Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 86

Văn bản gốc(Tây Tạng)

Trang 8 / 18 (50.000 ký tự/trang)
་དེ་དག་གི་ནི་ཇི་སྐད་བཤད་པའི་ཁྱད་པར་དང་བྲལ་བའི་མངོན་པར་ཞེན་པ་ལ་སོགས་པ་སྐྱེ་བའི་མཚན་ཉིད་ཀྱིས་གོ་སླ་བའི་ཕྱིར་མ་བཤད་དོ། །ཁྱད་པར་
གྱི་མཚན་ཉིད་ཀྱིས་རྣམ་པར་བཅད་པ་རྣམས་ཀྱི་བྱེད་པ་གང་ཡིན་ཞེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་ཀྱིས་བྱེད་པའི་མཚན་ཉིད། ཕན་དང་བདེ་དང་སྐྱོབ་པ་དང་། །མི་རྣམས་ཀྱི་ནི་སྐྱབས་དག་དང་། །གནས་དང་དཔུང་གཉེན་གླིང་དང་ནི། །ཡོངས་འདྲེན་
པ་ཞེས་བྱ་བ་དང་། །ལྷུན་གྱིས་གྲུབ་དང་ཐེག་གསུམ་གྱི། །འབྲས་བུ་མངོན་སུམ་མི་བྱེད་བདག །ཐ་མ་རྟེན་གྱི་མཛད་པ་སྟེ། །འདི་ནི་བྱེད་པའི་མཚན་ཉིད་ཡིན། །ཞེས་བྱ་བ་གསུངས་ཏེ། མ་འོངས་པའི་ཕན་པ་དང་། ཚེ་འདིའི་བདེ་བ་དང་། སྡུག་བསྔལ་མེད་པའི་རྣམ་

པར་སྨིན་པ་མ་ཡིན་པའི་ཆོས་ཉིད་ཉེ་བར་བསྒྲུབ་པའི་དོན་གྱིས། ཐམས་ཅད་ཤེས་པ་ཉིད་ཀྱི་ཕན་པ་ལ་སོགས་པའི་བྱེད་པ་གསུམ་མོ། །གཏན་དུ་ཕན་པ་དང་། སྡུག་བསྔལ་གྱི་རྒྱུ་བཟློག་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་རྟོགས་པ་དང་། རང་དང་
གཞན་གྱི་དོན་རྟོགས་པའི་རྟེན་གྱི་ངོ་བོ་དང་། གཞན་གྱི་དོན་སྒྲུབ་པ་དང་། སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པར་འཇུག་པ་དང་། ཐེག་པ་གསུམ་གྱི་ངེས་པར་འབྱུང་བའི་འབྲས་བུ་མངོན་སུམ་དུ་མི་བྱེད་པ་ཞེས་བྱ་བ་འདི་རྣམས་དུས་ཇི་ལྟ་བ་བཞིན་དུ་ཡང་དག་པར་ཉེ་བར་སྒྲུབ་པའི་
དོན་གྱིས་ལམ་ཤེས་པ་ཉིད་ཀྱི་སྐྱབས་ལ་སོགས་པའི་བྱེད་པ་བདུན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཐམས་ཅད་སྟོན་པ་ཉེ་བར་བསྒྲུབ་པའི་དོན་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ནི་རྟེན་གྱི་མཛད་པ་གཅིག་སྟེ། དེ་ལྟར་ན་བྱེད་པའི་རྣམ་པ་དག་གིས་ཇི་ལྟ་བ་བཞིན་
དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་མཚོན་པས་ན་བྱེད་པའི་མཚན་ཉིད་ཡིན་ནོ། །བྱེད་པའི་མཚན་ཉིད་ཀྱིས་ཤེས་པར་བྱས་པ་རྣམས་ཀྱི་ངོ་བོ་ཉིད་གང་ཡིན་ཞེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུམ་གྱིས་ངོ་བོ་ཉིད་ཀྱི་མཚན་ཉིད། ཉོན་མོངས་རྟགས་དང་མཚན་མ་དང་། །
