Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 86

Văn bản gốc(Tây Tạng)

Trang 4 / 18 (50.000 ký tự/trang)
ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བསྒོམ་པའི་ལམ་གྱི་དེ་ཁོ་ན་ཉིད་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཡོད་པ་ཡིན་པར་ཡང་དང་ཡང་དུ་གོམས་པར་བྱས་པའི་བྱང་ཆུབ་སེམས་དཔའ་གང་ཞིག་གི་
གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་ཆོས་དང་གང་ཟག་གི་བདག་མེད་པ་མངོན་སུམ་དུ་བྱས་པས་དེ་ལྟར་ཟབ་པར་གྱུར་པ་ནི་ཐེག་པ་ཆེན་པོར་དོན་དམ་པར་དམིགས་པས་གོས་པ་མེད་པའོ། །གང་ཟག་དེའི་བསོད་ནམས་ཀྱི་ཚོགས་དེ་ཇི་སྙེད་སྐྱེ་བ་ནི་ཡེ་ཤེས་ཀྱི་ཚོགས་རབ་ཏུ་ཐོབ་པ་ན་ཡང་
དག་པར་འགྲུབ་པ་དེ་ལས་ཅི་ཞིག་ཡོད་པར་འགྱུར་ཞེས་བྱ་བར་ཚིགས་སུ་བཅད་པའི་དོན་སྦྱར་རོ། །འབྲས་བུ་གསལ་བར་རྟོགས་པར་བྱ་བའི་ཕྱིར་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཡུལ་དམན་པ་ལ་ལྷག་པར་ཆགས་པའི་ཕྱིར་འདོད་ཆགས་ཆོས་ལ་སྤྱོད་པའི་སྐྱེས་བུ་ཞིག །
བུད་མེད་དང་ལྷན་ཅིག་ཏུ་ཁྱོད་ཆེ་གེ་མོར་ཤོག་ཤིག་ཅེས་སྨྲས་ནས་དུས་བཏབ་དེ་དང་མ་ཕྲད་དེ། འདིར་འོང་ངམ་མི་འོང་སྙམ་པ་ལ་སོགས་པའི་རྣམ་པར་རྟོག་པ་དེ་ལྟ་བུའི་རིམ་པས་རྣམ་པར་རྟོག་པ་དུ་མ་ནི་སེམས་ཀྱི་རྣམ་རྟོག་སྤྱོད་པ་ཇི་སྙེད་པ་སྟེ། དམིགས་པ་ལ་བསྒྲིབས་ནས་ཉིན་ཞག་
ཐམས་ཅད་དུ་བྱུང་བའི་སྐྱེས་བུའི་རྣམ་པར་རྟོག་པའི་གྲངས་དེ་སྙེད་ཀྱི་བསྐལ་པར་རྒྱུན་མི་འཆད་པར་འགྲོ་བ་འཁོར་བར་འགྱུར་བ་དོར་ནས་ཇི་སྙེད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བྱང་ཆུབ་འཐོབ་པ་དེ་སྙེད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྒོམ་པའི་ལམ་གྱི་མཐུས་བྱང་

ཆུབ་སེམས་དཔའ་ཐོབ་པར་འགྱུར་རོ། །རྣམ་པར་རྟོག་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཡངས་པའི་རྣམ་པའི་དབྱེ་བས་བསྒོམ་པའི་ལམ་རྣམ་པ་གསུམ་དུ་འགྱུར་ཏེ། འདིར་བསྡུས་ནས་བརྗོད་པར་འདོད་པའི་ཕྱིར་བསྡུས་ནས་བསྟན་པར་བྱ་སྟེ། དེ་
ལ་ཡང་ལམ་ཆུང་ངུས་ནི་རྣམ་པར་རྟོག་པ་ཆེན་པོ་སྤོང་ལ། ཆེན་པོས་ནི་རྣམ་པར་རྟོག་པ་ཆུང་ངུ་སྤོང་ངོ་ཞེས་བྱ་བར་གཟུང་སྟེ། དེ་ལྟ་བུ་ལམ་ཆེན་པོ་ལ་མི་སྲིད་དེ། ཡང་ལམ་ཆེན་པོ་སྐྱེས་པ་ན་ཉོན་མོངས་པ་ཆེན་པོ་མེད་པའི་ཕྱིར་རོ། །གཞན་དག་ན་རེ་ཕྱི་མ་ཕྱི་མ་ལ་བསོད་ནམས་
ལྷག་པར་སྒྲུབ་པ་ནི་གཉེན་པོའི་དབྱེ་བ་ཡིན་ལ། བསོད་ནམས་ཟིལ་གྱིས་གནོན་པར་བསྟན་པ་ནི་མི་མཐུན་པའི་ཕྱོགས་ཀྱི་དབྱེ་བ་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །ལམ་ཆུང་ངུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་
དཔའ་གང་ཞིག་བསྐལ་མང་བྱེ་སྟོང་དུ་དམིགས་པ་དང་ལྡན་པས་སངས་རྒྱས་ལ་སོགས་པ་ལ་སྦྱིན་པ་བྱེད་ཅིང་ཞེས་བྱ་བར་འབྲེལ་ཏོ། །དགྲ་བཅོམ་རང་རྒྱལ་སྦྱིན་བྱེད་ཚུལ་ཁྲིམས་སྲུང་བྱེད་ཀྱང་རྒྱལ་བའི་སྲས་པོ་གཞན་ཞིག་གིས་ཤེས་རབ་ཕ་རོལ་ཕྱིན་མཆོག་སྟེ། ལམ་ཆུང་ངུའི་རང་
བཞིན་བསྒོམ་པ་དང་ལྡན་ཞིང་། དེ་ལས་ལངས་ནས་ཡུམ་འདི་ཉིད་ནི་ཆོས་སོ། །ཇི་ལྟ་བ་བཞིན་དུ་སེམས་ཅན་ལ་སྟོན་ཅིང་དེ་སེམས་ཅན་ཁྱད་པར་ཅན་སྔོན་དུ་འགྲོ་བས་ཆོས་ཀྱི་སྦྱིན་པའི་རང་བཞིན་གྱི་བསོད་ནམས་ལ་ལྟོས་ནས་ཕྲ་བའི་ཆར་ཡང་མི་ཕོད་པ་ནི་བསོད་ནམས་ཀྱི་ཆར་ཕོད་པར་
མི་འགྱུར་རོ། །སྦྱིན་པ་བྱེད་ཚུལ་ཁྲིམས་བསྲུང་བ་ཡང་སྔ་མ་བཞིན་དུ་བལྟ་བར་བྱ་སྟེ། གནས་སྐབས་དེ་བཞིན་ནོ། །ལམ་འབྲིང་གི་དོན་བསྟན་པའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་མཆོག་སྟེ། ལམ་
འབྲིང་གི་རང་བཞིན་བསྒོམ་པ་སྟེ། དེ་ལས་ལངས་ནས་གོས་པ་མེད་པའི་ཆོས་བརྗོད་ཅིང་ངོ་། །ཆོས་དེ་ཡང་འགྲོ་བ་མངོན་པར་མཐོ་བ་དང་ངེས་པར་ལེགས་པར་འཐོབ་པའི་མཚན་ཉིད་ཀྱི་དོན་ཏེ། རྒྱུའི་གཙོ་བོ་གཏེར་དུ་གྱུར་པ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ནའོ། །དེ་བཞིན་དུ་

ཆོས་ཀྱི་སྦྱིན་པ་བྱིན་ནས་ཡོངས་སུ་བསྔོ་བ་ལས་བྱུང་བའི་དགེ་བ་གང་ཡིན་པ་དང་ལྡན་པ་དང་མཉམ་པར་གྱུར་པས་འཇིག་རྟེན་གསུམ་ན་མེད་ཅེས་བྱ་བར་སྦྱར་རོ། །ལམ་ཆེན་པོ་བསྟན་པའི་ཕྱིར། བསོད་ནམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་བསྟན་པའི་ལམ་བསྒོམ་
པའི་སྟོབས་ཀྱིས་བསོད་ནམས་དེ་དག་ཐམས་ཅད་ཀྱང་གསོག་དང་སྟེ། དེ་བཞིན་དུ་བརྟགས་པའི་རང་བཞིན་དང་བྲལ་བའི་ཕྱིར་རོ། །བརྟགས་པའི་ཆོས་ཀྱིས་དབེན་པས་ན་གསོབ་དང་། དེ་བཞིན་ཉིད་ཀྱི་ཆོས་ཉིད་ཀྱི་རང་བཞིན་མ་ཡིན་པས་ཡ་མ་བརླ་དང་། ཡང་དག་པའི་ཀུན་
རྫོབ་འབྲེལ་པ་ལས་སྐྱེས་པའི་ཕྱིར་ཡང་ཡ་མ་བརླའོ། །དེ་བཞིན་དུ་རྟོགས་པའི་ཆོས་ཀྱིས་དབེན་པས་ན་སྟོང་པའོ། །དེ་བཞིན་ཉིད་ཀྱི་རང་བཞིན་མ་ཡིན་པས་ན་གསོབ་པའོ། །ཡང་དག་པའི་ཀུན་རྫོབ་ཏུ་རྒྱུ་དང་འབྲེལ་པ་ལ་སྐྱེ་བའི་ཕྱིར་ཡ་མ་བརླའོ། །སྒྱུ་མའི་རང་བཞིན་ཡིན་པའི་
ཕྱིར་སྙིང་པོ་མེད་པར་ཤེས་པའོ། །དེ་ལྟར་བདེ་གཤེགས་རྣམས་ཀྱི་ཤེས་རབ་སྤྱད་སྤྱོད་པ་དེ་ནི་ལམ་ཆེན་པོའི་རང་བཞིན་ཡིན་ཏེ། ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་སྤྱོད་ཚེ་བསོད་ནམས་དཔག་ཏུ་མེད་པ་ཡོངས་སུ་འཛིན་ཏོ། །དེ་ཁོ་ན་ཉིད་བསྒོམ་པའི་ལམ་མ་ཡིན་ནམ་དེའི་སྟོབས་ཀྱིས་མི་
མཐུན་པའི་ཕྱོགས་དང་གཉེན་པོ་རིམ་པ་ཇི་ལྟ་བཞིན་དུ་སྤོང་བ་དང་། ཐོབ་པ་མི་རིགས་པས་དེའི་ཕྱིར་ཇི་ལྟར་རྒྱལ་བའི་སྲས་རྣམས་ཀྱི་རིམ་པ་ཡིན་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྟགས་པ་ཙམ་གྱི་རང་བཞིན་ཡིན་པའི་ཕྱིར་འདི་ནི་སྟེ། ཆུང་ངུ་དང་། འབྲིང་
དང་། ཆེན་པོའི་རབ་ཏུ་དབྱེ་བའོ། །ཆོས་ཐམས་ཅད་ནི་རང་དང་གཞན་དང་གཉི་གའི་དོན་ཕུན་སུམ་ཚོགས་པ་བྱེད་པར་འདོད་པའོ། །མངོན་སུམ་དང་རྗེས་སུ་དཔག་པ་དང་། ལུང་གི་ཚད་མས་ངེས་པའི་ཕྱིར་སངས་རྒྱས་ཀྱིས་བཤད་པ་དང་། རབ་ཏུ་སྦྱར་བ་དང་། རབ་ཏུ་བསྟན་པ་
རྣམས་རིམ་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་གང་གི་ཐོས་པ་ལ་སོགས་པའི་ཤེས་པ་བསྐྱེད་པས་བསྒོམ་པའི་ལམ་གོམས་པའི་ཤེས་པ་ལ་བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་བརྗོད་བྱས་ཀྱང་དེ་བཞིན་ཉིད་དུ་རོ་གཅིག་པའི་ཕྱིར་ཆོས་ཀྱི་དབྱིངས་ལ་རྒྱལ་བའི་སྲས་དེ་དག་གིས་མི་མཐུན་

པའི་ཕྱོགས་སྤངས་པ་མེད་པས་ཟད་པ་ཉིད་མེད་ཅིང་། གཉེན་པོ་བསྐྱེད་པ་མེད་པས་དེ་ཁོ་ན་ཉིད་དུ་འཕེལ་བ་མེད་དོ། །ཞེས་བྱ་བ་ནི་གྲུབ་པ་སྒྲུབ་པ་ཡིན་ནོ། །དེ་དག་བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་ཏུ་ཡིན་པར་དགོངས་སོ། །བསྒོམ་པའི་ལམ་གྱི་རང་
བཞིན་ཡིན་པའི་ཕྱིར་དེ་བས་ན་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་དེ་ཁོ་ན་ཉིད་དུ་ཉམས་པ་དང་། འཕེལ་བ་མེད་དོ་ཞེས་བསྟན་པའི་ཕྱིར། རྒྱལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་འབའ་ཞིག་ལ་ཕ་རོལ་ཏུ་ཕྱིན་པ་བརྗོད་མོད་ཀྱི། ཀྱང་གི་སྒྲས་སྦྱིན་པ་ལ་སོགས་པ་ཡང་ཕ་
རོལ་ཏུ་ཕྱིན་པ་སྟེ། རྒྱལ་བའི་ཡུམ་ཡིན་པས་ལྔ་པོ་ཡང་ཁྱད་པར་དུ་འཕགས་པའི་ཆོས་ཀྱི་རང་བཞིན་ཕ་རོལ་ཏུ་ཕྱིན་པར་གྲགས་སོ། །སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་མིང་ཙམ་མོ། །ཀུན་རྫོབ་ཏུ་རྫས་སུ་གནས་པས་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །ཡོངས་སུ་དག་པའོ། །
བདག་ལ་བསྟོད་པ་དང་། རློམ་སེམས་མེད་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་ནི་རྟོགས་པ་ལས་ཉམས་པ་མེད་པས་དེ་ཉིད་ཀྱི་ཕྱིར་སངས་རྒྱས་བྱང་ཆུབ་མཆོག་རེག་འགྱུར་ཏེ། ཁྱད་པར་འཕགས་པའི་དོན་ཉིད་གསལ་བར་བྱེད་པ་ནི་སེམས་བསྐྱེད་པ་ཡིན་ནོ། །ཡོན་ཏན་རིན་པོ་
ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་སྟོང་པ་ཉིད་ཀྱི་ལེའུ་སྟེ་བཅྭ་བརྒྱད་པའི་བཤད་པའོ།། །།རིམ་པ་བཞིན་སེམས་ཀྱི་སྐད་ཅིག་མ་སྔ་མ་ནི་རྗེས་སུ་འགྲོ་བ་མེད་པར་ཞིག་ནས་ཕྱི་མ་སྐྱེ་བས་ཕན་ཚུན་འབྲེལ་པ་མེད་པའི་ཕྱིར་ཀུན་རྫོབ་ཏུ་ཡང་ཁྱད་པར་དུ་འཕགས་པའི་དོན་གསལ་
བར་བྱེད་པ་ཇི་ལྟར་སེམས་བསྐྱེད་པ་ཡིན་ཞེ་ན། དོན་བྱེད་པར་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། འབྲུ་མར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྲུ་མར་སྙིང་པོ་འབར་བ་ཕྲད་པ་དང་པོ་ཡིས། །སྙིང་པོ་ཚིག་མིན་ལ་སྟེ། སྐད་ཅིག་མ་གཉིས་པ་ལ་སོགས་པས་བར་དུ་
ཆོད་པའི་ཕྱིར་རོ། །དུས་མཉམ་པ་ཡང་ལྷན་ཅིག་སྐྱེས་པས་ཁྱད་པར་མེད་པའི་ཕྱིར་བྱ་བ་དང་བྱེད་པའི་ངོ་བོའི་མཚན་ཉིད་བསྲེག་པར་བྱ་བ་དང་སྲེག་པར་བྱེད་པའི་ངོ་བོར་མི་རིགས་པས་ཚིག་པ་མ་ཡིན་ནོ། །མེ་ལྕེ་ཕྱི་མའི་སྐད་ཅིག་མས་ཀྱང་དང་པོ་དེ་མེད་པར་སྐད་ཅིག་མ་ཕྱི་མ་མ་སྐྱེས་པའི་

