས་པའི་རོ་མྱང་བ་སྤངས་ནས་བྱང་ཆུབ་ཀྱི་རྒྱུར་ཡོངས་སུ་བསྔོ་བར་གྱིས་ཤིག་པའོ། །བྱང་ཆུབ་ཕུང་པོ་ནི་ཟག་པ་མེད་པའི་འབྲས་བུར་གྱུར་པ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པའི་རིགས་པས་རྣམ་པར་གཞག་པ་དཔྱད་ནས་ཕྱིས་རྣམ་པར་དཔྱད་པས་ངེས་པ་ན་འཛིན་པར་མ་
བྱེད་ཅེ་ན། དང་པོའི་ལས་ཅན་དེ་དག་ལ་རིག་པས་ངེས་པར་སྒྱུ་མ་ལྟ་བུར་རྟོགས་པའི་ཕྱིར་དང་པོ་རབ་ཏུ་སྦྱོར་བ་བསྟན་པ་དེ་སྐད་བསྟན་པར་བྱ་བ་ཉིད་དོ། །གཞན་དུ་ན་དད་པ་ཙམ་ཡང་མེད་པར་འགྱུར་རོ། །རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཤེས་པ་ཁྱད་པར་གྱི་མཚན་ཉིད་བསྟན་
ནས། མཇུག་ཐོགས་སུ་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་སྦྱོར་བ་རྣམས་ཀྱི་ཕན་པ་ལ་སོགས་པ་བྱེད་པའི་མཚན་ཉིད་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཤེས་པའི་མཚན་ཉིད་ཡོངས་སུ་ཤེས་ནས་སྦྱོར་བ་རྣམས་བསྒོམས་པའི་སྟོབས་ཀྱིས་
བྱང་ཆུབ་སེམས་དཔའི་སྤྱོད་པའི་ཆོས་བསྟན་པས་མ་འོངས་པའི་བདེན་པ་ཐོབ་པ་ནི་ཡོན་ཏན་ནོ། །ཡོན་ཏན་གྱི་ཚོགས་རྟོགས་པར་དཀའ་བའི་ཕྱིར་རྒྱ་མཚོའོ། །ད་ལྟར་བྱུང་བའི་བདེ་བ་ཐོབ་པས་དགའ་བའི་ཕྱིར་སྨྲ་བའི་ཟླ་བའོ། །ཡང་དག་པར་སྨིན་པར་མི་འགྱུར་བའི་ཆོས་ཉིད་ལ་
འཇོག་པར་བྱེད་པའི་ཕྱིར་དོན་བྱེད་པས་ན་སེམས་ཅན་གྱི་འཇིག་རྟེན་གྱི་སྐྱབས་སོ། །དེ་བཞིན་དུ་ཤིན་ཏུ་ཕན་པ་ཀུན་ནས་འབྱུང་བའི་རྟེན་ཡིན་པའི་ཕྱིར་དཔུང་གཉེན་ནོ། །སྡུག་བསྔལ་གྱི་རྒྱུ་སེལ་བའི་དོན་གྱི་རྟེན་དུ་འཇུག་པའི་ཕྱིར་གནས་སོ། །འཁོར་བ་དང་མྱ་ངན་ལས་འདས་པ་
མཉམ་པར་རྟོགས་པར་ཁྱད་པར་དུ་འགྲོ་བས་སངས་རྒྱས་ཀྱི་རྒྱུ་ཡིན་པའི་ཕྱིར་རྟེན་དང་བློའོ། །ཆུ་སྤངས་ནས་དམ་པའི་ཆོས་ཀྱི་སྐམ་ས་མཐའ་གཉིས་སྤངས་པ་བདག་དང་གཞན་གྱི་དོན་ཐོབ་པའི་རྟེན་དུ་གྱུར་པ་སྟེར་བས་གླིང་ངོ་། །སྣ་འདྲེན་པར་གྱུར་པས་གཞན་གྱི་དོན་རབ་ཏུ་

བསྐྱེད་པའི་ཕྱིར་ཡོངས་སུ་འདྲེན་པའོ། །སེམས་ཅན་གྱི་དོན་ལ་མཚན་མ་མེད་པར་ལྷུན་གྱིས་གྲུབ་པར་འཇུག་པ་ཉེ་བར་སྡུད་པའི་ཕྱིར་དོན་འདོད་པའོ། །ཐེག་པ་ཐམས་ཅད་ཀྱི་ངེས་པར་འབྱུང་བ་ཡང་མངོན་སུམ་དུ་མི་བྱེད་ཅིང་བྱང་ཆུབ་ཀྱི་ལམ་གསལ་བར་
བྱེད་པས་ན་གསལ་བྱེད་སྒྲོན་མའོ། །ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གཏམ་གྱི་གཞི་དང་སྒོ་ཡིན་པའི་ཕྱིར་ཆོས་མཆོག་སྨྲ་བའོ། །དེ་ཉིད་ཀྱི་ཕྱིར་བདུད་དང་མུ་སྟེགས་ལ་སོགས་པས་འཁྲུགས་པར་མི་ནུས་པས་ན་མི་འཁྲུགས་པའོ། །བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་
པ་ནི་བྱ་བ་ཡིན་པས་གང་གིས་དེ་ལྟ་བུའི་རང་བཞིན་ཡོངས་སུ་ཤེས་པས་ཅི་འདྲ་བའི་བདག་ཉིད་སྒྲུབ་པར་བྱེད་པའི་རང་བཞིན་བསྟན་པ་སྔོན་དུ་འགྲོ་བ་རང་གི་མཚན་ཉིད་བསྟན་པའི་ཕྱིར། གྲགས་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་ཆེ་བ་ཐོབ་པའི་ཕྱིར་གྲགས་ཆེན་ལྡན་པ་ནི་བྱང་