མི་མཐུན་ཕྱོགས་དང་གཉེན་པོ་དང་། །དབེན་དང་དཀའ་དང་ངེས་པ་དང་། །ཆེད་དུ་བྱ་དང་མི་དམིགས་དང་། །མངོན་པར་ཞེན་པ་བཀག་པ་དང་། །དམིགས་པ་ཞེས་བྱ་གང་ཡིན་དང་། །མི་མཐུན་ཐོགས་པ་མེད་དང་དེ། །གཞི་མེད་འགྲོ་མེད་སྐྱེ་མེད་དང་། །དེ་བཞིན་ཉིད་ནི་མི་
དམིགས་དང་། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚོན་ཆ་ལྟ་བུར་མཚོན་པས་ན། །མཚན་ཉིད་བཞི་བར་བཞེད་པ་ཡིན། །ཞེས་བྱ་བ་གསུངས་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་། དེའི་རྟགས་ལུས་ཀྱི་གནས་ངན་ལེན་དང་། དེའི་མཚན་མ་ཚུལ་
བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པ་དང་། འདོད་ཆགས་དང་འདོད་ཆགས་མེད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་སྟོང་པ་ཉིད་ཀྱིས་ཐམས་ཅད་ཤེས་པ་ཉིད་ཀྱི་དབེན་པའི་ངོ་བོ་ཉིད་བཞིའོ། །དོན་དམ་པར་མེད་པའི་སེམས་ཅན་མྱ་ངན་ལས་

བཟླ་བར་དཀའ་བ་དང་། ཐེག་པ་གཞན་དུ་མི་ལྟུང་བའི་མཚན་ཉིད་ཀྱི་མཐའ་གཅིག་ཏུ་ངེས་པ་དང་། ཡུན་རིང་པོ་ནས་བསྒྲུབ་པར་བྱ་བ་མཆོག་ཉིད་ཀྱི་ཆེད་དུ་བྱ་བ་དང་། བསྒོམ་པར་བྱ་བ་དང་སྒོམ་པ་པོའི་ཆོས་མི་དམིགས་པ་དང་། དངོས་པོར་
མངོན་པར་ཞེན་པ་མཐའ་དག་བཀག་པ་ཞེས་བྱ་བ་དེ་ལྟ་བུ་དག་ནི་ལམ་ཤེས་པ་ཉིད་ཀྱི་ངོ་བོ་ཉིད་ལྔའོ། །ཐམས་ཅད་ཤེས་པ་ཉིད་དང་ལམ་ཤེས་པ་ཉིད་ཀྱིས་བསྡུས་པའི་དངོས་པོའི་ཁྱད་པར་ལ་དམིགས་པ་དང་། འཇིག་རྟེན་གྱི་སྒྲུབ་པའི་འཛིན་པ་ལ་སོགས་པ་ལས་བཟློག་སྟེ་
བསྟན་པས་མི་མཐུན་པ་དང་། གཟུགས་ལ་སོགས་པ་ཐོགས་པ་མེད་པར་ཤེས་པ་དང་། ཤེས་བྱ་དང་ཤེས་པ་མི་དམིགས་པས་གཞི་མེད་པ་དང་། དེ་བཞིན་ཉིད་ཀྱིས་འགྲོ་བ་མེད་པ་དང་། གཟུགས་ལ་སོགས་པ་ངོ་བོ་ཉིད་མེད་པས་སྐྱེ་བ་མེད་པ་དང་། དངོས་པོ་
དང་དངོས་པོ་མེད་པ་ལ་སོགས་པ་གསུམ་གྱི་ངོ་བོ་དེ་བཞིན་ཉིད་མི་དམིགས་པ་ཞེས་བྱ་བ་དེ་ལྟ་བུ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་བདུན་ནོ། །དེ་ལྟར་ན་ངོ་བོ་ཉིད་བཅུ་དྲུག་གིས་ཇི་ལྟ་བ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་མཚན་ཉིད་དང་
ལྡན་པ་བཞིན་དུ་མཚོན་པས་དེ་ལྟར་ན་བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་བཞེད་དོ། །དེ་ལྟར་ན་སྤྱིར་གཅིག་ཏུ་བསྡོམས་ན་ནི་མཚན་ཉིད་དགུ་བཅུ་རྩ་གཅིག་ཏུ་འགྱུར་རོ། །ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དང་ལྡན་པ་ཁོ་ན་ལ་ཇི་སྐད་བཤད་པའི་སྦྱོར་བ་ཡོངས་སུ་ཤེས་པ་འབྱུང་བས།