ཕྱིར་མེད་པས་དེའི་སྙིང་པོ་མི་ཚིག་གོ། །མེ་ལྕེ་ཕྲད་པ་ཐམས་ཅད་ཀྱང་སྙིང་པོ་དེ་ཚིག་མིན་ཏེ། དངོས་པོ་མེད་པའི་ཕྱིར་རོ། །ཡོད་ན་ནི་རྟག་ཏུ་ཡོད་པར་ཐལ་བར་འགྱུར་བས་ཀུན་རྫོབ་ཏུ་ཡང་སྐྱེ་བ་མེད་པའི་ཕྱིར་རྒྱུ་དང་འབྲས་བུའི་ངོ་བོའི་མཚན་ཉིད་བསྲེག་པར་བྱ་བ་དང་། སྲེག་པར་བྱེད་
པའི་ངོ་བོར་ཡོད་པར་མི་རིགས་པས་ཕྱི་མ་དང་ཕྲད་པས་ཀྱང་མ་ཡིན་ནོ། །མེ་ལྕེ་ཐ་མའི་སྐད་ཅིག་མ་མེད་པར་ཡང་དང་པོའི་སྐད་ཅིག་མས་ཚིག་མིན་ཏེ། ནུས་པ་མེད་པའི་ཕྱིར་རོ། །དང་པོའི་སྐད་ཅིག་མ་མེད་པར་མེ་ལྕེ་ཐ་མས་སྙིང་པོ་ཚིག་པ་མ་ཡིན་ནོ། །དེ་བཞིན་དུ་རེ་རེ་ལ་ནུས་པ་མེད་ཀྱང་
རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས་མེ་ལྕེ་དང་པོ་དང་ལྷན་ཅིག་ཏུ་འབྱུང་བའི་སྙིང་པོའི་སྐད་ཅིག་མ་ལ་ལྟོས་ནས་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུར་འབྲེལ་པའི་ཕྱིར་ནུས་པ་ཕུལ་དུ་བྱུང་བ་ཉིད་ཁྱད་པར་ཅན་མེ་ལྕེའི་སྐད་ཅིག་མ་གཉིས་པར་གྱུར་པ་དེའི་ཚེ་རྒྱུ་མེད་པ་ཡང་མ་ཡིན་ཏེ། རྒྱུ་དང་
འབྲས་བུའི་ངོ་བོ་མཚན་ཉིད་བསྲེག་པར་བྱ་བ་དང་། སྲེག་པར་བྱེད་པའི་ངོ་བོར་ཡོད་པས་སྔ་མ་དང་ཕྱི་མའི་སྐད་ཅིག་མས་སྙིང་པོ་ཚིག་གོ་ཞེས་དོན་གྱིས་བསྟན་པར་འགྱུར་རོ། །དཔེ་བསྟན་ནས་སྐབས་ལ་བབ་པའི་དོན་དང་སྦྱར་བར་བྱ་བའི་ཕྱིར། དང་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
དེ་བཞིན་དུ་དང་པོའི་སེམས་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱེད་པ་དོན་མ་ལུས་པ་སོ་སོར་སྣང་བ་མ་ཡིན་པས་བྱང་ཆུབ་མཆོག་རེག་པ་ནི་འདིར་གསུངས་སོ། །དེ་ཡང་དང་པོའི་སེམས་ཀྱིས་བྱང་ཆུབ་ལ་རེག་པའི་རང་བཞིན་དུ་རྣམ་པ་ཐ་མ་མེད་པའི་ཕྱིར་མེད་པས་ཀྱང་ནུས་པ་མ་ཡིན་ལ་སེམས་
གཉིས་པ་གང་ཡིན་པ་ཁྱད་པར་དུ་ཕུལ་དུ་བྱུང་བར་མ་བསྐྱེད་པའི་ཕྱིར་ཐམས་ཅད་ཐ་མའི་སེམས་བཞིན་དུ་གནོད་པ་ཐམས་ཅད་ཉེ་བར་ཞི་བ་འཐོབ་མིན་ཏེ། སེམས་གཉིས་པ་དེ་ཡིས་ཀྱང་བྱང་ཆུབ་ལ་རེག་པའི་རང་བཞིན་དུ་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར་རོ། །དང་པོའི་སེམས་ཀྱང་མེད་པས་ན་
འཐོབ་པར་ནུས་པ་མ་ཡིན་ཏེ། ཁྱད་པར་ཕུལ་དུ་བྱུང་བ་མ་བསྐྱེད་པའི་ཕྱིར་རོ། །དེ་བས་ན་སྙིང་པོ་ཚིག་པ་བཞིན་དུ་སྔ་མ་དང་ཕྱི་མའི་སེམས་ཀྱི་སྐད་ཅིག་མ་དག་གིས་བྱང་ཆུབ་ཐོབ་བོ་ཞེས་བསྟན་པར་འགྱུར་རོ། །སྔ་མ་དང་ཕྱི་མ་གཉིས་ཀྱི་སེམས་ཀྱི་སྐད་ཅིག་རྣམས་སྤྱིར་བྱང་ཆུབ་ཐོབ་པའི་རྒྱུ་ཡིན་པར་

བསྟན་ནས། ད་ནི་དང་པོའི་སྐད་ཅིག་མ་ཉེ་བར་ལེན་པའི་རྒྱུ་ཉིད་རྗེས་སུ་འགྲོ་བ་དང་ལྡོག་པའི་སྒོ་ནས་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། ས་བོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟག་པར་ནི་རིམ་དང་ཅིག་ཅར་གྱི་དོན་བྱེད་པ་འགལ་བའི་ཕྱིར་སྐད་ཅིག་མས་
བྱང་ཆུབ་ཀྱི་ཤིང་ལ་སོགས་པའི་ས་བོན་ལས་ཕྱི་མ་ཕྱི་མའི་སྐད་ཅིག་མ་ཡོངས་སུ་འགྱུར་བ་ལས་སྡོང་བུ་ལ་སོགས་པ་རྒྱ་ཆེར་བསྐྱེད་ནས་རང་གི་ངོ་བོ་ངེས་པ་འཐོབ་པ་འབྱུང་ངོ་། །ས་བོན་དེ་ཡང་སྡོང་བུ་སྐྱེས་པ་ན་འགག་གོ། །དང་པོ་དེ་མེད་ན་བྱང་ཆུབ་ཀྱི་ཤིང་ལ་སོགས་པ་མེད་པར་འགྱུར་རོ། །དེ་
བཞིན་དུ་དང་པོའི་སེམས་གཙོ་བོའི་རྒྱུ་ཡིན་པའི་ཕྱིར། བྱང་ཆུབ་ཀྱི་གཞི་དང་པོའི་རྒྱུ་དེ་ཉིད་ཡོངས་སུ་འགྱུར་བའི་ཕྱིར་ཕྱི་མ་སྦྱོར་བ་ལས་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་དེ་དག་སངས་རྒྱས་ཉིད་དེ་ཐོབ་ནས་འགག་གོ། །ཡང་དང་པོ་དེ་མེད་ན་བྱང་ཆུབ་མེད་པར་འགྱུར་རོ། །སེམས་ཀྱི་སྐད་ཅིག་
མ་གཉིས་པ་ཡང་རྒྱུ་ཡིན་པར་གསལ་བར་བསྟན་པའི་ཕྱིར། ས་བོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐད་ཅིག་མ་གཉིས་པའི་ངོ་བོ་ནས་དང་སཱ་ལུའི་ས་བོན་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱི་སྟོབས་ཀྱིས་འབྱུང་སྟེ། འབྲས་བུར་གྱུར་པ་རྣམས་དང་སཱ་ལུ་ལ་སོགས་པ་དེ་དང་དེ་
དག་སྟེ། ས་བོན་དེ་དག་འབྲས་བུ་སྐྱེ་བའི་དུས་ན་མེད་དེ། དམིགས་པའི་རེག་བྱར་གྱུར་པ་ལས་མི་དམིགས་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་སྐད་ཅིག་མའི་རྒྱུན་ཡང་མེད་དོ་ཞེས་ངེས་པར་མི་ནུས་ཏེ། རྒྱུ་དེ་དག་དང་མཐུན་པར་འབྲས་བུ་སྐྱེས་པའི་ཕྱིར་རོ། །དེ་བཞིན་དུ་དང་པོའི་སེམས་
སྐད་ཅིག་མའི་སྟོབས་ཀྱིས་སྐད་ཅིག་མ་གཉིས་པའི་སེམས་བསྐྱེད་དེ་རྒྱལ་བ་རྣམས་ཀྱི་བྱང་ཆུབ་སྐྱེ་བར་འགྱུར་རོ། །དེ་ཁོ་ན་ཉིད་དུ་རྒྱུ་དང་འབྲས་བུ་རྟོགས་པར་མི་ནུས་ཏེ། རང་བཞིན་མེད་པའི་ཕྱིར་ཏེ། འདིར་འགྲོ་བ་སྒྱུ་མ་ལྟ་བུར་རྟོགས་པར་བྱའོ། །རྒྱ་ཆེར་བསྟན་ནས་ཉེ་བར་བསྡུ་བའི་ཕྱིར།
ཆུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆུའི་ཐིགས་པས་བུམ་པ་དང་པོ་ཐ་མའི་བར་གྱིས་ཉུང་ངུ་ཉུང་ངུས་ཀྱི་བར་ཏེ། དང་པོའི་ཆུ་ཐིགས་པ་རིམ་པ་ཕྱི་མ་ཕྱི་མ་དང་བཅས་པས་དེ་ཡོངས་སུ་འགེངས་པ་ལྟར། དེ་བཞིན་དུ་དང་པོའི་སེམས་ཀྱང་བླ་ན་མེད་པ་བྱང་ཆུབ་ཀྱི་རྒྱུ་ཡིན་ཏེ། རིམ་གྱིས་སེམས་

ཀྱི་སྐད་ཅིག་མ་གཉིས་པ་ལ་སོགས་པ་དང་བཅས་པ་སྦྱོར་བའི་ལམ་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་དཀར་པོའི་ཡོན་ཏན་གྱི་ཚོགས་ཡོངས་སུ་རྫོགས་པ་ཐོབ་པའི་ཕྱིར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །ཞར་ལ་བྱུང་བ་རྒྱ་ཆེར་བསྟན་ནས། སྐབས་ལ་བབ་པའི་བསྒོམ་པའི་ལམ་ལ་
གནས་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་མཚན་ཉིད་སྟོན་པར་བཞེད་ནས། སྟོང་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟབ་མོ་བསྐྱེད་པའི་སྦྱོར་བའི་འཛིན་པ་ཡང་བའི་ཕྱིར་འབྲས་བུ་དང་། རྒྱུ་དང་རང་བཞིན་དང་བྲལ་བས་རིམ་པ་ཇི་ལྟ་བ་བཞིན་དུ་སྟོང་པ་ཉིད་དང་། མཚན་མ་
མེད་པ་དང་། སྨོན་པ་མེད་པར་ཆོས་ཐམས་ཅད་རྟོགས་པའི་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་ལ་མི་རེག་སྟེ། སྙིང་རྗེ་དང་ལྡན་པའི་ཕྱིར་རོ། །འཇིགས་པ་དང་བཅས་པའི་ཕྱིར་མཚན་མར་མི་སྤྱོད་པའོ། །དཔེར་ན་སྐྱེས་བུ་མཉན་པ་ཤིན་ཏུ་བསླབས་པའི་ཕྱིར་མཁས་པར་གྱུར་
པ་གནོད་པ་མེད་པར་ཕར་འགྲོ་ཚུར་འགྲོ་ཡང་སྟེ། ཟོང་ཐོགས་ནས་ཕར་འགྲོ་ཞིང་ཚུར་འོང་བར་བྱེད་ཀྱང་མཐའ་གཉིས་ཀར་མི་གནས་ཤིང་ལྟུང་བའི་གནས་མ་ཡིན་པའི་ཕྱིར་རོ། །རྒྱ་མཚོ་དེར་ཡང་གནས་པ་མེད་པ་བཞིན་ནོ་ཞེས་ཚིགས་སུ་བཅད་པའི་དོན་སྦྱར་རོ། །ཕྱིར་མི་ལྡོག་པའི་
མཚན་ཉིད་བརྗོད་པ་ལས་སློབ་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་བསྟན་ནས། དེའི་རྗེས་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་རྟོག་པ་སྤངས་པའི་ཕྱིར་གཉི་ག་མཉམ་པར་རྟོགས་པ་ནི་མི་སློབ་པར་འགྱུར་བ་ཡིན་ཏེ། བསླབ་པར་བྱ་བ་གཞན་མེད་པའི་ཕྱིར་རོ། །དེ་ལྟ་
བུའི་མི་སློབ་པའི་དགེ་འདུན་གསལ་བར་བྱ་བའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པར་བསྟན་པ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་མ་ཐག་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་རྟོགས་པའི་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པར་བསྒོམ་པ་ལ་སྤྱོད་པའི་བྱང་ཆུབ་སེམས་
དཔའ་རྣམ་པར་བྱང་བའི་རྟོགས་པ་སྤངས་པ་ཉིད་ཀྱིས་འདི་སྙམ་དུ་བདག་སྟོབས་བཅུས་ལུང་བསྟན་བྱང་ཆུབ་རེག་འགྱུར་རློམ་སེམས་མེད་དོ། །བྱང་ཆུབ་ཀྱི་རྒྱུ་མཚན་གྱིས་སྐྲག་པ་མེད་དེ། ཀུན་ནས་ཉོན་མོངས་པའི་རྣམ་པར་རྟོག་པ་སྤངས་པའི་ཕྱིར་དེ་བས་ན་ཆོས་ཐམས་ཅད་མ་སྐྱེས་ཏེ། འདི་

དག་སྒྱུ་མ་ལྟ་བུ་ཉིད་ཡིན་པའི་ཕྱིར་དངོས་པོ་ཡོད་པར་ཅུང་ཟད་ཀྱང་མ་སྐྱེས་སོ་ཞེས་དེ་ལྟར་སྤྱད་པ་སྤྱོད་པ་ནི་བདེ་གཤེགས་ཤེས་རབ་སྟེ། གཉི་ག་མཉམ་པར་རྟོགས་པ་ནི་སྤྱོད་པ་ཡིན་ནོ། །གཉི་ག་མཉམ་པར་བསྒོམས་པས་སངས་རྒྱས་སུ་གྱུར་ནས་དེ་མ་ཐག་ཏུ་རང་གི་
སངས་རྒྱས་ཀྱི་ཞིང་སེམས་ཅན་དང་སྣོད་ཀྱི་དབྱེ་བས་སངས་རྒྱས་ཀྱི་ཞིང་རྣམ་པ་གཉིས་རྣམ་པར་དག་པར་བསྟན་པའི་ཕྱིར། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆུའི་དགོན་པ་དང་། མུ་གེའི་དགོན་པ་དང་། ནད་དང་བཅས་པའི་འཇིག་རྟེན་ནི་ཉེ་བར་མཚོན་པ་ཉིད་ཡིན་ཏེ། གཞན་
ཡང་སེམས་ཅན་དང་སྣོད་དུ་གྱུར་པའི་ལོག་པར་རྟོགས་པའི་གནས་མཐོང་ནས་ཇི་ལྟར་བདག་གིས་སངས་རྒྱས་ཀྱི་ཞིང་རྣམ་པ་གཉིས་སྦྱང་བར་བྱའོ་སྙམ་པ་དེ་ལྟ་བུའི་རྣམ་པར་རྟོག་པ་མེད་དེ། སྲིང་མོ་གང་གཱའི་ལྷ་མོ་བཞིན་དུ་སྐྲག་པ་མེད་པར་བྱང་ཆུབ་སེམས་དཔའ་བཟློག་པས་ན། ཡང་སངས་
རྒྱས་ཀྱི་ཞིང་རྣམ་པ་གཉིས་ཡོངས་སུ་སྦྱང་བའི་ཕྱིར་གོ་གྱོན་ཏེ། ཕྱི་མའི་མུའི་མཐའ་རྟག་ཏུ་ཡུལ་ལ་བརྩོན་ཞིང་དེའི་ཐབས་ཡོངས་སུ་ཤེས་པའི་ཕྱིར་རབ་ཏུ་ཤེས་ནས་སོ། །ཡོངས་སུ་སྐྱོ་བའི་བློ་ནི་རྡུལ་ཙམ་སྐྱེད་མི་བྱེད་དོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་གང་གཱའི་ལྷ་མོའི་
ལེའུ་སྟེ་བཅུ་དགུ་པའི་བཤད་པའོ།། །།སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས་ཐབས་ལ་མཁས་པས་འཁོར་བ་ཇི་སྲིད་ཀྱི་བར་དུ་སངས་རྒྱས་ཀྱི་མཛད་པའི་རང་གི་སངས་རྒྱས་ཀྱི་ཞིང་གི་བྱ་བའི་ཐབས་ལ་མཁས་པ་བསྟན་ནས་དེའི་ཡུལ་རེ་ཞིག་བསྟན་པའི་ཕྱིར། བྱང་ཆུབ་ཅེས་
བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྒྱལ་བའི་ཤེས་རབ་སྤྱོད་བྱེད་ཅིང་། །ཕུང་པོ་འདི་དག་གཟུགས་ལ་སོགས་པ་སྟེ། བསྒོམས་པའི་སྟོབས་ཀྱིས་ཤེས་ཤིང་གདོད་ནས་སྟོང་པས་ཁྱད་པར་དུ་འགྲོ་བ་མེད་དོ་ཞེས་བྱ་བར་དགོངས་སོ། །དེ་ལྟ་བས་ན་སྒྱུ་མ་ལྟ་བུར་སྟོང་པ་
ཉིད་ཐབས་ལ་མཁས་པའི་ཡུལ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །ཡང་ཅིའི་ཕྱིར་གོམས་པར་བྱས་པས་ཁྱད་པར་དུ་འགྲོ་བར་འགྱུར་ཞེ་ན། དེའི་ལན་དུ་ཐབས་ལ་མཁས་པའི་སྦྱོར་བ་བསྟན་པའི་ཕྱིར་མཉམ་པར་མ་བཞག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་བསྟན་པའི་ཆོས་ཉིད་