ཆུབ་སེམས་དཔའོ། །སྡུག་བསྔལ་དང་དུ་ལེན་པའི་ཕྱིར་བྱ་དགའ་བ་ལ་རབ་ཏུ་སྦྱོར་བའི་རང་བཞིན་ཅན་ནོ། །འབད་པས་བསྒྲུབས་པའི་ཕྱིར་གོ་ཆའོ། །གང་བསྒོམ་པར་བརྩོན་པ་ནི་གོ་ཆ་གྱོན་བྱེད་དོ། །མི་མཐུན་པའི་ཕྱོགས་དམིགས་པ་མེད་པས་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་
གཉིས་དང་། ཁམས་བཅོ་བརྒྱད་རྣམས་ཀྱི་གོ་ཆ་ཡིན་ཏེ། གཉེན་པོར་མངོན་པར་ཞེན་པ་དང་བྲལ་བས་ཉན་ཐོས་ལ་སོགས་པ་ཐེག་པ་གསུམ་འདུ་ཤེས་བྲལ་ལོ། །ཡང་དེ་ལྟ་བས་ན་དོར་བར་བྱ་བ་དང་བླང་བར་བྱ་བའི་ཆོས་ཡོངས་སུ་འཛིན་པ་དང་བྲལ་བའི་ཕྱིར་ཡོངས་སུ་གཟུང་བ་མེད་དོ། །
རང་གི་དོན་ཕུན་སུམ་ཆགས་་པ་ལས་ལྡོག་པ་མེད་པའི་ཕྱིར་མི་ལྡོག་པའོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་ལས་མི་གཡོ་བའི་ཕྱིར་གཡོ་བ་མེད་ཅིང་ངོ་། །གཉི་གའི་དོན་ཕུན་སུམ་ཚོགས་པ་ཇི་ལྟ་བ་བྱེད་པ་དང་མི་འབྲལ་བའི་ཕྱིར་མི་འཁྲུགས་ཆོས་ཅན་ནོ། །རང་བཞིན་ཇི་ལྟ་བུ་ལ་སྦྱོར་ཞེ་
ན། དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་འདི་འདྲ་ནི་སྟོན་པར་འགྱུར་བའོ། །སྦྱོར་བ་བསྒོམས་པའི་སྟོབས་ཀྱིས་ཉོན་མོངས་པ་ལ་སོགས་པ་སྤངས་པའི་རང་གི་མཚན་ཉིད་ནི་ཆོས་ཉིད་ལྡན་ནོ། །རྣམ་པར་མི་རྟོགས་པའི་ཡེ་ཤེས་ཐོབ་པས་ན་སྤྲོས་པ་མེད་པའོ། །ཐེ་ཚོམ་དང་།

བརྫུན་དང་། ཕྱིན་ཅི་ལོག་སྤངས་པས་ཐེ་ཚོམ་ཡིད་གཉིས་བྲལ་ལོ། །ཡང་དག་པའི་ཤེས་པ་ལྡན་པའི་ཕྱིར་དོན་ལྡན་ནོ། །ཤེས་རབ་ཕ་རོལ་ཕྱིན་པ་ཐོས་ནས་ཏེ། རྟོགས་པ་ཐོབ་པ་ནས་མི་ནུར་བའོ། །དེ་ཉིད་ཀྱི་ཕྱིར་གཞན་གྱི་དྲིང་མི་འཇོག་ཅིང་རང་གི་ས་ལས་ལྡོག་པ་མེད་པས་ནི་
ཕྱིར་མི་ལྡོག་པར་རིག་པར་བྱའོ། །དེ་ལྟ་བུར་གྱུར་པ་ནི་བདེ་བར་གཤེགས་པའི་གནས་པར་གྱུར་པ་སྤངས་ནས་རྣམ་པ་ཐམས་ཅད་ཀྱི་རང་བཞིན་ཅུང་ཟད་ཀྱང་མངོན་སུམ་དུ་མི་བྱེད་དོ་ཞེས་བསྟན་པའི་ཕྱིར། འདྲེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་འདི་དག་གི་རང་བཞིན་སྒྱུ་
མ་ལྟ་བུ་ཡིན་པའི་ཕྱིར་ཟབ་སྟེ་རྟོགས་པར་དཀའ་བ་ཉིད་ཀྱིས་མཐོང་བར་དཀའ་བ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བར་འབྲེལ་ཏོ། །གཞན་སུས་ཀྱང་སྟེ་ཉན་ཐོས་ལ་སོགས་པས་རྣམ་པ་ཐམས་ཅད་རྟོགས་པ་མེད་པས་ཅུང་ཟད་ཐོབ་པ་ཡང་མེད་ཅིང་། འཐོབ་པར་འགྱུར་བ་ཡང་མེད་པའི་ཕྱིར་
རོ། །དེའི་ཕྱིར་འདི་ལྟར་སེམས་ཅན་གྱི་དོན་གཙོར་མཛད་པས་དེ་བཞིན་གཤེགས་པ་ཉིད་ཞར་ལ་བརྙེས་པས་ན་བྱང་ཆུབ་བརྙེས་ཀྱང་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པས་ན་ཕན་མཛད་བརྩེར་ལྡན་ཏེ་བཅོམ་ལྡན་འདས་སོ། །སྦྱོར་བའི་ངོ་བོ་རང་གི་མཚན་ཉིད་ལས་མ་གཏོགས་པའི་གྲོལ་