ཐར་པའི་ཆ་དང་མཐུན་པ། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །ཅེས་བྱ་བ་གསུངས་ཏེ། མཚན་མ་མེད་པར། དམིགས་པའི་ཤེས་པའི་རྣམ་པས། སྦྱིན་པ་
ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་པ་རྣམས་རང་གི་རྒྱུད་ལ་སྐྱེད་པར་མཁས་པ་ནི། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་འདི་ལ་ཐར་པའི་ཆ་དང་མཐུན་པ་ཡིན་པར་འདོད་དོ། །མཁས་པ་དེ་གང་ཡིན་ཞེ་ན། དེ་བསྟན་པའི་

ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པ། སངས་རྒྱས་སོགས་དམིགས་དད་པ་དང་། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང་། །བསམ་པ་ཕུན་ཚོགས་དྲན་པ་དང་། །རྣམ་པར་མི་རྟོག་ཏིང་འཛིན་དང་། །ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ་དང་རྣམ་ལྔ། །
རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་བྱ་བ་གསུངས་ཏེ། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཁྱད་པར་ཅན། དབང་པོའི་ངོ་བོ་ཉིད་མ་ཡིན་པ་གྲངས་བཞིན་དུ། སངས་རྒྱས་དང་།
སྦྱིན་པ་དང་། བསམ་པ་ཕུན་སུམ་ཚོགས་པ་དང་། རྣམ་པར་མི་རྟོག་པ་དང་། ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པ་ལ་སོགས་པའི་ཡུལ་རྣམ་པ་ལྔ་ལ་མཁས་པ་ཡིན་ནོ། །དེ་ལྟ་མོད་ཀྱི་ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་འཐོབ་པ་མ་ཡིན་ཏེ། འདི་ལྟར་
དད་པ་ལ་སོགས་པ་ཆེན་པོ་རྣོན་པོས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་སླ་ལ། དེ་དག་ཉིད་རྟུལ་པོས་ནི་རྟོགས་པར་དཀའོ་ཞེས་བྱ་བ་འདི་ནི་ཆོས་ཉིད་ཡིན་པས་ཤུགས་ཀྱིས་ན་འབྲིང་པོ་རྣམས་ཀྱིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་རྟོགས་ལ། ཆུང་ངུ་རྣམས་
ཀྱིས་ནི་ཉན་ཐོས་ཀྱི་བྱང་ཆུབ་རྟོགས་སོ་ཞེས་བྱ་བ་འདི་འཕངས་པ་ཡིན་ནོ། །ཐར་པའི་ཆ་དང་མཐུན་པ་སྐྱེས་པའི་སྤྲོ་བ་ཅན་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྱུང་བས། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །དེ་དག་ཉིད་ལ་སེམས་
མཉམ་སོགས། །རྣམ་པ་དག་ནི་བཅུར་བཤད་དོ། །བདག་ཉིད་སྡིག་པ་ལས་ལྡོག་ཅིང་། །སྦྱིན་ལ་སོགས་ལ་གནས་པས་གཞན། །དེ་དག་ལ་ནི་འགོད་པ་དང་། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །རྩེར་གྱུར་དེ་བཞིན་བཟོད་པ་ནི། །རང་གཞན་རྟེན་ཅན་བདེན་ཤེས་པ། །
ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་འདི་ལ་མཉམ་པ་དང་། བྱམས་པ་དང་། ཕན་པ་དང་། ཁོང་ཁྲོ་བ་མེད་པ་དང་། རྣམ་པར་འཚེ་བ་མེད་པའི་སེམས་

ཀྱི་རྣམ་པ་ལྔ་དང་། ཕ་དང་མའི་སེམས་དང་། སྤུན་དང་སྲིང་མོའི་སེམས་དང་། བུ་དང་བུ་མོའི་སེམས་དང་། བཤེས་དང་གྲོགས་ཀྱི་སེམས་དང་། གཉེན་དང་སྣག་གི་གཉེན་མཚམས་ཀྱི་སེམས་ཀྱི་རྣམ་པ་གཞན་ལྔས། སེམས་ཅན་ལ་དམིགས་
པ་ནི་དྲོ་བར་གྱུར་པ་ཡིན་པར་བཞེད་དོ། །མདོར་ན་མི་དགེ་བ་དང་དགེ་བ་ལ་གྲངས་བཞིན་དུ་སྤོང་བ་དང་ལེན་པའི་སྒོ་ནས་ལྡོག་པ་དང་ཞུགས་པའི་བདག་ཉིད་ཅན། དེའི་སྒོ་ནས་གཞན་རྣམས་སྡིག་པ་ལས་ལྡོག་པ་དང་། དགེ་བ་ལ་གནས་པ་དག་ལ་སྦྱོར་བའི་རྣམ་པ་གཉིས་
དང་། གཞན་བདག་ཉིད་དེ་བཞིན་ཉིད་དུ་ཞུགས་པ་ལ་བསྔགས་པ་བརྗོད་པ་དང་། མཐུན་པར་བྱེད་པ་རྣམ་པ་གཉིས་པོ་ཆོས་ཀྱི་རབ་ཏུ་དབྱེ་བས་ནི་རྣམ་པ་མཐའ་ཡས་པ་ཞེས་བྱ་བ་དེ་རྣམས་ཀྱིས་སེམས་ཅན་ལ་དམིགས་པ་ནི་རྩེ་མོར་གྱུར་པ་ཡིན་ནོ། །རྩེ་མོར་གྱུར་པ་ལ་རང་
དང་གཞན་གྱི་རྟེན་གྱི་དབྱེ་བས་དམིགས་པ་དང་རྣམ་པ་དག་ཇི་ལྟ་བ་དེ་བཞིན་དུ་སྦྱོར་བ་དང་བསྔགས་པ་བརྗོད་པ་དང་མཐུན་པ་ཉིད་ཀྱི་རྣམ་པ་རྣམས་ཀྱིས་རང་དང་གཞན་གྱི་རྟེན་གྱི་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་དམིགས་པ་ནི་བཟོད་པ་ཡིན་ནོ། །སྔ་མ་བཞིན་དུ་རང་དང་གཞན་
གྱི་རྟེན་ཅན་ཁོ་ན་སྨིན་པར་བྱེད་པ་དང་གྲོལ་བར་བྱེད་པ་ལ་སོགས་པའི་རྣམ་པ་དག་གིས་སེམས་ཅན་ལ་དམིགས་པ་ནི་ཆོས་ཀྱི་མཆོག་ཡིན་ཏེ། དེ་ལྟར་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡིན་ནོ། །རྣམ་པ་དང་ལམ་དང་གཞི་ཐམས་ཅད་རྣམ་པར་བསྒོམ་པའི་དབྱེ་བས་གོ་རིམས་
བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མངོན་པར་རྟོགས་པ་རྣམ་པ་གསུམ་ལ་འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྟོགས་པ་སྔོན་དུ་འགྲོ་བས་འཇིག་རྟེན་ལས་འདས་པའི་མཐོང་བ་དང་བསྒོམ་པའི་ལམ་རྟོགས་པ་ཡིན་ལ་རྣམ་པ་ཀུན་མངོན་པར་རྫོགས་
པར་རྟོགས་པ་ལ་སོགས་པ་གསུམ་ལ་ནི་བསྒོམ་པ་གོང་ནས་གོང་གི་གནས་སྐབས་ཀྱི་ཁྱད་པར་གྱིས། རྣམ་པ་ཐམས་ཅད་དུ་ཁྱད་པར་གྱི་ལམ་གྱིས་བསྡུས་པའི་ཡེ་ཤེས་ཟག་པ་མེད་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་རིམ་གྱིས་སྐྱེ་བ་ཡིན་པས་ཅིག་ཅར་སྐྱེ་བ་དགག་པར་བྱ་བའི་ཕྱིར་