བསྒོམས་པས་ཡང་འགྲོ་བའི་དོན་བྱེད་ཅིང་ཡེ་ཤེས་མཉམ་པར་བཞག་པས་སྐྱེད་པ་ནི། མཉམ་པར་སྙིང་རྗེ་སྡུག་བསྔལ་བསལ་བའི་ཕྱིར། སེམས་ཅན་གྱི་ཁམས་ལ་བལྟས་ནས་དེ་ལྟར་སྙིང་རྗེ་དང་ཤེས་རབ་གཉིས་ཀྱི་དབུས་ན་གནས་པའི་བར་སྐབས་དེར་རོ། །མངོན་སུམ་བྱ་བའི་དུས་དང་དུས་མ་
ཡིན་པ་ལ་སྦྱོར་བའི་སྟོབས་ཀྱིས་ཡོངས་སུ་མ་ཉམས་པར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་ཐོབ་པ་ནི་སྦྱོར་བ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལ་རེ་ཞིག་བར་ཆད་བྱེད་པའི་ཆོས་ལས་འདའ་བའི་ཐབས་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
དཔེར་ན་སྐྱེས་བུ་འགའ་ཞིག་འཇིག་རྟེན་གྱི་ཐ་སྙད་ལ་བཟོ་བས་ན་མཁས་པའོ། །དཔའ་བ་ལ་སོགས་པའི་ཡོན་ཏན་གྱིས་བརྒྱན་པས་ན་ཡོན་ཏན་ཀུན་ལྡན་ཞིང་ངོ་། །ལུས་ཀྱི་སྟོབས་ཕུན་སུམ་ཚོགས་པའི་ཕྱིར་སྟོབས་ལྡན་ནོ། །གཞན་གྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་མི་ཐུབ་པའོ། །འདི་
དག་ཐམས་ཅད་ཀྱི་མཚན་ཉིད་ཡོངས་སུ་ཤེས་པའི་ཕྱིར་བརྩོན་བྱས་སོ། །གཞན་འདུན་པར་བྱེད་པའི་ཐབས་ལུས་ལ་སོགས་པའི་རྣམ་པར་འགྱུར་བར་བྱེད་པ་ལ་གོམས་པའི་ཕྱིར་སྒྱུ་རྩལ་ཆོག་ཤེས་པའོ། །འཕོང་ལེགས་པར་བསླབ་པའི་ཕྱིར་འཕོང་གི་ཕ་རོལ་ཏུ་ཕྱིན་པའོ། །རི་མོ་ལ་སོགས་
པའི་ལས་ཀྱི་གནས་ཀྱི་བྱ་བ་ལ་མཁས་པའི་ཕྱིར་བཟོ་གནས་མང་བའོ། །མ་རུངས་པའི་སྐྱེ་བོ་མང་པོ་སླུ་བ་ལ་གཅིག་ཏུ་མཁས་པའི་ཕྱིར་སྒྱུ་མ་སྒྲུབ་པའི་ཆོ་ག་ཤེས་པའོ། །སྐྱེ་བོ་དམ་པ་ཡོངས་སུ་བསྐྱང་བ་གཙོར་བྱེད་པས་ན་འགྲོ་དོན་རབ་ཏུ་འདོད་པའོ། །དེ་ལྟ་བུ་དེ་ཡང་དགྲའི་གནོད་པ་ཡོད་པ་འགའ་
ཞིག་ཏུ་ཕ་དང་མ་དང་ཆུང་མར་བཅས་ཏེ། བུ་དང་བུ་མོ་ཡོངས་སུ་བསྡུས་ནས། དགྲ་བྱེད་མང་པོས་འཇིགས་པ་དང་བཅས་པའི་དགོན་པའི་ལམ་དུ་ཞུགས་པ་སྟེ། ཕྱིན་པ་ན་དགྲ་མང་པོ་འོངས་པ་ལ་དེའི་སྒྱུ་མའི་སྒྲུབ་པ་ཤེས་པས་སྲོག་ལ་ལྟོས་པ་མེད་པས་ན་དཔའ་བོའོ། །གཞན་གྱིས་ཟིལ་གྱིས་
མི་ནོན་པའི་ངང་ཚུལ་ཅན་ཡིན་པས་ན་རྟུལ་ཕོད་པའོ། །སྐྱེས་བུ་མང་པོ་མངོན་པར་སྤྲུལ་ཏེ། བར་ཆད་བྱེད་པ་མང་པོ་ལས་འདས་ནས་དགོན་པ་ལས་བརྒལ་ཏེ། བདེ་བར་ཕྱིན་ཅིང་གཉུག་མའི་ཁྱིམ་དུ་ཕྱིར་འོང་བ་ལྟར། དེ་བཞིན་དེ་ཚེ་ནི་གང་གི་ཚེ་སྟེ། བྱང་ཆུབ་སེམས་དཔའ་མཁས་པ་

ཡང་དམིགས་པ་མེད་པའི་བྱམས་པ་མངོན་སུམ་དུ་ཐོབ་པས་བྱམས་པས་བདེ་བ་ལ་སྦྱོར་བར་འདོད་པའི་སེམས་ཀྱི་རྐྱེན་གྱིས་སེམས་ཅན་གྱི་ཁམས་ཀུན་ལ་མངོན་དུ་ཕྱོགས་པ་དང་འབྲེལ་པ་དེའི་ཚེ་འདི་ལྟར་ལྷའི་བུ་ལ་སོགས་པའི་བདུད་བཞི་ལས་འདས་ཤིང་ཉན་ཐོས་དང་རང་རྒྱལ་གྱིས་
གཉིས་ལས་ཀྱང་རབ་འདས་ནས་སངས་རྒྱས་ཐོབ་པར་བྱེད་པའི་ཏིང་ངེ་འཛིན་མཆོག་ལ་གནས་ཤིང་། བྱང་ཆུབ་རེག་པར་མི་བྱེད་དེ། བྱ་བ་ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །མི་གནས་པས་གནས་པའི་ཐབས་དང་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར་མཁའ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
དཔེར་ན་འཇིག་རྟེན་ཆགས་པ་ན་རིམ་པ་བཞིན་དུ་བརྟེན་ཏེ། མཁའ་ལ་རླུང་བརྟེན། རླུང་དང་བཅས་པ་ལ་ཆུའི་ཕུང་པོའོ། །དེ་ལ་ཡང་གསེར་གྱི་ས་གཞིའོ། །དེ་ལ་ཡང་ས་ཆེན་པོ། དེ་ལ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བརྟེན་ཏོ། །དེ་ནས་སེམས་ཅན་གྱི་ལོངས་སྤྱོད་ཆགས་ཏེ།
དེ་འདྲ་སྟེ་རྩ་བའི་རྒྱུ་ལས་ཡིན་པར་བལྟ་བར་བྱའོ། །གཞན་དུ་ན་དངོས་པོ་ཐམས་ཅད་ཀྱིས་དབེན་པའི་མཚན་ཉིད་ནམ་མཁའ་ཇི་ལྟར་གནས་སུ་འགྱུར། རླུང་གི་དཀྱིལ་འཁོར་གང་ལ་གནས་ཡིན་ཏེ། སྨོས་ཀྱང་མི་དགོས་སོ། །འོན་ཀྱང་དེ་གནས་ཡིན་པར་གྲགས་ཏེ། རབ་ཏུ་གྲགས་པའི་
ཕྱིར་ཇི་སྐད་བསྟན་པའི་རྒྱུའི་སྟོབས་ཀྱིས་ངེས་པ་འབྱུང་བ་འདི་ཡིད་ལ་བྱེད་པས་ནམ་མཁའི་ཁམས་ཀྱི་དོན་འདི་བསམ་པར་གྱིས་ཤིག །འདི་ལྟར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ལ་གནས་པའི་སྦྱོར་བས། འགྲོ་ལ་སེམས་ཅན་གྱི་སྐལ་བ་ཇི་ལྟ་བ་བཞིན་སྣང་བ་དང་། རང་གི་སྨོན་
ནས་ཤེས་པའི་རྒྱུ་དེ་གཉིས་ཙམ་གྱི་བྱིན་གྱི་རླབས་ཅན་ནི་རྟེན་ཅན་ནོ། །བྱ་བ་རྣམ་པ་སྣ་ཚོགས་ནི་བྱ་བ་དུ་མ་བྱེད་ཅིང་སྤྲུལ་པའི་སྐུ་ནི་རྣམ་པ་སྣ་ཚོགས་པའི་བྱ་བ་དུ་མ་སྟོན་པར་བྱེད་ཅིང་ངོ་། །ཇི་སྐད་བསྟན་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་མྱ་ངན་ལས་འདས་ལ་མི་རེག་པར་དངོས་པོའི་མཚན་
ཉིད་ལས་འདས་པས་སྟོང་པ་ཉིད་ལ་གནས་པ་མེད་དེ། དེ་བས་ན་དེ་ཉིད་གནས་པར་གྱུར་པ་ཡིན་ཞེས་བྱའོ། །སྔོན་གྱི་སྨོན་ལམ་ཡང་མི་འདོར་བའི་ཐབས་བསྟན་པའི་ཕྱིར། གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་མཁས་གསལ་བ། ཆོས་ཐམས་

ཅད་མི་དམིགས་པས་སྟོང་པ་ཉིད་ཀྱི་མཆོག་དེ་ཉིད་དང་། རྣམ་པར་གཡེང་བ་མ་ལུས་པ་ཉེ་བར་ཞི་བས་ན་ཞི་བའོ། །དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་བསྒོམ་པ་ནི་འདི་སྤྱོད་པའོ། །དེ་ལྟར་ཏིང་ངེ་འཛིན་དང་སྟོང་པ་ཉིད་ཀྱི་རང་བཞིན་གཉིས་ཀྱི་བར་སྐབས་དེར་བྱང་ཆུབ་སེམས་
དཔའ་གནས་ཏེ། སྟོང་པ་ཉིད་ཀྱི་སྟོབས་ཀྱི་མཚན་མ་རབ་ཏུ་སྒོམ་མི་བྱེད། འདི་ལ་མཚན་མ་མེད་དེ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་གནས་པར་གྱུར་པའོ། །ཇི་སྐད་བསྟན་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་གང་འདོད་པ་བཞིན་དུ་མཐའ་གཉིས་སུ་མི་ལྟུང་ངོ་། །རིམ་པ་ཇི་ལྟ་བ་བཞིན་
དུ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་འཛིན་པ་མེད་པས་ན་ཞི་བའོ། །འཁོར་བ་ལ་མངོན་པར་ཞེན་པ་སྤངས་པས་ན་རབ་ཞི་བའོ། །སྤྱོད་པ་ནི་མཚན་མ་མེད་པ་ལ་སྤྱོད་པར་འགྱུར་བའོ། །ཐུན་མོང་མ་ཡིན་པའི་ཐབས་ལ་མཁས་པ་བསྟན་པའི་ཕྱིར། བར་སྣང་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། དཔེར་ན་བར་སྣང་འཕུར་བའི་བྱ་ལ་གནས་ནི་གཞིའི་རང་བཞིན་རབ་ཏུ་མི་གནས་པའི་ཕྱིར་མེད་དེ། རྣམ་པར་དཔྱད་ན་དེ་ནམ་མཁའ་ལ་གནས་པ་མེད་དོ། །གཤོག་པ་གཉིས་ཀྱི་སྟོབས་ཀྱིས་ས་ལ་ཡང་མི་ལྟུང་ངོ་། །དེ་ལྟར་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ལ་སོགས་པ་
རྣམ་པར་ཐར་པའི་སྒོར་སྤྱོད་པའི་སེམས་ཅན་གྱི་དོན་བྱེད་པའི་སས་བསྐྱེད་པའི་ཕྱིར་མྱ་ངན་འདས་ལ་མི་རེག་གོ། །དམིགས་པ་སྤངས་པའི་ཕྱིར་མཚན་མར་སྤྱོད་པ་མ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ཉན་ཐོས་ལ་སོགས་པ་དང་། ཐུན་མོང་མ་ཡིན་པའི་ཐབས་ལ་མཁས་པ་ཡིན་ནོ་ཞེས་བསྟན་
པར་འགྱུར་རོ། །ཆགས་པ་མེད་པའི་ཐབས་ལ་མཁས་པ་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འཕོང་ལེགས་པར་ལོབས་པའི་སྐྱེས་བུ་འགའ་ཞིག་གིས་ལེགས་པར་གནམ་དུ་མདའ་འཕངས་ཏེ། མདའ་གཞན་དག་ནི་ཕྱི་བཞིན་
རྒྱུད་མར་ལོངས་བཏགས་ནས། དེའི་སྔ་མའི་མདའ་དེ་ས་ལ་ལྟུང་བའི་སྐབས་མི་འབྱེད་དེ། མི་དེ་འདོད་ན་མདའ་དེ་ས་ལ་ལྟུང་བར་འགྱུར། དེ་ལྟར་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་དང་། ཐབས་ལ་མཁས་པ་ཆེན་པོའི་རང་བཞིན་ལ་སྤྱོད་པའི་རྒྱལ་བའི་སྲས་ཤེས་རབ་དང་སྙིང་རྗེ་ལ་སོགས་

