Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 86

Văn bản gốc(Tây Tạng)

Trang 9 / 18 (50.000 ký tự/trang)
་སྟོང་ཆེན་
པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་བཀོད་ནས། བསོད་ནམས་སྐྱེད་པ་གང་ཡིན་པ་དེ་དཔེར་མཛད་ནས་དེ་བས་ཁྱད་པར་དུ་འཕགས་པར་བསོད་ནམས་མང་བ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་གང་ཡིན་པ་དེ་སངས་རྒྱས་ཉིད་ཡིན་པས་སངས་རྒྱས་ཉིད་འཐོབ་པའི་བར་ཆད་མེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་འདིར་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེའི་དམིགས་པ་ལ་སོགས་པ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པས་
དམིགས་པ་ལ་སོགས་པ་གསུངས་པ། འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་ཞི་ཉིད་འདི་ལ་ནི། །རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། །ཞེས་བྱ་བ་ཡིན་ཏེ། བར་ཆད་མེད་པའི་ཏིང་ངེ་འཛིན་འདིའི་དམིགས་པའི་རྐྱེན་ནི་

ཆོས་ཐམས་ཅད་དངོས་པོ་མེད་པར་དམིགས་པ་ཡིན་ནོ། །བདག་པོའི་རྐྱེན་ནི་དྲན་པ་ཡིན་ནོ། །རྣམ་པ་ནི་རང་བཞིན་གྱིས་ཞི་བ་ཉིད་ཡིན་ནོ། །གནས་འདི་ལ་ནི་གཏིང་དཔག་དཀའ་བའི་ཕྱིར་རབ་ཏུ་སྨྲ་བ་ཐབས་ལ་མཁས་པ་མ་རྟོགས་པ་རྣམས་
ཀྱི་ཀླན་ཀའི་རྒོལ་བ་བརྒྱུད་མར་འབྱུང་བས་ཐབས་ལ་མཁས་པས་དེ་དག་བསལ་བར་བྱ་སྟེ། འདིས་ནི་འདིའི་ཟབ་པ་ཉིད་བསྙད་དོ་སྙམ་དུ་དགོངས་པ་ཡིན་ནོ། །བློའི་ནོར་ཅན་རྣམས་ཀྱིས་ལོག་པར་རྟོག་པ་ཇི་ལྟ་བུ་ཞིག་བསལ་བས་ཏིང་ངེ་འཛིན་དེ་བསྐྱེད་པར་བྱ་ཞེ་ན། ཏིང་ངེ་
འཛིན་གྱི་འོག་ཏུ་ལོག་པར་རྟོག་པ། དམིགས་པ་འཐད་དང་དེ་ཡི་ནི། །ངོ་བོ་ཉིད་ངེས་གཟུང་བ་དང་། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང་། །དམ་པའི་དོན་དང་ཀུན་རྫོབ་དང་། །སྦྱོར་དང་དཀོན་མཆོག་གསུམ་པོ་དང་། །ཐབས་བཅས་ཐུབ་པའི་རྟོགས་པ་དང་། །ཕྱིན་
ཅི་ལོག་ནི་ལམ་བཅས་དང་། །གཉེན་པོ་མི་མཐུན་ཕྱོགས་དག་དང་། །མཚན་ཉིད་དང་ནི་བསྒོམ་པ་ལ། །སྨྲ་བ་རྣམས་ཀྱི་ལོག་རྟོག་པ། །རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཅེས་བྱ་བ་གསུངས་ཏེ། འདུས་བྱས་དང་འདུས་མ་བྱས་
ཀྱི་ཁམས་དག་དངོས་པོར་མེད་པ་ཉིད་ཀྱིས་དམིགས་པ་འཐད་པ་དང་རྣམ་པ་ཐམས་ཅད་དུ་རང་བཞིན་མེད་པའི་ཕྱིར་དམིགས་པའི་ངོ་བོ་ཉིད་ངེས་པར་གཟུང་བ་དང་། དངོས་པོ་དང་དངོས་པོ་མེད་པ་མི་དམིགས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་། དེ་བཞིན་ཉིད་
ཀྱི་ངོ་བོ་ཉིད་ཀྱིས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་དང་། སྦྱིན་པ་ལ་སོགས་པ་མི་དམིགས་པས་སྦྱོར་བ་དང་། རྟོགས་པར་བྱ་བ་མེད་པས་སངས་རྒྱས་དཀོན་མཆོག་དང་། མིང་དུ་བཏགས་པ་ཙམ་དུ་ཟད་པས་ཆོས་དཀོན་མཆོག་དང་། གཟུགས་ལ་སོགས་པར་
དམིགས་པ་བཀག་པས་དགེ་འདུན་དཀོན་མཆོག་དང་། སྦྱིན་པ་ལ་སོགས་པར་མི་དམིགས་པས་ཐབས་ལ་མཁས་པ་དང་། དངོས་པོ་དང་དངོས་པོ་མེད་པ་དང་གཉིས་ཀའི་ངོ་བོ་རྟོགས་པ་བཀག་པས་དེ་བཞིན་གཤེགས་པའི་མངོན་པར་རྟོགས་པ་དང་། སྤྲོས་པ་རྣམ་པར་

གཞག་པའི་མི་རྟག་པ་ཉིད་ལ་སོགས་པ་ཉིད་ཀྱིས་རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་པ་དང་། ལམ་རྣམ་པར་བསྒོམས་པའི་འབྲས་བུ་མངོན་སུམ་དུ་མི་བྱེད་པས་ལམ་དང་། དོར་བ་དང་བླང་བ་མེད་པས་མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་དང་ཆོས་ཅན་མེད་པས་ཆོས་ཀྱི་
མཚན་ཉིད་དང་། རང་དང་སྤྱིའི་མཚན་ཉིད་མི་འཐད་པས་སྒོམ་པ་ལ། སྐྱེ་བོ་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་མི་ཤེས་པའི་རབ་ཏུ་སྨྲ་བ་ཉིད་ཐམས་ཅད་ཀྱི་ལོག་པར་རྟོགས་པ་ཕན་ཚུན་འགལ་བའི་དོན་བསྒྲུབས་པས་མི་འཐད་པ་ཉིད་ཀྱིས་ཐེ་ཚོམ་གྱི་ངོ་བོ་ཇི་སྐད་བཤད་
པའི་ཡུལ་ཅན་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྟེན་ཅན་ལོག་པར་རྟོག་པ་བཅུ་དྲུག་གོ། །དེ་བས་ན་ཀུན་རྫོབ་དང་དོན་དམ་པའི་སྒོ་ཅན་གྱི་ཀླན་ཀ་ལ་གོ་རིམས་བཞིན་དུ་དོན་དམ་པ་དང་ཀུན་རྫོབ་ཀྱི་སྒོ་ནས་ལན་གདབ་དགོས་པས། བྱང་ཆུབ་སེམས་དཔའ་དགེ་བ་
འདོད་པ་རྣམས་ཀྱིས་བདེན་པ་གཉིས་ཀ་ལ་རྟེན་པའི་ཐབས་ལ་མཁས་པས་རྣམ་པ་སྟོང་དུ་བསལ་བ་སྔོན་དུ་འགྲོ་བའི་ངེས་པ་རྣམ་པ་ཐམས་ཅད་དུ་ཡང་དག་པར་བསྐྱེད་ནས་བར་ཆད་མེད་པའི་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་
བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས། སྐབས་ལྔ་པའི་འགྲེལ་པའོ།། །།རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་སོ་སོ་བ་དང་བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས་གོ་རིམས་བཞིན་དུ་བླགས་ནས་བརྟན་པོར་བྱ་བའི་ཕྱིར་རྣམ་པར་སྒོམ་པར་བྱེད་པས་མཐར་
གྱིས་པའི་མངོན་པར་རྟོགས་པ། སྦྱིན་པ་ཤེས་རབ་བར་དག་དང་། །སངས་རྒྱས་ལ་སོགས་དྲན་དང་ཆོས། །དངོས་མེད་ངོ་བོ་ཉིད་ཀྱིས་དེ། །མཐར་གྱིས་པ་ཡི་བྱ་བར་བཞེད། །ཅེས་བྱ་བ་གསུངས་ཏེ། ཕ་རོལ་ཏུ་ཕྱིན་པ་བཞི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་
འདུས་པའི་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་དྲུག་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པས་ས་བཅུ་ཡང་དག་པར་སྒྲུབ་པར་བྱེད་པ་དང་། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དང་། བྱང་ཆུབ་ཀྱི་ཡན་

ལག་གི་རྣམ་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། དོན་དམ་པར་དྲན་པ་མེད་པའི་མཚན་ཉིད་ཀྱི་སངས་རྒྱས་རྗེས་སུ་དྲན་པ་རྣམ་པ་གསུམ་པོ། གོ་རིམས་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་མཐོང་བ་དང་བསྒོམ་པའི་ལམ་
རྗོད་པར་བྱེད་པ་དང་། དེ་བཞིན་དུ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་རྗེས་སུ་དྲན་པ་དང་། སྔ་མ་བཞིན་དུ་བྱང་ཆུབ་སེམས་དཔའ་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་རྗེས་སུ་དྲན་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་དང་། གཏོང་བ་དང་། ལྷ་རྗེས་སུ་དྲན་པ་
དང་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཁོང་དུ་ཆུད་པས་རྟོགས་པ་གང་ཡིན་པ་དེ་ནི་འདིར་མཐར་གྱིས་པའི་བྱ་བར་བཞེད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས། སྐབས་
དྲུག་པའི་འགྲེལ་པའོ།། །།མཐར་གྱིས་པའི་མངོན་པར་རྟོགས་པ་རྣམ་པར་བསྒོམས་པ་ནི་ཤིན་ཏུ་གོམས་པར་བྱ་བའི་ཕྱིར་དེ་དག་ཉིད་སྐད་ཅིག་མ་གཅིག་གིས་བསྒོམས་པས་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ། དེ་ཡང་མཚན་ཉིད་ཀྱིས་རྣམ་
པ་བཞི་ཡོད་པས། དང་པོ་རྣམ་པར་སྨིན་པ་མ་ཡིན་པ་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་པའི་མཚན་ཉིད་ཀྱི་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ། སྦྱིན་པ་ལ་སོགས་རེ་རེས་ཀྱང་། །ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། །ཐུབ་པའི་
སྐད་ཅིག་གཅིག་པ་ཡི། །རྟོགས་པ་འདི་ནི་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། ལུགས་ལས་ཆོས་ཀྱི་དབྱིངས་ཀྱི་རང་གི་ངོ་བོར། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །དངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། །གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་
བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་འབྱུང་བའི་ཕྱིར། མང་པོས་གཅིག་བསྡུས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་སྦྱིན་པ་ལ་སོགས་པའི་ཡེ་ཤེས་དམིགས་པར་བྱ་བའི་སྐད་ཅིག་མ་གཅིག་པོ་དངོས་པོ་སོ་སོར་ངེས་པར་འཛིན་པའི་ཕྱིན་ཅི་ལོག་

དང་བྲལ་བའི་ངོ་བོས། སྦྱིན་པ་ལ་སོགས་པ་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་མཚན་ཉིད་ཀྱི་ཆོས་རྣམས་བསྡུས་པའི་ཕྱིར་ཐུབ་པ་བྱང་ཆུབ་སེམས་དཔའི་རྟོགས་པ་ནི་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པའོ། །ཞེས་བྱ་བར་ཤེས་པར་བྱའོ། །ཡང་ཇི་
ལྟར་ན་ཟག་པ་མེད་པའི་ཡེ་ཤེས་གཅིག་དམིགས་ན་ཟག་པ་མེད་པ་ཐམས་ཅད་བསྡུས་པ་ཡིན་ཞེ་ན། འཇིག་རྟེན་པའི་དཔེ། ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུད། །རྡོག་ཐབས་གཅིག་གིས་བསྐྱོད་པ་ན། །ཐམས་ཅད་ཅིག་ཅར་འགུལ་བ་ལྟར། །སྐད་ཅིག་གཅིག་ཤེས་དེ་བཞིན་
ནོ། །ཞེས་བྱ་བ་གསུངས་ཏེ། དཔེར་ན་སྐྱེས་བུས་རྡོག་ཐབས་གཅིག་གིས་བསྐྱོད་ན་བཟོ་བོ་མཁས་པས་སྔོན་བཟོ་ལེགས་པར་བྱས་པའི་མཐུས་ཟོ་ཆུན་གྱི་རྒྱུད་ཐམས་ཅད་ཅིག་ཅར་དུས་གཅིག་ཏུ་འགུལ་བ་དེ་བཞིན་དུ་སྔོན་གྱི་སྨོན་ལམ་གྱི་འཕེན་པ་དང་། ཆོས་ཀྱི་དབྱིངས་ཀྱི་མཐུས་སྐད་
ཅིག་མ་གཅིག་ཁོ་ན་ལ། ཟག་པ་མེད་པའི་ཡེ་ཤེས་གཅིག་དམིགས་ན་རིགས་མཐུན་པ་ཐམས་ཅད་མངོན་དུ་བྱེད་པ་ཡིན་ནོ། །དེ་ལྟར་དང་པོ་བསྟན་ནས་གཉིས་པ་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་ཀྱི་ཟག་པ་མེད་པར་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་པའི་མཚན་ཉིད་ཀྱི་
སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས། །དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། །ཞེས་བྱ་བ་གསུངས་ཏེ། གང་གི་ཚེ་བྱང་ཆུབ་སེམས་
དཔས་གཉེན་པོ་བསྒོམས་པས་མི་མཐུན་པའི་ཕྱོགས་ཐམས་ཅད་དང་བྲལ་བ་ན་རྣམ་པར་བྱང་བའི་ཕྱོགས་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་དྲི་མ་ཐམས་ཅད་དང་བྲལ་བས་སྟོན་ཀའི་ཟླ་བའི་འོད་བཞིན་དུ་དཀར་བའི་ངོ་བོ་ཉིད་སྐྱེས་པ་དེའི་ཚེ། སྐད་ཅིག་མ་གཅིག་ཁོ་ན་ལ་རྣམ་
པར་སྨིན་པའི་གནས་སྐབས་སུ་གྱུར་པའི་ཟག་པ་མེད་པ་རྣམས་རྟོགས་པའི་ཡེ་ཤེས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ནོ། །དེ་ལྟར་གཉིས་པ་བསྟན་ནས་གསུམ་པ་མཚན་ཉིད་མེད་པར་ཆོས་ཐམས་ཅད་སྐད་ཅིག་