ངེས་པར་འབྱེད་པའི་ཆ་ལ་སོགས་པའི་ཐ་སྙད་དུ་གསུངས་པ་ཡིན་པར་ཤེས་པར་བྱའོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་ཇི་སྐད་བཤད་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྱུང་བས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་མཚན་ཉིད།
ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་གོམས་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་བྱ་བ་གསུངས་ཏེ། དཔའ་བོ་གང་དག་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་དང་། མཐོང་བའི་ལམ་
དང་བསྒོམ་པའི་ལམ་འཆང་བར་འགྱུར་བ་ལ། དེ་དང་དེ་རྟོགས་པའི་ཚུལ་གྱིས་གནས་པ་དེ་དག་ནི། བྱང་ཆུབ་སེམས་དཔའ་སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ནོ།། །།བམ་པོ་བཞི་པ། དེ་རྣམས་ཀྱི་མཚན་ཉིད་མ་འདྲེས་པ་གང་ཡིན་ཞེ་ན། རེ་ཞིག་
བར་སྐབས་ཀྱི་ཚིགས་སུ་བཅད་པ་གཅིག་གིས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པ་རྣམས་ཀྱི་མཚན་ཉིད། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུར་བརྗོད་པ་ཡིས། །ངེས་འབྱེད་ཡན་ལག་ལ་གནས་པའི། །ཕྱིར་མི་ལྡོག་པའི་
མཚན་ཉིད་འདི། །ཞེས་བྱ་བ་གསུངས་ཏེ། གཟུགས་ལ་སོགས་པ་ལས་ལྡོག་པ་དང་། ཐེ་ཚོམ་མེད་པ་ལ་སོགས་པའི་རྣམ་པ། རྣམ་པ་ཉི་ཤུས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པ་རྣམས་ཀྱི་ཕྱིར་མི་ལྡོག་པའི་མཚན་ཉིད་ཤེས་པར་བྱ་བ་ཡིན་ནོ། །ཡང་ལྡོག་
པ་ལ་སོགས་པའི་མཚན་ཉིད་དེ་དག་གང་ཡིན་ཞེ་ན། དེ་དག་བསྟན་པའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པ་དྲུག་པོ། གཟུགས་ལ་སོགས་ལས་ལྡོག་པ་དང་། །ཐེ་ཚོམ་མི་ངལ་ཟད་པ་དང་། །བདག་ཉིད་དགེ་བ་ལ་གནས་ཤིང་། །གཞན་དག་དེ་ལ་འགོད་པ་
དང་། །གཞན་གྱི་རྟེན་ཅན་སྦྱིན་སོགས་དང་། །ཟབ་མོའི་དོན་ལའང་སོམ་ཉི་མེད། །བྱམས་ལུས་སོགས་དང་སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང་། །བག་ལ་ཉལ་ཀུན་འཇོམས་པ་དང་། །དྲན་པ་དང་ནི་ཤེས་བཞིན་དང་། །གོས་ལ་སོགས་པ་