བ་མི་རིགས་པའི་ཕྱིར་རོ། །སེམས་ཅན་གྱི་ཚོགས་སུས་ཀྱང་རང་གི་མཚན་ཉིད་ཀྱིས་ཆོས་བསྟན་པ་འདི་མི་ཤེས་ཏེ། འོན་ཀྱང་འདི་དག་ནི་དམིགས་པ་ལ་མངོན་པར་ཞེན་པའི་ཕྱིར་རོ་སྙམ་དུ་སེམས་ཅན་གྱི་དོན་ལ་ཉེ་བར་སྦྱོར་བ་ལ་ཐུགས་ཁྲལ་ཆུང་བར་མཛད་དེ། དེ་བས་ན་ཆོས་བསྟན་པའི་
ཐུགས་མ་འཁྲུངས་པ་དེ་ལྟ་བུ་ཡང་ཚངས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་ཡིན་ནོ། །དེ་ལྟ་མོད་ཀྱི་སེམས་ཅན་གྱི་ཆོས་ཇི་ལྟ་བུ་དང་ལྡན་ཞེ་ན། སེམས་ཅན་རྣམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ཡང་སེམས་ཅན་རྣམས་འདོད་ཆགས་ལ་སོགས་པའི་
གཞི་ལ་མངོན་པར་ཞེན་པ་སྟེ་ཉེས་པར་མི་ལྟ་བས་ན་དགའ་ཞིང་ངོ་། །ཡུལ་རྣམས་འདོད་པ་ནི་དེ་ལ་ཡོན་ཏན་དུ་ལྟ་བའི་ཕྱིར་ཡིད་ལ་བྱེད་པ་མི་སྤོང་བས་འཛིན་པ་ལ་གནས་པའོ། །མི་ཤེས་པ་དང་ལྡན་པས་ན་མི་མཁས་པའོ། །ཐེ་ཚོམ་གྱི་ཤེས་པ་ཡོད་པས་ན་བླུན་རྨོངས་པའོ། །ལོག་

པའི་ཤེས་པ་དང་ལྡན་པའི་ཕྱིར་མུན་པ་བཞིན་ནོ། །འདི་ལྟར་ཡང་ངོ་བོ་ཉིད་ཀྱི་ཆོས་རྟོགས་པ་ནི་འདོད་ཆགས་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་གནས་མེད་ཅིང་། ཤེས་བྱའི་སྒྲིབ་པ་རྩ་བ་ནས་མེད་པའི་ཕྱིར་འཛིན་མེད་དེ། དེ་ཐོབ་པར་བྱ་བའི་ཕྱིར་སངས་རྒྱས་ལ་
སོགས་པ་དང་། འཇིག་རྟེན་པ་དག་ཅིག་འདི་ལས་བཟློག་པ་མཚན་ཉིད་མི་མཐུན་པ་ཚད་མས་གནོད་པ་མེད་པའི་ཕུང་པོ་ལྔ་པོ་བདག་མེད་པ་ཅིག་ཅར་བསྟན་ན་རྩོད་པ་འབྱུང་བས། རྒྱལ་པོའི་བཙུན་མོ་ཡིད་དུ་འོང་བ་ཤི་བ་བརྡ་སྤྲོད་པའི་ཚུལ་གྱིས་སོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་
ཚིགས་སུ་བཅད་པ་ལས་ལྷའི་ལེའུ་སྟེ་བཅྭ་ལྔ་པའི་བཤད་པའོ།། །།འདི་ལྟར་གང་གི་ཚེ་སེམས་ཅན་ཐ་དད་པར་ཤེས་པས་ཐ་དད་པར་རྟོགས་པའི་ཕྱིར་སྤྱོད་པའི་རང་བཞིན་བྱེ་བྲག་ཏུ་འགྱུར་ཞེ་ན། ནམ་མཁའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ནམ་མཁའི་ཁམས་ནི་
ཤར་གྱི་ཕྱོགས་དང་། དེ་བཞིན་དུ་ལྷོའི་ཕྱོགས་དང་། ནུབ་ཀྱི་ཕྱོགས་དང་། བྱང་གི་ཕྱོགས་དང་། སྟེང་དང་འོག་དང་མཚམས་བཞི་དང་བཅུའི་རང་བཞིན་དང་། མཐར་ཐུག་པའི་མཐར་བྱེད་པས་ན་མཐའ་ཡས་པའོ། །དེ་བཞིན་དུ་ཕྱོགས་བཅུ་རྣམས་ན་ཡང་ནམ་མཁའ་
ཡོད་པ་དེའི་སྤྱིའི་མཚན་ཉིད་དང་བྲལ་བའི་ཕྱིར་ཐ་དད་པར་གྱུར་པ་མེད་ཅིང་ངོ་། །རང་གི་མཚན་ཉིད་དང་བྲལ་བ་ས་ཡང་བྱེ་བྲག་ཏུ་གྱུར་པ་མེད་དོ། །འཇིག་རྟེན་པ་ལ་གྲགས་པའི་དཔེས་བསྟན་ནས། འཇིག་རྟེན་ལས་འདས་པའི་དཔེས་ཤེས་པར་བྱ་བའི་ཕྱིར། འདས་
པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདས་པ་དང་། འདས་པའི་དངོས་པོའི་དེ་བཞིན་ཉིད་གང་ཡིན་པ་དང་། མ་འོངས་པ་སྟེ། མ་ཐོབ་པའི་དེ་བཞིན་ཉིད་གང་ཡིན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དང་། དགྲ་བཅོམ་པ་སྟེ། ཟག་པ་ཟད་པའི་དེ་བཞིན་