མ་གཅིག་པའི་མཚན་ཉིད་ཀྱི་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ། སྦྱིན་པ་ལ་སོགས་སྤྱོད་པ་ཡིས། །ཆོས་ཀུན་རྨི་ལམ་འདྲར་གནས་ནས། །ཆོས་རྣམས་མཚན་ཉིད་མེད་པ་ཉིད། །སྐད་ཅིག་མ་ནི་གཅིག་གིས་རྟོགས། །ཞེས་
བྱ་བ་གསུངས་ཏེ། སྔོན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གོམས་པས་ཚོགས་གཉིས་ཉམས་སུ་མྱོང་བར་བྱས་ནས་རྟོགས་པའི་གནས་སྐབས་ན་ཉེ་བར་ལེན་པའི་ཕུང་པོ་ལ་སོགས་པ་རྨི་ལམ་གྱི་ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་ལ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་
སྒྲུབ་པས་གནས་ཏེ། སྦྱིན་པ་ལ་སོགས་པའི་ངོ་བོ་ཉིད་ངེས་པར་རྟོགས་པའི་རྣམ་པ་ཅན་སྐད་ཅིག་མ་གཅིག་ཁོ་ནས་ཆོས་ཐམས་ཅད་ནི་མཚན་ཉིད་མེད་པའོ་ཞེས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ངོ་བོའི་ཆོས་རྣམས་མཚན་ཉིད་མེད་པ་ཉིད་དུ་ཤེས་པས་ན། སྐད་ཅིག་
མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ནོ། །དེ་ལྟར་གསུམ་པ་བསྟན་ནས་བཞི་པ་གཉིས་སུ་མེད་པའི་མཚན་ཉིད་དུ་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་པའི་མཚན་ཉིད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་
མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པ་ཡི། །དེ་ཉིད་སྐད་ཅིག་གཅིག་གིས་མཐོང་། །ཞེས་བྱ་བ་གསུངས་ཏེ། ཡུན་རིང་མོ་ཞིག་ནས་བར་ཆད་མེད་པར་གཉིས་སུ་སྣང་བ་སྤོང་བ་ལ་གོམས་པ་ངང་དུ་གྱུར་པས་གཉིས་སུ་སྣང་བའི་བག་ཆགས་དྲུངས་ཕྱུང་བའི་བྱང་ཆུབ་
སེམས་དཔའ་གང་གི་ཚེ་གཟུང་བ་དང་འཛིན་པའི་ཚུལ་དུ། རྨི་ལམ་ལ་གཟུང་བ་དང་རྨི་ལམ་མཐོང་བ་ལ་འཛིན་པར་མི་མཐོང་བ་དེའི་ཚེ་ཆོས་ཐམས་ཅད་ཀྱང་དེ་ལྟ་བུའི་ཆོས་ཉིད་ཡིན་ནོ་ཞེས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་གཉིས་སུ་མེད་པ་སྐད་ཅིག་མ་གཅིག་ཁོ་ནས་རྟོགས་པས་ན་
སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས། སྐབས་བདུན་པའི་འགྲེལ་པའོ།། །།སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་

བྱང་ཆུབ་པ་རྣམ་པར་བསྒོམས་པའི་སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱི་སྐུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་པས། དང་པོ་ངོ་བོ་ཉིད་ཀྱི་སྐུ། །ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །
ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་བྱ་བ་གསུངས་ཏེ། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ནི། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡེ་ཤེས་ཀྱི་བདག་ཉིད། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་
ཀྱི་ངོ་བོ་ཉིད་ཀྱིས་ཟག་པ་མེད་པ་དྲི་མ་རྣམས་གློ་བུར་བ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་རྣམ་པར་དག་ཅིང་རང་བཞིན་གྱིས་དབེན་པའི་མཚན་ཉིད་དུ་གྱུར་པ་གང་དག་ཡིན་པ་དེ་དག་གི་རང་གི་ངོ་བོ་ཉིད་སྐྱེ་བ་མེད་པའི་ངོ་བོ་ཉིད་ནི་འདི་ཡིན་ཏེ། བཅོས་མ་མ་ཡིན་པའི་དོན་གྱིས་འཇིག་རྟེན་ལས་
འདས་པའི་ལམ་གྱིས་འཐོབ་ཀྱི་བྱས་པ་ནི་མ་ཡིན་པས་རྣམ་པར་ཤེས་པ་སྒྱུ་མ་ལྟ་བུས་ཆོས་ཐམས་ཅད་རྟོགས་པས་ཐོབ་པ་ཡིན་ནོ། །སྐུ་ལྷག་མ་གསུམ་པོ་དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་ཡང་དག་པའི་ཀུན་རྫོབ་ཏུ་སྣང་བ་ཇི་ལྟར་མོས་པས་རབ་ཏུ་ཕྱེ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་དང་། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་དུ་རྣམ་པར་གཞག་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་ལུགས་ལས། གང་ཕྱིར་དབེན་པ་དབེན་གྱུར་ལས། །ཐ་མི་དད་པ་ཉིད་དུ་འདོད། །ཅེས་འབྱུང་བའི་ཕྱིར་དེ་དང་ཐ་མི་དད་ཀྱང་ཐ་དད་པར་རྣམ་པར་གཞག་གོ། །དེ་ལྟར་
སྐུ་དང་པོ་བསྟན་ནས་གཉིས་པ་ཆོས་ཀྱི་སྐུ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཟག་པ་མེད་པའི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་ངོ་བོ། །བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང་། །ཟད་
པར་བཅུ་ཡི་བདག་ཉིད་དང་། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང་། །ཉོན་མོངས་མེད་དང་སྨོན་མཁྱེན་དང་། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང་། །དབང་བཅུ་དང་ནི་སྟོབས་བཅུ་དང་། །མི་འཇིགས་

པ་ནི་བཞི་དག་དང་། །བསྲུང་བ་མེད་པ་རྣམ་གསུམ་དང་། །དྲན་པ་ཉེར་གཞག་རྣམ་གསུམ་དང་། །བསྙེལ་བ་མི་མངའི་ཆོས་ཉིད་དང་། །བག་ཆགས་ཡང་དག་བཅོམ་པ་དང་། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང་། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །
བཅྭ་བརྒྱད་བཤད་པ་གང་ཡིན་དང་། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་བྱ་བ་གསུངས་ཏེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། སྔ་
མ་བཞིན་དུ་བྱམས་པ་ལ་སོགས་པ་ཚད་མེད་པ་ཚངས་པའི་གནས་པ་རྣམས་དང་། ནང་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་གཉིས་དང་། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་
རྫོགས་པར་བྱས་ནས་གནས་པ་ཞེས་བྱ་བ་གཅིག་དང་། ནམ་མཁའ་དང་། རྣམ་པར་ཤེས་པ་དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱ་བ་བཞི་དང་། འདུ་ཤེས་དང་ཚོར་བ་འགོག་པ་ཞེས་བྱ་བ་གཅིག་སྟེ། དེ་ལྟར་རྣམ་པར་ཐར་པ་བརྒྱད་
དང་། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་སྙོམས་པར་འཇུག་པ་དགུ་དང་། ས་དང་། ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་
པོ་དང་། དཀར་པོ་དང་། ནམ་མཁའ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་ཟད་པར་རྣམ་པ་བཅུ་དང་། ནང་གཟུགས་དང་གཟུགས་མེད་པར་འདུ་ཤེས་པ་དག་གིས་སོ་སོར་ཆུང་ངུ་དང་ཆེན་པོའི་རྣམ་པ་དག་ཏུ་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་ཞིང་དེ་དག་ཟིལ་གྱིས་
མནན་ནས་ཤེས་ཞེས་བྱ་བ་བཞི་དང་། ནང་གཟུགས་མེད་པར་འདུ་ཤེས་པ་དག་ཁོ་ནས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་ཟིལ་གྱིས་མནན་ནས་མཐོང་ཞེས་བྱ་བ་རྣམ་པ་བཞི་སྟེ། དེ་ལྟར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམ་པ་བརྒྱད་དང་།

ཕ་རོལ་གྱི་རྒྱུད་དུ་གཏོགས་པའི་ཉོན་མོངས་པའི་དགྲའི་རྒྱུན་དྲུངས་འབྱིན་པའི་ཏིང་ངེ་འཛིན་ཞེས་བྱ་བ་གང་ཡིན་པ་ཉོན་མོངས་པ་མེད་པ་དང་། ཡང་དག་པར་མཚན་མ་ཐམས་ཅད་དང་བྲལ་ཞིང་ཆགས་པ་བཅོམ་པ་ཐེ་ཚོམ་སེལ་བར་མཛད་པའི་སྨོན་ལམ་གྲུབ་པས་འཁོར་
བ་ཇི་སྲིད་པ་དང་རྣམ་པར་གྲོལ་བ་ཇི་སྲིད་པའི་གནས་སྐབས་སུ་འཇུག་པ་ཞེས་བྱ་བ་སྨོན་ནས་མཁྱེན་པ་དང་། སྔར་བཤད་པའི་མངོན་པར་ཤེས་པ་དྲུག་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། རྟེན་དང་དམིགས་པ་དང་ཐུགས་དང་ཡེ་ཤེས་ཡོངས་སུ་དག་པ་ཞེས་བྱ་
བ་དག་པ་བཞི་དང་། ཚེ་དང་། སེམས་དང་། ཡོ་བྱད་དང་། ལས་དང་། སྐྱེ་བ་དང་། མོས་པ་དང་། སྨོན་ལམ་དང་། རྫུ་འཕྲུལ་དང་། ཡེ་ཤེས་དང་། ཆོས་ལ་དབང་བ་ཞེས་བྱ་བ་དབང་བཅུ་དང་། སྔར་བཤད་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་།
དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་ཡོངས་སུ་དག་པ་སྟེ། འདི་ལ་ཕྱིན་ཅི་ལོག་གི་ཀུན་དུ་སྤྱོད་པ་གཞན་གྱིས་ཡོངས་སུ་ཤེས་པའི་བསྙེངས་པས་བཅབ་པར་བྱའོ་སྙམ་པའི་དགོངས་པ་མི་མངའོ་ཞེས་བྱ་བ་བསྲུང་བ་མེད་པ་རྣམ་པ་གསུམ་དང་།
ཆོས་སྟོན་པ་ན་ཉན་པར་འདོད་པ་དང་། ཉན་པར་མི་འདོད་པ་དང་གཉིས་ཀ་དག་ལ་གོ་རིམས་བཞིན་དུ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། གཉིས་ཀས་དབེན་པ་ཁོ་ནར་བཏང་སྙོམས་སུ་དྲན་པ་དང་ལྡན་པར་གནས་སོ། །ཞེས་བྱ་བ་དྲན་པ་ཉེ་བར་གཞག་པ་རྣམ་པ་
གསུམ་དང་། སེམས་ཅན་གྱི་དོན་མཛད་པའི་དུས་ལས་མི་འདའ་བའི་མཚན་ཉིད་ཅེས་བྱ་བ་བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ལ་ཉལ་གྱི་ངོ་བོའི་ས་བོན་སྤངས་པས་བག་ཆགས་ཡང་དག་པར་བཅོམ་པ་དང་། སྐྱེ་བོ་མཐའ་དག་
ལ་ཕན་པའི་བསམ་པ་ཉིད་ཅེས་བྱ་བ་སྐྱེ་བོ་ལ་ཐུགས་རྗེ་ཆེན་པོ་ཉིད་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། དང་ཞེས་བྱ་བའི་སྒྲས་བསྡུས་པ་ལམ་ཤེས་པ་ཉིད་ལ་སོགས་པ་སྔར་བཤད་པ་དག་ཀྱང་ཡིན་ཏེ། བྱང་

ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་གནས་གྱུར་པས་གྱུར་པ་ཐམས་ཅད་ཀྱང་ཆོས་ཀྱི་སྐུར་མངོན་པར་བརྗོད་པ་ཡིན་ནོ་ཞེས་བྱ་བ་ནི་ཁ་ཅིག་གིའོ། །གཞན་དག་ནི། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་
པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་བྱ་བའི་སྒྲ་ཇི་བཞིན་ཉིད་དུ་འཇིག་རྟེན་ལས་འདས་པའི་ཟག་པ་མེད་པའི་ཆོས་རྣམས་ཁོ་ན་ཁས་བླངས་ནས་ངོ་བོ་ཉིད་ཀྱི་སྐུ་ནི་དེ་དག་གི་རང་བཞིན་སྐྱེ་བ་མེད་པ་ཉིད་གང་ཡིན་པ་དེའི་
མཚན་ཉིད་ཅན་ཡིན་ཏེ། དེ་ཉིད་ཀྱང་ཆོས་ཉིད་ཀྱི་སྐུ་ཡིན་པ་ལས་ཆོས་ཀྱི་སྐུའོ་ཞེས་ངོ་བོའི་རྐྱེན་མི་མངོན་པར་བྱས་ནས་བསྟན་ཏོ་ཞེས་རྣམ་པར་བཤད་ནས། ཆོས་ཀྱི་སྐུ་གང་དག་གི་རང་བཞིན་གྱི་མཚན་ཉིད་ཅན་ཡིན་པའི་ཟག་པ་མེད་པའི་ཆོས་དེ་དག་ཀྱང་གང་དག་ཅིག་ཡིན་ཞེ་
ན། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་ལ་འཇུག་པར་བྱེད་དོ། །གཞན་དག་ན་རེ་དེ་དག་གི་ལྟར་ན་རྣལ་འབྱོར་པའི་ཀུན་རྫོབ་ཏུ་དོན་ཁྱད་པར་ཅན་སྣང་བ་སྐྱེད་པའི་སྒོ་ནས། གནས་ཡོངས་སུ་གྱུར་པས་གྱུར་པ། ཆོས་སྟོན་པ་ལ་
སོགས་པའི་དོན་གྱི་བྱ་བ་མཛད་པ་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་གདོན་མི་ཟ་བར་ཁས་བླང་དགོས་པ་རྣམས་ཇི་ལྟར་བསྡུ་ཞེས་ཟེར་རོ། །ཁ་ཅིག་ན་རེ། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པར་བཅས་
པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་བྱ་བའི་ཚིག་ལེའུར་བྱས་པ་ལས། ངོ་བོ་ཉིད་ཅེས་བྱ་བའི་སྒྲའི་མཇུག་ཐོགས་སུ་ཆོས་ཀྱི་སྐུ་ཞེས་བྱ་བའི་སྒྲ་མི་འབྱུང་བས་སྐུ་ནི་གསུམ་ཁོ་ནའོ་ཞེས་ཟེར་རོ། །གཞན་དག་ན་རེ་དགོས་པ་ཉེ་བར་བསྟན་པའི་ཤུགས་ཀྱིས་ཚིག་ལེའུར་
བྱས་པ་སྦྱར་བའི་ངོར། ཡེ་ཤེས་ཁོ་ན་དང་མཛད་པ་སྦྱར་བའི་ཕྱིར་དེ་སྐད་དུ་གསུངས་པ་ཡིན་ཏེ། དེའི་ཕྱིར་ཕྱོགས་གཞན་ནས་སྐུ་བཞིར་གསུངས་པ་ཐམས་ཅད་མི་འགལ་བར་འགྱུར་རོ་ཞེས་ཟེར་རོ། །ཉན་ཐོས་ལ་སོགས་པའི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལས་སངས་

རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ཁྱད་པར་དུ་བྱ་བའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པ། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་སྤོང་ཉིད། །གྲོང་སོགས་སུ་དེའི་ཉོན་མོངས་རྣམས། །རྒྱུན་གཅོད་རྒྱལ་བའི་ཉོན་མོངས་མེད། །ཅེས་བྱ་
བ་གསུངས་ཏེ། ཉན་ཐོས་ལ་སོགས་པའི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི། བདག་མཐོང་བ་ལས་འགའ་ཞིག་གི་ཉོན་མོངས་པ་སྐྱེ་བར་འགྱུར་ན་མི་རུང་ངོ་ཞེས། མིའི་ཉོན་མོངས་པ་སྐྱེ་བ་ཡོངས་སུ་སྤོང་བ་ཉིད་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཉོན་མོངས་པ་
མེད་པའི་ཏིང་ངེ་འཛིན་ནི། གྲོང་ལ་སོགས་པར་སྐྱེ་བོ་མཐའ་དག་གི་ཉོན་མོངས་པའི་རྒྱུན་དྲུངས་འབྱིན་པར་མཛད་པ་ཡིན་ནོ། །ཉན་ཐོས་ལ་སོགས་པའི་སྨོན་ནས་ཤེས་པ་བས། དེ་བཞིན་གཤེགས་པའི་སྨོན་ནས་མཁྱེན་པ་ཁྱད་པར་དུ་བསྟན་པའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་
པ། སངས་རྒྱས་སྨོན་ནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤངས་དང་། །ཐོགས་པ་མེད་དང་རྟག་གནས་དང་། །དྲི་བ་ཀུན་ལན་འདེབས་པར་བཞེད། །ཅེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པའི་སྨོན་ནས་མཁྱེན་པ་ནི། མཚན་མ་མེད་པ་ཉིད་དུ་རང་གི་
ངང་གིས་འཇུག་པ་དང་། དངོས་པོ་ལ་མངོན་པར་མ་ཞེན་པས། གཟུགས་ལ་སོགས་པ་ལ་ཆགས་པ་དང་བྲལ་བ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་ཏེ་སྤངས་པས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པ་དང་། འཁོར་བ་ཇི་སྲིད་པར་
གནས་པའི་ཕྱིར་རྟག་ཏུ་གནས་པ་དང་། ཡང་དག་པའི་སོ་སོར་རིག་པ་བརྙེས་པས་འདྲི་བའི་ལན་འདེབས་པར་མཛད་པ་ཡིན་པར་བཞེད་དོ། །ཉན་ཐོས་ལ་སོགས་པ་ཡི་ནི་བཟློག་པ་ཉིད་ཀྱིས་དེ་ལྟ་མ་ཡིན་ནོ། །རྟག་ཏུ་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྐུ་ལ་བཞུགས་ན་ཡང་།
རྟག་ཏུ་ཇི་ལྟར་དོན་མི་མཛད། །ཅེས་བྱ་བའི་ལན་གདབ་པའི་ཕྱིར། བར་སྐབས་ཀྱི་ཚིགས་སུ་བཅད་པ། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ་། །ཞེས་བྱ་བ་གསུངས་ཏེ། དགེ་བའི་བཤེས་གཉེན་ལ་

སོགས་པ་དང་ཕྲད་པས་སྔོན་བསྐྱེད་པའི་དགེ་བའི་རྩ་བའི་ས་བོན་སངས་རྒྱས་ལ་སོགས་པ་ལ་དམིགས་པའི་རྒྱུ་ཡོངས་སུ་བརྟས་པར་གྱུར་ནས་སེམས་ཅན་གང་ལ་གང་གི་དུས་སུ་ཆོས་བསྟན་པ་ལ་སོགས་པ་མཛད་ནས། ཡུན་དུ་འཕྲོད་པར་གྱུར་པ་
དེའི་ཚེ། དེའི་དོན་བྱ་བའི་ཕྱིར་སྔོན་གྱི་སྨོན་ལམ་གྲུབ་པས། བཅོམ་ལྡན་འདས་དེ་དང་དེར་སྣང་བ་དང་འཚམ་པར་དོན་གྱི་བྱ་བ་མཛད་པས་དུས་ཐམས་ཅད་དུ་ཡིད་བཞིན་གྱི་ནོར་བུ་ལྟར་ཉེ་བར་གནས་ཀྱང་། རང་གི་ལས་ཀྱི་ཉེས་པས་བསྐྱེད་པ་ལ་རྒྱུ་མ་ཚང་བས། འབྲས་
བུ་སྨིན་པར་མཛད་པར་མི་སྣང་ངོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ཇི་ལྟ་བུ་ཞིག་སྙམ་པ་ལ་བར་སྐབས་ཀྱི་ཚིགས་སུ་བཅད་པས་དཔེ། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུང་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་། །སྐལ་བ་མེད་པས་བཟང་
མི་མྱོང་། །ཞེས་བྱ་བ་གསུངས་ཏེ། དཔེར་ན་ལྷའི་དབང་པོས་ཆར་ཕབ་ཏུ་ཟིན་ཀྱང་ཏིལ་ལ་སོགས་པའི་ས་བོན་རུལ་བའི་ངོ་བོ་ལ་སོགས་པ་ས་བོན་མི་རུང་བར་གྱུར་པ་མི་འཁྲུང་པ་དེ་བཞིན་དུ་སངས་རྒྱས་ཡིད་ལ་རེ་བ་མཐའ་དག་ཡོངས་སུ་རྫོགས་པར་མཁས་པ་རྣམས་བྱུང་ཡང་སྐལ་
པ་མེད་པས་དམ་པའི་ཆོས་མཉན་པ་ལ་སོགས་པའི་བཟང་པོ་ཐོབ་པར་མི་འགྱུར་རོ། །ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཆོས་ཀྱི་སྐུ་རྣལ་འབྱོར་པ་སོ་སོར་ངེས་པའི་རྒྱུད་ཀྱི་རྟེན་ལ་ཡོད་པ་སྐད་ཅིག་རེ་རེ་ལ་འབྱུང་བ་ཇི་ལྟར་ཁྱབ་པ་དང་། རྟག་པ་ཞེས་ཀྱང་བརྗོད་ཅེ་ན། བར་སྐབས་
ཀྱི་ཚིགས་སུ་བཅད་དེ་གསུངས་པ། དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །ཞེས་བྱ་བ་ཡིན་ཏེ། དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས་ཐམས་ཅད་དུ་སྣང་བའི་སྒོ་
ནས་བྱ་བ་མཛད་པ་རྒྱ་ཆེ་བའི་ཕྱིར་དང་། རྒྱུན་ཆགས་སུ་འཁོར་བ་ཇི་སྲིད་པར་བཞུགས་ཀྱང་བཅོམ་ལྡན་འདས་ལ་ཟད་པ་མི་མངའ་བའི་ཕྱིར་གོ་རིམས་བཞིན་དུ་སངས་རྒྱས་ཁྱབ་པ་དང་། རྟག་པ་ཞེས་མངོན་པར་བརྗོད་དོ། །དེ་ལྟར་སྐུ་གཉིས་བསྟན་ནས། གསུམ་པ་ལོངས་

སྤྱོད་རྫོགས་པའི་སྐུ་གཟུགས་ཀྱི་སྐུའི་ངོ་བོ་ཉིད་མཚན་དང་དཔེ་བྱད་བཟང་པོས་འབར་བ། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་བྱ་བ་གསུངས་ཏེ། མཚན་
སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ་ཉིད་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུ་ལ་བཞུགས་པ་རྣམས་དང་། ཐབས་ཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་དང་བདེ་བ་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ཉེ་བར་སྤྱོད་པའི་ཕྱིར། སངས་རྒྱས་
བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་གང་དག་ཅིག་ཡིན་ཞེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པ་ལྔ་ནི། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་པ་དང་། །ཕྱག་ནི་ཞབས་
བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང་། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡའི་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་
པགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེའི་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་
ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་
མཚན། །ཞེས་བྱ་བ་གསུངས་ཏེ། བླ་མ་རྣམས་ལ་སྐྱེལ་བ་དང་བསུ་བ་ལ་སོགས་པས་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་ཉིད་དང་། སྡོམ་པ་ཡང་དག་པར་བླངས་པ་ལ་བརྟན་པ་ཉིད་ཀྱིས་རུས་སྦལ་བཞིན་དུ་ཞབས་ཤིན་ཏུ་གནས་པ་ཉིད་དང་། བསྡུ་བའི་དངོས་

པོ་བཞི་བསྟན་པས་ཕྱག་དང་ཞབས་ཀྱི་སོར་མོ་ངང་པའི་རྒྱལ་པོ་ལྟ་བུར་དྲ་བར་འབྲེལ་པ་ཉིད་དང་། བཟའ་བ་དང་བཅའ་བ་ལ་སོགས་པ་གྱ་ནོམ་པ་བྱིན་པས་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་ཉིད་དང་། བལྡག་པ་ལ་སོགས་པ་ཤིན་ཏུ་གྱ་ནོམ་
པ་བྱིན་པས་ཕྱག་དང་ཞབས་དང་ཐལ་གོང་དང་། ལྟག་པའི་ཕྱོགས་མཐོ་བའི་ཕྱིར་བདུན་མཐོ་བ་ཉིད་དང་། གསད་པར་བྱ་བ་ལས་ཐར་བར་བྱས་པས་སོར་མོ་རིང་བ་ཉིད་དང་། འཚོ་བ་ལ་ཕན་བཏགས་པ་ཉིད་ཀྱིས་རྟིང་པ་ཡངས་པ་ཉིད་དང་། སྲོག་གཅོད་པ་སྤངས་པ་ཉིད་ཀྱིས་སྐུ་ཆེ་ཞིང་དྲང་བ་
ཉིད་དང་། དགེ་བའི་ཆོས་ཡང་དག་པར་བླངས་པས་ཞབས་ལོང་བུ་མི་མངོན་པ་ཉིད་དང་། དགེ་བ་ཡང་དག་པར་བླངས་པ་སྤེལ་བས་སྐུའི་སྤུ་གྱེན་དུ་ཕྱོགས་པ་ཉིད་དང་། རིག་པ་དང་བཟོ་ལ་སོགས་པ་གུས་པར་བྱས་ཏེ་བྱིན་པས་བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུ་དང་། ནོར་བདོག་པ་ལ་
སློང་བ་པོའི་སྐྱེ་བོ་ཕྱིར་མ་སྤངས་པས་ཕྱག་རིང་ཞིང་མཛེས་པ་ཉིད་དང་། སྐྱེ་བོ་ཐམས་ཅད་ཚངས་པར་སྤྱོད་པ་ཡང་དག་པར་ལེན་དུ་འཇུག་པ་དང་། གསང་བའི་གསང་ཚིག་བསྲུངས་པས་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཉིད་དང་། གདིང་བ་གྱ་ནོམ་པ་བྱིན་པས་མདོག་གསེར་འདྲ་བ་
ཉིད་དང་། ཁང་བཟང་ལ་སོགས་པ་དམ་པ་བྱིན་པས་པགས་པ་འཇམ་པ་ཉིད་དང་། འདུ་འཛི་ལ་སོགས་པ་ཡོངས་སུ་སྤངས་པས་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང་། སྐྱེ་བོ་བླ་མ་ཐམས་ཅད་གནས་ཇི་ལྟ་བ་བཞིན་དུ་བཀོད་པས་ཞལ་མཛོད་སྤུས་བརྒྱན་པ་ཉིད་དང་།
རྣམ་པ་ཐམས་ཅད་དུ་ཁ་དྲག་གི་ཚིག་གིས་ཁྱད་དུ་མ་བསད་པས་རོ་སྟོད་སེང་གེའི་འདྲ་བ་ཉིད་དང་། སྙན་པར་སྨྲ་བ་དང་ལེགས་པར་སྨྲ་བའི་རྗེས་སུ་མཐུན་པར་བྱས་པས་དཔུང་མགོ་ཤིན་ཏུ་ཟླུམ་པ་ཉིད་དང་། སྨན་ལ་སོགས་པ་བྱིན་པས་ཐལ་གོང་རྒྱས་པ་ཉིད་དང་། སྐྱེ་བོ་ནད་པའི་གཡོག་
བྱས་པས་རོ་བྲོ་བའི་མཆོག་མཁྱེན་པ་ཉིད་དང་། ནགས་ཚལ་དང་ཀུན་དགའ་ར་བ་ལ་སོགས་པ་བྱེད་པ་ཡང་དག་པར་ལེན་དུ་བཅུག་པས་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་དང་། གཙུག་ལག་ཁང་ལ་སོགས་པ་ལྷག་པར་བྱིན་པས་དབུ་གཙུག་ཏོར་དང་ལྡན་པ་ཉིད་དང་། འཇམ་པོ་ལ་