པ་བསྒོམ་པ་དང་། རྣམ་པར་དཔྱོད་པའི་མ་ཆགས་པའི་སྟོབས་ཀྱིས་དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་བྱེད། གང་ཇི་སྲིད་དགེ་བའི་རྩ་བ་ཡོངས་སུ་མ་རྫོགས་ཀྱི་བར་དུའོ། །སྟོང་པ་ཉིད་དང་ཐབས་ལ་མཁས་པ་སྔ་མ་བཞིན་དུ་བསྟན་པའི་ཕྱིར། དཔེར་ན་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་དང་བྲལ་བས་ན་དགེ་སློང་ངོ་། །དཔེར་ན་ཁྱད་པར་གྱི་ལམ་གྱི་སྟོབས་ཀྱིས་རྫུ་འཕྲུལ་གྱི་སྟོབས་ཆེན་པོ་དང་ལྡན་པ་ཞིག་ནམ་མཁར་གནས་ཏེ། འགྲོ་བ་འདུལ་བའི་ཕྱིར། ཅིག་ཅར་ངོ་མཚར་གཉིས་ཀྱིས་ཟུང་བྱེད་པས་རྣམ་པར་འཕྲུལ་
ཏེ། འདི་ལྟ་སྟེ། འགྲོ་དང་འཆག་པ་དང་ནི་ཉལ་དང་འདུག་པ་སྟོན། །སྟོང་པ་ཉིད་བསྒོམ་པའི་རྣམ་པར་ཐར་པའི་སྒོ་ནས་སྐྱོ་བ་མེད་ཅིང་ལེགས་པར་གོམས་པས་དེ་ལ་དུབ་པ་མེད་དེ། ཇི་སྲིད་འདོད་པ་དེ་སྲིད་གནས་ཞེས་བྱ་བ་ནི་ལྷག་མའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཁས་
པ་སྟོང་གནས་ཤིང་། ཡེ་ཤེས་ཕུལ་དུ་བྱུང་བ་ཐོབ་པའི་རྫུ་འཕྲུལ་ཤེས་པས་ཕ་རོལ་སོན་ནོ། །གནས་ངེས་པར་འཛིན་པ་སྤངས་པའི་ཕྱིར་གནས་པ་མེད་དོ། །རྣམ་པ་དུ་མའི་བྱ་བ་བྱེད་པས་ན་འགྲོ་བ་དག་ལ་བྱ་བ་རྣམ་པ་སྣ་ཚོགས་སྙིང་རྗེས་སྤྲུལ་པའི་སྤྲིན་སྟོན་ཏོ། །རེ་རེའི་རྣམ་པ་མང་
བས་མཐའ་ཡས་སོ། །བསྐལ་པ་བྱེ་བར་སྟོང་པ་ཉིད་དང་ཐབས་ལ་མཁས་པའི་སྟོབས་ཀྱིས་སྐྱོ་བ་མེད་དོ། །སྤྲུལ་པ་ལེགས་པར་གོམས་པའི་སྟོབས་ཀྱིས་དུབ་པ་མེད་དོ། །མཚན་མ་མེད་པའི་ཐབས་ལ་མཁས་པ་དེ་བཞིན་དུ་རིག་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། དཔེར་ན་མི་འགའ་གཡང་ས་ཆེན་པོར་འཇུག་བྱེད་ཅིང་། །ལག་པ་གཉི་གས་གདུགས་གཉིས་འཛིན་པ་ན་དུས་མ་ཡིན་པར་འཁྲུགས་པའི་ཕྱིར་དུས་མ་ཡིན་པའི་རླུང་བྱུང་བའི་ཚེ་བདག་ཉིད་གཡང་ས་ཆེན་པོར་མཆོང་བར་བྱེད་ཅིང་། མི་བཟད་པར་ལུས་བོར་ཡང་སྡུག་བསྔལ་
བར་ལྟུང་བར་མི་འགྱུར་ཏེ། ཇི་སྲིད་དེར་ནི་འདོད་པའི་གནས་སུ་འགྲོ་བར་འགྱུར་བ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཁས་པ་སྙིང་རྗེར་གནས། །ཐབས་དང་ཤེས་རབ་གཉིས་ཀྱི་གདུགས་ནི་ཡོངས་བཟུང་སྟེ། །ཆོས་རྣམས་སྟོང་པ་མཚན་མེད་སྨོན་པ་མེད་སྤྱོད་པ། །ངེས་པར་

ཡིད་ཆེས་པར་བྱེད་ཅིང་མཚན་མ་མེད་པའི་ཐབས་ཀྱི་སྟོབས་ཀྱིས་མྱ་ངན་ལས་འདས་ལ་རེག་པ་མེད་ལ་ཆོས་ཀྱང་མཐོང་། དེ་བཞིན་དུ་གཞན་ལ་ཡང་སྟོན་པར་བྱེད་དོ། །སྨོན་པ་མེད་པའི་ཐབས་དཔེ་སྔོན་དུ་འགྲོ་བས་རྟོགས་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
དཔེར་ན་རིན་ཆེན་འདོད་པ་རིན་ཆེན་གླིང་དུ་འགྲོའོ། །བཻ་ཌཱུརྱ་ལ་སོགས་པའི་རིན་པོ་ཆེའི་འབྱུང་གནས་ནི་གླིང་ངོ་། །གང་གི་ཚེ་ཡང་དེར་ནི་དེད་དཔོན་འབའ་ཞིག་བདེ་བར་འཚོ་བྱེད་ཅིང་། དེའི་ཚེ་ཡང་རིན་ཆེན་རྙེད་ནས་ཕྱིར་ཡང་ཁྱིམ་དུ་འོང་བ་ལྟར། གཉེན་བཤེས་ཚོགས་ལ་ཅི་ནས་བརྩེ་
བ་དང་མ་བྲལ་བའི་ཕྱིར་དབུལ་བའི་སྡུག་བསྔལ་གྱིས་ཡིད་མི་བདེ་བར་མི་འཇོག་པ་ལྟར་ཞེས་རིམ་པ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ནི་ཡོན་ཏན་རིན་པོ་ཆེ་འབྱུང་བའི་ཕྱིར་རིན་ཆེན་གྱི་གླིང་ངོ་། །བྱང་ཆུབ་སེམས་དཔའ་སོང་སྟེ་ཕྱིན་ནས་བསམ་གཏན་དབང་པོ་སྟོབས་
ཐོབ་པ། གང་གི་ཚེ་མྱ་ངན་ལས་འདས་པ་ལ་རེག་པ་འབའ་ཞིག་མངོན་དགའ་བ་དེ་ལྟ་ཡིན་ན་ཡང་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་སྡུག་བསྔལ་ནི་སྐྱེ་བ་ལ་སོགས་པའོ། །ཡིད་ལ་འཇོག་པ་མ་ཡིན་ཏེ། སྨོན་པ་མེད་པའི་ཐབས་ཀྱི་སྟོབས་ཀྱིས་མྱ་ངན་ལས་འདས་པ་མངོན་དུ་
བྱེད་པར་མི་འགྱུར་རོ། །དེ་བཞིན་དུ་ཕྱིར་མི་ལྡོག་པའི་རྟགས་ཀྱི་ཐབས་ལྡན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཚོང་པ་མངོན་པར་འདོད་པའི་དོན་གཉེར་བ་བརྒྱུས་ཏེ། འཚོང་བ་དང་ཉོ་བའི་ཟོང་གི་རིན་ཐང་ཤེས་པར་བྱ་བའི་ཕྱིར། བར་གྱི་གྲོང་ཁྱེར་
གྲོང་རྡལ་གྲོང་གང་ཡིན་པར་འགྲོ། །དེར་ཡང་ནི་གྲོང་ཁྱེར་ལ་སོགས་པར་རོ། །རིན་ཆེན་གླིང་དུའང་མི་གནས་ལ། །རིག་པ་ཁྱིམ་དུའང་མི་གནས་སོ། །འོན་ཀྱང་དེ་ཉིད་ཀྱིས་རྐུན་མ་ལ་སོགས་པ་ཐག་བསྲིང་བའི་ཐབས་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར་ལམ་ལ་མཁས་པའོ། །ནོར་
སོགས་པར་བྱེད་པས་ན་རྣམ་པར་རིག་པར་བྱེད་པའི་ཕྱིར་རང་གི་ཁྱིམ་དུ་བསྐྱབ་པར་བྱ་བའི་སེམས་ཅན་ལ་རྗེས་སུ་བརྩེ་བས་འོང་བར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དད་པའམ། སྙིང་རྗེ་དང་ཤེས་རབ་ཀྱི་སྦྱོར་བ་ཤེས་པས་ན་མཁས་པ་བློ་ལྡན་ནོ། །ཉན་ཐོས་དང་རང་སངས་རྒྱས་

རྣམས་ཀྱི་ལམ་ཤེས་པས་རྣམ་པར་གྲོལ་བ་ཀུན་ལ་མཁས་ཏེ། དེ་དག་གིས་འདུལ་བའི་སེམས་ཅན་གྱི་དོན་རབ་ཏུ་གོམས་པས་ན་མཁས་པའོ། །སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བས་ན་དེ་དག་མངོན་དུ་མི་བྱེད་པས་དེ་ལ་ཡང་མི་གནས་སོ། །བྱ་བ་མ་བྱས་
པས་ནི་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་མི་གནས་སོ། །འདུས་བྱས་ཀྱི་ཉེས་པ་རྟོགས་པའི་ཕྱིར་འདུས་བྱས་ལ་ཡང་མི་གནས་སོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་དུ་འགྲོ་བའི་ལམ་ཡིན་ནོ། །ཡོན་ཏན་དང་སྐྱོན་རིམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ལ་མཁས་པ་ནི་
ཚུལ་ཤེས་པ་ཡིན་ཏེ། དེ་ལྟ་བུ་ནི་ཕྱིར་མི་ལྡོག་པ་ཞེས་བྱ་སྟེ། ཐུན་མོང་མ་ཡིན་པའི་ཆོས་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཚད་མེད་པའི་ཐབས་ལ་མཁས་པ་བསྟན་པའི་ཕྱིར། གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་བདེ་བ་ལ་སྦྱོར་བར་བྱེད་ཅིང་འགྲོ་ལ་
བྱམས་པ་རྗེས་སུ་འབྲེལ་བྱས་ནས། ཏིང་འཛིན་སྟོང་པ་མཚན་མེད་སྨོན་པ་མེད་སྤྱོད་པ་དེའི་ཚེ་སེམས་ཅན་ཚད་མེད་པ་ལ་སྟོང་པ་ཉིད་ལ་སོགས་པའི་དམིགས་པ་སྟོབས་ཀྱིས་རིམ་པ་ཇི་ལྟ་བ་བཞིན་དུ་དེ་ནི་མྱ་ངན་འདས་པ་ཐོབ་པར་འགྱུར་ཞེ་ན། རྒྱལ་བའི་སྲས་དེས་དེ་བཞིན་དུ་ཡང་འདུས་
བྱས་ཡིན་པར་གདགས་ནུས་དེ་ནི་གནས་མེད་དོ། །ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་དོན་ཏོ། །དེ་ཉིད་ཀྱི་དོན་དཔེས་གསལ་བར་བསྟན་པའི་ཕྱིར། དཔེར་ན་སྤྲུལ་པའི་མི་ནི་སྔགས་ལ་སོགས་པས་མིག་བསླད་པས་མཐོང་བའི་ལམ་དུ་མིའི་ལས་སུ་མི་སྣང་བ་མ་ཡིན་ཞིང་། རིག་པས་དཔྱད་
ན་སྟོང་པའི་ཕྱིར། དེ་ནི་གང་གིས་ཀྱང་ནི་གདགས་པར་ནུས་པ་ཡིན་ཞེས་བྱ་བར་འབྲེལ་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་དམིགས་པ་མེད་པ་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་སྒོར་སྤྱོད་པས་དེའི་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཞེས་མིང་གིས་ཀྱང་ནི་
གདགས་པར་ནུས་པ་ཡིན་ཞེས་བྱ་བ་སྔ་མ་དང་འབྲེལ་ཏོ། །དེ་ལྟ་བས་ན་ཐབས་སྔ་མ་སྔ་མ་ནི་ཐབས་ཕྱི་མ་ཕྱི་མའི་རྒྱུའི་གཙོ་བོ་ཡིན་ཏེ། སྟོང་ཕྲག་བརྒྱ་པ་ལས་ཐབས་ཀྱི་དབྱེ་བ་རྣམ་པ་བཅུ་གསུངས་པ་བཞིན་བལྟའོ། །ཐབས་མཐའ་ཡས་པ་ཐམས་ཅད་འདིར་འདུས་པ་ཡིན་ནོ། །རྒྱུ་གཞན་

བརྗོད་པར་བྱ་བ་མེད་དོ་ཞེས་ཉེ་བར་སྦྱར་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་རྒྱལ་བའི་སྲས་ཀྱི་གནས་པར་བྱ་བ་སྤྱོད་པ་དང་ནི་དབང་པོ་ཟབ་མོའི་ཆོས་དྲིས་ལ་རྒྱས་པར་བསྟན་པ་གསལ་བར་བྱེད་པ་ཇི་སྐད་བསྟན་པའི་ཐབས་ཤེས་པར་མི་བྱེད་དེ། བྱང་ཆུབ་
སེམས་དཔའ་སྟོང་པ་མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་དང་། ཕྱིར་མི་ལྡོག་པའི་སའི་ཆོས་ཏེ། སེམས་ཅན་ཐམས་ཅད་ལ་ཡོངས་སུ་བཏང་བའི་སེམས་བསྐྱེད་པའོ། །བསྡུས་ནས་བསྟན་པ་རྒྱས་པར་མི་འཆད་པ་དེ་ནི་ལུང་མ་བསྟན་པ་ཡིན་པར་རིག་
པར་བྱའོ་ཞེས་བསྟན་ཏོ། །དེ་དག་གིས་ནི་རྣམ་པ་ཀུན་མངོན་པར་རྫོགས་པ་བསྟན་པ་ཡིན་ཏེ། དེ་སྐད་དུ་ཡང་། རྣམ་པ་སྦྱོར་དང་བཅས་རྣམས་དང་། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་ཆ་མཐུན་དང་། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །སྲིད་
དང་ཞི་བ་མཉམ་ཉིད་དང་། །ཞིང་དག་བླ་ན་མེད་པ་ནི། །རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། །འདི་ནི་ཐབས་མཁས་བཅས་པ་ཡིན། །ཞེས་གསུངས་སོ། །རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཐོབ་པ་ནི་དེ་མ་ཐག་ཏུ་རབ་ཀྱི་མཐར་ཐུག་པ་རྩེ་མོའི་མངོན་པར་རྟོགས་པ་
ཡིན་པས་རེ་ཞིག་དེའི་རྟགས་བསྟན་པའི་ཕྱིར། དགྲ་བཅོམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགྲ་བཅོམ་པ་དང་རྐྱེན་གྱི་སངས་རྒྱས་ཡེ་ཤེས་དང་། ཁམས་གསུམ་དག་ཀྱང་མི་འདོད་དེ། །ཤིན་ཏུ་གོམས་པར་བྱས་པའི་ཕྱིར་རོ། །རྨི་ལམ་ན་ཡང་སངས་རྒྱས་རྣམས་མཐོང་
འགྲོ་ལ་ཆོས་ཀྱང་སྟོན་བྱེད་པ་དེ་ལྟ་བུ་ནི་རྩེ་མོའི་མངོན་པར་རྟོགས་པ་སྟེ། དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། །དེ་བཞིན་དུ། རྨི་ལམ་ན་ནི་སེམས་ཅན་ངན་སོང་གསུམ་གནས་མཐོང་། །རྨི་ལམ་དུ་རྟོགས་པའི་ཕྱིར། སྐད་ཅིག་དེ་ལ་ངན་སོང་རྒྱུན་གཅོད་སྨོན་ལམ་འདེབས།
དེ་བཞིན་དུ་བདེན་པའི་བྱིན་གྱི་བརླབས་ཀྱིས་རྨི་ལམ་གྱི་གནས་སྐབས་ན་ཡང་གྲོང་ཁྱེར་ལ་སོགས་པ་ཚིག་པའི་མེའི་ཕུང་པོ་ཞི་བ་དེ་ལྟ་བུ་ནི་དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། དེ་བཞིན་དུ་མིའི་འཇིག་རྟེན་འབྱུང་པོའི་གདོན་དང་ནད་མང་བ། བདེན་པའི་བྱིན་གྱི་རླབས་ཀྱིས་མེའི་