གཙང་བ་དང་། །ལུས་ལ་སྲིན་བུ་རྣམས་མི་འབྱུང་། །གྱ་གྱུ་མེད་སེམས་སྦྱངས་པ་ནི། །ལེན་དང་སེར་སྣ་མེད་སོགས་དང་། །ཆོས་ཉིད་ལྡན་པར་འགྲོ་ཉིད་དང་། །སེམས་ཅན་དོན་དུ་དམྱལ་ཚོལ་དང་། །གཞན་གྱིས་དཀྲི་བར་མི་བཏུབ་དག།ལམ་གཞན་
ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང་། །སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོ་བཟོད་བཅས་དང་། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག །ཅེས་བྱ་བ་གསུངས་ཏེ། ངོ་བོ་ཉིད་
མེད་པ་ཉིད་ཀྱིས་གཟུགས་ལ་སོགས་པའི་ཆོས་ལས་ལྡོག་པ་དང་། ཤེས་ནས་དད་པ་ཐོབ་པས་ཐེ་ཚོམ་ཟད་པ་དང་། སྨོན་ལམ་གྲུབ་པས་ལོག་པར་ལྟ་བ་དང་། དམྱལ་བ་དང་། ཡི་དགས་དང་། དུད་འགྲོར་སྐྱེ་བ་དང་། སངས་རྒྱས་ཀྱི་བཀའ་མི་ཐོས་པ་དང་། ཡུལ་མཐའ་
འཁོབ་ཏུ་སྐྱེ་བ་དང་། དབང་པོ་མ་ཚང་བ་དང་། གླེན་པ་དང་། ལྐུགས་པའི་དངོས་པོ་དང་། ལྷ་ཚེ་རིང་པོར་སྐྱེ་བ་ཞེས་བྱ་བ་མི་ཁོམ་པ་བརྒྱད་ཟད་པ་དང་། སྙིང་རྗེས་བདག་དང་གཞན་དགེ་བའི་ཆོས་ལ་སྦྱོར་བ་དང་། བདག་དང་གཞན་དུ་བརྗེ་བ་ཉིད་ཀྱིས་སེམས་ཅན་གཞན་གྱི་ཡུལ་ལ་
ཡོངས་སུ་བསྔོས་པའི་སྦྱིན་པ་ལ་སོགས་པ་དང་། ཆོས་ཡང་དག་པར་རྟོགས་པས་ཟབ་མོའི་དོན་ལ་ཡང་སོམ་ཉི་མི་བྱེད་པ་དང་། གཞན་ལ་ཕན་པ་ཉིད་དུ་ཞུགས་པས་བྱམས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་དང་། སྦྱོར་བ་ཕུན་སུམ་ཚོགས་པས་སྒྲིབ་པ་ལྔ་པོ། འདོད་
པ་ལ་འདུན་པ་དང་། གནོད་སེམས་དང་། གཉིད་དང་། རྨུགས་པ་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་དག་དང་མི་འགྲོགས་པ་དང་། གཉེན་པོ་རྣམ་པར་བསྒོམས་པ་ཉིད་ཀྱིས་མ་རིག་པ་ལ་སོགས་པའི་བག་ལ་ཉལ་བ་ཐམས་ཅད་འཇོམས་པ་དང་། རྟག་ཏུ་
མཉམ་པར་གཞག་པ་ཉིད་ཀྱིས་དྲན་པ་དང་ཤེས་བཞིན་དང་ལྡན་པ་དང་། གཙང་སྦྲ་ཀུན་དུ་སྤྱོད་པ་ཉིད་ཀྱིས་གོས་ལ་སོགས་པ་ཡོངས་སུ་སྤྱོད་པ་གཙང་བ་ཞེས་བྱ་བ་རྣམ་པ་བཅུ་གཅིག་དང་། དགེ་བའི་རྩ་བ་འཇིག་རྟེན་ལས་མངོན་པར་འཕགས་པ་ཉིད་ཀྱིས་ལུས་ལ་སྲིན་བུའི་

རིགས་བརྒྱད་ཁྲི་མི་འབྱུང་བ་དང་། དགེ་བའི་རྩ་བ་རྣམ་པར་དག་པས་སེམས་གྱ་གྱུ་མེད་པ་དང་། རྙེད་པ་དང་བཀུར་སྟི་ལ་སོགས་པ་ལ་མི་ལྟ་བ་ཉིད་ཀྱིས་ཕྱག་དར་ཁྲོད་པ་ཉིད་ལ་སོགས་པ་སྦྱངས་པའི་ཡོན་ཏན་ཡང་དག་པར་ལེན་པ་དང་། སྦྱིན་པ་ལ་སོགས་པའི་ཁྱད་པར་