སོགས་པ་གསུང་བས་ལྗགས་རིང་བ་ཉིད་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ལ་དམ་པའི་ཆོས་གོ་བར་བྱས་པས་ཚངས་པའི་དབྱངས་ཉིད་དང་། ཚིག་ཀྱལ་པ་སྤངས་པས་འགྲམ་པ་སེང་གེའི་འདྲ་བ་ཉིད་དང་། སྐྱེ་བོ་ཐམས་ཅད་བཀུར་བ་ལ་སོགས་པས་ཚེམས་དཀར་
བ་ཉིད་དང་། འཚོ་བ་རྣམ་པར་དག་པ་ཉིད་ཀྱིས་ཚེམས་མཉམ་པ་ཉིད་དང་། བདེན་པའི་ཚིག་ཀུན་དུ་སྤྱད་པས་ཚེམས་ཐགས་བཟང་བ་ཉིད་དང་། ཕྲ་མའི་ཚིག་སྤངས་པས་ཚེམས་བཞི་བཅུ་མངའ་བ་ཉིད་དང་། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་བལྟས་པས་སྤྱན་
མཐོན་མཐིང་ཉིད་དང་། ཁོང་ཁྲོ་བ་ལ་སོགས་པ་མེད་པར་བལྟས་པས་རྫི་མ་བའི་ལྟ་བུ་ཉིད་དོ། །རྒྱུ་གྲུབ་པས་མཚན་འགྲུབ་བོ་ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པ། འདི་ལ་མཚན་ནི་གང་གང་གི །སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན། །དེ་དང་དེ་ནི་རབ་རྫོགས་པས། །མཚན་ནི་འདི་དག་
ཡང་དག་འགྲུབ། །ཅེས་བྱ་བ་གསུངས་ཏེ། མཚན་གང་གིས་སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་རབ་ཏུ་རྫོགས་པས་མཚན་སུམ་ཅུ་རྩ་གཉིས་པོ་འདི་དག་འབྱུང་ངོ་། །རྒྱུ་དེ་གང་ཡིན་ཞེ་ན། དེའི་འོག་ཏུ་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གིས། བླ་མ་སྐྱེལ་ལ་སོགས་པ་དང་། །
ཡང་དག་བླངས་པ་བརྟན་པ་དང་། །བསྡུ་བ་བསྟེན་དང་གྱ་ནོམ་པའི། །དངོས་པོ་སྦྱིན་དང་གསད་བྱ་བ། །ཐར་བར་བྱེད་དང་དགེ་བ་ནི། །ཡང་དག་བླངས་པ་སྤེལ་ལ་སོགས། །སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་དེ། །མདོ་ལས་ཇི་སྐད་འབྱུང་བ་བཞིན། །ཞེས་བྱ་བ་གསུངས་ཏེ། ཚིག་ལེའུར་
བྱས་པ་འདི་གཉིས་ནི། གོང་ཉིད་དུ་མཚན་བཤད་པར་བཀྲོལ་ཟིན་པས་ཡང་མི་བྲིའོ། །དེ་ལྟར་མཚན་རྣམས་བརྗོད་ནས་བར་སྐབས་ཀྱི་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་དཔེ་བྱད་བཟང་པོ་གསུངས་པ། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །
ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཆམ། །གཙང་

དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། །ཡན་
ལག་ཤིན་ཏུ་རྣམ་འབྱེས་དང་། །གཟིགས་པ་སྒྲིབ་མེད་དག་པ་དང་། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང་། །ཀུན་ནས་བལྟ་ན་སྡུག་པ་དང་། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང་། །ཕྱག་
ནི་ཤིང་བལ་ལྟར་འཇམ་དང་། །ཕྱག་རིས་མདངས་ཡོད་ཟབ་རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམ་པ་ལྟར་དམར་དང་། །ལྗགས་མཉེན་པ་དང་སྲབ་པ་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་
མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། །མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང་། །སྨིན་ཚུགས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱས་དང་སྙན་མཉམ་དང་། །ཉམས་
པ་རྣམ་པར་སྤངས་པ་དང་། །དཔྲལ་བ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་དང་འཇམ་དང་མ་འཛིངས་དང་། །མི་བཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་གྱི་བེའུ་དང་བཀྲ་
ཤིས་ནི། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་བྱ་བ་ཡིན་ཏེ། འདུ་བྱེད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་ཉིད་ཀྱིས་སེན་མོ་ཟངས་ཀྱི་མདོག་ལྟ་བུ་ཉིད་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་ལྷག་པའི་བསམ་པ་ཉིད་ཀྱིས་སེན་མོ་མདོག་སྣུམ་པ་ཉིད་དང་། རིགས་
ཀྱི་མཆོག་ལས་སྐྱེས་པས་སེན་མོ་མཐོ་བ་ཉིད་དང་། ཚུལ་ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱིས་སོར་མོ་རྣམས་ཟླུམ་པ་ཉིད་དང་། དགེ་བའི་རྩ་བ་བསགས་པ་ཉིད་ཀྱིས་སོར་མོ་རྣམས་རྒྱས་པ་ཉིད་དང་། ཡང་དག་པར་མཐར་གྱིས་ཞུགས་པ་ཉིད་ཀྱིས་སོར་མོ་རྣམས་བྱིན་གྱིས་ཕྲ་བ་ཉིད་དང་།

ལུས་ལ་སོགས་པའི་ལས་དང་འཚོ་བ་རབ་ཏུ་བསྲུངས་པ་ཉིད་ཀྱིས་རྩ་མི་མངོན་པ་ཉིད་དང་། ཉོན་མོངས་པའི་མདུད་པ་འགྲོལ་བ་ཉིད་ཀྱིས་རྩ་མདུད་པ་མེད་པ་ཉིད་དང་། ཤིན་ཏུ་སྦས་པའི་ཆོས་ཀྱི་བློ་གྲོས་ཅན་ཉིད་ཀྱིས་ལོང་བུ་མི་མངོན་པ་ཉིད་དང་། བགྲོད་དཀའ་བའི་གནས་
ཐམས་ཅད་ལས་སྐྱེ་བོ་སྒྲོལ་བར་མཛད་པ་ཉིད་ཀྱིས་ཞབས་མི་མཉམ་པ་མེད་པ་དང་། མི་ཟིལ་གྱིས་གནོན་པ་ལ་མཁས་པ་ཉིད་ཀྱིས་སེང་གེའི་སྟབས་སུ་གཤེགས་པ་ཉིད་དང་། ཀླུ་ཟིལ་གྱིས་གནོན་པ་ལ་མཁས་པ་ཉིད་ཀྱིས་གླང་པོ་ཆེའི་སྟབས་སུ་གཤེགས་པ་ཉིད་དང་།
ནམ་མཁའ་ལ་གཤེགས་པར་མཁས་པ་ཉིད་ཀྱིས་ངང་པའི་སྟབས་སུ་གཤེགས་པ་ཉིད་དང་། སྐྱེས་བུའི་ཁྱུ་མཆོག་ཏུ་མཁས་པ་ཉིད་ཀྱིས་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དང་། སྐོར་ཕྱོགས་ཀྱི་ལམ་དང་མཐུན་པར་གཤེགས་པ་ཉིད་ཀྱིས་གཡས་ཕྱོགས་
སུ་ལྡོག་ཅིང་གཤེགས་པ་ཉིད་དང་། མཛེས་པར་མཁས་པ་ཉིད་ཀྱིས་མཛེས་པར་གཤེགས་པ་ཉིད་དང་། རྟག་ཏུ་སེམས་གྱ་གྱུ་མི་མངའ་བ་ཉིད་ཀྱིས་མི་ཡོ་བར་གཤེགས་པ་ཉིད་དང་། ཡོན་ཏན་ཡང་དག་པར་བརྗོད་པར་མཛད་པ་ཉིད་ཀྱིས་སྐུ་འཁྲིལ་བག་
ཆགས་པ་ཉིད་དང་། སྡིག་པའི་ཆོས་དང་མ་འབགས་པ་ཉིད་ཀྱིས་སྐུ་བྱི་དོར་བྱས་པ་ལྟ་བུ་ཉིད་དང་། གདུལ་བྱ་དང་འཚམ་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་སྐུ་རིམ་པར་འཚམ་པ་ཉིད་དང་། སྐུ་ལ་སོགས་པ་ཀུན་དུ་སྤྱོད་པ་གཙང་བའི་ཕྱིར་སྐུ་རྣམ་པར་དག་པ་
ཉིད་དང་། ཐུགས་ཐུགས་རྗེ་ཅན་གྱི་ཕྱིར་སྐུ་འཇམ་པ་ཉིད་དང་། ཐུགས་རྣམ་པར་དག་པའི་ཕྱིར་སྐུ་རྣམ་པར་དག་པ་ཉིད་དང་། ཆོས་འདུལ་བ་ཡོངས་སུ་རྫོགས་པའི་ཕྱིར་མཚན་རྫོགས་པ་ཉིད་དང་། ཡངས་ཤིང་མཛེས་པའི་ཡོན་ཏན་རྫོགས་པའི་ཕྱིར་སྐུའི་ཁོ་ལག་
ཡངས་ཤིང་བཟང་བ་ཉིད་དང་། ཐམས་ཅད་ལ་ཐུགས་སྙོམས་པའི་ཕྱིར་གོམ་པ་སྙོམས་པ་ཉིད་དང་། རྣམ་པར་དག་པའི་ཆོས་སྟོན་པའི་ཕྱིར་སྤྱན་རྣམ་པར་དག་པ་ཉིད་དང་། ཆོས་གོ་སླ་བར་སྟོན་པའི་ཕྱིར་སྐུ་ཤིན་ཏུ་གཞོན་ཤ་ཅན་ཉིད་དང་། ཐུགས་རྟག་ཏུ་མ་ཞུམ་པའི་ཕྱིར་སྐུ་

ཞུམ་པ་མེད་པ་ཉིད་དང་། དགེ་བའི་རྩ་བ་ཡང་དག་པར་འཕགས་པའི་ཕྱིར་སྐུ་རྒྱས་པ་ཉིད་དང་། ཡང་སྲིད་པ་ཟད་པ་ཉིད་ཀྱིས་སྐུ་ཤིན་ཏུ་གྲིམས་པ་ཉིད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཤིན་ཏུ་རྣམ་པར་ཕྱེ་བ་སྟོན་པར་མཛད་པ་ཉིད་ཀྱིས་ཡན་
ལག་དང་། ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ་ཉིད་དང་། ཚིག་གི་དོན་ཤིན་ཏུ་རྣམ་པར་དག་པ་སྟོན་པས་གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཉིད་དང་། སློབ་མ་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་གྱུར་པ་ཉིད་ཀྱིས་དཀུ་ཟླུམ་པ་ཉིད་དང་། འཁོར་བའི་སྐྱོན་གྱིས་མ་
སྦགས་པ་ཉིད་ཀྱིས་དཀུ་སྐབས་ཕྱིན་པ་ཉིད་དང་། ང་རྒྱལ་གྱི་འགྱིང་བག་བཅོམ་པ་ཉིད་ཀྱིས་དཀུ་མ་རྙོངས་པ་ཉིད་དང་། ཆོས་ཟད་པ་རྣམ་པར་བཟློག་པ་ཉིད་ཀྱིས་ཕྱལ་ཕྱང་ངེ་བ་ཉིད་དང་། ཆོས་ཟབ་མོ་རྟོགས་པ་ཉིད་ཀྱིས་ལྟེ་བ་ཟབ་པ་ཉིད་དང་། སློབ་མ་མཐུན་པར་འཛིན་པར་འགྱུར་བ་ཉིད་
ཀྱིས་ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང་། འཁོར་ཀུན་ནས་མཛེས་པར་གྱུར་པ་ཉིད་ཀྱིས་ཀུན་ནས་མཛེས་པ་ཉིད་དང་། ཐུགས་གཙང་བ་ཉིད་ཀྱིས་ཀུན་དུ་སྤྱོད་པ་གཙང་བ་ཉིད་དང་། དུས་མ་ཡིན་པའི་ཆོས་འདུལ་བ་དང་བྲལ་བ་ཉིད་ཀྱིས་སྐུ་ལ་སྨེ་བ་དང་གནག་བག་མེད་པ་ཉིད་དང་།
ལུས་ལ་སོགས་པ་ཟོ་མདོག་བདེ་བ་འཐོབ་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཉིད་དང་། མདངས་ཡོད་པའི་དགེ་སྦྱོང་ཆེན་པོ་བརྙེས་པ་ཉིད་ཀྱིས་ཕྱག་གི་རི་མོ་མདངས་ཡོད་པ་ཉིད་དང་། ཆོས་ཟབ་མོ་ལ་གནས་པ་ཉིད་ཀྱིས་ཕྱག་གི་རི་མོ་ཟབ་པ་ཉིད་དང་།
ཕྱི་རྗེས་སུ་ཡང་དག་པར་ཡོངས་སུ་དག་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་ཕྱག་གི་རི་མོ་རིང་བ་ཉིད་དང་། བསླབ་པ་རབ་ཏུ་མང་པོ་ཀུན་སྟོན་པར་མཛད་པ་ཉིད་ཀྱིས་ཞལ་ཧ་ཅང་མི་རིང་བ་ཉིད་དང་། འཇིག་རྟེན་ཐམས་ཅད་གཟུགས་བརྙན་དང་འདྲ་བར་རྟོགས་པ་ཉིད་ཀྱིས་མཆུ་
བིམ་པ་ལྟར་དམར་བ་ཉིད་དང་། ཚིག་འཇམ་པོས་འདུལ་བ་ཉིད་ཀྱིས་ལྗགས་མཉེན་པ་ཉིད་དང་། ཡོན་ཏན་འཐད་པ་མང་བ་ཉིད་ཀྱིས་ལྗགས་སྲབ་པ་ཉིད་དང་། ཆོས་འདུལ་བ་བྱིས་པའི་སྐྱེ་བོ་ཆགས་པ་ཅན་གྱིས་གཏིང་དཔག་དཀའ་བ་ཉིད་ཀྱིས་ལྗགས་དམར་བ་ཉིད་དང་། བསྙེངས་