ཕུང་པོ་ཞི་བ་དང་། འགྲོ་བ་རྗེས་སུ་གཟུང་བའི་བློས་ཕན་དང་སྙིང་བརྩེར་ལྡན་པས་འབྱུང་པོས་ཟིན་པ་བསལ་ནས་བདག་བསྟོད་ཅིང་ང་རྒྱལ་སྐྱེ་བར་མི་བྱེད་པ་དང་། ཡང་གཞན་དག་ལ་སྨོད་པར་མི་བྱེད་པ་དེ་ལྟ་བུ་ནི་སྔ་མ་བཞིན་དུ། དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་
པར་བྱ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་ཐབས་ལ་མཁས་པའི་ལེའུ་སྟེ་ཉི་ཤུ་པའི་བཤད་པའོ།། །།བདུད་ཀྱི་བྱིན་གྱི་རླབས་ཀྱིས་སོང་བ་ནི་རྟགས་མ་ཡིན་པའི་ཕྱིར། ཅི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་བྱང་ཆུབ་སེམས་དཔའ་
དེ་ནི་བདེན་པའི་བྱིན་རླབས་སྣ་ཚོགས་དག །འབྱོར་པས་བདག་ལུང་བསྟན་སྙམ་རློམ་སེམས་འབྱུང་བའམ། །དེ་བཞིན་དུ་གལ་ཏེ་བྱང་ཆུབ་སེམས་དཔའ་གཞན་གྱིས་ལུང་བསྟན་པས་བྱང་ཆུབ་སེམས་དཔའ་གཞན་ལ་སྨོད་པ་དེའི་ཚེ་རློམ་སེམས་གནས་པ་དེ་ནི་བདུད་ཀྱི་བྱིན་གྱིས་བརླབས་
པ་ཡིན་ཏེ། དེ་མ་ཐག་ཏུ་ཆེ་བས་ཆེ་བའི་ང་རྒྱལ་འབྱུང་བས་བློ་ཆུང་བ་དང་། སེམས་ཆུང་བའི་ཞེས་བྱ་བའི་བར་དུ་ཤེས་པར་བྱའོ། །ཞར་ལས་འབྱུང་བའི་བདུད་ཀྱི་ལས་ཀྱི་བྱེ་བྲག་བསྟན་པ་ལས་མིང་གི་གཞི་ལས་འབྱུང་བའི་བདུད་ཀྱི་ལས་བསྟན་པའི་ཕྱིར་རོ། །མིང་གི་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། མ་ལ་སོགས་པའི་མིང་བརྗོད་ཅིང་བྱིན་གྱིས་རློབ་པ་བདུད་ཀྱི་ལས་ཏེ། ཉེ་བར་འོངས་གྱུར་ནས། འདི་སྐད་སྨྲ་སྟེ། འདི་ནི་ཁྱོད་དང་ཕ་དང་མ་དང་། ཁྱོད་ཀྱི་གཞན་ཡང་བརྒྱུད་པ་བདུན་མེས་བརྒྱུད་ཀྱི་བར་གྱི་མིང་འདི་ཡིན་ཞིང་། གང་ཟག་འབྱུང་
བའི་རིགས་དང་མིང་འདི་ཞེས་བྱའོ་ཞེས་སྨྲ་ཞིང་། དེ་བཞིན་དུ་གང་ཚེ་ཁྱོད་ནི་སངས་རྒྱས་འགྱུར་བའི་མིང་འདི་ཡིན་ནོ་ཞེས་བྱ་བས་དེའི་ཚེ་ཡང་གང་དེ་ཉིད་ཀྱིས་བསམ་པའི་མིང་ལྟར་མིང་དེ་ཉིད་དུ་འགྱུར་བས་སྨྲ་བར་འགྱུར་ཏེ། དེ་ཐོས་པས་མངོན་པའི་ང་རྒྱལ་སྐྱེས་ནས་བདུད་ཉེ་བར་འོངས་
པས་འདི་ནི་བློ་ཆུང་ངུ་ཡིན་ནོ་ཞེས་འཆད་པར་འགྱུར་བ་དང་འབྲེལ་ཏོ། །སྦྱངས་པའི་ཡོན་ཏན་གྱི་གཞི་ལས་བྱུང་བའི་བདུད་ཀྱི་ལས་བསྟན་པའི་ཕྱིར། སྦྱངས་སྡོམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱངས་པའི་ཡོན་ཏན་གང་ཅི་འདྲ་བ་བསོད་སྙོམས་པ་ཉིད་ལ་སོགས་པ་དང་ལྡན་པ་

དང་། རྣལ་འབྱོར་དང་ལྡན་པ་ལ་ཁྱོད་སྔོན་ཡང་ཡོན་ཏན་ཚུལ་ཡང་འདི་འདྲ་ཞེས་བརྗོད་དེ། དེ་སྐད་གང་ཐོས་རློམ་སེམས་ཏེ་མངོན་པའི་ང་རྒྱལ་སྐྱེས་ན་བྱང་ཆུབ་སེམས་དཔའ་དེ་ནི་བདུད་ཀྱིས་ཡོངས་སུ་བསླངས་ཏེ་བདུད་འོངས་པ་དེ་ནི་བློ་ཆུང་བ་བསམ་པ་དམན་པའོ་ཞེས་བྱ་བའི་བར་དུ་
ཤེས་པར་བྱའོ། །ཡང་དབེན་པའི་གཞི་ལས་བྱུང་བའི་བདུད་ཀྱི་ལས་བསྟན་པའི་ཕྱིར། རབ་ཏུ་དབེན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྗོན་ཤིང་གི་སྐྱེ་བ་འཇིག་པའི་ཕྱིར། རབ་ཏུ་དབེན་པའི་གྲོང་དང་གྲོང་ཁྱེར་རོ། །ཆུ་འབབ་པ་དང་ལྡན་པའི་ཕྱིར་རི་སུལ་ལོ། །
གྲོང་ལས་རྒྱང་གྲགས་ཀྱི་ཚད་ཙམ་ན་གནས་པ་ནི་དགོན་པའོ། །འབྲོག་དགོན་པ་ལ་སོགས་པར་སྟག་ལ་སོགས་པ་དང་བྲལ་བའི་ཕྱིར་རབ་ཏུ་དབེན་པའོ། །ནགས་ཀྱི་ཁྱད་པར་ནི་ནགས་ཁྲོད་དེ་རབ་ཏུ་སྟེན་བྱེད་ཅིང་གལ་ཏེ་བདག་ལ་བསྟོད་ལ་ཡོན་ཏན་ལ་སོགས་པ་མངོན་པའི་ང་རྒྱལ་
གྱིས་གཞན་ལ་སྨོད་ཅིང་ངན་པར་སྤྱོད་ན་བྱང་ཆུབ་སེམས་དཔའ་དེ་ནི་བདུད་ཀྱི་ལས་ཀྱིས་ཡོངས་སུ་བསླང་ཞིང་དེ་ནི་བློ་ཆུང་གི་བསམ་པ་བཟང་པོ་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །འོ་ན་དབེན་པའི་གནས་ཇི་ལྟ་བུ་ཡིན་ཞེ་ན། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་འཕགས་
ལ་སོགས་པ་ནི་གྲོང་ངོ་། །ཙམ་པ་ཀ་ལ་སོགས་པ་ནི་ཡུལ་ལོ། །པ་ཏྲ་ལི་པུ་ཏྲ་ལ་སོགས་པ་ནི་ཡུལ་འཁོར་ཏེ། རྟག་ཏུ་གནས་བྱེད་ཅིང་གཞན་དུ་ན་ཉན་ཐོས་ལ་སོགས་པའི་གདུལ་བྱའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཏུ་ཡང་དག་པར་བསམ་པ་དག་པར་
ཞུགས་པས་བྱང་ཆུབ་ལ་བརྩོན་པས་གནས་པའོ། །དེ་ནི་དགྲ་བཅོམ་པ་དང་རང་རྒྱལ་ནི་རང་རྒྱལ་ལོ། །འདོད་པ་གཞན་ཡང་སྐྱེད་མི་བྱེད་དེ། བསྟན་མ་ཐག་པ་དེ་དག་དང་། མི་དགེ་བའི་ཆོས་ཐམས་ཅད་ལས་དབེན་པ་ནི་དབེན་པར་བསྟན་ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བར་འབྲེལ་
ཏོ། །འདི་ནི་ཆོས་ཀྱི་དབྱིངས་ལས་བྱུང་བའི་ཕྱིར་རོ། །བདེ་བར་གཤེགས་པའི་སྲས་ཀྱིས་དབེན་པར་གསུངས་སོ། །གཞན་ནི་དབེན་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་དཔག་ཚད་ལྔ་བརྒྱ་ཡོད་པའི་རི་སུལ་ཏེ། སྦྲུལ་ནི་སྦྲུལ་

གདུག་པའོ། །གང་གི་ཕྱིར་ལོ་མང་བྱེ་བར་གནས་བྱེད་ཀྱང་གནས་ནི་ཁྱིམ་མོ། །དབེན་པ་འདི་ནི་བསྟན་མ་ཐག་པ་ཡིན་པར་མི་ཤེས་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པ་དང་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་སྙམ་དུ་རློམ་ན་ལྷག་
པའི་ང་རྒྱལ་རྙེད་ནས་འདྲེ་བར་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཉིད་ཐོབ་པ་མ་ཡིན་ནོ། །ང་རྒྱལ་གྱི་ཡུལ་དེ་ཉིད་བདུད་ཀྱི་སྤྱོད་ཡུལ་ལས་མ་འདས་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་འགྲོ་
བའི་དོན་ལ་མངོན་དུ་ཕྱོགས་པ་ན་བརྩོན་པའོ། །བཟོད་པ་ནས་ཆོས་ཀྱི་མཆོག་གི་བར་གྱི་དད་པ་ལ་སོགས་པ་ནི་སྟོབས་སོ། །བསམ་གཏན་ནི་བཞི་སྟེ་མཉམ་པར་སྒྲུབ་པའོ། །དྲོད་དང་རྩེ་མོའི་རང་བཞིན་དད་པ་ལ་སོགས་པ་ནི་དབང་པོའོ། །སྟོང་པ་ཉིད་ལ་སོགས་པ་ནི་རྣམ་པར་ཐར་པའོ། །དཔའ་བར་
འགྲོ་བ་ལ་སོགས་པ་ནི་ཏིང་ངེ་འཛིན་ཏོ། །ཐོབ་པ་དེ་ལ་འདི་ནི་དགོན་དབེན་སྤྱོད་པ་མིན་སྙམ་བྱང་ཆུབ་སེམས་དཔའ་བརྙས་བྱེད་ན། །དེ་ནི་བདུད་ཀྱི་སྤྱོད་ཡུལ་གནས་ཞེས་རྒྱལ་བས་གསུངས། །རྒྱ་ཆེར་བསྟན་པ་ཉིད་ཉེ་བར་བསྡུ་བའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ།
གང་ཞིག་གྲོང་ངམ་འོན་ཏེ་དགོན་པར་གནས་ཀྱང་རུང་། རྣམ་པ་ཐམས་ཅད་དུ་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པས་དབེན་པ་ནི་ཐེག་པ་གཉིས་ཀྱི་སེམས་བྲལ་ལོ། །བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པས་ན་བྱང་ཆུབ་མཆོག་ངེས་སོ། །བྱང་ཆུབ་སེམས་དཔའི་དབེན་པ་དེ་ལས་གཞན་ནི་
ཉན་ཐོས་ལ་སོགས་པ་དང་འབྲེལ་པ་ཡོན་ཏན་ཆུང་ངུ་ཐོབ་པར་བྱེད་པ་དེ་ཉིད་ཀྱི་ཕྱིར་ཟད་པར་བྱེད་ཅིང་འདོར་རོ། །གང་གི་ཕྱིར་བསྟན་མ་ཐག་པའི་ཉེས་པས་དབེན་ཞིང་འགྲོ་དོན་ཞུགས་པ་རྣམས་ཀྱི་སྟེ། རྒྱལ་བའི་སྲས་རྣམས་ཡིན་ནོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་
བདུད་ཀྱི་ལས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའི་བཤད་པའོ།། །།གང་གིས་ཡོངས་སུ་མ་ཤེས་པ་དེ་ཉིད་ཉེས་པ་སྟེ། མི་མཐུན་པའི་ཕྱོགས་དེ་དག་དགག་པའི་ཕྱིར། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བསྟན་མ་ཐག་པའི་ང་རྒྱལ་

ཉེས་པ་ཡིན་པ་དེ་ལྟ་བས་ན་ངེས་པར་བཅོམ་སྟེ། དེ་ལྟ་བུ་ནི་འཁོར་བར་ལྟུང་བའི་ཐབས་སྤོང་བས་ན་མཁས་པའོ། །མངོན་པར་ཡིད་ཆེས་པ་མང་བའི་ཕྱིར་བསམ་པ་དྲག་ལྡན་ནོ། །བྱང་ཆུབ་དམ་པ་ཚོལ་བ་དེས་ན་ནད་པའི་ཚོགས་ཀྱིས་སྨན་པ་བསྟེན་པ་ལྟར། འདོད་ཆགས་ལ་
སོགས་པ་རང་གི་ནད་གསོ་བའི་ཕྱིར་གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ་ཞེས་བསྟན་ཏོ། །དགེ་བའི་བཤེས་གཉེན་ཡང་གང་ཞིག་ཡིན་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་བཅོམ་ལྡན་འདས་སོ། །བྱང་ཆུབ་མཆོག་
ཞུགས་བྱང་ཆུབ་སེམས་དཔའ་དག་གིས་དགེ་བའི་བཤེས་གཉེན་དག་ཕ་རོལ་ཏུ་ཕྱིན་པ་དྲུག་རབ་ཏུ་སྟོན་པ་ཉིད་དོ། །དེ་སྨན་པ་ལ་སངས་རྒྱས་ལ་སོགས་པ་ནི་ཕན་པ་དང་ཕན་པ་མ་ཡིན་པ་ཐོབ་པ་དང་སྤོང་བ་རྗེས་སུ་སྟོན་པ་ཡིན་ནོ། །སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་རྗེས་སུ་
གནས་པར་བྱ་བ་ཡིན་པའི་ཕྱིར་སྒྲུབ་པའི་ས་ཉིད་ཡིན་ནོ། །དེ་ལྟར་རྒྱུ་རྣམ་པ་གཉིས་ཀྱིས་སངས་རྒྱས་བྱང་ཆུབ་མྱུར་དུ་རྟོགས་ཏེ། དེ་ལས་མ་གཏོགས་པའི་དགེ་བའི་བཤེས་གཉེན་གཞན་ནི་མེད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་སྒྲུབ་པའི་
ས་མ་ཡིན་ནམ། ཇི་ལྟར་དེ་ཉིད་ཁོ་ན་ཡིན་པར་སྟོན་ཅེས་དོགས་པ་ལ། རྒྱལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགགས་པས་ན་འདས་པའོ། འབྱུང་བར་འགྱུར་བའི་དུས་ཡིན་པའི་ཕྱིར་མ་བྱོན་པའོ། །དེ་ལྟར་ཉིད་ཡིན་པའི་ཕྱིར་བཞུགས་པའོ། །ཕྱོགས་བཅུ་དག་
གི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀུན་ཏེ། སངས་རྒྱས་ཇི་སྙེད་པའི་ལམ་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་འདི་ཡིན་ཏེ། གཉིས་པ་མེད་པའི་ཕྱིར་གཞན་མ་ཡིན་ཏེ། གཞན་གྱིས་ཕྱིན་ཅི་ལོག་སྤོང་བ་མེད་པའི་ཕྱིར་རོ། །གང་གི་ཚེ་ཉོན་མོངས་པའི་སྒྲིབ་པའི་མུན་པ་བསལ་བས་ན་
བསལ་བའོ། །ཤེས་བྱའི་སྒྲིབ་པའི་མུན་པ་བསལ་བས་ན་སྒྲོན་མའོ། །དེ་བཞིན་དུ་ཡང་བྱང་ཆུབ་མཆོག་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་མཐོང་བའི་ལམ་གྱིས་སྣང་བར་བྱེད་པས་ན་སྣང་བའོ། །ཡང་བསྒོམ་པའི་ལམ་བསྐྱེད་པ་རྗེས་སུ་སྟོན་པས་སྟོན་པར་འགྱུར་བའོ། །ཡང་