ཉིད་གང་ཡིན་པ་དང་། དེ་དག་ལས་བཟློག་པའི་ཆོས་ཀུན་གྱི་དེ་བཞིན་ཉིད་གང་ཡིན་པ་དང་། གང་ཡང་རྒྱལ་བའི་དེ་བཞིན་ཉིད་གང་ཡིན་པ་དང་། བསྟན་མ་ཐག་པའི་ཆོས་ཐམས་ཅད་ཀྱི་བདག་ཉིད་རྣམ་པར་གྲོལ་བ་ཐ་དད་པ་མེད་དེ། བྱེ་བྲག་ཏུ་གྲུབ་པའི་ཚད་མ་དང་མ་བྲལ་བའི་ཕྱིར་

བྱེ་བྲག་ཏུ་མི་འགྲུབ་བོ། །དེ་བཞིན་དུ་སྦྱོར་བའི་རང་བཞིན་མངོན་སུམ་དུ་བྱས་པ་མང་ཡང་གཅིག་ཁོ་ན་ཡིན་པར་དགོངས་སོ། །ཇི་སྐད་བསྟན་པའི་མཚན་ཉིད་ཡོངས་སུ་ཤེས་པ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དང་ལྡན་པས་ཐར་པའི་ཆ་དང་མཐུན་པའི་རྩ་བ་བསྟན་
པར་བཞེད་ནས། བདེ་གཤེགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་རང་གི་མཚན་ཉིད་ཡོངས་སུ་ཤེས་པ་ལས་མངོན་སུམ་དུ་ཐོབ་པར་འདོད་པ་ཐམས་ཅད་མི་དམིགས་པ་འདི་ནི་བདེ་གཤེགས་བྱང་ཆུབ་ཐ་དད་ཆོས་དང་བྲལ་བས་གྱུར་པ་
དེས་མཚན་མ་མེད་པའི་ཡེ་ཤེས་དམིགས་པ་མེད་པའི་རྣམ་པ་ཅན་གྱི་སྦྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་བྱ་བའི་ཕྱིར་དད་པ་རབ་ལ་སོགས་པའི་ཆོས་དང་ལྡན་པ་ནི་ཐབས་དང་ལྡན་པའོ། །དངོས་པོ་མ་ལུས་པའི་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པ་ནི་ཤེས་
རབ་ཕ་རོལ་ཕྱིན་ལ་སྦྱོར་རོ། །གང་གི་ཕྱིར་ཤེས་རབ་མེད་པ་ནི་ཉེ་བར་མཚོན་པ་སྟེ། དད་པ་རབ་ལ་སོགས་པ་མེད་པ་ན་ཡང་མིའི་འདྲེན་པ་ཐོབ་པར་འགྱུར་བ་མ་ཡིན་ནོ། །སངས་རྒྱས་ཐོབ་པར་བྱེད་པ་གཞན་ཡང་ཡོད་པ་མ་ཡིན་ནམ། ཅིའི་ཕྱིར་ཐབས་དང་ཤེས་རབ་ཁོ་ན་
བསྟན་ཅེ་ན། ལན་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། བྱ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་བྱ་ཞིག་དཔག་ཚད་བརྒྱ་ལ་སོགས་པའི་ལུས་ཆེ་བ་ནི་དཔག་ཚད་བརྒྱ་རྩ་ལྔ་བཅུ་ཐོབ་པར་གྱུར་པའོ། །འདབ་གཤོག་མ་སྐྱེས་ཤིང་ཉམ་ཆུང་བ་ནི་འདབ་གཤོག་
ཟད་དེ་ཉམས་རྩལ་ཡོད་མིན་ནའོ། །དེ་ཡིས་སུམ་ཅུ་རྩ་གསུམ་པའི་གནས་ལ་སོགས་པ་ནས་འཛམ་བུའི་གླིང་འདིར་གནས་པར་བྱའོ་སྙམ་ནས། གང་གི་ཚེ་བདག་ཉིད་མཆོངས་ནས་ལྷུང་བ་དེའི་ཚེ་དེའི་འདབ་གཤོག་མ་ཚང་བས་ཉམས་ཉེས་འགྱུར་བ་ཡིན། དེ་བཞིན་དུ་གང་གི་
ཚེ་ཡང་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་རྒྱལ་བ་རྣམས་ཀྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོ་ཡོངས་སུ་རྫོགས་པར་བསྒྲུབ་པར་བྱས་ཤིང་སྨོན་ལམ་རྣམ་པ་དུ་མའི་ཕྱིར་མཐའ་ཡས་པའོ། །ཤིན་ཏུ་རྒྱ་ཆེ་བའི་ཆོས་ལ་དམིགས་པའི་ཕྱིར་རྒྱ་ཆེན་ནོ། །གོམས་པར་བྱས་

པས་ན་རྟག་རྟེན་ནོ། །དེ་བཞིན་དུ་སྔར་ཡང་བསྟན་པའི་ཐབས་དང་བྲལ་བས་ན་ཐབས་མེད་དོ། །ཇི་སྐད་བསྟན་པའི་ཤེས་རབ་སྤངས་པས་ཤེས་རབ་བྲལ་ལོ། །གཤོག་པ་གཉིས་པོ་དེ་མ་ཚང་བས་ཉན་ཐོས་ཉིད་དུ་ལྟུང་ངོ་། །དེ་བས་ན་བླ་ན་མེད་པའི་ས་