པ་ཐམས་ཅད་མི་མངའ་བ་ཉིད་ཀྱིས་འབྲུག་གི་སྒྲ་དང་ལྡན་པ་ཉིད་དང་། སྙན་པ་ལ་སོགས་པར་གསུང་བ་ཉིད་ཀྱིས་གསུང་སྙན་ཞིང་མཉེན་ལ་འཇམ་པ་ཉིད་དང་། སྲིད་པར་ཀུན་དུ་སྦྱོར་བ་བསྡམས་པ་ཉིད་ཀྱིས་མཆེ་བ་ཟླུམ་པ་ཉིད་དང་། སྐྱེ་བོ་གདུལ་དཀའ་བ་འདུལ་བར་མཛད་པ་ཉིད་ཀྱིས་མཆེ་
བ་རྣོ་བ་ཉིད་དང་། ཆོས་འདུལ་བ་ཤིན་ཏུ་དཀར་བ་ཉིད་ཀྱིས་མཆེ་བ་དཀར་བ་ཉིད་དང་། མཉམ་པའི་ས་ལ་གནས་པ་ཉིད་ཀྱིས་མཆེ་བ་མཉམ་པ་ཉིད་དང་། མཐར་གྱིས་མངོན་པར་རྟོགས་པ་ཡང་དག་པར་རབ་ཏུ་སྟོན་པར་མཛད་པ་ཉིད་ཀྱིས་མཆེ་བ་བྱིན་གྱིས་ཕྲ་བ་ཉིད་དང་། ཤེས་རབ་མཆོག་ལ་
གནས་པ་ཉིད་ཀྱིས་ཤངས་མཐོ་བ་ཉིད་དང་། སྐྱེ་བོ་གཙང་མ་ཕུན་སུམ་ཚོགས་པ་ཉིད་ཀྱིས་ཤངས་གཙང་བ་ཉིད་དང་། ཆོས་ཤིན་ཏུ་རྒྱ་ཆེ་བའི་ཕྱིར་སྤྱན་ཡངས་པ་ཉིད་དང་། སེམས་ཅན་གྱི་ཚོགས་དྲངས་པ་ཉིད་ཀྱིས་རྫི་མ་སྟུག་པ་ཉིད་དང་། འགྲོ་བ་གཞོན་ནུ་མ་ཐམས་ཅད་མངོན་པར་
མགུ་བ་ཉིད་ཀྱིས་སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་རངས་པ་ལྟ་བུ་ཉིད་དང་། རྟག་ཏུ་ཕྱི་རྗེས་སུ་གཟིགས་པ་ཉིད་ཀྱིས་སྨིན་ཚུགས་རིང་བ་ཉིད་དང་། ཆོས་འདུལ་བ་འཇམ་པོ་ལ་མཁས་པ་ཉིད་ཀྱིས་སྨིན་མ་འཇམ་པ་ཉིད་དང་། ཐུགས་ཀྱི་རྒྱུད་དགེ་བས་བརླན་པ་ཉིད་ཀྱིས་སྨིན་
མ་སྣུམ་པ་ཉིད་དང་། ཀུན་དུ་སྐྱོན་གཟིགས་པ་ཉིད་ཀྱིས་སྨིན་མའི་སྤུ་མཉམ་པ་ཉིད་དང་། མཆོག་ཏུ་གནོད་པ་བཟློག་པར་མཛད་པ་ཉིད་ཀྱིས་ཕྱག་རིང་ཞིང་རྒྱས་པ་ཉིད་དང་། འདོད་ཆགས་ལ་སོགས་པའི་གཡུལ་ལས་རྣམ་པར་རྒྱལ་བ་ཉིད་ཀྱིས་སྙན་མཉམ་པ་ཉིད་དང་། སེམས་
ཅན་ཐམས་ཅད་ཀྱི་རྒྱུད་མ་ཉམས་པར་མཛད་པ་ཉིད་ཀྱིས་སྙན་གྱི་དབང་པོ་མ་ཉམས་པ་ཉིད་དང་། ལྟ་བས་བྱས་པ་ཐམས་ཅད་ཀྱིས་གཞན་དུ་མི་འགྱུར་བ་ཉིད་ཀྱིས་དཔྲལ་བ་ལེགས་པར་འབྱེས་པ་ཉིད་དང་། སྨྲ་བ་ཐམས་ཅད་འཇོམས་པར་མཛད་པ་ཉིད་ཀྱིས་དཔྲལ་བ་དབྱེས་
ཆེ་བ་ཉིད་དང་། སྨོན་ལམ་གྱི་མཆོག་ཡོངས་སུ་རྫོགས་པ་ཉིད་ཀྱིས་དབུ་ཤིན་ཏུ་རྒྱས་པ་ཉིད་དང་། ཡུལ་གྱི་དགའ་བ་བཟློག་པར་མཛད་པ་ཉིད་ཀྱིས་དབུ་སྐྲ་བུང་བ་ལྟར་གནག་པ་ཉིད་དང་། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་བག་ལ་ཉལ་སྤངས་པའི་ཕྱིར་དབུ་སྐྲ་སྟུག་པ་ཉིད་དང་། བསྟན་

པ་བློ་འཇམ་པོས་ཡོངས་སུ་ཤེས་པ་ཉིད་ཀྱིས་དབུ་སྐྲ་འཇམ་པ་ཉིད་དང་། ཐུགས་འདོད་ཆགས་ལ་སོགས་པས་མ་འཁྲུགས་པ་ཉིད་ཀྱིས་དབུ་སྐྲ་མ་འཛིངས་པ་ཉིད་དང་། རྟག་ཏུ་ཚིག་མི་རྩུབ་པ་ཉིད་ཀྱིས་དབུ་སྐྲ་མི་བཤོར་བ་ཉིད་དང་། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་བཀྲམ་
པ་ཉིད་ཀྱིས་དབུ་སྐྲ་དྲི་ཞིམ་པ་ཉིད་དང་། རྣམ་པ་ཐམས་ཅད་དུ་མཛེས་པར་གྱུར་པ་ཉིད་ཀྱིས་ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་པས་བརྒྱན་པ་ཉིད་ཡིན་ནོ། །དེ་ལྟར་སྐུ་གསུམ་བསྟན་ནས། བཞི་པ་སྤྲུལ་པའི་སྐུ་བྱིས་པའི་སྐྱེ་བོ་ཐམས་ཅད་དང་ཐུན་མོང་བ། གང་
གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་བྱ་བ་གསུངས་ཏེ། ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་གང་གིས་འཁོར་བ་ཇི་སྲིད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་
འདོད་པའི་དོན་མཉམ་པ་ཉིད་དུ་མཛད་པའི་སྐུ་དེ་ནི་རྒྱུན་ཆགས་པ་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་རྒྱུན་མི་འཆད་པ་ཡིན་ནོ། །དེ་ལྟར་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་བསྒོམས་པའི་སྟོབས་ལས་བྱུང་བ་སངས་རྒྱས་ལ་སོགས་པའི་ཡུལ་ཉིད་དུ་ཡེ་ཤེས་ལ་སོགས་པ་
ལ་ལྟོས་ནས་རབ་ཏུ་བརྟགས་པའི་སྐུ་གསུམ་བསྟན་ནས། ཀུན་རྫོབ་ཏུ་ཡེ་ཤེས་ཁོ་ན་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པར་སྣང་བ་སྐྱེད་པའི་སྒོ་ནས་དོན་བྱ་བ་མཛད་པས་ན། གདུལ་བྱའི་སྐྱེ་བོའི་སྣང་བ་ལ་བརྟེན་པའི་ལས་དེའི་བདག་པོ་ལ་བརྟེན་ནས་བྱུང་བ་རྣམས་ནི་ཆོས་ཀྱི་སྐུའི་
ཡིན་ནོ་ཞེས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་འདི་རྒྱུན་མི་འཆད་པར་འདོད། །འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམ་བཞི་ལ་དགོད་པ་དང་། །ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང་། །སེམས་ཅན་རྣམས་དོན་ཇི་བཞིན་གྱི། །
དོན་དང་ཕ་རོལ་ཕྱིན་དྲུག་དང་། །སངས་རྒྱས་ལམ་དང་རང་བཞིན་གྱིས། །སྟོང་པ་ཉིད་དང་གཉིས་ཟད་དང་། །བརྡ་དང་དམིགས་པ་མེད་པ་དང་། །ལུས་ཅན་རྣམས་ནི་ཡོངས་སྨིན་དང་། །བྱང་ཆུབ་སེམས་དཔའི་ལམ་དང་ནི། །མངོན་པར་ཞེན་པ་བཟློག་པ་དང་། །བྱང་

ཆུབ་ཐོབ་དང་སངས་རྒྱས་ཞིང་། །རྣམ་པར་དག་དང་ངེས་པ་དང་། །སེམས་ཅན་དོན་ནི་ཚད་མེད་དང་། །སངས་རྒྱས་བསྟེན་སོགས་ཡོན་ཏན་དང་། །བྱང་ཆུབ་ཡན་ལག་ལས་རྣམས་ནི། །ཆུད་མི་ཟ་དང་བདེན་མཐོང་དང་། །ཕྱིན་ཅི་ལོག་ནི་སྤངས་པ་དང་། །དེ་གཞི་མེད་པའི་ཚུལ་དང་
ནི། །རྣམ་པར་བྱང་དང་ཚོགས་དང་ནི། །འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང་། །མྱ་ངན་འདས་ལ་དགོད་པ་སྟེ། །ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་བྱ་བ་གསུངས་ཏེ། དང་པོར་འགྲོ་བ་བཟང་པོ་དང་བཟང་པོ་མ་
ཡིན་པ་ལ་མངོན་པར་ཞེན་པ་མེད་པར་གནས་པའི་མཚན་ཉིད་འགྲོ་བ་རབ་ཏུ་ཞི་བའི་ཕྲིན་ལས་མཛད་ནས། སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོ་བཞི་ལ་བཀོད་དེ། ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་པས་མི་མཐུན་པའི་ཕྱོགས་དང་གཉེན་པོ་དོར་བ་དང་བླང་བར་བྱ་
བའི་སྒོ་ནས་རྟོགས་པར་མཛད་ནས། སྒྱུ་མ་མཁན་བཞིན་དུ་རྗེས་སུ་ཆགས་པ་ལ་སོགས་པས་རྣམ་པར་དབེན་པ་ཉིད་ཀྱིས་སེམས་ཅན་གྱི་དོན་ཏེ་གཞན་གྱི་དོན་བྱམས་པ་ལ་སོགས་པའི་མཚན་ཉིད་ཇི་ལྟ་བའི་བདག་ཉིད་ལ་བཀོད་དེ། དེའི་རྗེས་ལ་རང་གི་དོན་འཁོར་
གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གོམས་པ་ལའོ། །དེའི་འོག་ཏུ་རང་དང་གཞན་གྱི་དོན་གྱི་མཚན་ཉིད་སངས་རྒྱས་ཀྱི་ལམ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་ལའོ། །དེ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་གོམས་པ་
ལའོ། །དེའི་རྗེས་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་དང་པོ་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་རྟོགས་པའི་མཚན་ཉིད་གཉིས་སུ་མེད་པའི་ཆོས་ལའོ། །དེ་ནས་ཚོགས་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པས་ས་གཉིས་པ་ལ་སོགས་པར་ཚུལ་ཁྲིམས་ལ་སོགས་
པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཐམས་ཅད་བརྡར་བཏགས་པའི་ཤེས་པ་ལ་འགོད་དོ། །དེ་བཞིན་དུ་རིམ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་དྲུག་པ་ལ་ཤེས་པ་དང་། ཤེས་བྱའི་དངོས་པོར་མངོན་པར་མ་ཞེན་པའི་མཚན་ཉིད་ཆོས་ཐམས་ཅད་དམིགས་སུ་

མེད་པ་ལའོ། །དེའི་འོག་ཏུ་ས་བདུན་པ་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལའོ། །དེ་ནས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་ས་བརྒྱད་པ་ལ་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་བྱང་ཆུབ་
སེམས་དཔའི་ལམ་ལའོ། །དེ་ནས་དེ་ཉིད་ལ་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་སྤངས་པ་ལའོ། །དེའི་རྗེས་ལ་ས་དགུ་པ་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་མཐུས་བྱང་ཆུབ་ཐོབ་པ་ལའོ། །དེའི་འོག་ཏུ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་ས་བཅུ་པ་ལ་སངས་རྒྱས་ཀྱི་ཞིང་
སྣ་ཚོགས་རྣམ་པར་དག་པ་ལ་བཀོད་ནས། ཡང་དེ་ཉིད་ལ་སྐྱེ་བ་གཅིག་གིས་ཐོགས་པའི་རང་གི་ངོ་བོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སོ་སོར་ངེས་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་དོན་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་དྲུང་
དུ་ཉེ་བར་འགྲོ་བ་ལ་སོགས་པའི་ཡོན་ཏན་ལ་བཀོད་དེ། དེ་ལྟ་བུའི་རིམ་པས་ཡང་དེ་ཉིད་ལ་ཁྱད་པར་གྱི་ལམ་གྱི་རང་གི་ངོ་བོ་བྱང་ཆུབ་མཐའ་དག་འདྲེན་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་བྱང་ཆུབ་ཀྱི་ཡན་ལག་དང་། ལས་དང་འབྲས་བུར་འབྲེལ་པ་ཆུད་མི་ཟ་བ་དང་། དངོས་པོ་ཐམས་
ཅད་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པ་དང་། ཕྱིན་ཅི་ལོག་ཐམས་ཅད་སྤངས་པ་དང་། ཕྱིན་ཅི་ལོག་གཞི་མེད་པ་སྤངས་པའི་ཡེ་ཤེས་དང་། རང་བཞིན་གྱིས་ཡོངས་སུ་དག་པའི་མཚན་ཉིད་ཀྱི་བྱང་ཆུབ་སེམས་དཔའི་རྣམ་པར་བྱང་བ་དང་། དྲི་མ་ཐམས་ཅད་དང་བྲལ་བའི་
རྣམ་པར་བྱང་བའི་རྒྱུའི་ཚོགས་དང་། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་འདུས་བྱས་དང་འདུས་མ་བྱས་ཐ་མི་དད་པར་ཡོངས་སུ་ཤེས་པ་ལ་བཀོད་ནས། དེ་བཞིན་གཤེགས་པའི་ས་ལ་མྱ་ངན་ལས་འདའ་བ་ལ་འགོད་པར་མཛད་དེ། དེ་ལྟར་ན་ཆོས་ཀྱི་སྐུ་བཞིན་དུ་འདིའི་ཕྲིན་ལས་རྣམ་པ་
ཉི་ཤུ་རྩ་བདུན་ཡང་འཁོར་བ་ཇི་སྲིད་པར་བཞེད་པས་མཛད་པ་ཡིན་ནོ། །སེམས་བསྐྱེད་པ་དང་པོ་དང་ཐ་མའི་ལས་བསྟན་པའི་གོ་རིམས་བསྟན་པའི་རིམ་པས་ལྷག་མ་བར་གྱི་ཚིག་གི་དོན་རྣམས་ཀྱི་གོ་རིམས་ཀྱང་ཁོང་དུ་ཆུད་པར་བྱ་སྟེ། ཚིག་མངས་སུ་དོགས་པས་བདག་གིས་ནི་