དག་པར་ཕ་རོལ་ཏུ་ཕྱིན་པ་འདི་དག་སྟོན་པའི་ཕྱིར་འདི་དག་ཉིད་ཁོ་ན་སྒྲུབ་པའི་ས་ཡིན་པར་དགོངས་སོ། །ཞར་ལ་བྱུང་བ་བསྟན་ནས་ད་ནི་སྐབས་ལ་བབ་པ་ཉིད་ཀྱིས་ཇི་སྐད་བསྟན་པའི་རྟགས་ལ་མངོན་པར་ཞེན་པ་མ་གྲུབ་པར་བསྟན་པའི་ཕྱིར་རོ། །ཇི་ལྟར་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྱུ་མ་ལྟ་བུར་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་པ་དེ་བཞིན་དུ་གཟུགས་ལ་སོགས་པའི་ཆོས་འདི་དག་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་དེ་དང་འདྲར་ཤེས་ཤིང་། དེ་བས་ན་
ཆོས་རྣམས་སྟོང་ཞིང་མཚན་མ་མེད་པར་རབ་ཤེས་ན། གང་གི་ཚེ་ཇི་སྐད་བསྟན་པའི་རྟགས་ལ་སྤྱོད་པ་དེའི་ཚེ་དེ་ལྟར་སྤྱོད་པ་བདེ་གཤེགས་ཤེས་རབ་སྤྱོད་པ་ཡིན། ཇི་སྐད་བསྟན་པའི་རྟགས་ཀྱི་རང་བཞིན་རྣམས་དང་། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་ཡིན་ན་ཇི་ལྟར་ཀུན་ནས་ཉོན་མོངས་
པ་དང་རྣམ་པར་བྱང་བར་གཞག་ཅེ་ན། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་དང་བདག་གིར་ཞེན་པས་ཁམ་གྱི་ཟས་ལ་སོགས་པ་འདོད་བྱེད་ཅིང་། འདོད་པ་དང་གཟུགས་ལ་སོགས་པའི་སེམས་ཅན་དུ་ཡོངས་སུ་རྡོག་པས་འཁོར་བ་སྒྲུབ་པ་དང་། སྲུང་བ་མི་ཟད་པའི་སྐྱེ་བོ་ཕྱིན་ཅི་
ལོག་ལ་ཆགས་པའི་ཡིད་ལ་བྱེད་པ་དང་ལྡན་པས་དེས་སྐྱེ་བོ་སྲུང་བ་རྟག་ཏུ་འཁོར་རོ། །ཡང་དེ་ཁོ་ན་ཉིད་དུ་བདག་དང་བདག་གི་ལ་སོགས་པའི་ཆོས་ཉིད་གཉིས་མ་སྐྱེས་པའི་ཕྱིར་ཡང་དག་མིན་ཏེ་སྟོང་པའོ། །ཕྱིན་ཅི་ལོག་གི་སྟོབས་ཀྱིས་ནམ་མཁའ་ལ་མདུད་པ་བོར་རོ། །དེ་བཞིན་དུ་སྐྱེ་བོ་རྣམས་
རང་ཉིད་བཅིངས་པ་སྟེ་གྲོལ་བར་དཀའ་ཞེས་བྱ་བའི་བར་དུའོ། །ཅིའི་ཕྱིར་ཞེ་ན། ཐ་སྙད་ལ་མི་མཁས་པའི་ཕྱིར་བྱིས་པ་སྟེ། བྱིས་པ་བཞིན་གྲོལ་བར་མི་ནུས་ཞེས་བྱ་བའི་བར་དུའོ། །དེས་ནི་ཀུན་ནས་ཉོན་མོངས་པའི་དངོས་པོར་རྣམ་པར་གཞག་གོ། །ཅི་འདི་དག་ཕྱིན་ཅི་ལོག་གི་སྟོབས་ཀྱིས་
ཀུན་དུ་སྟོན་པར་རྣམ་པར་གཞག་ཅེ་ན། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་དུག་མེད་པ་ལ་ཕྱིན་ཅི་ལོག་གི་སྟོབས་ཀྱིས་དུག་ཏུ་ཤེས་པ་ཉིད་ཀྱིས་དུག་ལངས་ཏེ་མི་ལ་ཁྱབ་པའོ། །དུག་དེ་ཁོང་དུ་སོང་བ་མེད་ཀྱང་བརྒྱལ་བར་འགྱུར། དེ་བཞིན་དུ་འཕགས་པའི་ལམ་མ་སྐྱེས་

པའི་ཕྱིར་ཡང་བྱིས་པའོ། །ཕྱིན་ཅི་ལོག་གི་སྟོབས་ཀྱིས་ལེགས་པར་སྦྱར་ཏེ། འདི་ནི་བདག་གོ། །འདི་ནི་བདག་གི་ཆོས་སོ་སྙམ་མོ། །དེ་སྐད་དུ་ཡང་། བདག་ཡོད་པ་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །དེ་གཉིས་དང་ནི་འབྲེལ་པ་ལས། །ཉེས་
པ་མ་ལུས་འབྱུང་བར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བདག་ཏུ་འདུ་ཤེས་པ་སྐྱེས་པ་དེས་ཀྱང་དེ་དག་ཉིད་དུ་དབེན་ཞིང་སྟོང་པའི་ཕྱིར་ཡང་དག་པ་མ་ཡིན་པ་ལ་བྱིས་པས་སྒྲོ་བཏགས་སོ། །ཇི་སྐད་བསྟན་པའི་ནུས་པ་ལས་བཟློག་པ་ནི་རྣམ་པར་བྱང་བའི་དངོས་པོར་རྣམ་པར་གཞག་
གོ། །བདེན་པ་གཉིས་ལ་ཡང་དག་པར་བརྟེན་ནས་གཉི་ག་རྣམ་པར་གཞག་པ་ཉེ་བར་བསྡུ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་འཛིན་པ་སྟེ་མངོན་པར་ཞེན་པ་ནི་ཀུན་རྫོབ་བོ། །དེ་ལྟར་ཀུན་ནས་ཉོན་མོངས་པ་བསྟན་ནས་ཇི་སྐད་བསྟན་པའི་མངོན་པར་ཞེན་པ་
བདག་དང་བདག་གི་ཆོས་སོ། །ཇི་ལྟར་མི་དམིགས་པ་དེ་ལྟར་རྣམ་པར་བྱང་བར་གསུངས། དེ་ཁོ་ན་ཉིད་དུ་འདི་ལ་གང་ཡང་སྟེ། སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་ཕྱིན་ཅི་ལོག་མེད་པས་གང་ཞིག་ཉོན་མོངས་རྣམ་དག་འགྱུར་མེད་པ། །བྱང་ཆུབ་སེམས་དཔས་ཤེས་རབ་ཕ་རོལ་ཕྱིན་པ་རྟོགས། །ཆོས་
ཉིད་ཅེས་བྱ་བའི་ཚིག་གི་ལྷག་མའོ། །དེ་ལྟར་དེའི་རྟགས་ཤེས་པར་བྱས་ནས་རྩེ་མོའི་མངོན་པར་རྟོགས་པའི་རྣམ་པར་འཕེལ་བ་བསྟན་པའི་ཕྱིར་འཛམ་བུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཛམ་བུའི་གླིང་ན་སེམས་ཅན་ཇི་སྙེད་གནས་པ་མ་ལུས་པ། །དེ་དག་ཐམས་ཅད་བྱང་ཆུབ་
མཆོག་ཏུ་སེམས་བསྐྱེད་ནས། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ལོ་སྟོང་བྱེ་བ་མང་པོར་སྦྱིན་པ་བྱིན་བྱས་ལ། དེ་དག་ཀུན་ནི་གཞན་ཡང་ངོ་། །འགྲོ་བའི་དོན་མངོན་པར་འདོད་པ་ནི་དོན་ཏེ་ཆེད་དུ་བྱང་ཆུབ་རྒྱུར་ཡོངས་བསྔོ་ཡང་། གང་ཟག་གཞན་གང་ཞིག་གིས་རྩེ་མོ་
མངོན་པར་རྟོགས་པའི་རང་བཞིན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བརྩོན་པ་ཐ་ན་ཉི་མ་གཅིག་ཅིག་ཡང་དག་པར་རྗེས་སུ་མཐུན་བྱེད་ན། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པ་རྣམ་པ་ཐམས་ཅད་འཕེལ་བ་དང་ལྡན་པའི་ཕྱིར་གང་ཟག་སྔ་མའི་བསོད་ནམས་ལ་ལྟོས་

ནས་སྔར་བསྟན་པའི་སེམས་ཅན་དེ་དག་གི་སྦྱིན་པའི་ཕུང་པོས་བསོད་ནམས་ཀྱི་རྒྱུའི་ཆར་ཡང་ཕོད་པར་མི་འགྱུར་རོ། །དེའི་ཕྱིར་གཡེལ་བ་མེད་པར་རྟག་ཏུ་ཤེས་རབ་འཇུག་པར་བྱ་སྟེ། བསྒོམ་པར་བྱ་ཞེས་ལྷག་མའོ། །ཡུལ་འདི་འབའ་ཞིག་ལ་གོམས་པར་བྱ་བ་
མ་ཡིན་ལ། འོན་ཀྱང་སྙིང་རྗེ་ཡང་གོམས་པར་བྱའོ་ཞེས་བསྟན་པའི་ཕྱིར་ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཇི་ལྟར་བསྟན་པའི་རང་བཞིན་ལ་མཉམ་པར་འཇོག་པའི་ཚེ་རྒྱལ་བའི་སྲས་དེ་ནི་རྣལ་འབྱོར་པའོ། །སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་
སེམས་ཅན་འདུ་ཤེས་མེད་དེ། མངོན་པར་ཞེན་པས་སེམས་ཅན་དུ་འདུ་ཤེས་པར་མི་བྱའོ། །དེའི་ཚེ་རྟགས་སྔོན་དུ་འགྲོ་བ་ཉིད་ཀྱིས་ན་མཁས་པའོ། །འགྲོ་བ་ཀུན་གྱི་བསོད་ནམས་ཀྱི་ཞིང་ཡིན་པའི་ཕྱིར་སྦྱིན་གནས་འགྱུར་རོ། །དུས་རྟག་ཏུ་གདོན་མི་ཟ་བར་ཐོབ་པའི་འབྲས་བུ་སྟེར་བའི་
ནུས་པ་དང་ལྡན་པའི་ཕྱིར་ཡུལ་འཁོར་བསོད་སྙོམས་དོན་ཡོད་ཡོངས་སུ་སྤྱོད་དོ། །དེ་བས་ན་སེམས་ཅན་གྱི་དོན་གྱི་རབ་སྙིང་རྗེ་དང་ཤེས་རབ་གཉིས་ཀྱི་རྣལ་འབྱོར་སྒྲུབ་བོ་ཞེས་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་འདིར་
རང་གི་ཕྱིན་ཅི་ལོག་གི་སྟོབས་ཀྱིས་དུས་ཡུན་རིང་པོར་བཅིང་བའི་ལྷ་མི་ངན་སོང་གསུམ་ནི་སེམས་ཅན་དམྱལ་བ་ལ་སོགས་པའོ། །དགྲོལ་བར་ཡང་དག་པར་འདོད་པས་ལམ་ཡངས་ནི་ཐེག་པ་ཆེན་པོའོ། །འཁོར་བའི་རྒྱ་མཚོའི་ཕ་རོལ་གྱི་འགྲམ་སེམས་ཅན་གྱི་ཁམས་ལ་སྟོན་པར་འདོད་པས་ཞེས་སྔ་མ་
དང་འབྲེལ་ཏོ། །དེ་བས་ན་ཉིན་མཚན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྙིང་རྗེ་དང་བཅས་པ་འདི་ལ་བརྩོན་པར་བྱའོ། །དོན་དེ་ཉིད་ཁོ་ན་ཞེས་དཔེས་གསལ་བར་བྱ་བའི་ཕྱིར། མི་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་མི་ཞིག་སྔོན་ཆད་མ་རྙེད་པའི་རིན་ཆེན་མཆོག་སྟེ། ཁྱད་པར་དུ་
འཕགས་པའི་དུས་གཞན་ཞིག་རྙེད་པར་གྱུར་ཏེ་དགའ་བ་ལས། དེ་མ་ཐག་ཏུ་ཡང་རྣམ་པར་གཡེང་བ་ལ་སོགས་པའི་སྤྱོད་པས་བག་མེད་པར་གྱུར་ཏེ། རྙེད་པ་སྟོར་ན་ནི་དེ་ལ་སྟོར་བར་མི་འདོད་པ་དང་མངོན་པར་འདོད་པའི་དངོས་པོ་དང་བྲལ་བའི་ཡིད་ལ་བྱེད་པས་རིན་ཆེན་འདོད་པས་རྟག་ཏུ་སྡུག་

བསྔལ་ལོ། །དེ་ལྟར་དེ་བཞིན་དུ་བྱང་ཆུབ་མཆོག་ཞུགས་རྙེད་པར་དཀའ་བའི་ཕྱིར་རིན་པོ་ཆེ་དང་འདྲ་བའི་སྙིང་རྗེ་དང་བཅས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་དོར་བར་མི་བྱའོ། །རིན་ཆེན་དོར་བ་རྙེད་པ་ལྟར། །འདི་ལྟར་གོས་ལ་སོགས་པ་ལ་གཏུམས་ནས་རབ་ཏུ་བརྩོན་
པས་སེམས་ཅན་འཛིན་ཏོ། །གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུས་ཡུན་རིང་པོར་གོམས་པ་དང་རྗེས་སུ་འབྲེལ་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་མྱུར་བ་ཉིད་དུ་ཡང་དག་པའི་ལམ་དུ་ཞུགས་པའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་
པ་ལས་དགེ་བའི་བཤེས་གཉེན་གྱི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའི་བཤད་པའོ།། །།སྙིང་རྗེ་དང་ཤེས་རབ་དག་གིས་རྣམ་པར་འཕེལ་བ་ཐུན་མོང་གི་འབྲས་བུ་བསྟན་ནས། ཁྱད་པར་གྱི་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པ་རྟོགས་པར་བྱ་བའི་ཕྱིར། དཔེ་སྔོན་དུ་འགྲོ་བས།
ཉི་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཉི་མ་སྤྲིན་དང་བྲལ་བས་གསལ་བར་འཆར་བའི་འོད་ཟེར་དྲ་བ་ཅན། །མུན་ནག་ཐིབས་པོའི་མུན་པ་ཐམས་ཅད་འཇོམས་འཆར་བ། །རང་གི་འོད་ཀྱིས་འཕྲོ་བ་སྲིན་བུ་མེ་ཁྱེར་སྲོག་ཆགས་འབྱུང་པོ་ཐམས་ཅད་དང་། པ་བ་སངས་དང་། ཕུར་
བུ་ལ་སོགས་པའི་སྐར་མའི་ཚོགས་དང་ཟླ་བའི་འོད་ཀུན་ཟིལ་གྱིས་གནོན་པ་དེ་བཞིན་དུ་ཇི་སྐད་བཤད་པའི་ཤེས་རབ་ཀྱིས་རང་བཞིན་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད། མཁས་པ་བྱང་ཆུབ་སེམས་དཔའ་འཇིག་ཚོགས་ལ་ལྟ་བའི་ཐིབས་པོ་ཐམས་ཅད་དོན་མེད་པའི་རྒྱུ་ཡིན་པའི་ཕྱིར་བཅོམ་ནས་
འགྲོ་བ་ཀུན་དང་། དགྲ་བཅོམ་རང་རྒྱལ་བྱང་ཆུབ་སེམས་མང་ཟིལ་གྱིས་གནོན་ཏེ། ཇི་སྐད་བསྟན་པའི་སྙིང་རྗེ་དང་ཤེས་རབ་ཤིན་ཏུ་རྣམ་པར་འཕེལ་ཏེ། སྟོང་པ་ཉིད་དང་མཚན་མ་མེད་པ་ལ་རྣམ་པར་སྤྱོད་པས་སྤངས་པ་ཆེ་བས་བྱང་ཆུབ་སེམས་དཔའ་ཆེན་པོར་གྱུར་པ་ཡིན་ཞེས་བྱའོ། །མི་
མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པ་བསྟན་ནས། ད་ནི་དེ་བཞིན་དུ་གཉེན་པོ་ཐོབ་པ་ཡང་བསྟན་པར་བཞེད་ནས། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་རྒྱལ་པོའི་བུ་ཞིག་བྲན་རྣམས་ལ་བགོ་བཤའ་བྱེད་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་ནོར་གཏོང་ངོ་། །ལུགས་ཀྱི་བསྟན་

