Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 86
Văn bản gốc(Tây Tạng)
Trang 10 / 18 (50.000 ký tự/trang)
་ཤེས། །ཞེས་གང་བཤད་པ་དང་། ཡང་། ཡོན་ཏན་སྐྱོན་དག་མ་མཐོང་བའི། །སྐྱེ་བོ་གསོག་ཏུ་སྐྱེས་པ་ལ། །གྲུབ་མཐའ་ལོག་པར་འཛིན་པ་དག །ཀྱེ་མ་འདི་ནི་གང་གིས་བྱིན། །ཞེས་ཀྱང་བཤད་པ་ཡིན་ནོ། །དེ་ ཉིད་ཀྱིས་ན་རྟག་པ་ལ་སོགས་པ་དངོས་པོ་ཁོ་ནར་གང་དུ་ཚད་མ་དང་འགལ་བར་འགྱུར་བ་ལ་རྟོག་པ་དང་ལྡན་པ་རྣམས་དོན་དང་མི་ལྡན་པའི་ཐེ་ཚོམ་གྱིས་ཁྲུས་ལ་སོགས་པ་དེ་ལ་གང་ཞིག་འཇུག་པར་བྱེད། འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་ཀྱང་། མུ་སྟེགས་བྱེད་པ་མང་པོ་ནི། ། བདག་ཏུ་ལྟ་བར་ཞུགས་མཐོང་ན། །ཆོས་མཐོང་བ་ཡི་སྐྱེ་བོ་རྣམས། །སྙིང་རྗེ་བར་ནི་སུ་མི་འགྱུར། །ཞེས་གང་བཤད་པ་ཡིན་ནོ། །གཞན་དག་གི་སྒོ་ནས་ཡུམ་གྱི་མཚན་ཉིད་ཟློས་ཏེ་སྨྲས་པ་དང་། མཚང་བ་ཉིད་དང་དགོས་པ་མེད་པར་རྟོག་པ་ལ། ཐམས་ཅད་ མཁྱེན་པ་ཉིད་གསུམ་གྱིས་བསྡུས་པས་ཡང་དག་པར་རྫོགས་པ་ཉིད་ཡིན་པ་དེ་ལྟ་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར་འོག་ནས་བཤད་པའི་རིམ་གྱིས་མངོན་པར་རྟོགས་པའི་རྒྱན་གྱི་བསྟན་བཅོས་འོག་ནས་བཤད་པའི་ཚིག་ལེའུར་བྱས་པར་གྲགས་པ་ཇི་ལྟར་མཛད་ ཅིང་སྦྱར་བ་ཡིན་ཞེ་ན། གཞི་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གཞི་ནི་ཕྱི་དང་ནང་གི་བདག་ཉིད་ཅན་ནོ། །གཉེན་པོ་ནི་ཉན་ཐོས་ལ་སོགས་པའི་ལམ་མོ། །རྣམ་པ་ནི་དངོས་པོས་སྟོང་པའི་རྣམ་པ་སྟེ། དེ་དག་ལས་གང་ཡང་རུང་བ་ཞིག་བསྡུས་པས་ཞེས་བྱ་བ་གང་ ཡང་རུང་བ་ཞིག་ཉེ་བར་བཟུང་བས་སོ། །ཕྱོགས་དང་པོ་ལྟར་ན་ནི་འབད་པ་དོན་མེད་པ་ཡིན་ཏེ། མངོན་པར་རྟོགས་པའི་རྒྱན་རྣམ་པར་སྦྱར་བའི་འབད་པ་ལ་དགོས་པ་མེད་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཞེས་བྱ་བ་མངོན་པར་རྟོགས་པའི་རྒྱན་གྱི་བསྟན་བཅོས་ཞེས་བྱ་བ་ལས། མཚན་ཉིད་ཀྱི་བསྟན་བཅོས་མངོན་པའི་སྡེ་སྣོད་ལ་སོགས་པ་བདག་ལས་མི་སྨོས་ཤིང་མ་བཤད་པའི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་གཞི་གང་ཡིན་པ་དེ་འབྱུང་ བ་མེད་པས་ཆོས་མངོན་པའི་སྡེ་སྣོད་ལ་སོགས་པ་ལ་སྨོས་པའི་གཞི་མངོན་པར་རྟོགས་པའི་རྒྱན་ལས་ཟློས་ཏེ་བཤད་པའི་ཉེས་པ་ཡོད་དོ། །དེ་བཞིན་དུ་ཕྱོགས་གཉིས་པ་ལྟར་ན་ཡང་འབད་པ་དོན་མེད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྣམ་པར་བྱང་བའི་དངོས་པོར་བསྡུས་ པའི་ཕྱིར་ཏེ། རྣམ་པར་བྱང་བ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་རྒྱུར་གྱུར་པས་འདིར་ནི་ལམ་ལ་བྱའོ། །དེས་ན་དོན་ནི་འདི་ཡིན་ཏེ་ཉན་ཐོས་ལ་སོགས་པའི་ལམ་བསྡུས་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པའི་དངོས་པོ་ནི་གཟུང་བ་ལ་སོགས་པ་མི་མཐུན་ པའི་ཕྱོགས་སོ། །དེ་མ་བསྡུས་པ་ནི་མ་སྨོས་པའོ། །པས་ཞེས་བྱ་བ་ནི་རྒྱུའོ། །འདི་གང་གི་གཉེན་པོ་ཡིན་པ་ཁོང་དུ་ཆུད་པར་མི་འགྱུར་རོ་ཞེས་བྱ་བ་ནི་མི་མཐུན་པ་དང་གཉེན་པོའི་ཕྱོགས་ཀྱི་སོ་སོར་ངེས་པར་རྟོགས་པ་མེད་པས་རྟོགས་པ་མེད་པའི་ཉེས་པ་ཡོད་དོ། །ཕྱོགས་ གསུམ་པ་ལྟར་ན་ཡང་འབད་པ་དོན་མེད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྣམ་པ་གཞི་མེད་པ་ཙམ་གྱིས་བསྡུས་པའི་ཕྱིར་ཏེ། རྣམ་པར་རྟོག་པ་ལ་གནས་པ་གཞི་མེད་པའི་རྣམ་པ་ཉིད་སྨོས་པའི་ཕྱིར་རོ། །ཅུང་ཟད་ཀྱང་མ་བཤད་པས་དོན་རྟོགས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་དེ་ བསྒོམས་པས་གཅིག་ནས་གཅིག་ཏུ་བརྒྱུད་པས་ཀྱང་གཞི་གང་ཡང་ཐོབ་པར་མི་འགྱུར་བའི་ཕྱིར་སྐྱེས་བུའི་དོན་ལ་དགོས་པ་མེད་པས་བརྗོད་པ་མེད་པའི་ཉེས་པ་ཡོད་དོ། །ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་མ་བསྡུས་པའི་ཉེས་པ་ནི་ཕྱོགས་གསུམ་ཅར་ལ་ཡང་ཤེས་ པར་བྱའོ། །ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །དོན་མེད་པ་ཡིན་ནོ་སྙམ་དུ་གཞན་དག་སེམས་པར་འགྱུར་བ་མ་ཡིན་ནམ་ཞེས་བྱ་བས་རྒོལ་བ་པོས་ཐམས་ཅད་མཐོང་བ་མ་ཡིན་ནོ། །ཞེས་བྱ་བའི་ཚུལ་གྱིས་བསྟན་བཅོས་ལ་དགོས་པ་མེད་དོ་སྙམ་དུ་ཤེས་པར་འགྱུར་བའོ། ། དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དག་ནི། ཐམས་ཅད་ཤེས་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ལམ་ཤེས་པ་ཉིད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། ཐམས་ཅད་མཁྱེན་པ་ཉིད་གསུམ་པོ་དག་གིས་མངོན་པར་རྟོགས་པ་མཐའ་དག་བསྡུས་པ་ནི་འཚང་རྒྱ་བ་ཉིད་མངོན་སུམ་དུ་བྱེད་པ་ཐམས་ཅད་ཀྱི་རྒྱུར་སྨོས་པ་ཡིན་ལ། དེས་ན་གཞི་དང་། གཉེན་པོ་དང་། མི་མཐུན་པའི་ཕྱོགས་དང་། གཞི་རྣམ་པའི་མཚན་ཉིད་གསུམ་ཅར་གྱིས་ཀྱང་བསྡུས་པ་ཡིན་པའི་ཕྱིར་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་མཚན་ཉིད་ཀྱི་བསྟན་བཅོས་སུ་མདོར་བསྡུས་ནས་ཡང་དག་པར་བསྟན་པ་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པ་གསུམ་པོ་ཉིད་དུ་ཡུམ་གཙོར་མཚོན་ཏེ། ཡུམ་གྱི་ དོན་མ་ལུས་པ་ནི་དེའི་ཁོངས་སུ་འདུས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་དེ་ལྟར་མཚན་ཉིད་འདིས་མཚོན་པ་ཉིད་ཀྱིས་སྔར་སྨྲས་པའི་ཉེས་པ་ཡོད་པ་མ་ཡིན་ཏེ། མ་ལུས་པ་ཉིད་དང་། ཡོངས་སུ་རྫོགས་པར་བྱེད་པ་ཉིད་དང་། རབ་ཏུ་བྱེད་པའི་གོ་རིམས་རྟོགས་སླ་བ་ཉིད་ ཡིན་པའི་ཕྱིར་བསྟན་བཅོས་འདི་ཐུན་མོང་མ་ཡིན་པ་དང་། ཡང་དག་པའི་མཚན་ཉིད་མ་ཡིན་པ་གང་ལ་ཡིན་ཞེས་རབ་ཏུ་བྱེད་པ་རྣམ་པར་འབྱེད་པས་དགོངས་སོ། །དོན་འདི་ཉིད་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དོན་དང་གཞུང་གི་མདོར་བསྡུས་ནས་གསུངས་པའི་ཐམས་ ཅད་མཁྱེན་པ་ཉིད་གསུམ་ཉེ་བར་བསྟན་ནས་དེའི་རྒྱུ་དང་འབྲས་བུ་བསྟན་པ་ནི། དེ་ལ་ཐམས་ཅད་ཤེས་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཐམས་ཅད་ཤེས་པ་ཉིད་ནི་གཟུགས་ལ་སོགས་པ་སྟེ། གཟུགས་དང་ཚོར་བ་ལ་སོགས་པའོ། །དེའི་ཆོས་ཀྱི་ རང་བཞིན་བསྒོམ་པར་བྱ་བ་ཉིད་ལ་མི་རྟག་པ་དང་སྟོང་པ་ཉིད་ལ་སོགས་པའི་བསམ་གཏན་ལ་བརྟེན་ནས། འབྲས་བུ་ནི་བདག་ཏུ་རྨོངས་པ་སྤངས་པ་ཅན་ཡིན་ཏེ། །བདག་ཏུ་འཛིན་པ་སྟོང་པ་ཉིད་ནི་འབྲས་བུ་ཡིན་ནོ། །འདིས་ནི་གཟུགས་ལ་སོགས་པ་ལ་མི་རྟག་པ་ལ་སོགས་པའི་ རྣམ་པ་ཐམས་ཅད་ཤེས་པའི་སྟོབས་ཀྱིས་བདག་ཏུ་འཛིན་པ་ལས་ལྡོག་གོ་ཞེས་སྟོན་ཏོ། །ཐེག་པ་ཐམས་ཅད་ཀྱིས་ངེས་པར་འབྱུང་བ་ནི་ཉན་ཐོས་ལ་སོགས་པའི་ལམ་གྱི་འབྲས་བུའོ། །དེ་ཉིད་དེ་ཁོ་ན་ཉིད་དེ། དམིགས་སུ་མེད་པ་ལ་དམིགས་པ་ཡིན་པའི་ཕྱིར་རོ། །དེའི་ མངོན་སུམ་དུ་མི་བྱེད་པ་གང་ཡིན་པ་དེ་ལ་བརྟེན་པ་ནི་དེའི་རྒྱུས་སོ། །འབྲས་བུ་སེམས་ཅན་མ་བསྡུས་པ་སྡུད་པར་བྱེད་པ་ཅན་ཡིན་པ་ནི་ཉན་ཐོས་ལ་སོགས་པའི་ལམ་གྱི་འབྲས་བུ་མ་ཐོབ་པ་དང་། སྦྱིན་པ་དང་རབ་ཏུ་སྦྱིན་པ་ལ་སོགས་པའི་བྱ་བ་ནི་འབྲས་བུ་ཡིན་ཏེ། འདིས་ ནི་ལམ་ཐམས་ཅད་དམིགས་པ་མེད་པར་དམིགས་པ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་འཁོར་བ་ཇི་སྲིད་པའི་བར་དུ་ཐོས་པ་ལ་སོགས་པ་ལས་ལྡོག་པར་མི་བྱེད་དོ་ཞེས་སྟོན་ཏོ། །ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟེན་པ་ཞེས་བྱ་བ་ནི་དོན་དམ་པར་གཟུགས་ལ་སོགས་ པ་སྐྱེ་བ་མེད་པ་ཉིད་ཀྱི་རྒྱུ་མཚན་ནོ། །ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་ནི་མཐའ་མེད་པའོ། །སེམས་ཅན་གྱི་དོན་རྒྱུན་མི་འཆད་པ་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་སེམས་ཅན་གྱི་དོན་སྐྱེ་བ་ཐོག་མ་མེད་པ་ནས་གོམས་པ་ཡིན་པས་རང་དབང་མེད་པར་བྱེད་པ་གང་ཡིན་ པ་དང་། གང་ཡང་འཁོར་བ་ཇི་སྲིད་དུ་ཀུན་ནས་འཇུག་ཅིང་། ཡང་དག་པ་ཉིད་ཀྱི་མཐའ་རྟོགས་པ་སྟེ། བདག་མེད་པས་མངོན་སུམ་དུ་བྱེད་དོ། །དེ་དག་གི་བག་ཆགས་ཀྱིས་མཚམས་སྦྱོར་བ་ནི་རྣམ་པར་རྟོག་པ་གཅིག་ནས་གཅིག་ཏུ་བརྒྱུད་པའོ། །དེ་སྤངས་པ་ཅན་ཡིན་པ་ནི་དོར་བའོ། ། དེ་ཉིད་ནི་འབྲས་བུ་ཡིན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་རྟེན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་རྣམ་པར་རྟོག་པ་མ་ལུས་པར་སྤངས་པ་དང་། སེམས་ཅན་གྱི་དོན་ཡང་ནམ་མཁའ་ལྡིང་བསྒྲུབས་པའི་ མཆོད་སྡོང་དང་འདྲ་བར་བཤད་པ་ཡིན་ནོ། །དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྐྱེ་བོ་བློ་གྲོས་དམན་པ་དག་ཅེས་བྱ་བ་ལ་སོགས་པས་ནི་བསྟན་བཅོས་ཀྱི་དགོས་པ་མེད་པ་ཉིད་དུ་རྟོག་པ་ལ། དམ་པ་འཇུག་པའི་ཡན་ལག་བརྗོད་པར་བྱ་བ་ལ་སོགས་པ་སྟོན་པ་ ཡིན་ཏེ། མ་ཕམ་པའི་རྫོགས་པའི་སངས་རྒྱས་དང་འདྲ་བར་རྒྱལ་བ་གང་ལ་མངའ་བ་དེ་ནི་མ་ཕམ་པ་རྒྱལ་བའོ། །དེ་དོན་ཅི་ཞིག་སྟེ། དགོས་པ་ཅི་ཞིག་ཡོད་སྙམ་ན། རང་གི་བསྟན་བཅོས་ལས་ཐ་མི་དད་པའི་རྗོད་པ་དང་བརྗོད་པར་བྱ་བ་དང་། འབྲེལ་པ་དང་། བརྗོད་པར་བྱ་ བའི་དགོས་པ་དང་། གདུལ་བྱ་རྣམས་ཀྱིས་བདེ་བླག་ཏུ་ཁོང་དུ་ཆུད་པའི་དགོས་པ་བརྗོད་པར་བྱ་བ་ཡིན་པ་དེ་ནི་དོན་ལ་ཐེ་ཚོམ་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། མདོ་དོན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོའི་དོན་བརྗོད་པར་བྱ་བ་མངོན་པར་རྟོགས་པ་རྣམ་པ་ བརྒྱད་དོ། །དེའི་ཉེ་བར་མཚོན་པའི་དོན་ནི། ཆོས་སྤྱོད་བཅུ་ཡི་བདག་ཉིད་ཅན། །ཞེས་བྱ་བ་གསུངས་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་དང་། རྣམ་པར་དག་པའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་དྲན་པ་ལ་གཞག་པ་སྟེ། ཐོས་པ་དང་བསམ་པ་དག་གིས་ཡང་དག་པར་ དྲན་ནས་འདིར་ཡུམ་སྟོན་པར་མཛད་པ་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་སྟོན་པར་མཛད་པས་བསྟན་པ་གང་ཡིན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལམ་སྟེ། བྱང་ཆུབ་ཏུ་བདེ་བས་འགྲོ་བ་ཉིད་ཡིན་པས་ན་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ལམ་མོ། ། ལམ་དེ་ནི་གཞན་གྱི་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ལས་གཞན་རྣམས་ཀྱིས་མྱོང་བ་མ་ཡིན་ཞིང་རྟོགས་པ་མ་ཡིན་ཏེ། བློ་དང་ལྡན་པས་རྟོགས་འགྱུར་ཏེ། །ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་ཉིད་མངོན་སུམ་དུ་བྱེད་དེ། དེ་བཞིན་གཤེགས་པའི་གསང་བའི་མདོ་ ལས་འདིའི་ལུས་དང་སྤྱོད་ལམ་མཐའ་ཡས་ཤིང་ཐུག་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྣམ་པར་རྟོག་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཉིད་ཡིན་ན་ཡང་འཚང་རྒྱ་བ་ཉིད་མངོན་སུམ་དུ་བྱ་བའི་སྨོན་ལམ་གྱི་དབང་གིས་གདུལ་བྱ་རྣམས་ ལ་དེ་ལས་གཞན་པའི་སྐུ་དང་སྤྱོད་ལམ་སོ་སོར་སྣང་བ་ལྟར་སྟོན་པ་ཡིན་པས་ཉེས་པ་མེད་དོ་ཞེས་བྱ་བ་ནི་བརྗོད་པར་བྱ་བའི་དགོས་པ་ཅི་ཞིག་ཡིན་ནོ། །བདེ་བླག་ཏུ་ནི་རྟོགས་འགྱུར་བ། །ཞེས་བྱ་བ་ནི་གདུལ་བྱ་རྣམས་ཀྱིས་མངོན་པར་རྟོགས་པ་བརྒྱད་བདེ་བླག་ཏུ་ཁོང་དུ་ཆུད་པར་འགྱུར་རོ་ཞེས་ བྱ་བ་ནི་རྣམ་པར་དབྱེ་བ་རྩོམ་པའི་དགོས་པ་གཉིས་པ་ཡིན་ནོ། །དེ་ལྟར་ན་མཚན་ཉིད་ཀྱི་བསྟན་བཅོས་མཛད་པའི་དགོས་པ་འདི་དག་ཁོ་ནས་སྐྱེས་པའི་དོན་འགྲུབ་པ་ཐམས་ཅད་རྫོགས་པར་འགྱུར་བ་ཡིན་པས་ན་ཐུག་པ་མེད་པ་མ་ཡིན་ནོ། །འདི་ལྟར་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་མདོ་ལ་ལར་བསྡུས་ པ་དང་། བསྡུས་པ་རྒྱས་པ་དང་། རྒྱ་ཆེ་བ་དང་རྟོགས་པར་དཀའ་བ་ཡིན་ལ། བསྟན་བཅོས་འདི་ནི་དེ་ལས་གོ་བཟློག་པ་ཡིན་ནོ། །དེ་བས་ན་འདིས་ནི་ཚེ་དང་བློ་དང་ཤེས་རབ་ཆུང་ངུ་དང་ལྡན་པ་དག་གིས་ཀྱང་རྣམ་པར་ཕྱེ་བས་མངོན་པར་རྟོགས་པའི་དོན་མོད་ལ་ཤེས་པ་དང་། དེ་བསྒོམས་ པས་ཀྱང་སངས་རྒྱས་ཉིད་ལ་སོགས་པ་འགྲུབ་པར་འགྱུར་བ་ཡིན་པས་སེམས་དང་ལྡན་པ་སུ་ཞིག་བསྟན་བཅོས་འདི་ལ་དོན་མེད་པ་ཉིད་དུ་རྟོགས་པར་བྱེད། བཤད་མ་ཐག་པའི་མདོ་དང་དེའི་མཚན་ཉིད་མཛད་པ་སངས་རྒྱས་དང་བྱམས་པ་དག་ལས་གོ་རིམས་བཞིན་དུ་དེ་གཉིས་ཀྱི་གདུལ་ བྱ་ཤེས་རབ་ཀྱིས་རློམ་པ་དང་། ཅིག་ཤོས་ཀྱང་ཡོད་པས་དོན་མེད་པ་མ་ཡིན་ནོ། །འདིས་ནི་གང་ལ་ལ་ཞིག་མངོན་པར་རྟོགས་པ་ཉིད་ཀྱི་རྒྱན་ཡིན་གྱི་མཚན་ཉིད་ཀྱི་ནི་མ་ཡིན་ནོ་ཞེས་ཟེར་བ་དེ་དག་ཀྱང་བསལ་བ་ཡིན་ཏེ། གཉི་གའི་ཡང་རྒྱན་ཡིན་པའི་ཕྱིར་རོ། །གང་ཡང་མདོ་ ལས་བསྡུས་པ་དང་རྒྱས་པ་ཉིད་ལ་སོགས་པའི་དོན་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཅན་མ་ཡིན་ནོ་ཞེས་ཟེར་བས་དེའི་གཞུང་གིས་ནི་མཚན་ཉིད་མཛད་པས་དོན་གང་ཡང་བྱས་པ་མ་ཡིན་ནོ་ཞེས་ཟེར་ན། མདོ་སྡེའི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནུབ་པས་དེའི་མཚན་ཉིད་ལ་ ཡང་གདུལ་བྱ་གུས་པར་མི་འགྱུར་བའི་ཕྱིར་གཙོ་བོ་ཉིད་ཡིན་པས་དགོས་པ་གཉིས་གསུངས་པ་ཡིན་ནོ། །འབྲེལ་པ་ལ་སོགས་པ་ནི་དོན་གྱིས་ཤེས་པར་འགྱུར་བས་རབ་ཏུ་བྱེད་པ་ལས་མ་སྨོས་སོ། །འབྲེལ་པ་དང་ནི་རྗེས་མཐུན་ཐབས། །སྐྱེས་ བུའི་དོན་ནི་རྗོད་བྱེད་པ། །ཡོངས་བརྟགས་དབང་དུ་བྱས་པའི་ཚིག །དེ་ལས་གཞན་པ་དབང་བྱས་མིན། །ཞེས་སྨོས་པས་དམ་པ་རྣམས་ནི་ཡོངས་སུ་བརྟག་པ་ཉིད་ཀྱིས་འཇུག་པར་བྱའོ་ཞེས་བྱ་བ་འདི་ནི་ལེགས་པར་སྨྲས་པ་ཡིན་ནོ། །ཆོ་འཕྲུལ་རྣམ་པ་གསུམ་གྱིས་ཞེས་ བྱ་བ་ནི་རྫུ་འཕྲུལ་དང་ཀུན་བརྗོད་པ་དང་། རྗེས་སུ་བསྟན་པའི་མཚན་ཉིད་ཅན་གྱིས་སོ། །རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ནི་ངེས་པར་ལེགས་པ་ལ་སོགས་པ་གང་ཡིན་པ་སྟེ། དེ་དག་བསྒྲུབ་པར་བྱ་བ་ལ། ཅི་ལ་ཡང་མ་རགས་པར་ཆས་པ་ནི་ཕྱིར་མི་ལྡོག་པ་ཉིད་ཀྱི་གོ་ཆ་ བརྟན་པར་བྱས་པས་སོ། །ཉམས་སུ་མྱོང་བ་ཤིན་ཏུ་གསལ་བ་ནི་མཚན་ཉིད་ཀྱི་བསྟན་བཅོས་ཐོས་པ་ལ་སོགས་པ་གསལ་བར་བྱས་པའི་ཤེས་པའོ། །དེས་གཞག་པའི་བག་ཆགས་ནི་མཚན་ཉིད་ཀྱི་བསྟན་བཅོས་ཕུལ་དུ་བྱུང་བའི་ཤེས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་བྱུང་བའི་ནུས་ པའོ། །དེ་ལས་བྱུང་བའི་དྲན་པའི་ཤེས་པ་གང་ཡིན་པ་དེ་ནི་དྲན་པའི་ཤེས་པ་སྟེ། དེ་ལ་བྱང་ཆུབ་ཀྱི་སེམས་དང་སྦྱིན་པ་ལ་སོགས་པ་སྒྲུབ་ཅིང་ཉམས་སུ་ལེན་པ་དེ་ཉིད་ནི་སྤྱོད་པ་ཡིན་ཏེ། འཁོར་བ་ཅི་སྲིད་པར་རྟེན་པ་ཡིན་པའི་ཕྱིར་རོ། །ཀུན་ཏུ་འགྲོ་བ་ནི་ཆོས་ཀྱི་དབྱིངས་ཁྱབ་ པའི་ཤེས་པའོ། །དེ་རྟོགས་པ་ནི་མངོན་སུམ་དུ་བྱེད་པའོ། །དེ་ཉིད་ནི་མཚན་ཉིད་ངོ་བོ་ཉིད་དེ་རབ་ཏུ་དགའ་བ་ལ་སོགས་པའི་ས་ལ་སོགས་པ་གང་ཡིན་པའོ། །དེ་རྣམས་རྟོགས་པའི་རིམ་པ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཕུལ་དུ་བྱུང་བའི་རིམ་པ་དེས་རྟོགས་པའོ། ། འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་དེ་དང་དེར་གནས་ཤིང་སངས་རྒྱས་ཉིད་སྒྲུབ་པ་ཡིན་པའི་ཕྱིར་རོ་ཞེས་འདིའི་དགོས་པ་སྨྲས་པ་ཡིན་ནོ། །མངོན་པར་རྟོགས་པ་བརྒྱད་བདེ་བླག་ཏུ་རྟོགས་པས་ནི་དགོས་པ་མངོན་སུམ་དུ་བྱེད་པ་ ཡིན་ལ། གལ་ཏེ་མཚན་ཉིད་ཀྱི་བསྟན་བཅོས་ཀྱི་མདོ་ལ་མངོན་པར་རྟོགས་པའི་དོན་རྟོགས་པར་མ་གྱུར་ན་མདོ་ལ་མངོན་སུམ་དུ་བྱེད་པར་ཡང་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་མངོན་པར་རྟོགས་པ་སོ་སོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་བྱམས་པ་ མངོན་པར་བཞེད་པའི་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་མདོའི་དོན་ཚིག་རེ་རེ་ནས་གསུངས་པ་ཡིན་ནོ། །མ་འཛིངས་པ་ཉིད་ཀྱིས་བསྟན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་ལུས་རྣམ་པར་གཞག་པ་ནི་ལམ་དང་གཞུང་ གི་བདག་ཉིད་ཅན་ནོ། །འདིར། མདོ་དོན་སྨྲ་བ་རྣམས་ཀྱིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་པས་བསྙད་པར་བྱ། །ཞེས་རྣམ་པར་བཤད་པའི་རིགས་པ་ལས་ངེས་པར་བྱ་བ་ཉིད་ཡིན་པའི་ཕྱིར། འཕགས་པ་བྱམས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་ཚིག་ལེའུར་བྱས་པའི་རྒྱ་ཆེར་བཤད་པས་འཆད་པར་བཞེད་པས་དགོས་པ་སྨྲས་ཟིན་ནས། རེ་ཞིག་བསྡུས་པ་དང་རྒྱས་པས་བསྡུས་པའི་དོན་གསུངས་པ་ཡིན་ནོ་ཞེས་བལྟ་བར་བྱའོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལམ་གྱི་བདག་ཉིད་ཅན་ཚིག་གི་དོན་བརྒྱད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ངག་ཆེན་པོར་རྟོགས་པའི་ཚིག་ཏུ་བརྗོད་པ་བརྒྱད་ཀྱིས་སམ་ཡང་ན་འོག་ནས་བཤད་པའི་དངོས་པོ་བརྒྱད་ཀྱིས་ཡང་དག་པར་བཤད་ཅིང་གསུངས་པ་ཡིན་ནོ། །འདིས་ནི་ལམ་དང་གཞུང་གི་ བདག་ཉིད་ཅན་གྱི་ཡུམ་གྱི་ལུས་གསུངས་པ་ཡིན་ལ་དེ་གསུངས་པས་ཀྱང་སྒྱུ་མ་ལྟ་བུའི་གཉིས་སུ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བཤད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཐམས་ཅད་དུ་ཀུན་རྫོབ་དང་དོན་དམ་པས་བརྒྱན་ཏེ། སྟོན་པར་མཛད་པ་ཉིད་ཡིན་ ལ། གཞན་དུ་ན་གདུལ་བྱ་རྣམས་མཐའ་གཅིག་ཏུ་ལྟུང་བར་ཐལ་བར་འགྱུར་རོ། །ད་ནི་དངོས་པོ་བརྒྱད་མདོར་བསྡུས་པ་ནི་ཤེས་རབ་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཀུན་མཁྱེན་ཉིད་དོ། །དེ་བཞིན་དུ་ལམ་ ཐམས་ཅད་ཤེས་པ་ནི་ལམ་ཤེས་པ་ཉིད་དོ། །དེ་བཞིན་དུ་གཞི་ཐམས་ཅད་ཤེས་པ་ནི་ཐམས་ཅད་ཤེས་པ་ཉིད་དོ། །ཐམས་ཅད་མཁྱེན་པ་ཉིད་གསུམ་པོ་འདི་ཉིད་གཅིག་ཏུ་བྱས་པའི་བདག་ཉིད་ཐམས་ཅད་ཤེས་པ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་ པའོ། །དེ་ལས་ཀྱང་རབ་ཀྱི་མཐར་ཕྱིན་པ་ནི། རྩེ་མོར་ཕྱིན་པའོ། །འཆོལ་བ་དང་མ་འཆོལ་བར་རྟོགས་པའི་དོན་གོ་རིམས་སུ་ཡོད་པས་ན། མཐར་གྱིས་པའོ། །དོན་དེ་དག་ཉིད་སྐད་ཅིག་མ་གཅིག་གིས་རྟོགས་པས་ན་སྐད་ཅིག་མངོན་རྫོགས་བྱང་ཆུབ་པོ། །སྐད་ཅིག་མ་གཉིས་པར་ བཅོས་མ་མ་ཡིན་པའི་མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱི་སྐུར་མངོན་པར་བྱང་ཆུབ་པས་ཆོས་ཉིད་ཀྱི་བདག་ཉིད་ཅན་གྱི་སྐུ་ནི་ཆོས་ཀྱི་སྐུའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། དེ་ནས་ཞེས་བྱ་བ་ནི་དེ་ནས་ལམ་ཤེས་པ་ཉིད་ཅེས་བྱ་བ་ལ་སོགས་པའི་རིམ་གྱིས་སྐབས་རྣམ་པ་ བརྒྱད་ཀྱི་གོ་རིམས་བསྟན་པའི་ཕྱིར། ཐམས་ཅད་ལ་སྦྱར་བར་བྱའོ། །དང་ཞེས་བྱ་བ་ནི་རྫོགས་པའོ། །དེ་རྣམ་བརྒྱད་ཅེས་བྱ་བ་ནི་མངོན་པར་རྟོགས་པ་ནི་བརྒྱད་པོ་དེ་དག་གིས་ཡོངས་སུ་རྫོགས་པ་ཡིན་ཏེ་ལྷག་མ་མེད་པ་དང་མ་ཚང་བ་མེད་པ་འདི་དག་ཁོ་ནས་འཚང་རྒྱ་བ་ཉིད་གྲུབ་པ་ ཡིན་ནོ། །ཡང་ན་དེ་ནས་ཆོས་ཀྱི་སྐུ་དང་ཞེས་བསྡུ་བར་བྱ་སྟེ། དེ་ནས་དེ་དག་གི་འབྲས་བུ་ནི་ངེས་པར་བཟུང་བ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་མངོན་པར་རྟོགས་པ་ནི་བརྒྱད་པོ་འདི་དག་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ལྟར་མངོན་པར་རྟོགས་པ་བརྒྱད་གོ་ རིམས་བཞིན་དུ་མདོར་བསྡུས་ཏེ་ཡང་དག་པར་བསྟན་ནས། དེ་བཞིན་དུ་ཅུང་ཟད་ཅིག་གིས་རྒྱ་ཆེར་བསྟན་པ་ནི། སེམས་བསྐྱེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གཞན་གྱི་ཕྱིར་འཚང་རྒྱ་བ་ཉིད་ལ་སེམས་འཇོག་པ་ནི། སེམས་བསྐྱེད་པའོ། །དེ་ཡང་སེམས་ བསྐྱེད་པ་ནི་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །རྣམ་པ་བཅུ་ལ་བསླབ་པ་ནི་གདམས་ངག་དེ་ཡང་། སྒྲུབ་དང་བདེན་པ་རྣམས་དང་ནི། །ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ངེས་པར་འབྱེད་པ་ནི་འཚང་རྒྱ་བ་ཉིད་མངོན་སུམ་དུ་བྱེད་པའོ། །དེའི་ཡན་ལག་ནི་རྒྱུ་སྟེ་དྲོད་ལ་སོགས་ པའི་དབྱེ་བས་རྣམ་པ་བཞིའོ། །དེ་ཡང་དམིགས་པ་དང་ནི་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །སྒྲུབ་པ་ནི་ཉམས་སུ་ལེན་པ་སྟེ། དེའི་རྟེན་ནི་གཞིའོ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་ནོ། །དེ་ཡང་རྟོགས་པ་ཡི་ནི་ཞེས་ བྱ་བ་ལ་སོགས་པས་སྟོན་ཏོ། །དམིགས་པ་ནི་ཡུལ་ཡིན་ཏེ། དེ་ཡང་། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། གང་ལ་དམིགས་ནས་འཇུག་པ་དེ་ནི་ཆེད་ཡིན་ཏེ། དེ་ཡང་སེམས་ཅན་ཀུན་མཆོག་ཅེས་བྱ་བ་ལ་སོགས་པས་ སྟོན་ཏོ། །གོ་ཆ་འཇུག་པའི་བྱ་བ་དང་། ཞེས་བྱ་བ་ནི་དང་པོ་གཞན་<ཀྱི་‚གྱི་>དོན་ལས་ཕྱིར་མི་ལྡོག་པའི་སེམས་ནི་གོ་ཆའོ། །དེའི་བྱ་བ་ནི་སྦྱིན་པ་ལ་སོགས་པ་རྣམ་དྲུག་ལ། ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ཉམས་སུ་ལེན་པ་ནི་འཇུག་པ་སྟེ། དེའི་བྱ་བ་ནི། བསམ་གཏན་ གཟུགས་མེད་སྦྱིན་སོགས་དང་། །ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དང་ཞེས་བྱ་བ་ནི་ཐམས་ཅད་དུ་སྡུད་པ་ཡིན་ནོ། །འདི་དག་གིས་བྱང་ཆུབ་ཐོབ་པའི་སྒོ་ནས་ཡང་དག་པར་འཛིན་པ་ན་ཚོགས་ཏེ་སྙིང་རྗེ་ལ་སོགས་པའོ། །ཚོགས་དེ་ཡང་། བརྩེ་དང་སྦྱིན་ལ་སོགས་ པ་དྲུག །ཅེས་བྱ་བ་ལ་སོགས་པས་སྟོན་ཏོ། །ངེས་པར་འབྱུང་བཅས་རྣམས་ནི་ཐོབ་པ་དང་བཅས་པའོ། །དེ་ནི་ཆེད་དུ་བྱ་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིའོ། ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་ཀྱིས་ལྷ་རྣམས་ཀྱི་འོད་དྲི་མ་ཅན་དུ་མཛད་པ་ནི་མོག་མོག་པོར་བྱེད་པའོ། །སོགས་པའི་སྒྲས་ནི་ཡུལ་སོ་སོར་ངེས་པ་ལ་སོགས་པའོ། །དེ་ནི་ལྷ་རྣམས་རུང་བར་བྱ་བའི་ཕྱིར། ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །སློབ་མ་ བསེ་རུའི་ལམ་གང་དང་། །ཞེས་བྱ་བ་ནི་རྫོགས་པའི་སངས་རྒྱས་ཀྱིས་བཏུལ་བ་ཡིན་པས་ན། སློབ་མ་སྟེ་ཉན་ཐོས་རྣམས་སོ། །གཅིག་ཏུ་སྤྱོད་པས་ན་བསེ་རུ་སྟེ། རང་སངས་རྒྱས་རྣམས་སོ། །འདི་གཉིས་ཀྱི་ལམ་གང་ཡིན་པ་དེ་དག་ནི་འཕགས་པའི་བདེན་པ་ བཞི་པོ་ལ་སོགས་པ་དང་། གཟུང་བའི་རྟོག་པ་ཉམས་ཕྱིར་དང་། །ཞེས་བྱ་བ་ལ་སོགས་པས་གོ་རིམས་བཞིན་དུ་སྟོན་ཏོ། །འདི་དང་གཞན་པའི་ཡོན་ཏན་གྱིས། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །ཞེས་བྱ་བ་ནི་མཐོང་བ་དང་མ་མཐོང་བའི་ཡོན་ ཏན་དང་ལྡན་པས་འབྲས་བུ་ཆེ་བ་ནི་མཐོང་བའི་ལམ་སྟེ། དེ་ནི། བདེན་དང་བདེན་ལ་བཟོད་པ་དང་། །ཞེས་བྱ་བ་ལ་སོགས་པས་སྨོས་ཏེ། བསྒོམ་པའི་ལམ་གྱི་བྱ་བ་ནི་བྱེད་པ་སྟེ། ཀུན་ནས་དུལ་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ལྷག་པར་མོས་པ་ནི་མོས་པ་སྟེ། དེ་ཡང་། མོས་པ་རང་གི་དོན་དང་ནི། །ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོ་ལ་སོགས་པས་སངས་རྒྱས་ལ་སོགས་པས་དོན་ཅི་ལྟ་བ་བཞིན་དུ་མངོན་པར་དགྱེས་པ་ནི། བསྟོད་དང་བཀུར་དང་བསྔགས་པ་དང་། །ཞེས་བྱ་བ་ཡིན་ཏེ། དེ་ནི། ཤེས་རབ་ཕ་ རོལ་ཕྱིན་པ་ལ། །ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དགེ་བའི་རྩ་བ་རྣམས་འཚང་རྒྱ་བ་ཉིད་ཀྱི་ཕྱིར་སྟོབས་པ་ནི་ཡོངས་སུ་བསྔོ་བའོ། །དེ་བཞིན་དུ་དགེ་བ་རྣམས་ལ་ཡང་དག་པར་དགའ་བ་ནི་རྗེས་སུ་ཡི་རང་བའོ། །དེ་གཉིས་ཀྱིས་ཡིད་ལ་བྱེད་པ་བླ་ན་མེད་པ་དག་ནི། འཁོར་ གསུམ་རྣམ་པར་དག་པའི་ཕྱིར་བླ་ན་མེད་པའི་སེམས་ལའོ། །དེ་དག་ནི། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །ཞེས་བྱ་བ་ལ་སོགས་པ་དང་། ཐབས་དང་མི་དམིགས་པ་དག་གི །ཞེས་བྱ་བ་ལ་སོགས་པ་དག་གིས་གོ་རིམས་བཞིན་དུ་སྟོན་ཏོ། །སངས་རྒྱས་ཉིད་ལ་ བསྟོད་པས་ན་བསྒྲུབ་པ་སྟེ། དེ་ཡང་། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཅེས་བྱ་བ་ལ་སོགས་པས་སྟོན་ཏོ། །ཤིན་ཏུ་དག་པ་ཞེས་བྱ་བ་ནི་མཐའ་ལས་རྣམ་པར་དག་པ་སྟེ། དེ་ཡང་སངས་རྒྱས་རྟེན་དང་ཞེས་བྱ་བ་ལ་སོགས་པས་འོག་ནས་སྟོན་ཏོ། །ཞེས་བྱ་བ་འདི་ ནི་བསྒོམ་པའི་ལམ་ཞེས་བྱ་བ་ནི་མོས་པ་དང་ཞེས་བྱ་བ་ལ་སོགས་པ་ལྔ་པའོ། །མཁས་རྣམས་ཀྱི་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ཤེས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དགོངས་པ་ཅན་ཡིན་ནོ། །ལམ་ཤེས་པ་ཉིད་ བཤད་དོ། །ཤེས་པ་ཞེས་བྱ་བ་དགེ་བའི་བཤེས་གཉེན་ཡང་དག་པ་ལ་སོགས་པའི་སྟོབས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐོས་པའི་ཤེས་པས་བདག་ལ་སོགས་ཚར་བཅད་པས་སྲིད་པ་མི་གནས་ཤིང་ཞེས་བྱ་བ་ཉེས་དམིགས་མཐོང་བས་སྒྱུ་མ་དང་འདྲ་བའི་འཁོར་ བ་ལ་རྟག་པའི་ལྟ་བ་མངོན་པར་ཞེན་པ་མེད་དོ། །སེམས་ཅན་མ་ལུས་པ་ལ་དམིགས་པའི་སྙིང་རྗེ་ཞི་ལ་མི་གནས་ཏེ་བདག་ཉིད་ཐམས་ཅད་རྒྱུན་ཆད་མར་མེ་ལྟ་བུར་མྱ་ངན་ལས་འདས་པ་སེམས་ཅན་གྱི་དོན་གྱི་ཐབས་མ་ཡིན་པ་ལ་མངོན་པར་ཞེན་པ་མི་བྱེད་དོ། །བཤད་པ་འདིས་ནི་ཤེས་ པ་དང་སྙིང་རྗེ་དག་གི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་པ་དང་ཆད་པའི་མཐའ་ནང་དུ་མི་ལྟུང་བར་གསུངས་པ་ཡིན་ཏེ། དེ་ཡང་། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དགེ་བའི་བཤེས་གཉེན་ཡང་དག་པ་ལ་སོགས་པ་ ལས་ཡུམ་ཐོས་པ་ལ་སོགས་པའི་ཤེས་པ་མེད་པས་ན། གཟུགས་ལ་སོགས་པ་ལ་ཉེ་བར་དམིགས་པའི་ཤེས་པ་ནི་ཐབས་མ་ཡིན་པ་སྟེ། དེས་ནི་ཉན་ཐོས་ལ་སོགས་པའི་ཡུམ་ཐོབ་པ་ལས་རིང་བ་ཡིན་ལ། འདི་ལས་གོ་བཟློག་པ་གཟུགས་ལ་སོགས་པ་ལ་མི་ དམིགས་པའི་ཤེས་པ་ནི་ཐབས་ཡིན་ཏེ། དེས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡུམ་ཐོབ་པ་ནི་རིང་བ་མ་ཡིན་ནོ། །དོན་འདི་དག་ནི་མཚན་བཅས་དམིགས་སྒོ་ནས། ཞེས་བྱ་བ་ལ་སོགས་པ་དང་། འདི་ནི་ཐབས་ལ་ཞེས་བྱ་བ་ལ་སོགས་པས་གོ་རིམས་བཞིན་ དུ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་མི་དམིགས་པ་རིང་བ་མ་ཡིན་པའི་ཕྱིར་རོ། །རབ་འབྱོར་ལ་སོགས་པ་ལས་ཐོས་པ་ལ་སོགས་པས་ཡུམ་གྱི་རང་གི་ངོ་བོ་ཤེས་སོ། །རབ་འབྱོར་ལ་སོགས་པས་དེ་སྟོན་པ་ནི་བཅོམ་ལྡན་འདས་ཀྱི་མཐུ་ཉིད་ཀྱིས་ ཡིན་ཏེ། རྩིག་པ་ལ་སོགས་པ་དང་འདྲ་ཞེས་བྱ་བར་དགོངས་སོ། །མཐོང་བའི་ལམ་ལ་སོགས་པ་རྣམ་པར་གཞོམ་པར་བྱ་བ་ཡིན་པའི་མ་ཡང་དག་པའི་ཤེས་པའི་གེགས་བྱེད་པའི་ཡུམ་ནི་མི་མཐུན་པ་སྟེ། ཡང་དག་པར་ན་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པའམ་དེ་ལས་ བྱུང་བའི་འདོད་ཆགས་ལ་སོགས་པའོ། །བླང་བར་བྱ་བ་འམ་གཟུང་བ་ལ་སོགས་པ་འཇོམས་པར་བྱེད་པའི་ཕྱོགས་ཀྱི་ཡུམ་ནི་གཉེན་པོའི་ཕྱོགས་ཏེ། ཡང་དག་པར་ན་བྱང་ཆུབ་ཡིན་ལ་དེའི་རྒྱུར་གྱུར་པ་ཡིན་པས་འདིར་ལམ་ལ་བྱའོ། ། འདི་དག་ནི། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །ཞེས་བྱ་བ་ལ་སོགས་པ་དང་། སྦྱིན་ལ་སོགས་ལ་ངར་འཛིན་མེད། །ཅེས་བྱ་བ་ལ་སོགས་པས་སྟོན་ཏོ། །རབ་ཏུ་སྦྱོར་བས་ན་སྦྱོར་བ་སྟེ། དེ་ནི་གཟུགས་སོགས་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེའི་མཉམ་ ཉིད་དང་ཞེས་བྱ་བ་ནི་སྦྱོར་བ་ཉིད་ཀྱིས་མཚུངས་པ་ཉིད་དེ། དེ་ནི། གཟུགས་ལ་སོགས་པ་རློམ་པ་མེད། །ཅེས་བྱ་བ་ལ་སོགས་པས་སྟོན་ཏོ། །མཐོང་བའི་ལམ་ནི་ཡང་དག་པའི་ཡེ་ཤེས་མཐོང་བའི་ལམ་མོ། །དེ་ནི། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཞེས་བྱ་བ་ལ་སོགས་ པས་སྟོན་ཏོ། །ཉན་ཐོས་ལ་སོགས་པ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔར་བཤད་པའི་ཐབས་མ་ཡིན་པ་དང་ཐབས་དག་ནི། དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་བྱ་བ་ཡིན་ནོ། །ཀུན་ནས་དམིགས་པར་བྱ་བས་ན། རྣམ་པ་སྟེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཅན་ནོ། །སྦྱོར་བར་བཅས་རྣམས་དང་ཞེས་བྱ་བ་ནི་སྦྱོར་བ་དང་ལྡན་པའོ། །དེ་དག་ཀྱང་། གཞི་དང་ཡེ་ཤེས་རྣམ་པ་ཡི། །ཞེས་བྱ་བ་ལ་སོགས་པ་དང་། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཞེས་བྱ་བ་ལ་སོགས་པས་གོ་ རིམས་བཞིན་དུ་སྟོན་ཏོ། །སློབ་པར་བྱ་བ་ཡིན་པས་ན་ཡོན་ཏན་ཏེ། སྦྱོར་བ་ལ་སོགས་པ་དང་རྗེས་སུ་མཐུན་པའོ། །དེ་ཡང་། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཞེས་བྱ་བས་སྟོན་ཏོ། །སུན་པར་བྱེད་པས་ན་སྐྱོན་ཏེ་བར་དུ་གཅོད་པར་བྱེད་པ་རྣམས་སོ། །མཚན་ཉིད་བཅས་ པ་ཤེས་པ་ལ་སོགས་པ་མཚན་ཉིད་རྣམ་པ་བཞི་སྟེ་དེ་དང་ལྡན་པའོ། །དེའི་སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །ཞེས་བྱ་བ་ལ་སོགས་པ་དང་། གང་གིས་མཚོན་ཏེ་ཞེས་བྱ་བ་ལ་སོགས་པས་གོ་རིམས་བཞིན་དུ་སྟོན་ཏོ། །ཐར་དང་ཞེས་བྱ་བ་ནི་ཉོན་མོངས་པ་དང་བྲལ་བའོ། །ངེས་ འབྱེད་ནི་ཁྱད་པར་གྱི་ཡེ་ཤེས་མངོན་སུམ་དུ་བྱེད་པས་ཏེ། གོང་ནས་གོང་དུ་ཤེས་པའི་རིམ་གྱིས་འཇུག་པའི་ཕྱིར་དེ་ཉིད་ནི་ཆ་སྟེ། དེ་ལ་ཕན་པའི་ཕྱིར་ཐར་པ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གཉིས་སོ། །དེ་ཡང་། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཞེས་བྱ་ བ་དང་། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །ཞེས་བྱ་བ་ལ་སོགས་པ་གོ་རིམས་བཞིན་དུ་སྟོན་ཏོ། །བསླབ་པར་བྱ་བ་ཡོད་པ་དང་བྱང་ཆུབ་ལས་ཕྱིར་མི་ལྡོག་པས་ན། སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །ཞེས་བྱ་བ་ནི་སློབ་པ་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །དེ་ཡང་ ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །འདིར་ཡང་དང་ཡང་དུ་འབྱུང་བས་ན་སྲིད་པ་སྟེ་འཁོར་བའོ། །སྡུག་བསྔལ་ཐམས་ཅད་ནི་ཉེ་བར་ཞི་བས་ན་ཞི་བ་སྟེ། མྱ་ངན་ལས་འདས་པའོ། །དེ་དག་གི་མཉམ་པ་ཉིད་ནི་མཚུངས་པ་མེད་དོ། །དེ་ཡང་ ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ཞིང་ནི་སངས་རྒྱས་བཞུགས་པའི་གནས་སོ། །དེའི་དག་པ་བླ་ན་མེད་པའི་མཆོག་སྟེ། དེ་ནི། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །རྣམ་ཀུན་མངོན་ རྫོགས་རྟོགས་པ་སྟེ། འདི་ནི་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་གསུམ་པོ་འདི་དག་གི་རྣམ་པ་ཐམས་ཅད་ཤེས་པ་ཡིན་ནོ། །དེ་ཡང་ཐབས་མཁས་བཅས་པ་ཡིན། །ཞེས་བྱ་བ་སེམས་མ་ཞུམ་པ་ལ་སོགས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་དང་ ལྡན་པའོ། །མཁས་པ་དེ་ཡང་འདིའི་ཡུལ་དང་སྦྱོར་བ་སྟེ། །ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །རྩེ་མོའི་མངོན་པར་རྟོགས་པ་ནི་དེའི་རྟགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གིས་མཚོན་ཅིང་ཤེས་པར་བྱེད་པ་དེ་ནི་རྟགས་ཏེ། རྩེ་མོའི་མངོན་པར་རྟོགས་པ་ དེའིའོ། །དེ་ཡང་། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །བསོད་ནམས་ཀྱི་ཁྱད་པར་རྣམ་པར་འཕེལ་བ་ནི་རྣམ་པར་འཕེལ་བ་སྟེ། དེ་ཡང་། འཛམ་བུའི་གླིང་གི་སྐྱེ་བོ་སྙེད། །ཅེས་བྱ་བ་ལ་སོགས་པས་སྟོན་ཏོ། །ཐམས་ཅད་མཁྱེན་ པ་ཉིད་གསུམ་རྫོགས་པར་བྱེད་པ་ནི་བསྟན་པ་སྟེ། དེ་ནི་སེམས་ཅན་ཡོངས་མི་སྟོང་། །ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །སེམས་ཀྱི་བརྟན་པ་སེམས་ཀུན་གནས་པ་སྟེ། ཏིང་ངེ་འཛིན་གྱི་ཁྱད་པར་རོ། །དེ་ནི། གླིང་བཞི་པ་དང་སྟོང་དག་དང་། ། ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །རྣམ་པར་རྟོག་པ་རྣམ་པ་བཞི་ཡི་ཞེས་བྱ་བ་ནི་འཇུག་པ་དང་ལྡོག་པ་དང་སྐྱེས་བུ་རྫས་སུ་ཡོད་པ་དང་བཏགས་པ་ལ་བརྟེན་པའི་གཟུང་བ་གཉིས་དང་འཛིན་པའི་གཉིས་ཏེ་རྣམ་པར་རྟོག་པ་རྣམ་པ་བཞི་ནི་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ཡིན་ལ། དེའི་གཉེན་ པོའི་ཕྱོགས་དོན་གྱི་ཤུགས་ཀྱིས་རྙེད་པ་རྣམ་པ་བཞིའོ། །དེ་ཡང་གང་དུ་ཞེ་ན། མཐོང་བ་ཞེས་བྱ་བ་དང་བསྒོམ་པ་ཞེས་བྱ་བའི་ལམ་ལ་སོ་སོ་ལ་སྟེ་རེ་རེ་ཞིང་ངོ་། །དེ་ནི། འཇུག་པ་དང་ནི་ལྡོག་པ་ལ། །ཞེས་བྱ་བ་ལ་སོགས་པ་དང་། སེམས་ཅན་རྫས་དང་བཏགས་ཡོད་པར། ། ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །མཐོང་བའི་ལམ་ནི། སྦྱིན་པ་ལ་སོགས་རེ་རེ་ལ། །ཞེས་བྱ་བ་ལ་སོགས་པས་སྨོས་ཏེ། བསྒོམ་པའི་ལམ་ནི་འགོག་པ་དང་བཅས་པའི་སྙོམས་པར་འཇུག་པ་དགུར་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ཏིང་ངེ་འཛིན་གང་གི་ རྗེས་ཐོགས་ལ་བྱང་ཆུབ་མངོན་སུམ་དུ་བྱེད་པ་དེ་ནི་བར་ཆད་མེད་པའི་ལམ་སྟེ། དེ་ཡང་། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་། །ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། གང་ཞིག་བར་ཆད་མེད་པའི་ཏིང་ངེ་འཛིན་གྱིས་ལོག་པར་སྒྲུབ་པ་ཟིལ་གྱིས་མནན་ནས་བྱང་ཆུབ་མངོན་སུམ་དུ་བྱེད་ པ་དེ་རྣམས་དང་བཅས་པ་སྟེ། དེ་ནི། དམིགས་པ་འཐད་དང་དེ་ཡི་ནི། །ཞེས་བྱ་བ་ལ་སོགས་པས་བསྟན་པ་ནི་རྩེ་མོའི་མངོན་པར་རྟོགས་པ་ཡིན་ནོ། །སངས་རྒྱས་དང་ཆོས་དང་དགེ་འདུན་རྗེས་སུ་དྲན་པ་རྣམ་པ་གཉིས་ཀྱིས་ན་རྣམ་པ་གསུམ་མོ། །སྦྱིན་པ་ལ་སོགས་ པ་ཕ་རོལ་ཏུ་ཕྱིན་པ་བཅུའི་རྣམ་པ་གཉིས་ཀྱིས་ན་རྣམ་པ་བཅུ་གོ་རིམས་ཀྱིས་ཡོད་པའི་མངོན་པར་རྟོགས་པ་སྟེ། དེ་ཡང་། སྦྱིན་པ་ཤེས་རབ་བར་དག་དང་། །ཞེས་བྱ་བ་ལ་སོགས་པ་འོག་ནས་སྟོན་ཏོ། །སྐད་ཅིག་མ་གཅིག་གིས་མངོན་རྫོགས་བྱང་ཆུབ་པ་ཞེས་བྱ་བ་ནི་གུས་པ་ དང་རྒྱུན་མི་འཆད་པ་དང་དུས་རིང་པོར་བསླབས་པས་དྲན་པ་ཤིན་ཏུ་གསལ་བའི་སྟོབས་ཀྱིས་སྐད་ཅིག་མ་གཅིག་གིས་སྔར་རྣམ་པར་བསྒོམས་པའི་དོན་ལ་དམིགས་པའི་ཡེ་ཤེས་སོ། །དེ་ནི་མཚན་ཉིད་དེ་མཚན་མའི་དབྱེ་བས་རྣམ་པ་བཞི་ཡིན་ལ། དེ་ཡང་། སྦྱིན་པ་ལ་སོགས་རེ་རེས་ཀྱང་། ། ཞེས་བྱ་བ་ལ་སོགས་པས་མཚན་ཉིད་བཞི་པོ་འོག་ནས་འཆད་པ་ཡིན་ནོ། །ངོ་བོ་ཉིད་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པའི་བྱ་བ་ཉིད་ཡིན་པའི་ཕྱིར་ཡང་དག་པར་རྒྱུ་མེད་པ་ཉིད་ཀྱི་རང་བཞིན་གྱི་མཚན་ཉིད་ཡིན་ལ་དེ་ཡང་། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཞེས་བྱ་བ་ལ་ སོགས་པས་སྟོན་ཏོ། །སྐུ་གང་གིས་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་སངས་རྒྱས་ཀྱི་ཆོས་ཀྱིས་ཆོས་ལ་ཡང་དག་པར་ལོངས་སྤྱོད་པར་སྟོན་པ་དེ་ནི། ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེ་ཡང་། མཚན་ནི་སུམ་ཅུ་རྩ་གཉིས་དང་། །ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། ། གང་སྤྲུལ་པ་དང་འདྲ་བར་དོན་གྱི་བྱ་བ་བྱེད་པ་ཤཱཀྱ་ཐུབ་པ་ལ་སོགས་པའི་སྐུ་དེ་ནི་གཞན་ནི་སྤྲུལ་པ་སྟེ། ཉན་ཐོས་ལ་སོགས་པ་འགྲོ་བ་མ་ལུས་པ་ལ་ཕན་ཐོགས་པར་མཛད་པ་ཉིད་ཡིན་པས་ན་སྐུ་ཐམས་ཅད་ཀྱི་མཆོག་གོ། །དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་ངོ་བོ་ཉིད་ཀྱི་སྐུ་ཡེ་ཤེས་ ཀྱི་བདག་ཉིད་ཡིན་པ་དེ་དང་འདྲ་བར་རོ། །དེ་ལྟར་ན་དེ་ལས་གཞན་པའི་སྐུ་དག་ཀྱང་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པ་བལྟ་བར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ལས། འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། །ཞེས་གང་ གསུངས་པ་དང་། གསེར་འོད་དམ་པ་ལས་ཀྱང་། སྐུ་ལ་ཤ་དང་ཁྲག་མེད་ན། །སྐུ་གདུང་ཡོད་པར་ག་ལ་འགྱུར། །ཞེས་གསུངས་པ་ཡིན་ནོ། །སྤྲུལ་པའི་སྐུ་ཡང་། གང་གི་འཁོར་བ་ཇི་སྲིད་པར། །ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །རྫོགས་པའི་ སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི་སྒྱུ་མ་ལྟ་བུ་ལ་སོགས་པའི་རང་གི་མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱི་སྐུའོ། །མཛད་པར་བཅས་པ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་གཞན་གྱི་དོན་བྱེད་པ་སྟེ། འདི་ནི་ངོ་བོ་ཉིད་ཀྱི་སྐུའི་ཁྱད་པར་ཡིན་ནོ། །ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ ནི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ། འགྲོ་རྣམས་ཞི་བའི་ལས་དང་ནི། །གང་གིས་སྲིད་པ་ཇི་སྲིད་པར། །དེ་བཞིན་ཉིད་ལས་ཀྱང་བསམ་གྱིས་མི་ཁྱབ་ཅེས་བྱ་བས་གོ་རིམས་བཞིན་དུ་འོག་ནས་ སྟོན་པ་ཡིན་ནོ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་བྱ་བ་ནི་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་རྗེས་ཐོགས་ལ་བཅོས་མ་མ་ཡིན་པའི་ཡེ་ཤེས་ཀྱི་སྐུ་ངོ་བོ་ཉིད་ཀྱི་སྐུ་ཞེས་བཤད་པ་གང་ཡིན་པ་དེ་དང་བཅས་པར་བཅོམ་ལྡན་འདས་མངོན་པར་རྫོགས་པར་འཚང་ རྒྱ་བ་ཡིན་ཏེ། གཞན་དུ་ན་དེ་མེད་ན་དེའི་རང་བཞིན་ཉིད་ཡིན་པས་སྐུ་གསུམ་པོ་དག་མེད་པར་ཐལ་བར་གྱུར་པས་རྣམ་པ་བཞིར་བཤད་པ་ཡིན་ནོ། །དེ་ཉིད་ཀྱིས་ན་ཁ་ཅིག་ནི་སྐུ་གསུམ་པོའི་བྱ་བ་ངོ་བོ་ཉིད་ཀྱི་སྐུ་ཁོ་ན་ཡིན་ཏེ། ཡང་དག་པར་ན་བཅོམ་ལྡན་འདས་ནི་ཆོས་ཀྱི་སྐུ་ཡིན་ནོ་ ཞེས་ཐམས་ཅད་དུ་བཤད་དོ་ཞེས་ཟེར་རོ། །ཡང་ན་མཛད་པ་དང་བཅས་པས་འགྲོ་བ་ཞི་བ་ལ་སོགས་པ་ལ་འཇུག་པས་ན་མཛད་པར་བཅས་པ་ནི་རྩ་བ་ཆོས་ཀྱི་སྐུ་སྟེ་རྣམ་པ་བཞིར་ཡང་དག་པར་བརྗོད། ཇི་ལྟར་ཞེ་ན་ངོ་བོ་ཉིད་སྐུ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །ཕྱོགས་འདི་ ལ། དེ་བཞིན་གཞན་ནི་ཆོས་སྐུ་དང་། །ཞེས་བཤད་ན་རྟོགས་སླ་བ་ཡིན་ནོ། །རྩ་བ་ཆོས་ཀྱི་སྐུ་དང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པ་སྐུ་ལྔའི་བདག་ཉིད་ཅན་ཉིད་དུ་འགྲུབ་ཅིང་བཤད་མ་ཐག་པའི་བཀའ་བས་སྦྱར་བ་ཉིད་ཀྱང་ལན་བཏབ་པར་འགྱུར་རོ། །གཞན་དག་ནི་སྔ་མ་ བཞིན་ནོ། །ལ་ལ་ནི་ཡང་དག་པར་ན་བཅོམ་ལྡན་འདས་ཀྱི་སྐུ་བཞི་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་སྐུ་གསུམ་ཡིན་ནོ། །ཞེས་ཟེར་རོ། །ཡང་གཞན་དག་ནི་བཅོམ་ལྡན་འདས་ནི་གཙོ་བོ་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཡིན་ནོ་ཞེས་ཟེར་མོད་ཀྱི་འདིར་དེ་ཁོ་ན་ཉིད་ནི་ཤེས་པ་ཚད་ མ་ཡིན་ནོ། །དེ་ལྟར་མངོན་པར་རྟོགས་པ་བརྒྱད་མདོར་བསྡུས་པ་བཤད་པ་ཡིན་ནོ། །སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱིས་ཀྱང་། ཤེས་རབ་ཕ་རོལ་ཕྱིན་ལ་བརྟེན། །མདོར་བསྡུས་དོན་ནི་འདི་དག་ཡིན། །སླར་ཡང་དོན་གཞན་ལ་བརྟེན་ནས། །དོན་དེ་ཉིད་ནི་ བཟླས་པ་ཡིན། །ཞེས་གང་གསུངས་པ་ཡིན་ནོ། །རྒྱ་ཆེར་ནི་བཅོམ་ལྡན་འདས་འཕགས་པ་བྱམས་པ་དང་དེའི་ཚིག་ལེའུར་བྱས་པ་རྣམ་པར་འབྱེད་པ་དག་གིས་གསལ་བར་མཛད་པ་ཡིན་ནོ། །བདག་དང་འདྲ་བར་བློ་དམན་པ་རབ་ཏུ་བྱེད་པ་འདོན་པ་རྣམས་ཀྱི་སེམས་བསྐྱེད་ པ་དང་། ཞེས་བྱ་བ་ལ་སོགས་པ་མདོར་བསྡུས་པའི་ཚིག་གི་དོན་ཙམ་དྲན་པའི་ཆེད་དུ་རབ་ཏུ་བྱེད་པ་གཙོ་བོའི་སྦྱོར་བར་བསྟན་པ་ཡིན་པས་དམ་པ་རྣམས་ཀྱིས་བཟོད་པར་མཛད་པའི་རིགས་སོ། །རབ་ཏུ་བྱེད་པ་ལས་ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་བྱ་བ་ལ་སོགས་པས་དང་པོར་ཐམས་ ཅད་ཤེས་པ་ཉིད་དང་། ལམ་ཤེས་པ་ཉིད་དང་ཐ་མར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གསུངས་ན། དེ་ཇི་ལྟར་དོན་བསྡུས་པ་དེའི་བཤད་པ་ལ་གོ་བཟློག་པ་མ་ཡིན་ནམ་ཞེས་དོགས་པ་སྐྱེ་བ་ལ། དགོས་པའི་དོན་ནི་དེ་ལྟར་བསྡུས་པའི་དོན་ཀུན་བསྟན་ནས་ཞེས་བྱ་བ་ལ་སོགས་ པ་སྨོས་པ་ཡིན་ཏེ། དེ་ལྟར་བཤད་པའི་རིམ་པས་བྱང་ཆུབ་སེམས་དཔའ་གཞན་གྱི་དོན་གྱི་ཕྱིར་བྱང་ཆུབ་སྟེ་སངས་རྒྱས་ཉིད་ཐོབ་པའི་བསམ་པས། འབྲས་བུ་ཡིན་པའི་ཕྱིར་ཞེས་པ། ཕྱིན་ཅི་མ་ལོག་པར་རྟོགས་པ་ཉིད་ཡིན་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཐོབ་པར་བྱ་དགོས་ཤིང་མངོན་སུམ་དུ་བྱ་དགོས་པས་གཏན་ཚིགས་དེའི་ཕྱིར་དང་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་བསྡུས་པའི་ཚིག་ལེའུར་བྱས་པ་སེམས་བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་དེ་བཤད་པའི་སྒོ་ནས་དེ་རྣམ་པར་དབྱེ་བའི་སྐབས་ཡིན་པས་བཤད་པར་བཞེད་དེ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་གི་དོན་གྱི་དེ་ཁོ་ན་ཉིད་ཁྱད་པར་གྱིས་ཉེ་བར་བསྟན་པར་མངོན་པར་བཞེད་པ་ཡིན་ནོ། །ཉན་ཐོས་ཞི་བ་ཚོལ་ཞེས་བྱ་བ་ལ་སོགས་པ་ཡུམ་གྱི་བསྟོད་པའི་ཚིག་ལེའུར་བྱས་པ་ནི་ཇི་ལྟར་རུང་བས་ཡང་དག་པའི་དོན་ཕུན་སུམ་ཚོགས་པར་འགྱུར་བ་ཡིན་པས་དེ་ ལ་བརྒལ་ཏུ་ཅི་ཞིག་ཡོད་ཅེས་བྱ་བར་དགོངས་སོ། །སེམས་བསྐྱེད་པ་དམིགས་པ་དང་། རང་གི་ངོ་བོ་དང་བཅས་པ་ནི་སེམས་ཅན་གྱི་དོན་ལ་དམིགས་པའི་སྨོན་པ་དང་འཇུག་པའི་རང་བཞིན་ཏེ། སེམས་བསྐྱེད་པ་ནི། ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྤྲོ་བ་ཆེ་དང་རྩོམ་ པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའི་སེམས་པ་སྟེ། །དོན་གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་བཤད་པས། སེམས་དང་སེམས་ལས་བྱུང་བ་དག །དབྱེ་བ་ཡོད་པར་སྨོས་པ་ཡིན། །དེ་འདིར་ཇི་ལྟར་འདྲེན་ མར་བྱས་པ་ཡིན་ཞེས་བྱ་བ་ནི་བསམ་པ་དང་ལྡན་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དགེ་བའི་ཆོས་ལ་འདུན་པ་ནི་མ་ཆགས་པ་ལ་སོགས་པ་ལ་འཇུག་པ་ཉིད་ཡིན་པའི་ཕྱིར་དགེ་བའི་བདག་ཉིད་ཅན་གཞན་གྱི་དོན་གྱི་ཕྱིར་བྱང་ཆུབ་ མངོན་པར་འདོད་པའོ། །སེམས་ཡུལ་ཁྱད་པར་ཅན་དུ་འཕགས་པར་སྣང་བ་ནི་གཞན་གྱི་དོན་ལ་དམིགས་པར་སྣང་བའོ། །རྒྱུས་འབྲས་བུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ལ་རྒྱུ་ནི་དགེ་བའི་ཆོས་ལ་འདུན་པའོ། །འབྲས་བུ་ནི་སེམས་བསྐྱེད་པ་སྟེ། ཆོས་ལ་མངོན་པར་འདོད་ པ་ཉིད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་རོ། །དེ་བས་ན་འདི་གཉིས་ཉེ་བར་བཏགས་པས་གཅིག་ཏུ་བྱས་པ་ལ། ཉེས་པ་མེད་དོ་ཞེས་བྱ་བར་དགོངས་སོ། །ཡང་ན་སྨོན་ལམ་ནི་དོན་དུ་གཉེར་བ་སྟེ། དེས་ན་འདིར་གཞན་གྱི་དོན་གྱི་ཕྱིར་སངས་རྒྱས་སུ་གྲུབ་པར་ གྱུར་ཅིག་ཅེས་གསོལ་བ་འདེབས་པ་ནི་སྨོན་ལམ་གྱི་དོན་ཡིན་ལ་སྦྱིན་པ་ལ་སོགས་པ་ཉམས་སུ་ལེན་པ་ནི་འཇུག་པའི་དོན་ཡིན་ནོ་ཞེས་སྐབས་ཀྱིས་སྨྲས་པ་ཡིན་ནོ། །དེ་དང་ལྷན་ཅིག་སྤྱོད་པ་ནི་དོན་དུ་གཉེར་བ་དང་ལྷན་ཅིག་སྤྱོད་པའི་སེམས་བསྐྱེད་པ་ནི་དེའི་སྒྲར་ཞེས་བྱ་བ་ཡང་དག་ པར་རྫོགས་པའི་བྱང་ཆུབ་འདོད་པའི་སྒྲར་བསྟན་པ་ཡིན་ནོ། །འདིས་ནི་མཚམས་སྦྱར་དང་བརྒལ་ལན་དང་བཅས་པ་ཡིན་ཏེ། འདིའི་འོག་མ་རྣམས་ལ་ཡང་བརྟག་པར་བྱའོ། །དེ་ལྟར་ན་དོན་དུ་གཉེར་བ་དང་ལྷན་ཅིག་པར་རྟོགས་པའི་སྨོན་ལམ་དང་འབྲེལ་པའི་བྱང་ཆུབ་ ཀྱི་སེམས་ཡིན་ནོ། །རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་ཅར་ལས་ཞེས་བྱ་བ་ནི་སྟོང་ཕྲག་བརྒྱ་པ་དང་། སྟོང་ཕྲག་ཉི་ཤུ་ལྔ་པ་དང་། སྟོང་ཕྲག་བརྒྱད་པ་ཞེས་བྱ་བ་ལས་འདི་ཉིད་ནན་ཏན་དུ་བྱའོ། །ཞེས་འོག་མ་དང་སྦྱར་རོ། །སྦྱིན་པ་ལ་ སོགས་པ་ཞེས་བྱ་བ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ། སྦྱིན་པར་བྱ་བ་སྟེ་དངོས་པོ་དང་། སྦྱིན་པ་པོ་སྟེ། བདག་ཉིད་དང་། ལེན་པ་པོ་སྟེ་སློང་མོ་པ་མི་དམིགས་པ་སྟེ་དེ་ཁོ་ན་ཉིད་དུ་ན་སྦྱིན་པར་བྱ་བ་ལ་སོགས་པ་དམིགས་སུ་མེད་པའི་ཕྱིར་རོ། །ནན་ཏན་དུ་བྱའོ་ཞེས་ བྱ་བ་ལ་སོགས་པ་རབ་ཏུ་སྟོན་པ་ལྷུར་ལེན་པའི་ཚིག་གིས་ཞེས་བྱ་བ་ལ་ནན་ཏན་དུ་བྱ་བ་ནི་བསླབ་པ་སྟེ། རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་ལ་སོགས་པའི་དོན་གྱིས་བསྒྲུབ་པར་བྱའོ། །བསླབ་པར་བྱའོ། །རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་ལ་སོགས་པའི་སྒྲས་སོ། །བསྡུས་ པ་དང་རྒྱས་པའི་སྒོ་ནས་ཞེས་བྱ་བ་ནི་གསུམ་ཅར་ཞེས་བྱ་བ་ལ་སོགས་པ་ནི་བསྡུས་པའོ། །སྦྱིན་པ་ཞེས་བྱ་བ་ལ་སོགས་པ་ནི་རྒྱས་པ་ཉིད་དོ། །མདོའི་དོན་དང་མི་འགལ་བས་ཞེས་བྱ་བ་ནི་དཀོན་མཆོག་རྣམ་བདུན་དང་སྡོང་པོ་བཀོད་པ་ལ་སོགས་པ་མདོའི་དོན་དང་མི་འགལ་བས་ སོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་བསྟན་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུའི་ལམ་བཅོམ་ལྡན་འདས་གཞན་གྱི་དོན་གྱི་ཕྱིར་སྣོད་དུ་རུང་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པ་གང་ཡིན་པའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡུལ་ གང་ལ་ལེགས་པར་སྤྱོད་པའི་ལས་སྤྱོད་པ་གང་ཡིན་པ་དང་། གང་ཞིག་ཀུན་ཏུ་སྤྱོད་པ་དང་། །ཀུན་ཏུ་སྤྱོད་པ་གང་ཡིན་པ་དེ་ལ་མི་དམིགས་པ་དང་། དེ་བཞིན་དུ་བཟོད་པ་ལ་སོགས་པ་ལ་ཡང་བལྟ་བར་བྱའོ། །སེམས་ཅན་ཐམས་ཅད་སྐལ་བ་ཇི་ལྟ་བ་བཞིན་དུ་མྱ་ ངན་ལས་འདས་པ་ནི་གདུལ་བྱ་མ་ལུས་པ་ཇི་ལྟར་འཚམ་པ་བཞིན་དུ་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་ལ་རབ་ཏུ་འགོད་པར་འདོད་པས་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །སེར་སྣ་ཅན་ལ་སོགས་པ་ཞེས་བྱ་བ་ནི་གཏང་བ་མེད་པ་དང་། ཉེས་པར་སྤྱོད་པ་ཐམས་ ཅད་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ལ་འགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་ནན་ཏན་དུ་བྱའོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །འདིར་ཡང་སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་བསྡུས་པ་ཡིན་ལ། སེར་སྣ་ཅན་ལ་ ཞེས་བྱ་བ་ལ་སོགས་པས་ནི་རྒྱས་པ་སྟེ། གཞན་གྱི་དོན་བསྟན་པ་ཡིན་ནོ། །དངོས་སུ་ན་ལམ་སྟོན་པའི་མཚན་ཉིད་ཡིན་པའི་ཕྱིར་གཞན་གྱི་དོན་སྟོན་ཏེ། །རྒྱལ་བའི་ཡུམ་ཞེས་བྱ་བ་ལ་སོགས་པ་སྨོས་པས་མི་དམིགས་པས་མངོན་པར་རྟོགས་པ་བརྒྱད་ ཀྱིས་ལམ་བྱང་ཆུབ་སེམས་དཔའ་རང་ཉིད་རྫོགས་པའི་བྱང་ཆུབ་ལ་འཇུག་པར་བྱ་སྟེ། དེའི་རྒྱུ་ཡིན་པའི་ཕྱིར་རོ། །གདུལ་བྱ་རྣམས་ཀྱང་དེ་དང་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་ལ་བཀོད་པ་ནི་གཞན་གྱི་དོན་ཡིན་ནོ། །དེ་ཡང་བསྡུས་པ་དང་རྒྱས་པ་དག་གི་མདོ་བཞིན་དུ་ བསྟན་པ་གང་ཡིན་པ་དེ་བསྡུས་པ་དང་རྒྱས་པ་དག་གིས་དེ་བཞིན་དུ་གསུངས་པ་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཡིན་ནོ། །འདིས་ནི་སེམས་བསྐྱེད་པ་བཤད་པའི་གནས་སྐབས་ཡིན་པས་མངོན་པར་རྟོགས་པའི་རྒྱན་གྱི་བསྟན་བཅོས་མདོ་དང་མི་མཐུན་པ་བསྩལ་བར་ བྱས་པ་ཡིན་ཏེ། མདོ་སྡེ་རྣམས་དང་རྒྱལ་བའི་ཡུམ་ཚིག་གཅིག་པ་ཉིད་དུ་སྟོན་ཏེ། ཚུལ་གཅིག་དང་འགལ་བ་འམ་མདོ་དང་མི་མཐུན་པའི་དོན་ལ་རྟོགས་པ་དང་ལྡན་པ་སུ་ཡང་འཇུག་པར་མི་འགྱུར་རོ། །སྔར་སེམས་བསྐྱེད་པ་མདོར་བསྡུས་ཏེ་གསུངས་པའི་ཁྱད་ པར་གྱི་རབ་ཏུ་དབྱེ་བ་རྒྱ་ཆེར་བསྟན་པའི་གནས་སྐབས་ཀྱི་ཁོངས་སུ་གཏོགས་པ་ཡིན་པའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ། །འདུན་པ་དང་བསམ་པ་དང་ལྷག་པའི་བསམ་པ་ནི་གཞན་གྱི་དོན་མངོན་པར་འདོད་པ་ཆུང་ངུ་དང་འབྲིང་དང་ཆེན་པོའོ། །སྦྱོར་བ་ ནི་སྦྱིན་པ་ལ་སོགས་པ་ལ་ལུས་ལ་སོགས་པའི་བྱ་བའོ། །སྦྱིན་པ་ནི་སློང་བ་རྣམས་ལ་བསམ་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་སྟེར་བའོ། །ཚུལ་ཁྲིམས་ནི་ལེགས་པར་སྤྱོད་པའི་ལས་རྣམས་སོ། །བཟོད་པ་ནི་གཞན་གྱི་གནོད་པ་ཤེས་པ་བརྣག་ནུས་པའོ། །བརྩོན་འགྲུས་ ནི་དགེ་བའི་ལས་རྣམས་ལ་སྤྲོ་བའོ། །བསམ་གཏན་ནི་སེམས་རྩེ་གཅིག་པའོ། །ཤེས་རབ་ནི་ཐོས་པ་ལ་སོགས་པའི་ཤེས་པའོ། །ཐབས་མཁས་པ་ནི་འཚང་རྒྱ་བ་ཉིད་ཀྱི་ཐབས་ལ་སེམས་མ་ཞུམ་པ་ལ་སོགས་པ་ལ་བྱ་བ་ཉིད་དོ། །སྨོན་ལམ་ནི་སྔ་མ་བཞིན་ནོ། །སྟོབས་ ནི་འདི་ཉིད་ལ་བསྟན་པས་གོ་བགོས་པའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་ལ་བློ་ཕུལ་དུ་བྱུང་བའོ། །མངོན་པར་ཤེས་པ་ནི་ཀུན་ཤེས་པ་སྟེ། ལྷའི་མིག་ལ་སོགས་པའོ། །བསོད་ནམས་དང་ཡེ་ཤེས་ནི་འོག་ནས་བཤད་པའི་བསོད་ནམས་དང་ཡེ་ཤེས་རྣམས་ སོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ནི་འོག་ནས་བཤད་པའི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའོ། །སྙིང་རྗེ་ནི་སེམས་ཅན་གདོན་པར་འདོད་པའི་རྣམ་པའོ། །ལྷག་མཐོང་ནི་ཤེས་རབ་བོ། །གཟུངས་དང་སྤོབས་པ་ནི་དོན་ལ་སོགས་པ་འཛིན་པའི་ཤེས་པའོ། ། ཆོས་ཀྱི་སྐྱེད་མོས་ཚལ་ནི་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་ཆོས་ཉེ་བར་འབྱིན་པའམ་མདོར་བསྡུས་ནས་རབ་ཏུ་སྟེར་བའོ། །བགྲོད་པ་གཅིག་པའི་ལམ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་གཅིག་ཏུ་འཇུག་པ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་སྐུ་ནི་ཡེ་ཤེས་ཀྱི་སྐུ་སྟེ་འདི་རྣམས་དང་ ལྡན་ཞིང་དེ་དང་འབྲེལ་པའི་སེམས་བསྐྱེད་པ་ནི་ས་ལ་སོགས་པ་དང་འདྲའོ། །དེ་ནི་གོ་རིམས་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཚང་རྒྱ་བ་ཉིད་ལ་སོགས་པའི་དགེ་བའི་ལམ་སྟོན་པས་ན་དགེ་བའི་བཤེས་གཉེན་ཏེ་བླ་མའོ། །སེམས་ཅན་རྣམས་ལ་ བསམ་པ་ཅི་ལྟ་བ་བཞིན་དུ་འབྲས་བུ་རབ་ཏུ་སྟེར་བས། ཡིད་བཞིན་གྱི་ནོར་བུའོ། །རྟག་པ་དང་བདག་ལ་སོགས་པར་རྨོངས་པའི་སྐྱེ་བོས་མཉན་པར་བྱ་བའི་དོན་ཚར་བཅད་པས་མཁས་པས་མཉན་པར་བྱ་བའི་བདག་མེད་པ་ཉིད་ལ་སོགས་པའི་དོན་ཁོ་ན་ཉིད་ཡང་དག་པར་དུས་ཇི་ ལྟ་བ་བཞིན་དུ་ཀུན་ནས་སྟོན་པའི་བདག་ཉིད་ཅན་གྱི་སྒྲ་ནི་ཆོས་ཀྱི་སྒྲ་དབྱངས་སྙན་པ་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པའོ། །དབང་པོ་ལ་སོགས་པའི་བགེགས་ཚར་བཅད་པས། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པ་ན་དེ་ལ་མངོན་པར་དད་པའི་ལྷ་ རྣམས་རྒྱལ་བར་གྱུར་ཅིག །རྒྱལ་བར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའི་སྒྲ་ཀུན་ནས་སྒྲོགས་པ་ནི་སྒྲ་སྙན་པའོ། །དཔེ་དང་དཔེས་བརྗོད་པའི་དངོས་པོ་ངེས་པར་སྤྱད་པས་ས་ལ་སོགས་པའི་དོན་གྱིས་བྱ་བ་མཉམ་པའི་འདུན་པ་ལ་སོགས་པ་ནི། ཆོས་དཀར་པོ་ཐམས་ ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཆོས་དཀར་པོ་ཐམས་ཅད་ནི་མ་ཆགས་པ་ལ་སོགས་པའོ། །དེའི་གཞི་ནི་གནས་སོ། །དེའི་དངོས་པོ་ནི་མ་ཆགས་པ་ལ་སོགས་པ་ཡོད་པའོ། །བྱང་ཆུབ་ཀྱི་བར་དུ་མི་འགྱུར་བ་ནི་འཚང་རྒྱ་བ་ཉིད་ཀྱི་བར་དུ་ གཞན་དུ་མི་འགྱུར་བའོ། །དགེ་བའི་ཆོས་མཐའ་དག་ནི་མ་ཆགས་པ་ལ་སོགས་པའོ། །དེའི་རྣམ་པར་འཕེལ་བ་ནི་གོང་ནས་གོང་དུ་འཕེལ་བའི་རིམ་གྱིས་ལྷག་པའོ། །ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་སྒྲིབ་པ་ནི་དེའི་མི་མཐུན་པའི་ཕྱོགས་ཉོན་མོངས་པ་རྣམས་སོ། །དེ་ཉིད་ བུད་ཤིང་ཡིན་ཏེ་དེ་སྲེག་པའོ། །སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ་ནི་གདུལ་བྱ་རྣམས་ལ་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་དང་ཟང་ཟིང་རབ་ཏུ་སྦྱིན་པས་ཚིམ་པར་བྱེད་པའོ། །ལུས་ལ་སོགས་པ་དགའ་བ་སྐྱེད་པ་ཉིད་ཀྱིས་ན་བསླབ་པར་བྱ་བ་ཡིན་པའི་ཕྱིར་ཡོན་ཏན་རིན་པོ་ ཆེ་སྟེ་སྟོབས་བཅུ་ལ་སོགས་པའོ། །དེ་རྣམས་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་དེའི་རྟེན་གྱི་དངོས་པོའོ། །མི་འདོད་པ་ཐམས་ཅད་མི་བཟོད་པར་དཀའ་བའི་རལ་གྲི་དང་། མདའ་དང་། ལྕགས་མདུང་དང་། མདུང་ཐུང་ལ་སོགས་པའོ། །དེའི་ཐོག་ཏུ་བབ་པ་ནི་བཅོམ་ལྡན་ འདས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་ཐད་དུ་བབ་པའོ། །དེས་མི་འཁྲུགས་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་མ་གཡོས་པའོ། །སངས་རྒྱས་པ་ཉིད་ཀྱི་རྗེས་ཐོགས་ལ་ཡང་དག་པར་ངེས་པ་ནི་ཡིད་ཆེས་པ་སྟེ། དེས་མི་འཇིགས་པ་བཞི་བརྙེས་པ་ན་བརྟན་པ་སྟེ་མི་ ཚུགས་པའོ། །དེས་མི་ཕྱེད་པ་ནི་སྐུལ་བར་བྱེད་པ་དང་བདུད་རྣམས་ཀྱིས་དབྱེ་བར་མི་ནུས་པའོ། །དམིགས་པ་ནི་འདོད་པའི་ལྷས་བཏང་བའི་རང་གི་བུ་མོ་ལ་སོགས་པའོ། །གང་དེ་རྣམས་ཀྱི་རྣམ་པར་གཡེང་བ་ནི་མིག་ཟུར་གྱིས་ལྟ་བ་ལ་སོགས་པའོ། །དེས་མི་བསྐྱོད་ པ་ནི་ཏིང་ངེ་འཛིན་ལས་མ་གཡོས་པའོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ནི་སངས་རྒྱས་ཉིད་མཐོང་བའི་ནད་མེད་པའི་མི་མཐུན་པ་ཉིད་མཐོང་བའི་ཕྱིར་རྩིག་པ་ལ་སོགས་པ་དང་འདྲ་བར་འདོད་ཆགས་ལ་སོགས་པ་དང་གཟུགས་ལ་སོགས་པ་བཟུང་བ་རྣམས་ནི་སྒྲིབ་པ་ཡིན་ པས་ན་སྒྲིབ་པའོ། །དེ་ཉིད་ནི་འཁོར་བ་གཅིག་ནས་གཅིག་ཏུ་བརྒྱུད་པར་འཚེ་བར་བྱེད་པ་ཉིད་ཡིན་པའི་ཕྱིར་ནད་དོ། །དེ་རྣམས་རབ་ཏུ་ཞི་བ་ནི་རྣམ་པར་ཞི་བའོ། །གནས་སྐབས་ཐམས་ཅད་དུ་ལྷ་མོ་སྒྱུ་འཕྲུལ་ལ་སོགས་པའི་ལྷུམས་ནས་ནུར་ནུར་པོ་ལ་སོགས་པ་ མེད་པར་གཞལ་ཡས་ཁང་ན་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ལ་སོགས་པའི་གནས་སྐབས་སུ་དེར་སེམས་ཅན་ཏེ། དབང་པོ་ལ་སོགས་པའི་དོན་དུ་ཆོས་སྟོན་པ་ལ་སོགས་པ་སྟེ་དེ་ཡོངས་སུ་མི་གཏོང་བའོ། །ཇི་ལྟར་སྨོན་པའི་འབྲས་བུ་གྲུབ་པ་ནི་འཚང་རྒྱ་བ་ལ་སོགས་པའི་སྦྱོར་བ་རྫོགས་ པའོ། །གདུལ་བྱ་སྟེ་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་སྨིན་པར་བྱེད་པ་ནི་ཡོངས་སུ་སྨིན་པར་བྱེད་པའོ། །གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པ་ནི་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པས་གདུལ་བྱ་རྣམས་ཤིན་ཏུ་ཕུལ་དུ་བྱུང་བ་དང་བཅས་པ་ལ་འཇུག་པའོ། ། མཐུ་ཐོགས་པ་མེད་པ་ཉིད་ཀྱིས་ཞེས་བྱ་བ་ལ་ཟིལ་གྱིས་མི་གནོན་པའི་ནུས་པ་མངའ་བ་ཉིད་ཀྱིས་གཞན་གྱི་དོན་ཉམས་སུ་བཞེས་ཤིང་སེམས་ཅན་གྱི་དོན་རྩོམ་པའི་བསྐལ་པ་དུ་མར་སྤྱད་པའི་གཏོང་བ་དང་། ཤིན་ཏུ་གཏོང་བ་དང་། གཏོང་བ་ཆེན་པོ་ལ་སོགས་པ་དང་། བཟོའི་ གནས་རྣམ་པ་སྣ་ཚོགས་པ་ལ་བསླབ་པ་ནི་བསོད་ནམས་དང་ཡེ་ཤེས་ཡིན་ཏེ། དེ་ཉིད་ཀྱང་བྱང་ཆུབ་ཀྱི་རྒྱུ་ཉིད་དུ་ཡང་དག་པར་བསགས་པ་ཡིན་པས་ན་ཚོགས་སོ། །དེ་རྣམས་ཀྱི་མཛོད་ལྟ་བུ་ནི་རྫས་གཞག་པའི་ཁྱིམ་མོ། །འཕགས་པ་ཐམས་ཅད་དེ། བྱང་ཆུབ་སེམས་ དཔའ་ལ་སོགས་པ་གཤེགས་ཤིང་རྗེས་སུ་གཤེགས་པ་ནི་ཡང་དང་ཡང་དུ་མངོན་སུམ་དུ་མཛད་ཅིང་རྟོགས་སླ་བར་མཛད་པའོ། །འཁོར་བ་དང་མྱ་ངན་ལས་འདས་པ་དག་སྟེ། སྲིད་པ་དང་ཞི་བ་གང་ཡང་རུང་བ་ཅིག་ཏུ་མི་ལྟུང་ཞིང་མི་འགྲོ་བའོ། །ཉོན་མོངས་པ་མེད་པར་ བྱང་ཆུབ་ཐོབ་པར་བྱེད་པས་བདེ་བླག་ཏུ་འགྲོའོ། །ཐོས་པ་དང་མ་ཐོས་པའི་ཆོས་མི་ཟད་པ་འཛིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐོས་པ་དང་མ་ཐོས་པའི་ཆོས་སྐྱེ་བ་ཐམས་ཅད་དུ་དགའ་བ་ཉིད་ཀྱིས་འཛིན་པར་བྱེད་པ་ཉིད་ཡིན་ཞིང་མི་ཟད་པ་ལ་ཉམས་ པ་ཡིན་པའི་ཕྱིར་རོ། །ཐར་པ་འདོད་པ་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་མངོན་པར་འདོད་པའི་སེམས་ཅན་རྣམས་ལ་སྦྱིན་པ་ལ་སོགས་པ་བཤད་པའོ། །གཞན་གྱི་དོན་ཅེས་བྱ་བ་ལ་སོགས་པ་ལ་མཉམ་པ་ཉིད་ཀྱིས་ཐམས་ཅད་ལས་མཆོག་ཏུ་ གྱུར་པའི་ངེས་པར་ལེགས་པ་དང་མངོན་པར་མཐོ་བ་ཞེས་བྱ་བ་བྱེད་པ་ཡིན་པའི་ཕྱིར་རོ། །དགའ་ལྡན་གྱི་ཞེས་བྱ་བ་ལ་སོགས་པ་སྤྲུལ་པ་ལྷུན་གྱིས་གྲུབ་པ་དགའ་ལྡན་ལ་སོགས་པའི་ལྷ་རྣམས་ལ་ཆོས་སྒྲོགས་པ་ལ་སོགས་པའི་དོན་ཡང་དག་པར་སྟོན་པ་ཡིན་པའི་ཕྱིར་རོ། །དེ་དག་ དང་འཚམ་ཞིང་རུང་བ་ཉིད་ཀྱིས་ན་འདུན་པ་ལ་སོགས་པ་ནི་ས་ལ་སོགས་པའི་དོན་གྱི་བྱ་བ་ནུས་པ་ཉིད་ཀྱིས་གྲངས་བཞིན་ནོ་ཞེས་བྱ་བ་ཡིན་ནོ། །ད་ནི་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱིས་བྱང་ཆུབ་པའི་བར་དུ་ཁྱབ་པ་ནི་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བསྐལ་ པ་གྲངས་མེད་པ་གསུམ་དུ་ཤེས་པ་གང་གིས་དགེ་བའི་བཤེས་གཉེན་དང་། སངས་རྒྱས་ལ་བསྙེན་བཀུར་བྱ་བ་ལ་སོགས་པའི་ལས་ཀུན་ཏུ་སྤྱོད་པའི་ཤེས་པ་དེ་ནི་ལས་དང་པོ་པའི་སའོ། །དེས་བསྡུས་པ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་དང་པོ་གསུམ་སྟེ། འདུན་པ་དང་བསམ་པ་དང་ལྷག་པའི་བསམ་པར་རྟོགས་པའི་སེམས་བསྐྱེད་པ་རྣམས་སོ། །འདིས་ནི་དུས་དེའི་ཚེ་དགེ་བའི་བཤེས་གཉེན་ལ་སོགས་པ་བརྟན་པས་དགེ་བའི་རྩ་བ་གང་ཅི་ཡོད་པ་དེ་ཐམས་ཅད་ཞིང་ས་བཟང་པོ་ལ་བཏབ་པའི་ས་བོན་གྱི་མྱུ་གུ་དང་འདྲ་བར་གནས་ པར་གྱུར་པ་དང་། གསེར་བཟང་པོ་དང་འདྲ་བར་ཟད་པ་མེད་པ་དང་། །ཚེས་གཅིག་གི་ཟླ་བ་དང་འདྲ་བར་འཕེལ་བར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །དེའི་འོག་ཏུ་གཅིག་ནི་ཞེས་བྱ་བ་ནི་སྦྱོར་བ་དང་ལྡན་པར་འགྱུར་བའི་སེམས་བསྐྱེད་པའོ། །ས་དང་པོ་རབ་ཏུ་དགའ་བ་ ཞེས་བྱ་བ་དེ་ལ་འཇུག་པའི་ལམ་གྱིས་བསྡུས་སོ་ཞེས་བྱ་བ་སེམས་གང་གིས་འཇུག་པ་དེས་བསྡུས་པ་སྟེ། །སྦྱོར་བ་དང་ལྡན་པའི་སེམས་འདིས་གང་གི་ཚེ་ཐམས་ཅད་མཁྱེན་པ་གསུམ་ཉིད་ཀྱི་སྒྲིབ་པ་རྣམས་མེས་ཤིང་བསྲེགས་པ་དང་འདྲ་བར་འགྱུར་བ་དེའི་ཚེ་ས་དང་པོ་རབ་ཏུ་ དགའ་བ་ལ་སོགས་པར་འཇུག་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེའི་འོག་ཏུ་སྦྱིན་པ་ལ་སོགས་པ་དང་ལྡན་པའི་སེམས་བསྐྱེད་པ་བཅུ་ནི་མཐོང་བ་དང་བསྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ཡིན་ཏེ། གོ་རིམས་བཞིན་དུ་རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་ བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ཞེས་བྱ་བའི་ས་བཅུས་བསྡུས་པ་རྣམས་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་སེམས་བསྐྱེད་པ་ཕུལ་ དུ་བྱུང་བས་ན། རབ་ཏུ་དགའ་བ་ལ་སོགས་པའི་ས་སྐྱེ་བར་འགྱུར་ཏེ། འདིས་ནི་སྦྱིན་པ་ལ་སོགས་པའི་སེམས་ཕུལ་དུ་བྱུང་བ་ལས་ས་རབ་ཏུ་དགའ་བ་ལ་སོགས་པ་ལ་འཇུག་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངེས་པར་གོ་རིམས་བཞིན་ཏུ་གཏེར་ཆེན་པོ་དང་འདྲ་བར་ སེམས་ཅན་རྣམས་ཚིམ་པར་བྱེད་པ་དང་། རིན་པོ་ཆེའི་འབྱུང་ཁུང་གི་གནས་དང་འདྲ་བར་ཡོན་ཏན་རིན་པོ་ཆེའི་རྟེན་ཡིན་པ་དང་། རྒྱ་མཚོ་ཆེན་པོ་དང་འདྲ་བར་མི་འདོད་པས་མི་འཁྲུག་པ་དང་། རྡོ་རྗེ་དང་འདྲ་བར་གང་གིས་ཀྱང་མི་ཤིགས་པ་དང་། རིའི་རྒྱལ་པོ་དང་ འདྲ་བར་གང་གིས་ཀྱང་བསྐྱོད་པར་མི་ནུས་པ་དང་། སྨན་ཆེན་པོ་དང་འདྲ་བར་ཉོན་མོངས་པ་རྣམས་རབ་ཏུ་ཞི་བར་བྱེད་པ་དང་། དགེ་བའི་བཤེས་གཉེན་དང་འདྲ་བར་སེམས་ཅན་གྱི་དོན་མི་འདོར་བ་དང་། ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་སྨོན་ལམ་གྱི་འབྲས་བུ་འགྲུབ་ པ་དང་། ཉི་མ་དང་འདྲ་བར་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པ་དང་། བཅོམ་ལྡན་འདས་དང་འདྲ་བར་བདག་མེད་པ་ལ་སོགས་པའི་ཆོས་ཀུན་ནས་སྟོན་པར་བྱེད་པ་ཡིན་ནོ། །དེའི་འོག་ཏུ་གང་གིས་སྔ་མ་ལས་ཁྱད་པར་དུ་གྱུར་པའི་ཤེས་པས་བར་ཆད་མེད་པའི་ལམ་ ལ་འཇུག་པ་དེ་ནི་ཁྱད་པར་གྱི་ལམ་སྟེ། དེས་བསྡུས་པའོ། །ལྔ་ནི་ཞེས་བྱ་བ་ནི་མངོན་པར་ཤེས་པ་དང་། བསོད་ནམས་དང་། ཡེ་ཤེས་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དང་། སྙིང་རྗེ་དང་། ལྷག་མཐོང་དང་། གཟུངས་དང་། སྤོབས་པ་དང་ལྡན་ པའི་སེམས་བསྐྱེད་པ་རྣམས་སོ། །དེ་དང་སྦྱོར་བའི་སྟོབས་ཀྱིས་གོ་རིམས་བཞིན་དུ་རྒྱལ་པོ་ཆེན་པོ་དང་འདྲ་བར་གཞན་གྱི་དོན་ལ་རྗེས་སུ་གནས་པ་དང་། བང་མཛོད་དང་འདྲ་བར་བསོད་ནམས་དང་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་དང་། ལམ་པོ་ཆེ་དང་ འདྲ་བར་འཕགས་པ་ཐམས་ཅད་ཀྱིས་བགྲོད་སླ་བར་མཛད་པའི་ལམ་རབ་ཏུ་ཐོབ་པ་དང་། བཞོན་པ་བཟང་པོ་དང་འདྲ་བར་རྟག་པ་དང་ཆད་པའི་མཐར་མི་ལྟུང་བ་དང་། བཀོད་མའི་ཆུ་དང་འདྲ་བར་གདུལ་བྱ་རྣམས་ཀྱིས་འབྲས་བུ་ཐོབ་པར་བྱེད་པ་ལ་ཟད་པ་མེད་དོ། །དེས་ན་ སངས་རྒྱས་ཁོ་ནའི་ཡུལ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་ས་བཅུ་གཅིག་པ་དེས་བསྡུས་པ་ནི་ཆོས་ཀྱི་སྐྱེད་མོས་ཚལ་དང་། བགྲོད་པ་གཅིག་པའི་ལམ་དང་། ཆོས་ཀྱི་སྐུ་དང་ལྡན་པ་སྟེ། གསུམ་གྱིས་བསྡུས་པ་ནི་སྦྱོར་བ་དང་། དངོས་གཞི་དང་མཇུག་ཉིད་ཀྱིས་ཡིན་ཏེ། སེམས་གང་གིས་དང་པོ་ལས་ལ་མངོན་པར་སྦྱོར་བ་དེ་ནི་སྦྱོར་བའི་སེམས་སོ། །གང་གིས་ལས་རྫོགས་པར་བྱེད་པ་དེ་ནི་དངོས་གཞིའོ། །ལས་རྫོགས་པར་བྱས་པ་ལ་སེམས་གང་གིས་ལེགས་པར་བྱས་སོ་ཞེས་བྱ་བ་ལ་སོགས་པ་སྨྲ་བ་དེ་ནི་མཇུག་སྟེ། དེ་ཡོད་པ་ཉིད་ ཡིན་པའི་ཕྱིར་རོ། །དེ་ལ་ཡང་གོ་རིམས་བཞིན་དུ་སྒྲ་སྙན་པ་དང་འདྲ་བ་ཐོས་པ་དང་མ་ཐོས་པའི་ཆོས་རྣམས་སྙིང་ལ་འབབ་པར་སྒྲོགས་པ་དང་། ཆུ་བོའི་རྒྱུན་དང་འདྲ་བར་སེམས་ཅན་གྱི་དོན་མཉམ་པ་ཉིད་ཀྱིས་བྱེད་པ་དང་། སྤྲིན་ལྟ་བུར་དགའ་ལྡན་ལ་སོགས་པར་སྤྲུལ་ པས་དོན་སྟོན་པར་མཛད་པ་ཡིན་ནོ། །ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་ཐོབ་འགྱུར་ཏེ། །ཞེས་བྱ་བ་ལ་སོགས་པས་རབ་ཏུ་དགའ་བ་ལ་སོགས་པའི་ས་ནི་རྒྱུ་དུ་མ་ཞིག་གིས་བསྒྲུབས་པས་འོག་ནས་འཆད་པ་མ་ཡིན་ནམ། དེ་ཇི་ལྟར་ཀུན་ལ་སེམས་བསྐྱེད་ པས་ཁྱབ་པ་ཡིན་ཞེ་ན་འགལ་བ་མེད་དེ་གང་གི་ཕྱིར་འཚང་རྒྱ་བ་ཉིད་དུ་སེམས་བསྐྱེད་པ་ཁོ་ནའི་རྒྱུའི་གཙོ་བོ་ཉིད་ཡིན་པར་བཤད་ཀྱི་འབྲས་བུ་གང་ལ་ཡང་རྒྱུ་ཅིག་ཡོད་པར་མ་མཐོང་སྟེ། །རྒྱུ་གཞན་དག་ཀྱང་བཤད་པ་ལ་ཉེས་པ་མེད་དོ། །མདོ་སྡེ་རྒྱན་ལས། སེམས་ བསྐྱེད་པ་ནི་ས་རྣམས་ལ། མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །དེ་ཡི་རྩ་བ་སྙིང་རྗེར་འདོད། །རྟག་ཏུ་སེམས་ཅན་ཕན་པར་སེམས། །ཞེས་བཤད་པས་སོ་སོའི་སྐྱེ་བོ་དང་། བྱང་ཆུབ་སེམས་ དཔའ་དང་། དེ་བཞིན་གཤེགས་པའི་སའི་དབྱེ་བས་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་<ཀྱི་‚གྱི་>རབ་ཏུ་དབྱེ་བ་བསྟན་པ་ཡིན་ལ། དེ་བཞིན་དུ་དོན་རྟོགས་པའི་རིམ་པས་ཇི་སྐད་བཤད་པའི་གོ་རིམས་ཀྱིས་བྱང་ཆུབ་ཀྱི་སེམས་བསྟན་པ་ཡིན་པའི་ཕྱིར། འདི་ཙམ་ཁོ་ནས་ བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་མ་ཚང་བ་མ་ཡིན་ཞིང་ལྷག་པ་མ་ཡིན་པར་གོ་རིམས་བཞིན་དུ་བསྟན་པར་བྱའོ་ཞེས་སྟོན་ཏོ། །སྨོན་ལམ་སྔོན་དུ་འགྲོ་བའི་ཉམས་སུ་ལེན་པར་འདོད་པ་ནི་དེའི་ཡུལ་མི་ཤེས་པ་ལས་འབྲས་བུ་མེད་པ་ཁོ་ནར་འགྱུར་བས་ཐུན་མོང་མ་ཡིན་པའི་ བསླབ་པའི་ཚིག་ལེའུར་བྱས་པས་འཆད་པར་བཞེད་པ་དེའི་དགོས་པ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དུས་ཅི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་འཚམ་པ་ཉིད་ཀྱི་དུས་ལས་མ་འདས་པས་སོ། །དོན་དུ་གཉེར་བར་བྱེད་པ་ནི་གདམས་ངག་དོན་དུ་གཉེར་བའོ། །བྱང་ཆུབ་ ཀྱི་སེམས་བསྐྱེད་པ་ནི་སྔར་བཤད་པའོ། །དེས་ཕོངས་པའི་ཆོས་ནི་ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་པོ་ལ་སོགས་པ་རྫོགས་པར་བྱ་བའི་ཕྱིར་རོ། །ཡོན་ཏན་ཐོབ་པ་ནི་དགེ་བའི་བཤེས་གཉེན་ལ་སོགས་པ་ལས་སེམས་བསྐྱེད་པས་གཞན་ལ་སྐྱབས་སུ་མི་འགྲོ་ བ་ལ་སོགས་པའོ། །དེ་རྣམས་ཡོངས་སུ་བསྲུང་བའི་དོན་གྱིས་ཞེས་བྱ་བ་ནི་ཡོངས་སུ་སྐྱོང་བའི་དོན་དུའོ། །མངོན་པར་འཕེལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་འདི་དག་ཉིད་གོང་ནས་གོང་དུ་འཕེལ་བའི་རིམ་གྱིས་ལྷག་པར་བྱ་བའི་ཕྱིར་སྒྲུབ་པ་ དང་ཞེས་བྱ་བ་ལ་སོགས་པའི་རབ་ཏུ་བྱེད་པའི་དོན་གསུངས་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་ཇི་སྐད་བཤད་པ་ནི་བྱང་ཆུབ་ཀྱི་སེམས་ཉི་ཤུ་རྩ་གཉིས་ཀྱིའོ། །སྒྲུབ་པ་ནི་ཉམས་སུ་ལེན་པའོ། མི་དམིགས་པའི་ཚུལ་གྱིས་ཞེས་བྱ་བ་ནི་ཆོས་དང་གང་ཟག་ལ་ བདག་མེད་པའི་ཚུལ་གྱིས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའོ། །ཀུན་རྫོབ་ནི་མ་བརྟགས་ན་ཉམས་དགའ་བ་འཇིག་རྟེན་གྱི་ཐ་སྙད་དུ་མི་སླུ་བ་ལ་སོགས་པའི་དངོས་པོ་ཕུང་པོ་ལ་སོགས་པའོ། །དོན་དམ་པ་ནི་རྫོགས་པའི་ སངས་རྒྱས་ཀྱི་ཡུམ་སྟེ། དེ་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕུང་པོ་ལ་སོགས་པ་སྐྱེ་བ་མེད་པའི་ཤེས་པའོ། །དེ་ཉིད་ནི་བདེན་པ་སྟེ་འཇིག་རྟེན་པ་དང་རྫོགས་པའི་སངས་རྒྱས་དག་ལ་མི་སླུ་བ་ཡིན་པའི་ཕྱིར་དེ་ལས་མི་འདའ་བའོ། །འཇུག་པར་བྱ་བ་ནི་རབ་ཏུ་འཇུག་པར་བྱ་ བའོ་ཞེས་སློབ་པ་སྒྲུབ་པ་ལ་འདོམས་པའོ། །ཚད་མས་འཐད་པར་འཚང་རྒྱ་བ་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་བདེན་པ་ནི་རྣམ་པ་བཞི་སྟེ། དེ་ལ་སྡུག་བསྔལ་ལ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པ་ལའོ། །ཀུན་འབྱུང་གི་ཕུང་པོའི་འབྲས་བུ་ཉིད་ཡིན་པས་ན་འབྲས་བུར་ གྱུར་པ་སྟེ་གཟུགས་ལ་སོགས་པའི་ཕུང་པོ་ཚེ་ཕ་རོལ་པོའིའོ། །དེ་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་ནི་གཅིག་དང་དུ་མ་དང་བྲལ་བ་ལ་སོགས་པའི་ཚད་མས་རྣམ་པར་དཔྱད་ན་རང་བཞིན་གྱི་དངོས་པོ་མེད་པ་ཉིད་ཡིན་པ་དང་། གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་འདི་ཉིད་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པས་དོན་དམ་པར་སྐྱེ་བ་མེད་པའི་ངོ་བོར་རང་བཞིན་གཅིག་པའི་ཕྱིར་དབྱེར་མེད་དོ། །ཀུན་འབྱུང་བ་ལ་ཞེས་བྱ་བ་ཀུན་འབྱུང་གི་འདྲེན་པ་ལ་སྟོང་པ་ཉིད་གང་ཡིན་པ་དང་། གང་ཡང་འདི་ལས་སྡུག་བསྔལ་གྱི་ཕུང་པོ་ ཀུན་འབྱུང་བས་ཀུན་འབྱུང་བ་ཞེས་བྱ་བ་རྒྱུར་གྱུར་པའི་གཟུགས་ལ་སོགས་པའི་ཕུང་པོ་ཚེ་འདི་པ་སྟེ། འདི་གཉིས་ནི་ཐ་མི་དད་པ་ཉིད་ཀྱིས་དབྱེར་མེད་པར་གཟུགས་ལ་སོགས་པ་ཞེས་བྱ་བ་རྒྱུར་གྱུར་པའི་གཟུགས་ལ་སོགས་པའི་ཕུང་པོ་ནི་ཀུན་འབྱུང་བ་དང་འགོག་པ་དང་ཀུན་ནས་ ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ཅན་མ་ཡིན་ནོ་ཞེས་བྱ་བ་སྐྱེ་བ་དང་འཇིག་པ་དང་། འདོད་ཆགས་ལ་སོགས་པ་དང་བདག་མེད་པའི་ངོ་བོ་ཉིད་མ་ཡིན་ནོ། །འགོག་པ་ལ་ཞེས་བྱ་བ་ནི་འགོག་པའི་བདེན་པ་ལའོ། །སྟོང་པ་ཉིད་ལ་སོགས་པ་ནི་རྟོག་སླའོ། ། གཟུགས་མེད་པ་ནི་གཟུགས་ཀྱི་ཕུང་པོ་མེད་པ་དང་། ནས་ཞེས་བྱ་བ་འདིས་ཚོར་བ་ལ་སོགས་པའི་ཕུང་པོ་རྣམས་བསྡུའོ། །མ་རིག་པ་སྐྱེ་བ་ཡང་མེད་པ་ནི་ཕུང་པོ་མེད་པས་ཤེས་པ་སྐྱེ་བ་མེད་པ་ལ་མ་རིག་པ་འགག་པ་མེད་དེ། དེས་ན་མི་ཤེས་པ་འཇིག་པ་ཡང་མེད་དོ། ། སངས་རྒྱས་ཀྱང་མེད་པ་ནི་རྟོགས་པ་པོ་མེད་པའོ། །དེ་ཉིད་ཀྱིས་ན་རྟོགས་པར་བྱ་བ་མེད་པའི་ཕྱིར་བྱང་ཆུབ་ཀྱི་བར་དུ་ཡང་མེད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མེད་པའོ། །ལམ་ལ་ཞེས་བྱ་བ་ནི་ལམ་གྱི་བདེན་པ་ལའོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་ པ་རྣམས་དང་བདག་ཉིད་དེ་སྦྱིན་པ་པོ་ཞེས་བྱའོ། །ནང་སྟོང་པ་ཉིད་ལ་སོགས་པ་ནི་ཕྱི་སྟོང་པ་ཉིད་ལ་སོགས་པ་ཞེས་བྱ་བ་ནི་ནང་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་ཀྱིས་ཞེས་བྱ་བ་དང་། །དེ་བཞིན་དུ་ཕྱི་སྟོང་པ་ཉིད་ལ་ཕྱི་ནང་སྟོང་པ་ཉིད་ཀྱིས་དང་། ཕྱི་ནང་སྟོང་པ་ཉིད་ལ་སྟོང་པ་ཉིད་ སྟོང་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པའི་རིམ་གྱིས་སོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དག་ཅེས་བྱ་བ་སྲིད་པ་དང་མྱ་ངན་ལས་འདས་པ་དག་ཕན་ཚུན་གཅིག་ལ་གཅིག་ལྡན་པ་དང་མི་ལྡན་པ་ཡང་མ་ཡིན་པ་ཉིད་ཀྱིས་ན་སྦྱོར་བ་ཉིད་ཀྱིས་མ་ཡིན་མི་སྦྱོར་བ་ཉིད་ཀྱང་མ་ཡིན་ནོ་ ཞེས་བྱ་བ་སྒྲུབ་བོ། །སངས་རྒྱས་ལ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་པའི་བར་དུ་བདེ་འགྲོའི་རྒྱུ་ཡིན་པ་ཉིད་ཀྱིས་ན་དགའ་བ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་སངས་རྒྱས་དཀོན་མཆོག་ལ་སོགས་པ་གསུམ་མོ། །དེ་ལ་སངས་རྒྱས་ལ་ཞེས་བྱ་བ་སངས་རྒྱས་དཀོན་མཆོག་ ལ་སངས་རྒྱས་དང་བྱང་ཆུབ་ཅེས་བྱ་བ་མཚན་ཉིད་གཅིག་པ་ཉིད་ཀྱིས་ཏེ་དེ་བཞིན་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །སངས་རྒྱས་སུ་བྱེད་པ་ནི་འཚང་རྒྱ་བ་ཉིད་རྫོགས་པར་བྱེད་པའི་སེམས་བསྐྱེད་པ་ལ་སོགས་པའོ། །དེའི་མཚན་ཉིད་ནི་དེའི་བདག་ཉིད་ཅན་གྱིས་ཏེ། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ནི་ཁོ་ན་ཉིད་དུ་ནི་རང་བཞིན་མེད་པ་ཉིད་ཡིན་པས་མི་དམིགས་པ་ལ་གཟུགས་ལ་སོགས་པ་མི་སྦྱོར་བས་ཏེ། གཟུགས་དང་ཚོར་བ་ལ་སོགས་པ་དང་སྦྱོར་བ་མེད་པའི་ཕྱིར་རོ། །དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་མཉམ་པ་ ཉིད་དུ་ཤེས་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་དང་། དེ་ལ་དམིགས་པར་བྱེད་པའི་སེམས་དག་ནི་སྣང་བ་མེད་པ་ཙམ་ཉིད་དུ་ཤེས་པའོ། །ཆོས་ལ་ཞེས་བྱ་བ་ཆོས་དཀོན་མཆོག་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ ཏེ་སྔར་བཤད་པ་གང་ཡིན་པའོ། །དེས་བསྡུས་པ་ནི་གང་གཞི་དང་གཉེན་པོ་དང་རྣམ་པ་མཐའ་དག་སྟེ། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དངོས་པོ་དང་། རྣམ་པར་བྱང་བ་དང་གཟུགས་ལ་སོགས་པའི་རྣམ་པ་དེས། བསྡུས་པའི་ཆོས་ཐམས་ཅད་གཟུགས་ལ་སོགས་ པས་བསྡུས་པ་རྣམས་ནི་ཡང་དག་པར་ན་ངོ་བོ་ཉིད་མེད་དེ་སྟོང་པ་ཉིད་ཡིན་ནོ། །དགེ་འདུན་ལ་ཞེས་བྱ་བ་ནི་དགེ་འདུན་དཀོན་མཆོག་ལ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་འོག་ནས་བཤད་པར་བྱའོ། །མ་ཞེན་པ་ནི་མངོན་པར་མ་ཆགས་པ་སྟེ། དེ་ནི་བརྩོན་འགྲུས་ བརྩམས་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བསྐལ་པ་གྲངས་མེད་གསུམ་དང་ཀུན་ཏུ་འབྲེལ་པར་འཇུག་པ་ཉིད་ཀྱིས་ཇི་སྐད་དུ་བཤད་པའི་དོན་ལ་ནན་ཏན་དུ་བྱ་བའི་ཕྱིར་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པ་བསྒྲུབ་པ་ལའོ། །ལུས་ ལ་སོགས་པ་བསོད་ནམས་ཉིད་ཀྱི་ཞེས་བྱ་བ་བདེ་བ་ཉིད་ཀྱིས་སོ། །ལ་ལ་ནི་དབང་པོ་རྟུལ་པོའོ། །ཡོངས་སུ་མི་ངལ་བ་ནི་ཉོན་མོངས་པ་མེད་པ་སྟེ། དེ་ནི་དུས་རིང་མོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དངང་བའི་རང་བཞིན་ཅན་ནི་དབང་པོ་རྟུལ་བ་ཉིད་ཡིན་པའི་ཕྱིར་ འཇིགས་པའི་རང་བཞིན་ཅན་ནོ། །གཟུགས་ལ་སོགས་པ་ནས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ནས་ཚོར་བ་ལ་སོགས་པའི་བར་རོ། །རློམ་པ་མེད་པ་ཉིད་དུ་ཞེས་བྱ་བ་ནི་ཡང་དག་པར་ཚོར་བ་མེད་པའི་ཕྱིར་རོ། །ལམ་ནི་སྒྲུབ་པའོ། །དེ་ཡོངས་སུ་གཟུང་བ་ནི་འཛིན་པ་སྟེ། དེ་ནི་ཕྱོགས་བཅུ་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དོན་རེ་རེའི་ཕྱིར་ཞེས་བྱ་བ་ནི་བརྗོད་པར་བྱ་བ་སྣ་ཚོགས་ཤེས་པར་བྱ་བའི་ཕྱིར་རོ། །སེམས་ཞུམ་པར་འགྱུར་བས་ཞེས་བྱ་བ་ནི་ཕྱོགས་སྣ་ཚོགས་པར་གཏོགས་པའི་སངས་རྒྱས་དང་དགེ་བའི་བཤེས་གཉེན་ མཉེས་པར་བྱ་བ་དང་། དེས་ཉེ་བར་བསྟན་པའི་དོན་ཁོང་དུ་ཆུད་པ་སོ་སོའི་བྱ་བ་མང་པོ་ཡོད་པ་ཉིད་ལ་དབང་པོ་རྟུལ་པོ་ཉིད་ཡིན་པའི་ཕྱིར་རོ། །སེམས་ལེ་ལོར་གྱུར་པ་ལ་ཆོས་རྣམས་རང་བཞིན་གྱིས་མ་སྐྱེས་པ་ཉིད་དུ་སྟེ། དེ་ཁོ་ན་ཉིད་དུ་ན་གཟུགས་ལ་སོགས་པ་རང་ བཞིན་གྱིས་སྐྱེ་བ་མེད་པ་ཡིན་པའི་ཕྱིར་རོ། །མཐོང་བའི་རྒྱུར་གྱུར་པ་ཉིད་ཀྱིས་ན་སྤྱན་ཏེ་དེ་ནི་ཤའི་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཀུན་ཤེས་པས་ན་མངོན་པར་ཤེས་པ་ཡིན་ལ་དེ་ཉིད་ནི་མཐོང་བ་གདུལ་བྱའི་སྐྱེ་བོ་དང་རྗེས་སུ་མཐུན་པ་ཉིད་ཡིན་པའི་ཕྱིར་བསླབ་པར་ བྱ་བ་ཉིད་ཡིན་པས་ན་ཡོན་ཏན་ནོ། །དེ་ནི་རྫུ་འཕྲུལ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ཤེས་པ་གཞན་ལ་ལྟོས་ན་འབད་པ་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པས་ན་མངོན་པར་འདུ་བྱེད་པ་ལས་བྱུང་བའི་ལྷའི་མིག་གི་ཤེས་པའོ། །ཟག་པ་ནི་ཉོན་མོངས་པ་རྣམས་ཏེ། དེ་ རྣམས་མེད་པ་ནི་ཟག་པ་ཟད་པའི་ཤེས་པའོ། །གཟོད་མ་ནས་ཞི་བ་ཉིད་དུ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་ན་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཉིད་ཡིན་པའི་ཕྱིར་རོ། །མ་མཐོང་བའི་ཡོན་ཏན་མཐོང་བའི་ཐབས་ཉིད་ཡིན་པའི་ཕྱིར་མཐོང་བའི་ལམ་ཞེས་བྱ་སྟེ། དེ་ནི་མཐོང་བའི་ལམ་བདེན་ པ་བཞིས་བསྡུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བདེན་པ་བཞི་ནི་སྡུག་བསྔལ་ལ་སོགས་པའོ། །དེས་བསྡུས་པ་སྐད་ཅིག་མ་བཅུ་དྲུག་ནི་མི་རྟག་པ་ལ་སོགས་པའོ། །དེའི་ངོ་བོ་ཉིད་ཀྱིས་མཐོང་བའི་ལམ་ནི་ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་དང་ཤེས་པའི་བདག་ ཉིད་ཅེས་བྱ་བ་བདེན་པ་རེ་རེ་ཞིང་ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་གཉིས་ཏེ། ཤེས་པ་བཅུ་དྲུག་ཏུ་གྱུར་པ་དེའི་བདག་ཉིད་ལའོ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པས་ཞེས་བྱ་བ་ལ་གཟུགས་ལ་སོགས་པ་སྟོང་པར་ཤེས་པའི་ཕྱིར་རོ། །སྒྱུ་མ་མཁན་བཞིན་དུ་ ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ལུས་ཅན་རང་གིས་ཇི་ལྟ་བ་བཞིན་དུ་སྤྲུལ་པ་ནི་ལོག་པ་ཉིད་ཡིན་པར་ཤེས་པས་སྒྱུ་མ་བྱེད་པ་དག་མངོན་པར་ཞེན་པ་མེད་ལ། དེ་བཞིན་དུ་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་མེད་པའོ། །དེས་སྤང་བར་བྱ་བའི་དངོས་ པོ་མཐོང་བའི་ལམ་གྱིས་སྤང་བར་བྱ་བ་མི་མཐུན་པའི་ཕྱོགས་དེའི་གཉེན་པོ་ཡིན་པ་ཉིད་ཀྱིས་རྣལ་འབྱོར་པ་དེ་ཁོ་ན་ཉིད་སྒོམ་པར་བྱེད་དོ། །བསྒོམ་པའི་ལམ་ནི་འདུས་བྱས་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདུས་བྱས་དང་འདུས་མ་བྱས་དག་ ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དག་ཕྱིའི་སྤྱི་རྒྱུ་ཉིད་ཀྱིས་ན་གཟུགས་དང་། ཚུལ་ཁྲིམས་ལ་སོགས་པའི་ཕུང་པོའོ། །དེ་དག་ནི་ངོ་བོ་ཉིད་གཅིག་པ་ཉིད་ཀྱིས་ཏེ། སྟོང་པ་ཉིད་ཀྱིས་སོ། །དེས་ན་ཕན་ཚུན་ཏེ་གཅིག་ལ་གཅིག་ཐ་དད་པར་གདགས་པར་མི་ནུས་པ་བཞིན་ དུ་ཞེས་བྱ་བ་ཐ་སྙད་ཀྱི་དབྱེ་བ་མ་གཏོགས་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་དོན་དམ་པ་པ་དང་རྗེས་སུ་མཐུན་པ་ཉིད་ཡིན་པའི་ཕྱིར་ཇི་སྐད་བཤད་པའི་མཐོང་བ་དང་བསྒོམ་པའི་ལམ་དོན་དམ་པ་པ་ཡིན་པ་ནི་ཇི་སྐད་བཤད་པའི་མཐོང་བའི་ལམ་མངོན་སུམ་དུ་བྱས་པའི་འཕགས་པའི་བདེན་པ་ བཞི་པོ་དེ་དང་ཐ་མི་དད་པའི་ཕྱིར་ཞེས་བྱ་བར་སྨོས་པ་ཡིན་ཏེ། དེ་དང་ཐ་མི་དད་པར་དམིགས་པ་ཡིན་པའི་ཕྱིར་ཏེ། དེ་དག་ཡུལ་གཅིག་པ་ཉིད་ཡིན་པའི་ཕྱིར། མཐོང་བ་དང་བསྒོམ་པའི་ལམ་དག་ཐ་དད་དུ་གྱུར་པ་མེད་པས་དབྱེ་བ་མེད་དོ། །རྒྱུ་དེས་ན་མཚན་ཉིད་པ་རྣམ་ པར་གཞག་པ་ནི་མེད་ཀྱི་འོན་ཀྱང་བསྒོམ་པའི་ལམ་གྱི་དངོས་པོ་རྣམ་པར་གཞག་པ་ནི་མཐོང་བའི་ལམ་དང་ཐ་སྙད་འདྲ་བ་ཡིན་ནོ། །ཡུལ་གཅིག་པ་ཉིད་ཡིན་པའི་ཕྱིར་ཡང་དག་པར་ན་མཐོང་བའི་ལམ་གྱི་ཁོངས་སུ་བསྒོམ་པའི་ལམ་འདུས་པ་མ་ཡིན་ནམ། དེ་བསྒོམ་པ་ནི་ དོན་མེད་པ་ཉིད་ཡིན་ནོ་ཞེ་ན། འོན་ཀྱང་དེ་ནི་དེས་སྤང་བར་བྱ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ། དེས་སྤང་བར་བྱ་བའི་དངོས་པོ་བསྒོམ་པའི་ལམ་གྱིས་སྤང་བའི་མི་མཐུན་པའི་ཕྱོགས་དེའི་གཉེན་པོའི་ཕྱོགས་ཡིན་པ་ཉིད་ཀྱིས་ན་རྣམ་པར་བསྒོམ་མོ། །ཡུལ་གཅིག་ པ་ཉིད་ཀྱིས་ན་ནུས་པ་ཐ་དད་པ་ག་ལ་ཡོད་ཅེ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་དུ་ཞེས་བྱ་བ་སྨོས་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །སྒྲུབ་པའི་རྣམ་པ་ནི་གང་ཡིན། དམིགས་པ་ནི་གང་ཡིན་རྟེན་ནི་གང་ཡིན། མ་ཞེན་པ་ལ་ སོགས་པའི་ཡང་དགོས་པ་ནི་གང་ཡིན་ཞེས་དོགས་པ་ལ་དེ་བསྟན་པ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར་བྱས་ན་ཞེས་བྱ་བ་ནི་སྤྱིར་གདམས་པ་སྨྲ་བ་ལ་གནས་པ་ལ་ནའོ། །ཕྱིར་མི་ལྡོག་པར་འགྲོ་བའི་རྒྱུ་ནི་དབྱེར་མི་ཕྱེད་པར་འགྲོ་བའི་རྒྱུའོ། །ཐེག་པ་ གཞན་གྱིས་མི་འགྲོ་བའི་རྒྱུ་ནི་རབ་ཀྱི་མཐར་ཕྱིན་པ