མ་བྲིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས། སྐབས་བརྒྱད་པའི་འགྲེལ་པའོ།། །།རྒྱས་པ་ལ་དགའ་བའི་སེམས་ཅན་ལ་ཕན་གདགས་པར་དེ་ལྟར་དོན་བརྒྱད་ཀྱི་སྒོ་ནས་རྣམ་པར་བཤད་ནས། ཡང་གཞན་དུ་རྣམ་
པར་བཤད་པ། མཚན་ཉིད་དེ་ཡི་སྦྱོར་བ་དང་། །དེ་རབ་དེ་ཡི་གོ་རིམས་དང་། །དེ་མཐའ་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་གཞན་ཏེ་རྣམ་པ་དྲུག །ཅེས་བྱ་བ་གསུངས་ཏེ། དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་མངོན་པར་མཚོན་པའི་གནས་
ཉིད་ཡིན་པས་མཚན་ཉིད་དོ། །དེ་ནས་དབང་དུ་བྱ་བའི་ཕྱིར་འདིས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པ་ལ་སྦྱོར་བས་ན་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བའོ། །དེ་ནས་ཤིན་ཏུ་གོམས་པས་ཕུལ་དུ་བྱུང་བར་འགྲོ་བའི་ཕྱིར་རྩེ་མོའི་མངོན་པར་
རྟོགས་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རབ་ཀྱི་གནས་སྐབས་ཡིན་ནོ། །དེ་ནས་རྟོགས་པའི་དངོས་པོ་ངེས་པར་བྱ་བའི་ཕྱིར་སོ་སོ་བ་དང་མཐའ་དག་ཏུ་རྣམ་པར་བསྒོམས་པའི་དོན་གཞུང་སྲོང་བར་བྱེད་པས་མཐར་གྱིས་པའི་མངོན་པར་རྟོགས་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་གོ་རིམས་ཀྱི་
གནས་སྐབས་ཡིན་ནོ། །དེ་ནས་ཁྱད་པར་དུ་འགྲོར་མེད་པས་ཡང་དག་པར་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མཐར་ཐུག་པའི་གནས་སྐབས་ཡིན་ནོ། །དེ་ནས་དེའི་འབྲས་བུ་ཡིན་པས་ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ནི་ཐམས་
ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པར་སྨིན་པ་ཡིན་ནོ། །དེ་ལྟར་ན་ཡུམ་ཐམས་ཅད་ཀྱི་དོན་བསྡུས་པ་གཞན་རྣམ་པ་དྲུག་སྟེ། སྔ་མ་ཁོ་ན་བཞིན་དུ་བཤད་པར་བྱ་བ་ཡིན་ནོ། །བར་མ་ལ་དགའ་བའི་སེམས་ཅན་ལ་ཕན་གདགས་པར་དེ་ལྟར་དོན་བསྡུས་པ་དྲུག་གི་སྒོ་ནས་རྣམ་པར་བཤད་ནས།
ཡང་མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་ལ་ཕན་གདགས་པར་གཞན་དུ་རྣམ་པར་བཤད་པ། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །སྦྱོར་བ་བཞི་ཡི་བདག་ཉིད་དང་། །ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །ཞེས་བྱ་བ་གསུངས་ཏེ། དང་པོར་རྣམ་པ་ཐམས་ཅད་མཁྱེན་

པ་ཉིད་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ངོ་བོ་ཉིད་ནི་འཇུག་པའི་ཡུལ་གྱི་རྒྱུ་ཡིན་ནོ། །དེ་ཇི་ལྟར་རབ་ཏུ་སྦྱོར་ཞེ་ན། དེའི་འོག་ཏུ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་རྣམ་པ་བཞི་ནི་སྦྱོར་བ་ཡིན་ནོ། །སྦྱོར་བ་དེ་ལྟ་བུ་དང་
ལྡན་པའི་རྒྱུ་དེའི་འབྲས་བུ་ཅི་ཞིག་ཡིན་ཞེ་ན། དེའི་འོག་ཏུ་ཆོས་ཀྱི་སྐུ་ཕྲིན་ལས་དང་བཅས་པ་ནི་འབྲས་བུ་ཡིན་པས། རྒྱལ་བའི་ཡུམ་རྣམ་པ་གསུམ་གྱི་དོན་བསྡུས་པ་གཞན་རྣམ་པ་གསུམ་སྟེ། དེ་ཁོ་ན་བཞིན་དུ་བཤད་པར་བྱ་བ་ཡིན་ནོ། །ལ་ལ་ལས་དོན་གཞན་ལས་ཚིག །གཞན་ལས་རྣམ་གྲངས་
མིང་གིས་ཏེ། །མཁས་པ་རྣམས་ཀྱིས་ཡུམ་ཀུན་ལའང་། །དོན་བསྡུས་དེ་ཙམ་ཤེས་པར་བྱ། །དེ་ལྟ་མིན་ན་ཐམས་ཅད་ཀྱི། །རིམ་པ་ལེགས་པར་བསྡུས་མ་ཡིན། །དེ་ལ་བསྡུས་སོགས་རབ་དབྱེ་བས། །ཁྱད་པར་ཡོད་པ་ཁོ་ནར་ཟད། །འཕགས་པ་རྣམ་པར་གྲོལ་སྡེ་ཡི། །མཐུ་ཡིས་དོན་མཐོང་སྒོ་
ནས་ནི། །གོ་བར་སླ་ཕྱིར་ཚིག་དང་ནི། །ངག་སོགས་སྦྱོར་བ་མ་བྱས་པར། །མཁན་པོ་ཡང་དག་རྣམ་སྣང་མཛད། །བླ་མ་བཟང་ལ་ཕྱག་འཚལ་ནས། །ཚིག་ལེའུར་བྱས་པའི་འགྲེལ་གསལ་བ། །འདི་ནི་སེང་གེ་བཟང་པོས་བྱས། །དེ་བསྡེབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་
པ། །དེ་ཡིས་སྐྱེ་བོ་ཐམས་ཅད་ནི། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །ཤེས་རབ་མི་གསལ་བསྟན་བཅོས་ཀུན། །ཕྱི་རོལ་གྱུར་བདག་གང་ན་ཞིག །འཕགས་བློའི་སྤྱོད་ཡུལ་བདག་ཉིད་ཆེ། །བསྟན་བཅོས་དོན་ནི་གང་ན་ཡིན། །འོན་ཀྱང་སྤྱོད་ཡུལ་མ་ཡིན་ལ། །རང་དང་གཞན་གྱི་དོན་གྱི་ངོར། །བདག་གིས་
འབད་བགྱིས་ནོངས་པ་ལ། །སྐྱེ་བོ་མཁས་རྣམས་བཟོད་པར་མཛོད། །ཀྱེ་མ་གཞུང་ལུགས་སྣ་ཚོགས་ཀྱིས། །དུབ་པ་བདག་གིས་ངལ་གསོའི་གནས། །ཤེས་རབ་ཕ་རོལ་ཕྱིན་པའི་ལུགས། །རིང་མོ་ཞིག་ནས་མཐོང་བ་ཡིན། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ།
སློབ་དཔོན་སེང་གེ་བཟང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷཱ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། །སླད་ཀྱིས་པཎྜི་ཏ་དཔལ་གོ་མི་འཆི་མེད་ལ་སོགས་པ་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ལེགས་པར་གཏན་ལ་ཕབ་པའོ།།

༄༅༅། །རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡཱ་ལངྐཱ་ར་པྲཛྙཱ་པཱ་ར་མི་ཏོ་པ་དེ་ཤ་ཤཱསྟྲ་བྲྀཏྟི་དུ་ར་བ་བོ་དྷཱ་ལོ་ཀནཱ་མ་ཊཱི་ཀཱ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་རྟོགས་པར་དཀའ་བའི་སྣང་བ་ཞེས་བྱ་
བའི་འགྲེལ་བཤད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བྱང་ཆུབ་ཤིན་ཏུ་རྣམ་དག་པ། །མི་ཕམ་ལ་བཏུད་དེས་མཛད་ཚིག་ལེའུར་བྱས། །སེང་གེ་བཟང་
པོའི་དཔལ་གྱི་ཞལ་སྔའི་འགྲེལ། །ཚིག་དོན་རྟོགས་དཀའི་ཚོགས་ནི་བཤད་པར་བྱ། །གང་ཕྱིར་རྒྱལ་བས་མི་ཁོམ་ཐམས་ཅད་ནི། །དད་པས་སྤོང་བར་འགྱུར་ཞེས་གསུངས་པས་ན། །དེ་ཕྱིར་འདི་ནི་ཡང་དག་རྩོམ་པ་ལ། །སྐྱེ་བོ་དམ་པ་རྣམས་ཀྱིས་བཟོད་པར་མཛོད། །གཞུང་
རྩོམ་པ་ཐམས་ཅད་ལ་རྟོག་པ་དང་ལྡན་པ་ཕལ་ཆེར་དེ་མཐར་ཕྱིན་པར་བྱ་བའི་ཕྱིར་དང་། །ཐོས་པ་ལ་སོགས་པ་ལ་འཇུག་པ་རྣམས་གེགས་མེད་པར་བྱ་བའི་ཕྱིར། རང་གི་དད་པའི་ལྷ་ལ་ཕྱག་འཚལ་བ་ཡིན་པས། ཐོག་མར་རྒྱལ་བའི་ལྷ་ལ་ཕྱག་འཚལ་བ་ནི། ཤེས་རབ་ཕ་
རོལ་ཕྱིན་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཤེས་རབ་ནི་ཐོས་པ་ལ་སོགས་པའི་རང་བཞིན་གྱིས་ཤེས་པའོ། །དེའི་ཕ་རོལ་ཏུ་ཕྱིན་པ་ནི་རབ་ཀྱི་མཐར་སོན་པ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་དང་། དེའི་དོན་གྱི་ལམ་དང་གཞུང་དག་ནི་དངོས་དང་
བཏགས་པའི་དབྱེ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་གསུམ་ཡིན་ནོ། །དེ་ལ་ཕྱག་འཚལ་བ་ནི་ལུས་ལ་སོགས་པ་གུས་པས་རབ་ཏུ་འདུད་པའོ། །ཅི་ཞིག་གི་དོན་དུ་ཞེ་ན། དེ་རྒྱན་ཏེ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུར་གྱུར་པ་ཉིད་ཡིན་པའི་ཕྱིར་
མངོན་པར་རྟོགས་པ་རྣམ་པ་བརྒྱད་ནི་ཡུལ་དེའི་རྒྱན་ཡིན་ནོ། །དེའི་ཚིག་ལེ་འུར་བྱས་པ་དག་ནི་དེའི་ངོ་བོའི་དོན་རྟོགས་པ་རྫོགས་པར་བྱེད་པའི་ཚིགས་སུ་བཅད་པའི་སྡེབ་སྦྱོར་དུ་བྱས་པ་ཡུམ་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་རྒྱ་ཆེར་བཤད་པ་རྣམ་པར་དབྱེ་བ་སྟེ། ཆར་

ཕྱེ་བས་ཉེ་བར་བསྟན་པའོ། །ཇི་ལྟར་ཞེ་ན། སྟོང་ཕྲག་བརྒྱ་པ་ལ་སོགས་པའི་དོན་བཤད་པ་བརྒྱན་པའི་ཕྱིར་མངོན་པའི་སྡེ་སྣོད་ལ་སོགས་པ་ཀུན་གྱི་རྒྱན་དུ་འགྱུར་བའོ། །དེར་འགྱུར་བ་ནི་བསམ་པ་སྟེ། དེས་དེ་བསྟན་པ་ཡིན་པའི་ཕྱིར་རོ། །ཕྱིར་
ཞེས་བྱ་བ་ནི་དེ་ལྟར་བདག་གིས་འཕགས་པ་བྱམས་པའི་དགོངས་པ་ཤེས་པར་གྱུར་པས་སོ། །ཅི་རབ་ཏུ་བྱེད་པའི་རྣམ་པར་བཤད་པ་གཞན་དག་ཀྱང་ཡོད་དམ་ཞེ་ན། ཡོད་པའི་ཕྱིར་འགྲོ་ལ་ཆགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཕགས་པ་སྟེ་ཉོན་མོངས་པ་
དང་བྲལ་བ་ལྟ་བུར་ཆགས་པ་མེད་པར་སེམས་ཅན་གྱི་དོན་ལ་ཀུན་ཏུ་ཆགས་པར་མཛད་པ་གང་ཡིན་པ་དེས་ཀུན་ཏུ་ཆགས་པའོ། །དོན་འདི་ཉིད་ནི། འགྲོ་ལ་ཆགས་པ་ཀུན་ཆགས་མཛད། །ཅེས་སྨོས་པ་ཡིན་ཏེ། འགྲོ་བ་ལ་ཆགས་པ་གང་ཡིན་པ་དེ་ནི་འགྲོ་བ་ལ་ཆགས་པ་སྟེ།
བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་དང་འདྲ་བར་ཀུན་ཏུ་ཆགས་པར་མཛད་པ་གང་ཡིན་པ་དེས་སོ། །དེ་ཉིད་ཀྱིས་ན་སྐྱོབ་པ་སྟེ། རང་གིས་གཟིགས་པའི་ལམ་སྟོན་པས་སེམས་ཅན་རྗེས་སུ་སྐྱོང་བར་མཛད་པའི་ཕྱིར་རོ། །རྣམ་བཤད་ནི་ཁྱད་པར་ཅན་གྱི་དོན་སྟོན་
པའོ། །མཛད་པ་ནི་རྣམ་པར་སྦྱར་བའོ། །གང་གིས་ཤེ་ན། བསྟན་བཅོས་ཆེན་པོས་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དོན་མ་ལུས་པ་སྡུད་པར་བྱེད་པས་བསྟན་བཅོས་ཆེན་པོ་སྟེ། མངོན་པར་རྟོགས་པའི་རྒྱན་ཞེས་བྱའོ། །ཅི་དཔྱད་པས་སམ་
ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པས་མཛད་དམ་ཞེ་ན། མ་ཡིན་དེ་ཉིད་ཀྱིས། མི་ཕམ་མགོན་ལས་གསན་ནས་ནི། །ཞེས་སྨོས་པ་ཡིན་ཏེ། ལྷ་དང་མི་རྣམས་ཀྱི་དམ་པར་གྱུར་པ་ཡིན་པའི་ཕྱིར་དང་། འཇིག་རྟེན་གྱི་གཙོ་བོར་གྱུར་པ་ཉིད་ཀྱིས་ན་དབང་ཕྱུག་ཆེན་པོ་ལ་
སོགས་པས་མི་ཐུབ་པའི་ཕྱིར་མི་ཕམ་མོ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་གསན་ནས་ལེགས་པར་བསམས་ཤིང་བསྒོམས་པས་བསྟན་པར་བྱས་ནས་ཞེས་བྱ་བར་དོན་གྱིས་ཤེས་སོ། །འདི་ནི་ཏིང་ངེ་འཛིན་བརྙེས་པ་ཉིད་ཡིན་ན་ཡང་ཇི་ལྟར་ལྷག་པར་མོས་པས་ཚིག་ལེའུར་བྱས་པས་མཛད་