བཅོས་ཀྱི་ལམ་གྱི་རྗེས་སུ་ཞུགས་པས་དོན་སྒྲུབ་པ་ལ་མཁས་པའི་ཕྱིར་དོན་འདོད་པའི་རྒྱལ་པོའི་སྲས་ཀུན་ལས་དེ་ཉིད་གཙོར་ཕུལ་དུ་བྱུང་བར་འགྱུར་བའི་ཕྱིར་གཙོ་བོར་གྱུར་པའོ། །འཇིག་རྟེན་གྱིས་བསྟེན་པར་བྱ་བའི་ཕྱིར་མངོན་པར་འགྲོ་བྱ་འོས། འདི་ནི་ད་ལྟར་ན་ཡང་
སྟེ་དབུལ་པོའི་གནས་སྐབས་ན་སེམས་ཅན་མང་པོའི་ཕྱིར་བཀུར་སྟི་ལ་སོགས་པས་དགའ་བར་བྱེད་དོ། །དེ་བས་ན་དབང་བསྐུར་བ་ཐོབ་པ་ཅོད་པན་བཅིངས་པར་གྱུར་པ་རྒྱལ་པོ་ཁྱད་པར་ཅན་དུ་གནས་པས་སེམས་ཅན་མང་པོ་དགའ་བར་འགྱུར་བ་ལྟ་ཅི་སྨོས། དེ་བཞིན་དུ་ཤེས་རབ་དང་སྙིང་
བརྩེར་བཅས་པར་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་གཉེན་པོ་ཐོབ་པའི་སྟོབས་ཀྱིས་ཆོས་སྟོན་པ་ན་ཉམས་པ་མེད་པར་ཆོས་སྟོན་པའི་ཕྱིར་མཐོང་བའི་ལམ་ལ་སོགས་པའི་བདུད་རྩི་སྦྱིན་པར་བྱེད་པས་ལྷ་དང་མི་རྣམས་དགའ་བར་བྱེད་པར་འགྱུར་རོ། །འདི་ནི་ད་ལྟ་ན་ཡང་སྟེ་ཆུང་ངུ་ཐོབ་པའི་
གནས་སྐབས་ན་ཡང་སེམས་ཅན་མང་པོ་ལ་ཕན་པ་བདེ་བ་ལ་བརྩོན་ཏེ། མཐོང་བའི་ལམ་ལ་སོགས་པ་སྟོན་པའི་ཕྱིར་རོ། །བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕུལ་དུ་བྱུང་བའི་ཆོས་ཀྱི་རྒྱལ་པོར་གནས་པར་གྱུར་ན་དེའི་ཚེ་སེམས་ཅན་བདེ་བ་ལ་བརྩོན་པ་ལྟ་ཅི་སྨོས་ཞེས་སྔ་མ་དང་སྦྱར་རོ། །
ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས། བརྒྱ་བྱིན་གྱི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའི་བཤད་པའོ།། །།དེ་ལྟར་གཉེན་པོ་ཤིན་ཏུ་འཕེལ་བས་རང་གི་སྤྱོད་ཡུལ་ལས་འདས་པས་བདུད་བརྩོན་པ་ཆེན་པོ་བྱེད་པར་བསྟན་པའི་ཕྱིར། དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་
གི་ཚེ་གཉེན་པོ་སྐྱེས་པ་དེའི་ཚེ་བདུད་ནི་ཟུག་རྔུ་ལྡན་པར་འགྱུར་ཏེ། ཆུང་ངུ་དང་། འབྲིང་དང་། ཆེན་པོ་སྟེ། ཡིད་མི་བདེ་བ་ཐོབ་པ་དང་། ཟུག་རྔུ་དང་མྱ་ངན་གྱི་དོན་གྱིས་སྡུག་བསྔལ་ཏེ། དེ་ཉིད་ཀྱི་ཕྱིར་ཡིད་མི་བདེ་ཉམ་ཆུང་བར་འགྱུར། །ཇི་ལྟར་བྱང་ཆུབ་སེམས་དཔའ་གཉེན་པོ་སྒོམ་
པ་ལས་འདི་ཡིད་ནུར་འགྱུར་ཞིང་། འཇིགས་པ་བསྟན་ཕྱིར་ཕྱོགས་དང་ཕྱོགས་མཚམས་རྣམས་སྲེག་ཅིང་སྐར་མདའ་གཏོང་མོད་ཀྱི། དེ་ལྟ་ན་ཡང་བར་ཆད་བྱེད་མི་ནུས་སོ། །གང་ཞིག་ལ་མི་ནུས་ཤེ་ན། ལན་དུ་གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་མཁས་པར་གྱུར་

པའི་སྙིང་རྗེ་ཕུན་སུམ་ཚོགས་པ་ཡང་དག་པའི་བསམ་པ་དང་ཡང་དག་པར་རབ་ཏུ་ལྡན་པས་ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་བསྒོམ་པའི་སྟོབས་ཀྱིས་དོན་ལ་ལྟ་བ་དེའི་ཚེ་ཤེས་རབ་དང་སྙིང་རྗེ་གོམས་པས་ལུས་སེམས་ནི་ཉེ་བར་མཚན་པའི་ཕྱིར་དག་ཀྱང་ངོ་། །མཁའ་ལ་འགྲོ་བའི་བྱ་དང་
མཚུངས་པ་ཉིད་ཀྱིས་མཉམ་པ་གང་ཅུང་ཟད་ལ་ཡང་མི་གནས་པར་གྱུར་པ་ལ་ནག་པོའི་ལས་ཀྱི་གྲོགས་བྱེད་པའི་ཕྱིར་ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར་ཏེ། ཡང་དག་པར་ཞུགས་པའི་ཕྱིར་མི་འགྱུར་རོ། །ལམ་ལ་ཡང་དག་པར་མ་ཞུགས་པ་ལ་ནི་ནུས་སོ་ཞེས་བསྟན་པའི་ཕྱིར།
གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཚེ་བྱང་ཆུབ་སེམས་དཔའ་རང་གི་གནས་སུ་ངག་གི་རྩོད་པ་ནི་འཐབ་པའོ། །རྒྱལ་པོའི་ཕོ་བྲང་ལ་སོགས་པར་སོང་ནས་འཐབ་པ་ནི་རྩོད་པའོ། །ཕན་ཚུན་སྡང་བར་ཉེ་བར་གནས་པ་ནི་འགལ་བའོ། །ཁྲོ་བས་སྐྱེད་པའི་སེམས་མ་རུངས་
པར་སྤྱོད་པ་དང་ལྡན་པར་གྱུར་པའོ། །དེས་འཇུག་པ་ཐོབ་པས་བདུད་ནི་དགའ་འགྱུར་ཞིང་། དེ་ཉིད་མཆོག་ཏུ་ཉམས་བདེར་འགྱུར་རོ། །ཡང་དེ་གཉིས་འཐབ་མོ་ལ་སོགས་པ་བྱེད་པས་དེའི་བྱིན་གྱི་རླབས་ཀྱིས་རྒྱལ་བའི་ཤེས་རབ་ལས་ནི་རིང་འགྱུར་སྙམ། དེ་བཞིན་དུ་དེ་གཉིས་ཕན་པ་
དང་ཕན་པ་མ་ཡིན་པ་ཐོབ་པ་དང་། སྤོང་བའི་ཐབས་དང་བྲལ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་ལས་རིང་དུ་འགྱུར་ཞིང་ཤ་ཟ་འདྲ་བར་འགྱུར་རོ། །དེ་བས་ན་ཡང་དེ་གཉི་ག་བཀག་པའི་འཐབ་མོ་ལ་སོགས་པ་བྱེད་ཅིང་བདག་ཉིད་བསྟོད་པས་དམ་བཅས་པ་ཉམས་པ་བྱེད་པར་འགྱུར། གང་གི་
ཚེ་ཞེ་སྡང་ཤས་ཆེ་བས་མི་བཟད་པས་གཞན་གནོད་པ་བྱེད་པ་མི་བཟོད་ཅིང་བཟོད་དང་བྲལ་ལ་བྱང་ཆུབ་ག་ལ་ཡོད། དེ་ཚེ་བདུད་རྣམས་ཕྱོགས་དང་བཅས་ཏེ་མང་པོ་དགའ་བར་འགྱུར་ཏེ། བདུད་ཀྱི་ཕྱོགས་ནི་བདུད་ཀྱི་སྡེ་ཚོས་མ་ཡིན་པ་འཐབ་མོ་ལ་སོགས་པ་བྱེད་པ་ཡིན་ནོ། །འོ་ན་ཇི་ལྟ་བུས་བྱང་
ཆུབ་ཐོབ་ཅེ་ན། ལུང་བསྟན་མ་ཐོབ་བྱང་ཆུབ་སེམས་དཔའ་གང་ཞིག་གིས། །ལུང་མ་བསྟན་པ་དེ་ནི་ཉེ་བར་མཚོན་པའི་ཕྱིར་རོ། །ལུང་བསྟན་ཐོབ་པ་ལ་ཡང་སེམས་ཁྲོས་པ་ལ་སོགས་པས་བསྐྱེད་ཅིང་སུན་དབྱུང་བའི་སེམས་ཀྱིས་རྩོད་པ་རྩོམ་བྱེད་ཅིང་བཤགས་པ་ལ་སོགས་པ་མི་བྱེད་ན། དགེ་

བའི་བསོད་ནམས་མི་སྐྱེ་བས་ན་ཐ་བ་སྐྱོན་ལྡན་ནོ། །སེམས་ཀྱི་སྐད་ཅིག་ཇི་སྙེད་པ་དང་ལྡན་པ་དེ་སྙེད་ཀྱི་བསྐལ་པར་འཐབ་མོ་ལ་སོགས་པའི་སྡིག་པ་བསལ་བའི་ཕྱིར་དང་། གཉེན་པོ་ཐོབ་པར་བྱ་བའི་ཕྱིར་ཡང་ངོ་། །སངས་རྒྱས་ཉིད་མི་གཏོང་བར་འགྱུར་བས་གཞི་
ནས་གོ་ཆ་བགོ་དགོས་སོ། །འདི་ལྟ་བུས་བྱང་ཆུབ་འཐོབ་པ་ཞེས་བྱ་བར་དགོངས་སོ། །ཐབས་གཞན་བསྟན་པའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་བཟོད་པའི་ཕ་རོལ་ཕྱིན་པས་བྱང་ཆུབ་རེག །དེ་སྙམ་དུ་བསམས་ནས་འཐབ་མོ་ལ་སོགས་པ་
བྱེད་པ་ནི་བྱང་ཆུབ་ཀྱི་བགེགས་ཡིན་པའི་ཕྱིར་རོ། །སེམས་འདི་བཟང་བ་མིན་སྙམ་དྲན་པ་སྐྱེད་བྱེད་ཅིང་། །སྡིག་པ་བཤགས་པའི་ཚིགས་སུ་བཅད་པ་ལས་སོ་སོར་བཤགས་པར་བྱེད་ཅིང་གང་སུ་ཡང་རུང་བ་ལས་ཕྱིས་ཀྱང་མི་བྱེད་པའི་སྡོམ་པ་ནོད་པར་བྱེད་པ་སྟེ། ངེས་པར་བྱས་ནས་ཐབས་
ཀྱིས་སམ། གང་ཟག་དེ་ཉིད་ལ་མགུ་བར་བྱེད་པས་སངས་རྒྱས་ཆོས་འདིར་སློབ་སྟེ། ཡང་དག་པའི་བྱང་ཆུབ་ཀྱི་ལམ་ལ་མཁས་ཞེས་བྱ་བའི་བར་དུའོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་མངོན་པའི་ང་རྒྱལ་གྱི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའི་བཤད་པའོ།། །།
ང་རྒྱལ་དང་མངོན་པའི་ང་རྒྱལ་སྔར་དགག་པ་བྱས་ནས། དེ་བཞིན་དུ་བསླབ་པ་ཡོངས་སུ་སྦྱང་བ་ཡོངས་སུ་བསྒྲུབ་པ་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་སངས་རྒྱས་ཉིད་ལ་སོགས་པའི་བསླབ་པ་ལ་སློབ་པའི་ཚེ་དོན་དམ་པར་གང་ཡང་
བསླབ་པར་བྱ་བའི་རང་བཞིན་ནམ། སློབ་པ་པོའི་བདག་ཉིད་དེ་བྱེད་པ་པོའི་རང་བཞིན་ནམ། བསླབ་པར་བྱ་བའི་ལས་ཀྱི་རང་བཞིན་རྣམས་མི་དམིགས་པ་ནི་ཉེ་བར་མཚོན་པ་ཉིད་དེ། མ་བསླབས་པའམ། མི་སློབ་པའམ། བསླབ་པར་མི་བྱ་བའི་ཆོས་སུ་མི་རྟོག་ཅིང་། དེ་བཞིན་དུ་བསླབ་
པ་དང་། བསླབ་པ་མ་ཡིན་པ་འདི་གཉིས་འཁོར་གསུམ་དུ་རྣམ་པར་དག་པ་སྟེ་མི་རྟོག་པས་ཀུན་རྫོབ་ཏུ་སློབ་སྟེ། ཕན་པ་དང་ཕན་པ་མ་ཡིན་པ་ཐོབ་པ་དང་སྤང་བའི་ཕྱིར་དེ་ལྟར་གང་སློབ་དེ་ནི་སངས་རྒྱས་ཐོབ་པར་བྱེད་པ་དགེ་བ་བཅུ་ལ་སོགས་པ་ནི་ཆོས་འདིར་སློབ་པ་ནི་ཕུལ་དུ་བྱུང་བར་གྱུར་པའོ། །

དེ་ཉིད་ཚུལ་ཁྲིམས་འཆལ་བ་དང་བྲལ་བ་ནི་སངས་རྒྱས་མཉེས་པར་བྱེད་པའི་ཆོས་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟ་བུའི་བདེན་པ་གཉིས་ཀྱི་རིམ་པ་ལས་མ་འདས་པར་བསྟན་མ་ཐག་
པའི་བསླབ་པ་འདི་ཤེས་པ་དེ་ནི་གཞན་ཡང་སྒྲུབ་པ་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པས་བསླབ་ཉམས་ཚུལ་ཁྲིམས་འཆལ་མི་འགྱུར། དེ་ནི་སངས་རྒྱས་ཆོས་མཉེས་བྱ་ཕྱིར་འདི་ནི་འདི་ལ་སློབ་བོ། །བདེན་པ་གཉིས་ལ་བརྟེན་ནས་རིམ་པ་ཇི་ལྟ་བ་བཞིན་དུ་སློབ་པ་ནི་བསླབ་ལྷག་བསླབ་ལ་
མཁས་ཏེ་དངོས་པོར་དམིགས་པ་དང་བྲལ་བའི་ཕྱིར་དམིགས་པ་མེད་པའོ། །དེ་ཉིད་གང་ཡིན་ཞེ་ན། མཁས་པ་འོད་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁས་པ་ནི་ཤེས་རབ་ཅན་ཏེ། བདེན་པ་གཉིས་ལ་བརྟེན་ནས་ཡེ་ཤེས་ཀྱི་འོད་མངའ་བའི་ཕྱིར་འོད་བྱེད་དོ། །དགེ་བ་མ་
ཡིན་སེམས་གཅིག་ཙམ་ཡང་སྐྱེད་མི་བྱེད། ཉི་མ་མཁའ་ལ་འགྲོ་བའི་སྟེ། བར་སྣང་ལ་འོད་ཟེར་བརྒྱ་ཕྲག་བཀྱེ་བས། མདུན་གྱི་བར་སྣང་ལ་ནི་མུན་པ་མི་གནས་བཞིན། དེ་བཞིན་དུ་ཇི་སྐད་བསྟན་པའི་བསླབ་པ་ལ་སློབ་པས་ཡོན་ཏན་སྐྱེད་དོ་ཞེས་བྱ་བར་དགོངས་སོ། །སྦྱིན་པ་ལ་
སོགས་པའི་བསླབ་པར་བྱ་བ་གཞན་དག་ཡོད་པ་མ་ཡིན་ནམ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་སློབ་པར་བསྟན་ཞེ་ན། ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱས་པ་རྣམས་ཀྱི་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་རྣལ་
འབྱོར་ལེགས་པར་སྦྱངས་པས་རྒྱལ་བའི་སྲས་རྣམས་ཀྱིས་འཁོར་དང་བཅས་པ་ལ་བསླབས་པ་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ཐམས་ཅད་འདིར་ནི་འདུས་པར་འགྱུར་ཏེ། ཚངས་པའི་དྲ་བས་ཞུས་པའི་མདོ་ལས། ཇི་ལྟར་འཇིག་ཚོགས་ལ་ལྟ་བར་ལྟ་བ་དྲུག་ཅུ་གཉིས་འདུས་པར་བསྟན་ཏེ།
དེས་བསྐྱེད་པའི་ཕྱིར་རོ། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འདི་དག་འཁོར་གསུམ་རྣམ་པར་དག་པ་ལ་གོམས་པར་བྱས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུས་པར་འགྱུར་རོ། །རྗེས་སུ་འགྲོ་བའི་སྒོ་ནས་བསྟན་ནས་ལྡོག་པའི་སྒོ་ནས་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་