ལས་ཉམས་པར་འགྱུར་རོ། །དེའི་ཕྱིར་ཤེས་རབ་དང་ཐབས་གཉིས་ཁོ་ན་གཙོ་བོ་ཡིན་པར་གསལ་བར་མཛད་དོ། །ཐར་པའི་ཆ་དང་མཐུན་པ་ཐོབ་ནས་བརྩོན་པ་གང་ཡིན་པ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེ་བ་ངེས་པར་འབྱེད་པའི་ཡན་ལག་བསྟན་པ་བཞེད་ནས། སངས་
རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲོ་བ་ལ་སོགས་པ་ནི་ངེས་པར་འབྱུང་ངོ་། །ཡང་བྱང་ཆུབ་སེམས་དཔའ་གང་ཞིག་ཡང་དག་པར་སངས་རྒྱས་ཀྱི་ཡེ་ཤེས་འདོད་པ་དེས་ཐོག་མར་དྲོ་བ་བསྐྱེད་པའི་ཕྱིར་རྗེས་སུ་ཆགས་པས་ཞེན་པ་མེད་པར་སེམས་སྙོམས་པའོ། །འདིར་འགྲོ་
བ་ཐམས་ཅད་ལ་དམིགས་པའི་རང་བཞིན་ཡིན་པས་ཕ་རོལ་གནོན་པའོ། །ཕར་འདུ་ཤེས་པའི་ཕྱིར་ཕར་འདུ་ཤེས་པའོ། །མར་འདུ་ཤེས་པའི་ཕྱིར་མར་འདུ་ཤེས་པའོ། །མ་འོངས་པའི་དོན་ཤེས་པའི་ཕྱིར་ཕན་པའི་སེམས་སོ། །ད་ལྟར་བྱུང་བའི་དོན་ལ་ཡིད་མངོན་
དུ་ཕྱོགས་པའི་ཕྱིར་བྱམས་པའི་སེམས་ཀྱི་ཕ་རོལ་གནོན་པའོ། །ཞེ་སྡང་དང་འཚེ་བ་མེད་པས་ཐ་བ་མ་ལུས་པར་བྱེད་པའོ། །སྤུན་དང་སྲིང་མོ་ལ་སོགས་པར་འདུ་ཤེས་པའི་ཕྱིར་དྲང་བས་ཕ་རོལ་གནོན་པའོ་ཞེས་སྔ་མ་དང་འབྲེལ་ཏོ། །རྩེ་མོ་ལ་སོགས་པ་ཐོབ་པར་བྱ་བའི་ཕྱིར་
བདག་ཉིད་སྒྲུབ་ཅིང་གཞན་དག་ཀྱང་དགེ་བ་ལ་སྦྱོར་ཞིང་རྟག་ཏུ་འཇམ་པོས་འབོད་པས་འཇམ་པོར་སྨྲ་བའོ། །འདིར་ཁྱད་པར་གྱི་རང་བཞིན་མ་ཡིན་ནམ། ངེས་པར་འབྱེད་པའི་ཆ་ལ་སོགས་པ་བསྟན་པར་ཇི་ལྟར་རིགས་ཤེ་ན། ས་བརྒྱད་པ་ལ་མཚན་མ་མེད་པར་ལྷུན་གྱིས་གྲུབ་པ་ཐོབ་
པས་རེ་ཞིག་གི་དུས་སུ་སེམས་ཅན་གྱི་དོན་རྒྱུན་ཆད་པ་སྤངས་པའི་ཕྱིར་གང་སེམས་མཉམ་པ་ལ་སོགས་པའི་རྣམ་པ་སྒྱུ་མ་ལྟ་བུ་དེས་སེམས་ཅན་ལ་དམིགས་པ་ལ་སོགས་པ་ཁྱད་པར་གྱི་ལམ་ཉིད་རྟུལ་པོ་ལ་སོགས་པའི་རིམ་གྱིས་སྐྱེ་བ་ཡིན་གྱི་ཅིག་ཅར་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ངེས་

པར་འབྱེད་པའི་ཆ་ལ་སོགས་པར་བཏགས་ནས་འདིར་བསྟན་པ་ཡིན་པར་གཟུང་བར་བྱའོ། །ཕྱི་མ་རྣམས་ལ་ཡང་ཇི་ལྟར་སྲིད་པ་བཞིན་རིགས་པར་བྱའོ་ཞེས་བྱ་བར་དགོངས་སོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་དེ་བཞིན་ཉིད་ཀྱི་ལེའུ་སྟེ་བཅུ་དྲུག་པའི་བཤད་
པའོ།། །།ཕྱིར་མི་ལྡོག་པ་བྱང་ཆུབ་སེམས་དཔའི་དགེ་འདུན་ཇི་སྐད་བསྟན་པའི་ངེས་པར་འབྱེད་པའི་ཆ་ལ་སོགས་པ་དང་། མཐོང་བའི་ལམ་ལ་སོགས་པ་ལ་གནས་པ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཡིན་པར་བསྟན་ཏོ། །དེ་ཡང་སྦྱོར་བའི་ལམ་
ནི་ངེས་པར་འབྱེད་པའི་ཆ་ལ་གནས་པའོ། །དེ་བཞིན་དུ་མཐོང་བའི་ལམ་ལ་གནས་པ་དེ་ནི་ཆོས་ཤེས་པའི་བཟོད་པ་ལ་སོགས་པའོ། །རྒྱུན་གཞན་ནི་བསྒོམ་པའི་ལམ་ལ་གནས་པ་ཡིན་ནོ་ཞེས་གནས་སྐབས་དུ་མར་རྣམ་པར་གཞག་གོ། །དེ་ལ་ཕྱིར་མི་ལྡོག་པའི་སྤྱིའི་མཚན་ཉིད་ཞུས་པ་