པ་པོ་ལས་མངོན་སུམ་དུ་གསན་པ་ཉིད་ཡིན་པས་སྡུད་པ་པོ་དང་འདྲ་བར་འདིར་ཚད་མའི་སྐྱེས་བུར་གྱུར་པ་ཡིན་ལ། འདིར་གཞན་དག་ཐོས་པ་མང་བ་ཡང་ཡིན་ཞིང་དྲན་པ་ཡང་ཤེས་པ་བཞིན་བསྡུས་པ་བྱས་པ་ཉིད་ནི་འདིར་ཅི་ཞིག་ལྟར་འགྲེལ་པ་བྱེད་པ་ལ་དབང་བ་ཡིན་
ན། མཁས་པར་རློམ་པ་གཞན་དག་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བར་དགོངས་སོ། །ཕྱི་རོལ་གྱི་ཤེས་བྱ་མེད་པ། ནང་གི་ཤེས་བྱ་ལ་བརྟེན་ཅིང་སེམས་ཙམ་པའི་གཞུང་ལ་གནས་པ་ཉིད་ཡིན་པ་དེ་ནི་འགྲོ་དོན་རྩ་ལག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འགྲོ་
བ་ལ་མངོན་པར་འདོད་པ་ངེས་པར་ལེགས་པའི་རྒྱུ་ཁ་ན་མ་ཐོ་བ་མེད་པའི་ལམ་ཡང་དག་པར་སྟོན་པར་མཛད་པས་ན་རྩ་ལག་གོ། །དོན་འདི་ཉིད་ནི་འགྲོ་དོན་ཞེས་བྱ་བ་སྨོས་པ་ཡིན་ཏེ། འདོད་པའི་དོན་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །སུ་ཞིག་ཅེ་ན་དབྱིག་གཉེན་
ཞེས་བྱ་བའོ། །རང་གི་མོས་པ་གཙོར་བྱེད་པས། །ཞེས་བྱ་བ་ནི་རང་གི་གཞུང་ལུགས་ལ་མངོན་པར་ཞེན་པས་སོ། །རྣམ་པར་བཀྲོལ་ཞེས་བྱ་བ་ནི་བཤད་པ་སྟེ། བསྟན་བཅོས་ཆེན་པོ་ཞེས་བྱ་བར་རྗེས་སུ་སྙེགས་སོ། །འཕགས་པའི་ཁོངས་སུ་གཏོགས་པ་ཡི། །ཞེས་
བྱ་བའི་ཏིང་ངེ་འཛིན་ཐོབ་པ་ཡིན་པའི་ཕྱིར་རོ། །རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཁྱད་པར་ཅན་གྱི་བདག་མེད་པ་ལ་ལྷག་པར་མོས་པ་ཉིད་ཡིན་པའི་ཕྱིར། དབུ་མར་གནས་པའི་བློས་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ལ་སོགས་པའི་མཐའ་སྤངས་པའི་དབུ་མའི་ཤེས་པས་བསྟན་
བཅོས་ཆེན་པོ་རྣམ་པར་ཕྱེ་བ་ཡིན་ནོ། །སྔོན་ཆད་རྣམ་པར་ཕྱེ་ཟིན་པས་འདི་ནི་རིགས་པ་མ་ཡིན་ནམ་ཞེ་ན། དེས་བྱས་བྱས་པ་མིན་མཐོང་ནས། །ཞེས་བྱ་བ་སྨོས་ཏེ། སྔར་བཤད་པའི་སློབ་དཔོན་དག་གིས་བྱས་པའི་འགྲེལ་པ་རྣམ་པར་ཤེས་པ་ཙམ་གྱི་གཞུང་རང་
བཞིན་དང་བཅས་པའི་འཇུག་པ་ཡིན་པའི་ཕྱིར་ཇི་ལྟ་བ་ཉིད་མ་ཡིན་ནོ་ཞེས་ཤེས་ན་དེའི་ཕྱིར་རྣམ་པར་གྲོལ་བའི་སྡེས་བདག་མེད་པ་ལ་ལྷག་པར་མོས་པའི་སྟོབས་ཀྱིས་མུ་སྟེགས་པ་མ་ལུས་པའི་གཞུང་མཐའ་དག་བཅོམ་ནས་རང་དང་རྗེས་སུ་མཐུན་པའི་བླ་མའི་ཚིག་གི་བདག་

ཉིད་ཀྱི་ཤེས་པ་གསལ་བར་བྱས་པའི་དབང་གིས་བསྟན་བཅོས་ཆེན་པོ་རྣམ་པར་བཤད་དོ་ཞེས་སྔ་མ་དང་སྦྱར་རོ། །འདི་སྙམ་དུ་སེམས་ཏེ། གལ་ཏེ་བཅོམ་ལྡན་འདས་ཡུམ་གྱི་ཡེ་ཤེས་ཡོད་པའི་ངོ་བོ་ཡིན་ན་ནི་ཡོད་པར་འཛིན་པས་ཡང་དག་པར་གྲོལ་བར་
མི་འགྱུར་ཞིང་གཞུང་ཡང་དྲང་བའི་དོན་དུ་འགྱུར་རོ། །སྒྱུ་མ་ལྟ་བུའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ནི་སྒྲ་ཇི་བཞིན་པ་ཉིད་ཡིན་པའི་ཕྱིར་བཤད་པ་རྟོགས་སླ་བ་དང་། ཡོད་པ་དང་མེད་པ་ལ་སོགས་པའི་མཐའ་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་ཡང་དག་པར་གྲོལ་བར་
འགྱུར་རོ། །དེ་ཡང་དབུ་མ་ལ་འཇུག་པ་ལས། སློབ་དཔོན་ཀླུ་སྒྲུབ་ཞལ་སྔའི་ལམ་ནས་ནི། །ཕྱི་རོལ་གྱུར་པའི་ཞི་བའི་ཐབས་མ་ཡིན། །དེ་ནི་ཀུན་རྫོབ་ཡང་དག་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་པ་གྲུབ་ཡོད་མིན། །ཞེས་བཤད་པ་དང་། དབུ་མའི་དེ་ཁོ་
ན་ཉིད་ནི་དེའི་རིགས་ཁོ་ན་ལ་རིགས་པ་ཡིན་ཏེ། འདི་ཉིད་ལས། སོ་སོའི་སྐྱེ་བོ་ཉིད་ན་འང་སྟོང་ཉིད་ཐོས། །ནང་གི་དགའ་བ་ཡང་དང་ཡང་དུ་ཐོབ། །དགའ་བ་ལས་བྱུང་མིག་ནི་མཆི་མས་བརླན། །ལུས་ཀྱི་སྤུ་ལྡང་བ་ཡང་སྐྱེ་བར་འགྱུར། །ཞེས་གང་བཤད་པ་ཡིན་ནོ། །
འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱི་དང་། འཕགས་པ་བྱམས་པ་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་དང་འདྲ་བར་རང་གི་བསམ་པའི་དབང་གིས་སེམས་ཅན་གྱི་དོན་དུ་རྟོགས་པ་ཡིན་པས་ཉེས་པ་མེད་དོ། །ཡང་རང་དང་རྗེས་མཐུན་ཙམ་དུ་ཞེས་བྱ་
བ་འདིའི་དོན་ནི་དེའི་འོག་ཏུ་རྣམ་གྲོལ་སྡེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དད་པ་ཉིད་རྟེན་དུ་གྱུར་པས་ས་ཡིན་ཏེ། དེ་ལ་གནས་པ་ཡིས་ཞེས་བྱ་བ་ཡིན་ནོ། །དད་པ་དང་ལྡན་པ་སྟེ། བཅོམ་ལྡན་འདས་ཀྱིས་དད་པས་མི་ཁོམ་སྤང་བར་འགྱུར་རོ་ཞེས་གང་གསུངས་པ་
ཡིན་ནོ། །བསྟན་བཅོས་མཐའ་དག་མ་རྙེད་པར། །ཞེས་བྱ་བ་ནི་སྔར་སྨོས་པའི་བཤད་པའི་བསྟན་བཅོས་མ་ལུས་པ་དེ་མཛད་པ་པོ་ལས་མངོན་སུམ་དུ་མ་ཐོས་པའམ་མ་མཐོང་བའོ། །ཡང་ཆོས་མངོན་པའི་སྡེ་སྣོད་ལ་སོགས་པར་བཤད་པའི་བསྟན་བཅོས་མ་རྙེད་པའོ། །

ད་ནི་སྔར་སྨོས་པའི་བཤད་པ་དང་རྗེས་སུ་མཐུན་པ་ཉིད་ཡིན་པའི་ཕྱིར། རང་བློའི་ཆེ་བའི་བདག་ཉིད་ནི། །དེ་ལྟར་མཁས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར་ཞེས་བྱ་བ་ནི་ཚུལ་དེ་ལྟར་རོ། །མཁས་པས་སྣང་བྱས་ཤིང་ཞེས་བྱ་བ་ནི་འཕགས་པ་ཐོགས་མེད་ལ་སོགས་
པས་རྣམ་པར་སྦྱར་བའི་ཡེ་ཤེས་ཀྱི་སྒྲོན་མས་སོ། །ཁ་ཅིག་གིས་ནི་ཞེས་བྱ་བ་ནི་བདག་ལས་གཞན་པའི་མཁས་པ་མཉམ་པར་གཞག་པ་རྣམས་ཀྱིས་སོ། །བསྟན་བཅོས་ཀུན་ཞེས་བྱ་བ་ནི་རབ་ཏུ་བྱེད་པར་གྲགས་པའོ། །མ་རྙེད་པ་ནི་མ་མཐོང་བ་འམ་མ་ཐོས་པའོ། །འདི་རྙེད་
པ་ནི་བསྟན་བཅོས་གསལ་བར་བྱས་པ་རྙེད་ཅིང་ཉེ་བར་དམིགས་པ་སྟེ། ཡང་དག་པའི་ཤེས་པའི་རང་བཞིན་ཞེས་བྱ་བ་ནི་ལྷག་མའོ། །མ་ཡིན་ན་ཡང་བདག་ཉིད་ཀྱིས་བསྟན་བཅོས་སྣ་ཚོགས་བལྟས་པས་བློའི་ཁ་ཤིན་ཏུ་ཕྱེ་བར་གྱུར་པས་སྙིང་པོ་མདོར་བསྡུས་པའི་རབ་ཏུ་བྱེད་
པའི་དོན་སྣ་ཚོགས་མཐོང་བའི་ནུས་པ་ཡོད་པ་ནི་ངོ་མཚར་བ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་ན་གཞན་རྣམས་ཀྱི་རྣམ་པར་དབྱེ་བ་དོན་དང་བཅས་པའི་སྐབས་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་ལྟས་ཤིན་ཏུ་རྙེད་དཀའ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཤིན་ཏུ་
རྙེད་དཀའ་བ་ཞེས་བྱ་བ་ནི་བསོད་ནམས་བསགས་པ་ཉིད་ཀྱིས་རྙེད་པ་ཉིད་ཡིན་པའི་ཕྱིར་རོ། །ཟབ་མོའི་ལམ་ཅན་ཞེས་བྱ་བ་ནི་མངོན་པར་རྟོགས་པ་བརྒྱད་ཇི་ལྟར་བྱམས་པས་ཐུགས་སུ་ཆུད་པའི་བདག་མེད་པས་ཟིན་པ་ཉིད་ཡིན་པའི་ཕྱིར་རིགས་པ་དང་མི་ལྡན་པ་དག་གིས་
ངེས་པར་བཟུང་བར་མི་ནུས་པ་ཡིན་པ་ལས་ཅི་ཞིག་ལྟར་རྣམ་པ་འགའ་ཞིག་གིས་བལྟས་ཏེ། སངས་རྒྱས་ཀྱི་དབང་གིས་རྙེད་པ་སྟེ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཐོབ་པ་ནི་མཁས་པ་རྣམས་ཀྱིས་དབྱེ་བའི་རིགས། བདག་ཀྱང་འགྲོ་བའི་དོན་འགྲོ་བར་
དམ་བཅས་པ་ཡོད་པས་བདག་གི་རྣམ་པར་ཕྱེ་བ་དང་དེ་རྣམས་ཀྱི་རྣམ་པར་ཕྱེ་བ་ལ་འགལ་བ་ཅི་ཞིག་ཡོད། སྔོན་སངས་རྒྱས་པ་ཡོད་དོ་ཞེས་ཏེ། དེ་ལྟར་མི་བྱ་བ་མ་ཡིན་ཞིང་། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་སེམས་ཅན་ཐམས་ཅད་ལ་

རྒྱལ་བ་མ་ལུས་པའི་བསྟན་པ་དོན་མེད་པར་ཐལ་བར་འགྱུར་རོ། །ལ་ལར་བཤད་པ་ཁ་ཅིག་གིས་མི་འདུལ་བ་ཡང་མ་ཡིན་ཏེ། སངས་རྒྱས་དང་འདྲ་བར་དེ་རྣམས་ཀྱི་ཡང་དམ་བཅས་པ་མཉམ་པ་ཡིན་ནོ། །ལ་ལར་རྣམ་པར་དབྱེ་བ་ཡོངས་སུ་རྫོགས་པ་
མེད་པ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་ལས་ཚིགས་སུ་བཅད་པ་གཅིག་གི་དོན་ཐོས་པ་ལ་སོགས་པས་འཚང་རྒྱ་བ་ཉིད་དུ་བསྔགས་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ཕུལ་དུ་བྱུང་བ་མཁས་པར་གྱུར་པ་དང་བཅས་པ་ཡིན་པ་དང་། བསམ་གཏན་
ལ་མཉམ་པར་གཞག་པའི་བློ་ཉིད་ཀྱིས་རྣམ་པར་དབྱེ་བའི་གོ་སྐབས་ཡོད་པ་ཉིད་ཡིན་ན་ཡང་བདག་ཉིད་ཁེངས་པ་མེད་པ་ཉིད་ནི་རྣམ་པ་ཀུན་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྒྱལ་བའི་སྤྱོད་ཡུལ་ཡིན་པའི་ཕྱིར་རྣམ་པ་ཀུན་ཏུ་ཐོས་པ་ལ་སོགས་པའི་རྣམ་པས་
ཀྱང་བདག་གི་སྤྱོད་ཡུལ་མ་ཡིན་ན་གང་གི་ཕྱིར་དེ་ལྟ་ཡིན་ན་ཡང་། རང་དང་གཞན་ལ་ཕན་གདགས་འདོད་ནས་ཞེས་བྱ་བ་བདག་དང་སེམས་ཅན་རྣམས་ཀྱི་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་མ་ལུས་པ་སྟེར་བ། བདག་གིར་བྱེད་པར་འདོད་པས། བསོད་ནམས་
དག་སྒྲུབ་དང་མཐུན་ཕྱིར། །ཞེས་བྱ་བར་རབ་ཏུ་བྱེད་པ་རྣམ་པར་བཤད་པ་ལས། བསོད་ནམས་སྐྱེད་པ་ལ་གུས་པའི་སེམས་བསྐྱེད་པ་སྟེ། ཡང་དག་པར་སྤྲོ་བ་ལ་བདག་འཇུག་པ་ཡིན་པ་སྟེ། རྣམ་པར་དབྱེ་བ་ཞེས་བྱ་བ་ནི་ལྷག་མའོ། །ད་ནི་རང་གི་གཞུང་ལུགས་
འཆད་པར་མཛད་པས་བསྟོད་པ་དང་ཕྱག་འཚལ་བའི་དབྱེ་བའི་མཆོད་པ་རྣམ་པ་གཉིས་འཆད་པའི་རབ་ཏུ་བྱེད་པའི་དོན་ཅི་ནས་གསལ་བར་འགྱུར་ཞེས་འཇུག་པ་ནི་འཕགས་པ་བྱམས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཕགས་པ་བྱམས་པ་ནི་སྡིག་པ་
མི་མངའ་བ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་བྱམས་པས་ཕན་འདོགས་པར་མཛད་པའི་ཚུལ་ཅན་ནོ། །རེ་ཞིག་ཐོག་མར་རྒྱལ་བའི་ཡུམ་གྱི་མངོན་པར་རྟོགས་པའི་དོན་བཤད་པར་རྩོམ་པ་ཉིད་ཡིན་ན་ཡང་དང་པོར་དེའི་ཡོན་ཏན་ཇི་ལྟ་བར་སྟོན་པ་སྔོན་དུ་འགྲོ་