ལ་སོགས་པ་གསུངས་ཏེ། དཔེར་ན་སྐྱེ་བ་སྔ་མས་འཕངས་པའི་ཚེ་འགག་པ་ནི་སྲོག་གི་དབང་པོ་འགག་པའོ། །དབང་པོ་ཇི་སྙེད་ཡོད་པ་དམིགས་པ་དབང་པོའི་གྲོང་གི་ཚོགས་དེ་དག་འགག་པར་འགྱུར་ཏེ། རྟེན་མེད་པའི་ཕྱིར་རོ། །དེ་ལྟར་ཤེས་རབ་སྤྱོད་པ་
མཁས་པ་བྱང་ཆུབ་སེམས་དཔའ་མཆོག་རྣམས་ཀྱི་སྦྱིན་པ་ལ་སོགས་པ་ཇི་སྐད་བསྟན་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ནི་དེའི་སྟོབས་ཀྱིས་གཟུང་བ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན་ཐམས་ཅད་མེད་པར་འགྱུར་རོ། །དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་
པར་སྟོན་ཏོ་ཞེས་བྱ་བར་དགོངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་པས་ཐམས་ཅད་བསླབས་པ་ཡིན་ན། ཉན་ཐོས་ཉིད་ལ་སོགས་པའི་ཡོན་ཏན་ཡང་འབྱུང་བས་དེ་དག་སྐྱོན་ཉིད་མ་ཡིན་ནམ་ཞེ་ན། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་
ཐོས་ཀྱི་ཡོན་ཏན་ཐོབ་པའི་ལམ་ལ་སོགས་པ་གང་དག་ཡིན་པ་དང་། དེ་བཞིན་དུ་རང་རྒྱལ་རྣམས་ཀྱི་ཡོན་ཏན་ཀུན་ལ་བྱང་ཆུབ་སེམས་དཔའ་མཁས་པ་དེས་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་གཞན་གྱི་དོན་དུ་སློབ་པར་བྱེད་པ་ཉིད་ཡིན་གྱི། ཡང་དེ་ལ་མི་གནས་ཏེ། དེ་བཞིན་དུ་
འདོད་པ་ཡང་མི་སྐྱེད་དེ། ཉན་ཐོས་ལ་སོགས་པའི་ཡོན་ཏན་འདི་ནི་གཞན་གྱི་དོན་དུ་བསླབ་བྱ་ཡིན་སྙམ་ནས་དེའི་ཕྱིར་སློབ་ཀྱི། དོན་དེ་ཉིད་མངོན་དུ་བྱེད་པས་སྐྱོན་མ་ཡིན་ནོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་བསླབ་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའི་བཤད་པའོ།། །།
རྣམ་པར་འཕེལ་བ་དེ་ལྟ་བུའི་འཕེལ་བའི་བརྟན་པ་བསྟན་པའི་ཕྱིར། མི་ལྡོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ཕྱིར་མི་ལྡོག་པའི་ཁྱད་པར་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་གང་ཞིག་སྙིང་རྗེ་ཆེན་པོ་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་པ་ལ་སོགས་པ་ལ་
བསམ་པ་ཐག་པས་ཡི་རང་བ་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་རི་རབ་སྲང་ལ་གཞལ་བས་ཚད་གཟུང་བར་རུང་གི །རྒྱལ་བའི་སྲས་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བའི་བརྟན་པའི་ཚད་ནི་གཟུང་བར་མི་ནུས་ཏེ་དེ་ལྟ་ཡིན་ནོ། །ཉེ་བར་མཚོན་པ་ཡིན་པའི་ཕྱིར་ཆོས་གཞན་དག་ལ་ཡང་བསྟན་པའི་ཚད་

ཉེ་བར་གཟུང་བར་མི་ནུས་སོ། །བསྟན་པ་དེ་ལྟ་བུས་བརྟན་པའི་སེམས་གནས་པ་བརྗོད་པར་བརྟན་པའི་ཕྱིར། དགེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོགས་ཀྱི་ལམ་ལ་སོགས་པ་ནི་དགེ་བའི་དོན་གཉེར་རོ། །རབ་ཏུ་དགའ་བ་ལ་སོགས་པ་ནི་ཕན་པར་འདོད་པའོ། །སེམས་ཅན་ཇི་
སྙེད་པ་ཀུན་གྱི་བསོད་ནམས་ཕུང་པོ་ཇི་སྙེད་པ་ལའང་ཡི་རང་འགྱུར། དེའི་ཕྱིར་དེ་དག་བསོད་ནམས་ལྷག་པའི་རང་བཞིན་སེམས་བརྟན་པ་ཐོབ་པས་སེམས་ཅན་གྱི་དོན་དུ་བྱང་ཆུབ་སེམས་དཔའ་རིམ་གྱིས་རྒྱལ་བའི་ཡོན་ཏན་རྗེས་སུ་ཐོབ་པར་གྱུར་ནས། ཕྱིན་ཅི་ལོག་མ་ལུས་པའི་སྡུག་བསྔལ་
ཟད་པར་བྱ་བའི་ཕྱིར་འཇིག་རྟེན་ཏེ་འགྲོ་ལ་ཆོས་སྦྱིན་བྱེད། འདིར་ཡང་རྟགས་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུ་རྩེ་མོའི་མངོན་པར་རྟོགས་པའི་དྲོ་བ་ལ་སོགས་པ་ངེས་པར་འབྱེད་པའི་ཆ་བཞིའི་རང་བཞིན་ཡིན་ནོ། །ངེས་པར་འབྱེད་པའི་ཆའི་རྗེས་ལ་མཐོང་བའི་ལམ་ཡིན་ཏེ། དེ་ལ་ཡང་མི་
མཐུན་པའི་ཕྱོགས་རྣམ་པ་བཞི་སྟེ། གཟུང་བ་དང་འཛིན་པས་རྣམ་པར་རྟོག་པའོ། །ཡང་འདི་སྤོང་བར་བྱེད་པའི་གཉེན་པོ་དང་བླང་བར་བྱ་བ་ཡིན་པ་ལ་ཐམས་ཅད་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གཟུང་བའི་རྣམ་པར་རྟོག་པ་དང་པོ་སྤང་བར་བྱ་བ་བསྟན་པར་བཞེད་ནས། བྱང་ཆུབ་ཅེས་བྱ་
བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་མཐོང་བའི་ལམ་ལ་སྦྱོར་བའི་གནས་སྐབས་ན་ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་སྤངས་པས་མི་རྟོག་པའོ། །རྒྱུ་དང་འབྲས་བུ་དང་བྲལ་བའི་ཕྱིར་ཆོས་རྣམས་ཀུན་སྟོང་པ་དང་མཚན་མ་མེད་པ་ཡོངས་སུ་ཤེས་པ་དང་། སྒྲོ་བཏགས་
པས་ཆོས་ཐམས་ཅད་དབེན་པའི་ཕྱིར་སྤྲོས་པ་མེད་པ་དེ་ཉིད་ཡོངས་སུ་ཤེས་པ་དེ་ནི་ཤེས་རབ་ཇི་སྐད་བསྟན་པས་རྣམ་པར་རྟོག་པ་གཉིས་ཀྱི་རྣམ་པས་བྱང་ཆུབ་ཚོལ་བར་མི་བྱེད་དོ། །རྒྱུ་དང་འབྲས་བུར་འབྲེལ་བ་གང་ཡིན་པ་དེ་ནི་རྗེས་སུ་འགྲོ་བ་དང་ལྡན་པའོ། །མཐོང་བའི་ལམ་ཡིད་ལ་བྱེད་པ་དང་ལྡན་
པའི་ཕྱིར་རྣལ་འབྱོར་པའོ། །མཐོང་བའི་ལམ་གྱི་བདག་ཉིད་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་གོ། །ཐམས་ཅད་ཟློག་པའི་ཕྱོགས་ཀྱི་རྟེན་ཅན་བཟུང་བའི་རྣམ་པར་རྟོག་པ་གཉིས་པ་སྤངས་པའི་ཕྱིར། ནམ་མཁའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ནམ་མཁའི་ཁམས་དང་ནམ་

མཁའ་ལྷན་ཅིག་ཏུ་ཕན་ཚུན་སྤངས་པ་ལ་སོགས་པའི་མཚན་ཉིད་ཀྱིས་འགལ་བ་མེད་དོ། །གང་གི་ནམ་མཁའི་ཁམས་དེ་དང་ནི་ནམ་མཁའ་དེར་ཡུལ་འགའ་ཞིག་ཏུ་རྣམ་པ་འགས་འགལ་བ་ཐོབ་པ་ལྟ་ཅི་སྨོས། གང་གི་སྒྲས་འཕངས་པའི་བརྗོད་པར་བྱ་བ་ནི་རང་ལ་རང་
བྱེད་པ་འགལ་བས་མི་སྲིད་དོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མཐོང་བའི་ལམ་གྱི་རང་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་ཕྱིར་ནམ་མཁའ་ལྟ་བུ་ཡིན་ཏེ། མཐོང་བའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་གནས་
སྐབས་ན་ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་སྤངས་ནས་ཉེ་བར་ཞི་བ་སྤྱོད་པར་འགྱུར་ཏེ། དེ་བས་ན་དེ་ཉིད་ཀྱིས་གང་དང་ཡང་ལྷན་ཅིག་ཏུ་ཅུང་ཟད་ཀྱང་འགལ་བ་མེད་དོ། །གཟུང་བའི་རྣམ་པར་རྟོག་པ་གཉིས་པ་བསྟན་ནས། དེ་བཞིན་དུ་འཛིན་པའི་རྣམ་པར་རྟོག་པ་བརྗོད་པར་བྱ་བ་ཡིན་པས་སྐྱེས་
བུ་རྫས་སུ་ཡོད་པའི་རྟེན་ཅན་འཛིན་པའི་རྣམ་པར་རྟོག་པ་དང་པོ་སྤང་བར་བྱ་བ་ཉིད་དུ་རིག་པར་བྱ་བའི་ཕྱིར། སྐྱེ་བོའི་དབུས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སྒྱུ་མ་བྱེད་པས་སྤྲུལ་པའི་སྐྱེས་བུ་འདི་སྙམ་དུ་ཉེ་བར་གནས་པའི་སྐྱེས་བུ་ལྟད་མོ་པའི་ཚོགས་འདི་དག་མགུ་བར་བྱའོ་སྙམ་དུ་མི་
སེམས་ཏེ། རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་ཡང་སྤྲུལ་པ་དེ་ཉིད་སྐྱེས་བུའི་ཁྱད་པར་གྱི་དོན་སྣང་བའི་ཤེས་པ་བསྐྱེད་ནས་མངོན་པའི་ང་རྒྱལ་གྱིས་དེ་ཉིད་བྱ་བ་བྱེད་པར་ལྟ་བ་པོས་མཐོང་བ་ནི་རང་གི་ང་རྒྱལ་གྱི་སྟོབས་ཀྱིས་བྱ་བ་སྣ་ཚོགས་སྟོན་པར་བྱེད་པ་མཐོང་ཡང་། གཅིག་དང་དུ་མའི་རང་
བཞིན་དང་བྲལ་བའི་ཕྱིར། ཡང་སྤྲུལ་པའི་སྐྱེས་བུ་དེ་ལ་ལུས་མེད་སེམས་མེད་ངག་གི་རང་བཞིན་ཡང་མེད་མིང་ཡང་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་མཐོང་བའི་ལམ་གྱི་སྦྱོར་བའི་གནས་སྐབས་ནི་ཤེས་རབ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནམ་ཡང་བྱང་ཆུབ་རྟོགས་ནས་འགྲོ་བ་ལ་ཆོས་སྟོན་པ་ལ་
སོགས་པས་ཡོངས་སུ་དགྲོལ་མི་སེམས། དེ་ལྟ་བས་ན་ཡང་ལྷ་ལ་སོགས་པའི་འགྲོ་བར་སྐྱེ་བ་སྣ་ཚོགས་ནི་རྣམ་པ་དུ་མ་སྣ་ཚོགས་པའོ། །སེམས་ཅན་གྱི་དོན་བྱེད་པ་ལ་སོགས་པའི་བྱ་བ་སྣ་ཚོགས་པའི་བྱ་བ་མང་པོ་དང་ལྡན་པར་སྟོན་ཏེ། ཀུན་རྫོབ་ཙམ་ཡིན་པའི་ཕྱིར་སྒྱུ་མ་ལྟ་བུར་སྟོན་ཀྱང་ཇི་

སྐད་བསྟན་པའི་རྣམ་པར་རྟོག་པ་སྤངས་ནས་རྣམ་པར་མི་རྟོག་སྤྱོད་དོ། །ཡང་གང་ཞིག་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་སྤང་བར་བྱ་བ་ཉིད་སྔ་མ་བཞིན་དུ་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སངས་རྒྱས་ཀྱི་
སྤྲུལ་པ་ཉིད་ནི་ཁྱད་པར་ཅན་གྱི་སྤྲུལ་པའི་རང་བཞིན་ཡིན་པའི་ཕྱིར་སངས་རྒྱས་མཛད་པ་བྱེད་ཀྱང་བྱེད་པ་དེ་ལ་ང་རྒྱལ་མང་པོ་དང་དྲེགས་པ་ཅུང་ཟད་སྐྱེ་མི་འགྱུར། དེ་བཞིན་དུ་མཐོང་བའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་རང་བཞིན་ཤེས་རབ་ཀྱིས་ཇི་སྐད་བཤད་པའི་རྣམ་པར་རྟོག་པ་
སྤངས་པ་ལས་སྤྱོད་པ་མཁས་པའི་བྱང་ཆུབ་སེམས་དཔའ་ཡང་རྒྱུ་དང་འབྲས་བུ་དང་བྲལ་བའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་དུ་སྤྲུལ་པ་སྒྱུ་མ་བཞིན་དུ་བྱ་བ་ཐམས་ཅད་སྟོན། དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པ་རྣམ་པ་བཞི་སྤངས་པས་མངོན་པར་ཞེན་པ་མེད་པའི་སྦྱོར་བས་དོན་བྱ་བ་ཐམས་ཅད་བྱེད་པར་འགྱུར་
རོ། །སྔ་མ་བཞིན་དུ་ཉེ་བར་བསྡུ་བའི་ཕྱིར། ཤིང་མཁན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཤིང་མཁན་ནི་ཤིང་འཇོག་པའོ། །ཇི་ལྟར་བསླབ་པའི་མན་ངག་ལོབས་པས་ན་བཟོ་བའོ། །རིག་པ་དང་ལྡན་པའི་ཕྱིར་མཁས་པའོ། །སྐྱེས་པ་བུད་མེད་དང་འདྲ་བ་ཤིང་
ལས་འཁྲུལ་འཁོར་གྱི་བཟོ་བྱས་པ་དེ་ཡང་བྱ་བ་ཐམས་ཅད་བྱེད་པར་སྣང་བའི་ཤེས་པ་སྐྱེའོ། །དེ་ལྟར་བསྟན་མ་ཐག་པའི་རང་བཞིན་རྣམ་པར་རྟོག་པ་བཞི་སྤངས་པའི་ཤེས་རབ་ལ་སྤྱོད་པ་མཁས་པའི་བྱང་ཆུབ་སེམས་དཔའ་ཡང་གཟུང་བ་དང་འཛིན་པའི་མངོན་པར་ཞེན་པ་མེད་པའི་ཡེ་ཤེས་ཀྱི་འགྲོ་བ་
འདི་དག་ཐམས་ཅད་ཀྱི་བྱ་བ་བྱེད་ཀྱང་རྣམ་པར་མི་རྟོག་སྟེ། ཡིད་བཞིན་གྱི་ནོར་བུ་བཞིན་ནོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་སྒྱུ་མ་ལྟ་བུའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའི་བཤད་པའོ།། །།ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་བཞི་སྤངས་པ་མ་ཚང་བ་མེད་པར་སེམས་
ཅན་གྱི་དོན་འབའ་ཞིག་བྱེད་པར་མ་ཟད་ཀྱི། སངས་རྒྱས་ལ་སོགས་པས་བསྔགས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་བཞི་སྤངས་པ་ལ་སྤྱོད་པ་མཁས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བརྒྱ་བྱིན་ལ་

སོགས་པའི་ལྷའི་ཚོགས་གཙོ་བོ་མང་པོ་དག་ཐལ་མོ་སྦྱར་བ་བཏུད་ནས་ཡང་དང་ཡང་དུ་ལུས་དང་ངག་དང་ཡིད་ཀྱིས་ཕྱག་ཀྱང་འཚལ་བར་བྱེད་དོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་བཞུགས་པ་ཡང་ཡོན་ཏན་བསྔགས་པའི་ཕྲེང་
བ་ཡོངས་སུ་བརྗོད་པར་མཛད་དོ། །དེ་བས་ན་དེ་བདུད་ཀྱི་ཡུལ་ལས་འདས་སོ་ཞེས་བསྟན་པའི་ཕྱིར། གང་གཱའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གཱའི་ཀླུང་གི་