ནི་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་མགོན་ལ་གནས་བརྟན་རབ་འབྱོར་ཡོངས་ཞུས་པ། །ཅི་བདག་དང་གཞན་གྱི་ཐེ་ཚོམ་བསལ་ནས་མ་འཁྲུལ་པར་གྲུབ་པའི་རྒྱུ་མཚན་ཉོན་མོངས་པ་མེད་པའི་རྟགས་ཏེ་ལུས་ཀྱི་རྟགས་སོ། །དེ་ནི་འདིར་ཉེ་བར་མཚོན་པ་ཡིན་
ཏེ། རྣམ་པ་ནི་གཉེན་པོ་ཡིན་པར་གཟུང་ངོ་། །མཚན་མ་ནི་དགོས་པ་གནས་པའོ། །ཡོན་ཏན་དཔག་ཏུ་མེད་པའི་རང་བཞིན་གྱི་སྐུ་མངའ་བའི་ཕྱིར་ཡོན་ཏན་ཕྱོགས་ཙམ་མོ། །དུས་གཅིག་ལ་བཅོམ་ལྡན་འདས་ཁྱོད་ཀྱིས་བསྟན་དུ་གསོལ། བདག་དང་གཞན་གྱི་དོན་ཕུན་སུམ་
ཚོགས་པ་ལ་སྦྱོར་བའི་ཕྱིར་མཐུ་ཆེ་བ་དག་གོ། །བྱང་ཆུབ་སེམས་དཔའ་རྟགས་ལ་སོགས་པ་དང་ཇི་ལྟར་ལྡན་པར་འགྱུར་ཞེས་སོ། །རྒྱལ་བའི་སྲས་རྣམས་བླ་ན་མེད་པའི་བྱང་ཆུབ་ལས་ལྡོག་པ་མེད་པར་འགྱུར་བ་ནི་སླར་ལྡོག་པར་མི་འགྱུར་རོ། །དེ་ལྟར་ན་རྟགས་ལ་སོགས་པའོ། །གཉེན་
པོའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་རྣམས་ལས་ལོག་པ་ནི་ཡོན་ཏན་ཕྱོགས་ཙམ་མོ། །གསལ་བར་རྟོགས་པའི་ཆེད་དུ་ཀྱེ་བཅོམ་ལྡན་འདས་ཀྱིས་ལུང་བསྟན་དུ་གསོལ་ཞེས་པའོ། །དེ་ལ་རེ་ཞིག་ངེས་པར་འབྱེད་པའི་ཆ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་

ཉིད་བསྟན་པར་བཞེད་ནས་ཐ་དད་འདུ་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པར་འཛིན་པ་ལས་ལོག་པའི་ཕྱིར་སྣ་ཚོགས་སུ་འདུ་ཤེས་བྲལ་ལོ། །སྒྱུ་མ་ལྟ་བུར་དོན་གསལ་བའི་ཕྱིར་དོན་དང་ལྡན་པའི་ངག་བྱུང་བས་ཐེ་ཚོམ་སེལ་བས་ན། ཅི་རིགས་
པར་ལྡན་ཚིག་སྨྲའོ། །བྱང་ཆུབ་སེམས་དཔའ་དེ་དགེ་སྦྱོང་སྐྱེ་བོ་ལ་སོགས་པ་དགེ་སྦྱོང་དང་བྲམ་ཟེ་ལ་སྐྱབས་སུ་འགྲོ་བ་དང་། ཉན་ཐོས་ལ་སོགས་པ་ལ་རྟེན་པར་མི་བྱེད་དོ། །ལོག་པར་ལྟ་བ་ལ་སོགས་པ་སྤངས་ཏེ་དོར་བར་བྱ་བ་དང་། བླང་བར་བྱ་བའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་
པས་ན་མཁས་པའོ། །ངན་སོང་གསུམ་ནི་ཉེ་བར་མཚོན་པ་སྟེ། མི་ཁོམ་པ་བརྒྱད་སྤངས་ཏེའོ། །རྟག་ཏུ་ནི་འཇིག་རྟེན་འདིར་རོ། །དེ་དག་བདག་དང་གཞན་གཉི་ག་གཅིག་ཏུ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་བཅུ་པོ་རྣམས་ལ་འགོད་ཅིང་རྒྱལ་བའི་སྲས་དགེ་བ་བཅུའི་ལས་
ཀྱི་ལམ་དང་ལྡན་པས་བཅོམ་པའོ། །སེམས་ཅན་ཐམས་ཅད་ཀྱི་ཡུལ་ལ་སྦྱིན་པ་ལ་སོགས་པ་ཡོངས་སུ་བསྔོ་ཞིང་འབྲས་བུ་ལ་སོགས་པ་ལ་ལྟོས་པ་མེད་པའི་སེམས་ཀྱིས་ཏེ། ཟང་ཟིང་མེད་པར་འགྲོ་བ་ལ་ཆོས་ཀྱི་སྦྱིན་པ་རྗེས་སུ་སྟོན་ཏོ། །ཡང་ཆོས་ཟབ་མོ་ལ་ཐེ་ཚོམ་མེད་པར་
གཅིག་ཏུ་སྒྱུ་མ་ལྟ་བུའི་ཆོས་ངེས་པས་ན་དགའ་ཞིང་ངོ་། །བྱམས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་དང་ལྡན་པས་སྙན་པར་སྨྲ་བས་ཚིག་འཇམ་ལྡན་ནོ། །འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན་ཏེ། རབ་ནི་ཡང་དག་པ་སྟེ། དེ་ནི་གསལ་བའི་རབ་ཀྱི་མཐར་ཐུག་