བས་ཐོག་མར་ཡང་དག་པའི་ཡོན་ཏན་བརྗོད་དེ། ཕྱག་འཚལ་ཞིང་ལུས་ལ་སོགས་པས་གུས་པས་རབ་ཏུ་འདུད་པ་ནི་འཕགས་པ་བྱམས་པ་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བདག་ཉིད་ཡུམ་གྱི་དབང་གིས་བྱ་བ་བྱས་པ་རྙེད་པ་ཉིད་ཡིན་ཞིང་གདུལ་བྱ་གཞན་དག་
བཅོམ་ལྡན་འདས་མ་ཡོན་ཏན་རིན་པོ་ཆེ་ཕུལ་དུ་བྱུང་བའི་འབྱུང་གནས་ལ་ཞེས་བྱ་བ་དབང་ཕྱུག་དང་གཟུགས་བཟང་ལ་སོགས་པ་དང་ལྡན་པའམ། ཉོན་མོངས་པ་བག་ཆགས་དང་བཅས་པར་བཅོམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་གྱི་རྒྱ་
མཚོ་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་འབྱུང་གནས་ལ་དོན་གྱིས་ཞེས་བྱ་བར་མཐོང་བ་དང་། ངེས་པར་ལེགས་པའི་དོན་གྱི་དབང་གིས་འཇུག་པར་བྱ་བའི་ཕྱིར་ཏེ། དད་པ་དང་ཤེས་རབ་དག་ལས་སྐྱབས་གཞན་མེད་པའི་བསམ་པས་བསྒོམ་པ་ལ་སོགས་པ་ལ་འཇུག་པར་བྱ་
བའི་དོན་དུ་རབ་ཏུ་དང་བ་བསྐྱེད་པའི་ཆེད་ནི་ཡིད་བདེ་བ་ཡང་དག་པར་བསྐྱེད་པའི་དོན་དུའོ། །ཅི་འདིར་ཉེ་བར་བརྟགས་པས་སྦྱར་བ་ཡིན་ནམ། འོན་ཏེ་དེས་མངོན་སུམ་དུ་མཁྱེན་པ་ཡིན་ཞེ་ན། ཤེས་རབ་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ནི་སྔར་སྨྲས་ཟིན་ཏོ། །དེའི་ཡུལ་ནི་དེའི་རྟེན་ནོ། །རབ་ཏུ་དང་བ་ནི་མཉམ་པ་ལ་སོགས་པའི་ཡིད་བདེ་བའོ། །ལེགས་པ་ཐམས་ཅད་དེ་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་རྣམས་སོ། །འཐོབ་པའི་རྒྱུའི་གཙོ་བོ་ནི་དངོས་ཀྱི་རྒྱུ་ཡིན་ནོ། །དེ་ལ་རབ་ཏུ་དང་
བ་ལ་རང་བཞིན་གྱི་ནུས་པ་འདི་དག་ཇི་ལྟར་ཡོད་ཅེ་ན། བདག་ཉིད་དམ་པ་རྣམས་ཀྱི་སྤྱོད་པ་དང་མཐུན་པར་རབ་ཏུ་སྟོན་པས་ཞེས་བྱ་བ་སྨོས་ཏེ། རབ་ཏུ་དང་བའི་བདག་ཉིད་དེ། རང་ཉིད་ཀྱི་རང་བཞིན་ནི་ཏིང་ངེ་འཛིན་དམ་པ་དང་། དགེ་བ་བཅུ་ལ་སོགས་པའི་བྱ་བ་ལ་
འཇུག་པ་རབ་ཏུ་སྟོན་པས་སོ། །དེ་ལ་རབ་ཏུ་དང་བའི་རང་བཞིན་ནི་འདི་ཡིན་ཏེ། གང་གི་ཕྱིར་གདུལ་བྱའི་རྒྱུད་ལ་སྐྱེས་པ་ཙམ་གྱིས་རྣམ་པར་གཡེང་བ་དང་མི་དགེ་བ་ལས་སེམས་རྣམ་པར་ལོག་ནས་ཏིང་ངེ་འཛིན་དང་དགེ་བ་བཅུ་ལ་འཇུག་གོ། །དེའི་དབང་གིས་ཀྱང་དོན་ཐམས་ཅད་ཕུན་

སུམ་ཚོགས་པར་འགྱུར་རོ་ཞེས་བྱ་བར་དགོངས་ཏེ། བཅོམ་ལྡན་འདས་ཀྱིས། སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་རྣམས་ཀྱི། །རྣམ་པར་སྨིན་པ་འང་བསམ་མི་ཁྱབ། །
ཅེས་གང་གསུངས་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་དེ་བཞིན་དུ་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་ངེས་པར་བཟུང་ནས་ཞེས་བྱ་བ་ཐོས་པ་ལ་སོགས་པའི་རང་བཞིན་གྱི་ཤེས་པ་བསྒོམ་པའི་རབ་ཀྱི་མཐར་ཐུག་པ་ལ་འཇུག་པའི་མངོན་སུམ་གྱི་ཤེས་པས་ཉམས་སུ་མྱོང་ནས་དེའི་རྗེས་
ལས་བྱུང་བའི་རྣམ་པར་རྟོག་པས་ངེས་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངེས་པར་མཛད་པའི་ཏིང་ངེ་འཛིན་བརྙེས་པ་ལས་བྱུང་བ་ཉིད་ཀྱི་ཚིག་ནི་སླུ་བ་མི་སྲིད་པས་རྟོག་པ་དང་ལྡན་པ་རྣམས་ཤེས་རབ་བམ། དད་པས་འཇུག་པར་འགྱུར་གྱི་གཞན་ནི་མ་
ཡིན་ནོ་ཞེས་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་མདོ་ལས་བྱང་ཆུབ་སེམས་དཔའ་རྣམས་ལ་ལུགས་ཀྱི་བསྟན་བཅོས་ལ་སོགས་པ་བརྟག་ཅིང་སྦྱར་བའི་དོན་ནི་དྲན་པ་ཙམ་དུ་བཀག་པ་ཡིན་ནོ། །སྐབས་ཉིད་ཀྱིས་མཚམས་སྦྱར་བར་བྱ་སྟེ། བློ་ཕུལ་དུ་བྱུང་བ་མངའ་བའམ། མི་སླུ་བའི་
ཡེ་ཤེས་དང་ལྡན་པས་སངས་རྒྱས་ཏེ། ཉན་ཐོས་ལ་སོགས་པ་སློབ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ཡིན་པའི་ཕྱིར། ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་དང་ལྡན་ཡུམ་སྟེ། བསྐྱེད་པར་མཛད་པ་གང་ཡིན་པའི་ཡུམ་དེ་ལ་ཕྱག་འཚལ་བ་ནི་ལུས་ལ་སོགས་པས་གུས་
པས་ཕྱག་འཚལ་བའོ། །ད་ནི་དོན་ཐམས་ཅད་ཀྱི་གཞིར་གྱུར་པ་ཉིད་ཀྱིས་ན་ཡུམ་གྱི་ཆེ་བའི་བདག་ཉིད་ནི་ཉན་ཐོས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རང་གི་གདུལ་བྱ་རྣམས་ལ་ཚིག་གམ་ལུས་ཀྱི་ཆོས་སྒྲོགས་པས་ན། ཉན་ཐོས་ཏེ། ཉན་ཐོས་དང་རང་སངས་རྒྱས་
རྣམས་སོ། །དེ་ཞི་བ་ཚོལ་བ་རྣམས་ནི་མྱ་ངན་ལས་འདས་པར་འདོད་པའོ། །ཀུན་ཤེས་ཉིད་ཀྱིས་ཞེས་བྱ་བ་ནི་ཕྱི་དང་ནང་གི་དངོས་པོ་རྣམས་སྐྱེ་བ་མེད་པར་ཤེས་པས་སོ། །ཉེར་ཞིར་ནི་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་མཚན་ཉིད་ཀྱིས་མྱ་ངན་ལས་འདས་པའོ། །

ཁྲིད་པར་མཛད་པ་ནི་ཐོབ་པར་མཛད་པའོ། །འགྲོ་ལ་ཕན་པར་བྱེད་པ་རྣམས་ནི་འགྲོ་བ་རྣམས་ལ་མ་འོངས་པ་ན་ཕན་པའི་དོན་སྐྱེད་པར་མཛད་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །ལམ་ཤེས་ཉིད་ཀྱིས་ཞེས་བྱ་བ་ནི་གདུལ་བྱའི་དབང་གིས་ཉན་ཐོས་ལ་སོགས་པའི་ལམ་སྐྱེ་
བ་མེད་པར་ཐུགས་སུ་ཆུད་པའོ། །འཇིག་རྟེན་དོན་གྲུབ་མཛད་པ་ནི་སེམས་ཅན་རྣམས་ཀྱི་ཕན་པའི་དོན་རྫོགས་པར་མཛད་པའོ། །གང་དང་ཡང་དག་ལྡན་པ་ནི་ཡུམ་གང་དང་ཡང་དག་པར་ལྡན་པའོ། །ཐུབ་རྣམས་ནི་བདག་ཉིད་ཀྱི་དངོས་པོ་རྣམས་ཡང་དག་པར་བསྡམས་པ་སྟེ།
ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །སྣ་ཚོགས་འདི་དག་རྣམ་པ་ཀུན་གསུངས་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་སྣ་ཚོགས་པ་འདི་དག་རྣམ་པ་ཐམས་ཅད་དུ་གསུང་ཞིང་སྟོན་པར་མཛད་པའོ། །འཕགས་པ་བྱམས་པ་བདག་
ཉིད་དམ་པ་རྣམས་ཀྱི་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་སྔར་སྨོས་པ་ཉིད་བསྟན་ཅིང་གསལ་བར་བྱས་པ་ནི། ཚིགས་སུ་བཅད་པ་འདིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྣམ་པར་ཐར་པ་ཅུང་ཟད་ཙམ་ཞིག་གིས་ལྷག་པ་ཞེས་བྱ་བ་ནི་ཉན་ཐོས་རྣམས་ནི་བག་
ཆགས་གཉིས་ཡོད་པ་ཡིན་ལ་རང་སངས་རྒྱས་ནི་གཟུང་བའི་བག་ཆགས་སྤངས་པ་ཡིན་ནོ། །དེའི་ཕྱིར་དེ་རྣམས་ནི་ཉན་ཐོས་རྣམས་ལས་རྣམ་པར་ཐར་པ་ཅུང་ཟད་ཙམ་ཞིག་གིས་ལྷག་པ་ཡིན་ཏེ། དེ་ནི་སེམས་ཀྱི་ཁྱད་པར་ཁོ་ན་ལས་རྣམ་པར་གཞག་པ་ཡིན་པའི་ཕྱིར་
རོ། །དབང་ཕྱུག་ཆེན་པོ་ལ་སོགས་པ་ལས་རྣལ་འབྱོར་ལྷག་པ་ཡིན་པས་ཉན་ཐོས་ལ་སོགས་པ་ནི། རྣལ་འབྱོར་གྱི་དབང་ཕྱུག་གོ། །ཡེ་ཤེས་ལ་སོགས་པའི་ཆེ་བའི་བདག་ཉིད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གཙུག་ཏོར་གྱི་ནོར་བུ་ཡིན་པས་གཙོ་བོའོ། །
འདི་ལྟར་མདོར་བསྡུས་ན་གང་ཟག་ནི་རྣམ་པ་གཉིས་ཏེ། ཁ་ཅིག་ནི་དད་པའི་རང་བཞིན་ཅན་ཡིན་ལ། དེ་ཡང་ཡུམ་འཛིན་པ་ལ་སོགས་པའི་འབྲས་བུ་བསྟན་པ་ཐོབ་པ་ཉིད་ན་སྤྱོད་པ་མེད་པར་དེའི་མོད་ལ་ངེས་པར་དད་པས་ངེས་པར་འཛིན་པ་ལ་འཇུག་པ་ཉིད་ཡིན་ནོ། །གང་

ཡང་རང་བཞིན་གྱིས་དབང་པོ་རྣོ་བ་རྣམས་ནི་རྟག་པ་དང་། བདག་ལ་སོགས་པར་བཤད་པའི་ཚིག་དང་འདྲ་བར་སླུ་བ་ཡོད་པ་སྲིད་པས་ལུང་གང་ལ་ཡང་བབ་ཆོལ་དུ་འཇུག་པར་མི་བྱེད་དེ། དེ་རྣམས་ཀྱང་གཅིག་དང་དུ་མ་དང་བྲལ་བ་ཞེས་
བྱ་བ་ལ་སོགས་པའི་ཚད་མས་གྲུབ་པ་གཞི་དང་ལམ་དང་རྣམ་པ་སྐྱེ་བ་མེད་པའི་མཚན་ཉིད་ཀྱི་ཡུམ་དང་དེ་ལ་བརྟེན་པའི་ཏིང་ངེ་འཛིན་རྒྱལ་པོ་ལ་སོགས་པའི་མདོ་ཐོས་པ་ལ་སོགས་པའི་འབྲས་བུ་བསྟན་པ་ལས་དད་པ་ཕུལ་དུ་བྱུང་བ་ནི་རིགས་པ་ཉིད་དེ་གནོད་པ་མ་མཐོང་བས་
ཕན་ཚུན་འགལ་བར་བརྗོད་པ་མི་སྲིད་པའི་ཕྱིར་རོ། །དོན་ལ་ཐེ་ཚོམ་གྱིས་ཡང་དག་པ་རྣམས་ཀྱི་འཇུག་པའི་ཡན་ལག་ཡིན་པའི་ཕྱིར་ཏེ། ཚད་མ་རྣམ་འགྲེལ་མཛད་པས། བསྟན་བཅོས་གང་ཞིག་རིགས་པས་གྲུབ། །རང་གི་ཚིག་དང་མི་འགལ་མཐོང་། །མ་མཐོང་
ན་ཡང་དེ་བཟུང་བ། །དེ་ལྟར་རིགས་པ་མཁས་པས