པར་འགྲོ་བས་ཤེས་པའོ། །ཤེས་བཞིན་གྱི་སྲོག་ཆགས་ལ་སོགས་པ་མཐོང་ནས་གསལ་བའི་ཕྱིར། གཉའ་ཤིང་གང་ཙམ་ལྟ་ཞིང་འགྲོ་བའོ། །སྤྱོད་ལམ་ཐ་དད་པའི་གཡེང་བ་མེད་པའི་ཕྱིར་སེམས་འཁྲུལ་མེད་དོ། །མི་དགེ་བ་བཅུའི་ལས་སྤངས་པས་ན་གཙང་བྱས་སོ། །སྣ་
ཚོགས་པའི་གོས་བཟང་པོ་འབྱོར་པས་ན་གཙང་མའི་གོས་འཆང་ངོ་། །མཚན་ལ་སོགས་པས་བརྒྱན་པའི་ལུས་དང་ངག་དང་ཡིད་རྣམ་པར་དག་པ་ཐོབ་པས་ན་གསུམ་པོ་དབེན་ཞིང་དག་པའོ། །སེར་སྣ་ལ་སོགས་པའི་སེམས་མི་བསྐྱེད་པས་ན་རྙེད་འདོད་མ་ཡིན་པའོ། །ཐམས་ཅད་དུ་

ཆོས་ཉིད་དང་འགལ་བའི་སྦྱོར་བ་མི་བྱེད་པས་ན་ཁྱུ་མཆོག་གོ། །འགྲོ་བ་ལ་རྗེས་སུ་བརྩེ་བའི་ཕྱིར་དམྱལ་བ་ལ་སོགས་པར་སྐྱེ་བར་འདོད་པས་ན་རྟག་ཏུ་ཆོས་འདོད་པའོ། །རྟོགས་པས་ཆོས་ཉིད་ལ་ཡིད་ཆེས་པའི་ཕྱིར་བདུད་ཀྱི་ཡུལ་ལས་འདས་པའོ། །བདུད་བཅོམ་པའི་གཟུགས་
ངེས་པར་ཤེས་པས་ན་གཞན་གྱི་དྲིང་མི་འཇོག་པ་དང་། སངས་རྒྱས་ཀྱི་སྣང་བའི་བསམ་གཏན་བཞི་ལ་བསམ་གཏན་དེ་ལ་མི་གནས་སོ། །ངེས་པར་འབྱེད་པའི་ཆ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་ཀྱི་རྗེས་ལ་ཆོས་ཉིད་གོམས་པར་བྱས་པས་མཐོང་བའི་ལམ་ལ་གནས་
པའི་ཕྱིར་མི་ལྡོག་པའི་མཚན་ཉིད་དེ་རྟོགས་པ་ཡང་ལུས་དང་ངག་དང་ཡིད་ཀྱི་བྱ་བར་བརྗོད་པ་ལས་ཡིན་པར་བསྟན་པར་བཞེད་ནས། གྲགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པའི་འདུ་ཤེས་ལས་ལོག་པས་ན་གྲགས་པ་འདོད་པ་མ་ཡིན་ནོ། །ཐེག་པ་
ཆེན་པོ་ལ་ཞུགས་པ་ཉིད་ཀྱིས་ཉེས་པ་ཐམས་ཅད་མེད་པའི་ཕྱིར་ཁྲོ་བས་སེམས་དཀྲུགས་མེད་དོ། །བདག་མེད་པ་རྟོགས་པ་དང་སེམས་ཅན་གྱི་དོན་ལ་ཐབས་ལ་མཁས་པའི་སྟོབས་ཀྱིས་ཁྱིམ་པར་གྱུར་ན་ཡང་མངོན་པར་ཞེན་པ་མེད་པར་ལོངས་སྤྱོད་པར་བྱེད་དེ། དུས་ཐམས་ཅད་དུ་
ཡུལ་གྱི་ཉེས་པ་མཐོང་བས་ཚངས་པར་སྤྱོད་པ་ཡིན་པའི་ཕྱིར་ཞེན་པ་མེད་པས་དངོས་པོ་ཀུན་མ་ཆགས་སོ། །སྐྱེས་བུ་དམ་པའི་ཆོས་ཉིད་ཀྱིས་འཚོ་བའི་ཕྱིར་ཡང་བས་ཉོ་ཚོང་ལ་སོགས་པ་ལོངས་སྤྱོད་འཚོ་བར་མི་བྱེད་དོ། །དེ་བཞིན་དུ་སེམས་ཅན་ལ་གནོད་པའི་དོན་དུ་ཙ་མུནྚི་ལ་སོགས་
པའི་མངོན་སྤྱོད་ཀྱི་སྔགས་དང་སྨན་པའི་ཕྱིར་འདོད་པའི་ལྷ་ལ་སོགས་པའི་སྔགས་བུད་མེད་སྐྱེས་བུས་དབང་དུ་སྡུད་པའི་སྦྱོར་སྔགས་ཚོལ་མི་བྱེད་ཅེས་བྱ་བར་སྦྱར་རོ། །འདོད་པའི་ལས་ཅན་དེ་བྱས་པར་གྱུར་པས་སྐྱེས་པའམ་བུད་མེད་དུ་ངེས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལུང་སྟོན་པར་མི་
བྱེད་དོ། །བདེན་པ་གཉིས་ལ་བརྟེན་པའི་ཕྱིར་རབ་ཏུ་དབེན་པའི་ཤེས་རབ་ཕ་རོལ་ཕྱིན་མཆོག་བརྩོན། ལུས་དང་ངག་གི་ཁྲོ་བ་དང་བྲལ་བའི་ཕྱིར་འཐབ་དང་རྩོད་དང་བྲལ་ལོ། །སེམས་ཅན་ཐམས་ཅད་ལ་བདེ་བ་ཕུལ་དུ་བྱུང་བ་བསྐྱེད་པའི་སེམས་དང་ལྡན་པའི་ཕྱིར་བྱམས་པའི་སེམས་

ཀྱང་བསྟན་ཏོ། །སྟོང་པ་ཉིད་ལ་གནས་པའི་ཕྱིར་ཀུན་མཁྱེན་འདོད་དོ། །ཆོས་ཅུང་ཟད་ཀྱང་དམིགས་པ་མེད་པས་རྟག་ཏུ་བསྟན་པ་ལ་གཞོལ་སེམས་ལྡན་ནོ། །རང་འདོད་པའི་སྐྱེ་བ་དེར་སྐྱེ་བ་ཐོབ་པས་མཐའ་འཁོབ་ཀླ་ཀློའི་སྐྱེ་བོའི་ཡུལ་མཐའ་རྣམ་པར་སྤངས།
རྣམ་པར་སྤངས་ཀྱི་སྒྲ་ཕྱི་མ་དང་ཡང་འབྲེལ་པའི་ཕྱིར་ཡུལ་མཐའ་རྣམ་པར་སྤངས་ཏེ་ཡུལ་མཐའོ། །མངོན་པར་ཡིད་ཆེས་པས་ངེས་པ་སྐྱེད་པའི་ཕྱིར་ཀུན་མཁྱེན་གསུམ་གྱི་བདག་ཉིད་ནི་རང་གི་ས་ལ་ཐེ་ཚོམ་མེད་པས་ན་དོགས་མེད་དེ། ངེས་པའི་རང་བཞིན་ལ་གནས་པས་རྟག་ཏུ་རི་རབ་འདྲའོ། །
མཆོག་ཏུ་གཞོལ་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པའི་ཆོས་ཀྱི་ཕྱིར་བསམས་ནས་གཏོང་བ་ནི་སྲོག་ཀྱང་འདོར་ཞིང་ངོ་། །ཚད་མ་དང་ལྡན་པའི་ཡིད་ལ་བྱེད་པའི་ཕྱིར་རྣལ་འབྱོར་པ་རབ་ཏུ་བརྩོན་ནོ། །འདིར་ཕྱིར་མི་ལྡོག་པའི་ཕྱོགས་ཙམ་ཞིག་བརྗོད་དོ། །དེ་ཡང་རྒྱུ་ཚོགས་
པ་ཡིས་འབྲས་སྐྱེ་བར། །རྗེས་སུ་དཔོགས་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་བྱ་བའི་རིགས་པས་འདིར་བསྟན་པའི་རྟགས་ཀྱང་ཤེས་པར་བྱའོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་ཕྱིར་མི་ལྡོག་པའི་རྣམ་པའི་
ལེའུ་སྟེ་བཅུ་བདུན་པའི་བཤད་པའོ།། །།དེ་ལྟར་བསྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་སྟོན་པ་ན་ཁྱད་པར་མ་རྟོགས་ཁྱད་པར་གཞན་རྟོགས་པར་མི་འགྱུར་བས་ན་རིགས་པ་འདིས་བསྒོམ་པའི་ལམ་ལས་རེ་ཞིག་ཁྱད་པར་བསྟན་པའི་ཕྱིར་གཟུགས་དང་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་དེ་བཞིན་ཉིད་ཟབ་པ་དེ་བཞིན་དུ་དེ་ཁོ་ན་ཉིད་དུ་གཟུགས་མ་སྐྱེས་པས་ཟབ་བོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རྣམ་པར་ཤེས་པ་རྣམས་ཀྱང་དེ་བཞིན་ཉིད་འདིས་ཟབ་པ་ཡིན་ཏེ། གཟུགས་ལ་སོགས་པ་
རྣམས་གཟུགས་ལ་སོགས་པར་མེད་དེ། སྒྲོ་བཏགས་པའི་ཕྱིར་མེད་དོ། །དེ་བཞིན་དུ་ཀུན་རྫོབ་པའི་གཟུགས་ལ་སོགས་པ་དེ་དག་ཀྱང་ཐ་མལ་པའི་རང་བཞིན་རིགས་པས་མཚན་མ་མ་ལུས་པ་སྤངས་པས་མཚན་མ་མེད་པའོ། །བསླབ་པ་ཐམས་ཅད་ཞི་བས་ན་རབ་ཞི་བའོ། །འདིས་

ནི་ཡང་གཟུགས་ལ་སོགས་པ་དེ་བཞིན་ཉིད་ལས་གཞན་མ་ཡིན་པས་སྐུར་པ་འདེབས་པ་དགག་པ་ཡིན་ནོ། །དཔེར་ན་འབའ་ཞིག་ཚད་མ་རྟོགས་པ་མདའ་འཕངས་པ་རྒྱ་མཚོའི་གཏིང་ལ་ཐུག་པའི་ཚད་ཚོལ་བ་ལྟར། དེ་བཞིན་དུ་ཤེས་རབ་ཀྱིས་ནི་སྒྲོ་འདོགས་པ་དང་། སྐུར་པ་འདེབས་
པའི་མཐའ་དང་བྲལ་བ་ངེས་པར་བརྟགས་ན་གང་གི་ཕྱིར་བརྟགས་པས་གཏིང་ཡོད་པ་མི་རྙེད་པས་ཟབ་མོ་དང་ལྡན་པ་ནི་ཟབ་པ་སྟེ། བསྒོམ་པའི་ལམ་ཡིན་ཞེས་བསྟན་པར་འགྱུར་རོ། །ཁྱད་པར་བསྟན་པ་འདི་ཉིད་རྗེས་སུ་བསྟན་པ་དང་བཅས་པ་ཁྱད་པར་ཅན་བསྒོམ་པའི་ལམ་ཡིན་པར་སྟོན་
པ་ན་དེའི་བྱེད་པའི་སྒོ་ནས་དྲིས་པ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་