བསྒྲུབས་པས་དེ་དག་དང་འགལ་བ་སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་མེད་པ་དང་། ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ཉིད་ཀྱིས་ཆོས་ཉིད་དང་མི་འགལ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་འགྲོ་བ་དང་། འགྲོ་བ་བདག་ཉིད་ཀྱིས་བྱས་པ་ཉིད་
ཀྱིས་གཞན་གྱི་དོན་དུ་དམྱལ་བ་འདོད་པ་ཞེས་བྱ་བ་རྣམ་པ་དྲུག་དང་། རྟོགས་པ་ལ་ཡིད་ཆེས་པའི་ཆོས་ཉིད་ཀྱིས་གཞན་གྱིས་བཀྲིར་མི་བཏུབ་པ་དང་། སངས་རྒྱས་ཉིད་ཀྱི་ཐབས་ཤེས་པ་ལ་མཁས་པ་ཉིད་ཀྱིས་ལམ་ལྟར་བཅོས་པ་ཉེ་བར་སྟོན་པའི་བདུད་ལ་བདུད་ཉིད་དུ་རྟོགས་
པ་ཞེས་བྱ་བ་རྣམ་པ་གཉིས་དང་། འཁོར་གསུམ་རྣམ་པར་དག་པས་སྤྱོད་པ་ཐམས་ཅད་ལ་སངས་རྒྱས་དགྱེས་པ་ཞེས་བྱ་བ་རྣམ་པ་གཅིག་གིས་གོ་རིམས་བཞིན་དུ་དྲོ་བ་དང་། རྩེ་མོ་དང་། བཟོད་པ་དང་། ཆོས་ཀྱི་མཆོག་རྣམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་བླ་ན་མེད་
པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་པར་རྟགས་ཉི་ཤུ་པོ་འདི་དག་གིས་ཤེས་པར་བྱའོ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་ཀྱི་འོག་ཏུ། མཐོང་བའི་ལམ་གྱི་ཕྱིར་མི་ལྡོག་པའི་མཚན་ཉིད་བར་སྐབས་ཀྱི་ཚིགས་སུ་བཅད་པ་གཅིག་གིས་གསུངས་པ།
མཐོང་བའི་ལམ་ལ་བཟོད་པ་དང་། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། སྡུག་བསྔལ་ལ་སོགས་པའི་བདེན་པའི་སྒོ་ནས། ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་དང་།
ཤེས་པའི་སྐད་ཅིག་མ་བཅུ་དྲུག་ནི། བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལ་གནས་པ་རྣམས་ཀྱི་ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་ནོ། །སྐད་ཅིག་མའི་རྣམ་པ་ཅི་འདྲ་བ་ཞིག་མཚན་ཉིད་ཡིན་ཞེ་ན། རྣམ་པ་རྣམས་བར་སྐབས་ཀྱི་ཚིགས་སུ་བཅད་པ་ལྔས་གསུངས་པ་ནི།

གཟུགས་སོགས་འདུ་ཤེས་ལྡོག་པ་དང་། །སེམས་བརྟན་ཐེག་པ་དམན་དག་ལས། །རྣམ་ལོག་བསམ་གཏན་ལ་སོགས་པའི། །ཡན་ལག་ཡོངས་སུ་ཟད་པ་དང་། །ལུས་སེམས་ཡང་བ་ཉིད་དང་ནི། །འདོད་ལ་སྤྱོད་ལ་ཐབས་མཁས་དང་། །
རྟག་ཏུ་ཚངས་པར་སྤྱོད་ཉིད་དང་། །འཚོ་བ་རྣམ་པར་དག་ཉིད་དང་། །ཕུང་སོགས་བར་ཆད་བྱེད་རྣམས་དང་། །ཚོགས་དང་དབང་སོགས་བཅས་པ་ཡི། །གཡུལ་འགྱེད་སེར་སྣ་ལ་སོགས་ལ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་བཀག་པ་དང་། །ཆོས་ནི་རྡུལ་
ཙམ་མི་དམིགས་ཉིད། །རང་གི་ས་ལ་ངེས་པ་ཉིད། །ས་གསུམ་ལ་ནི་གནས་པ་དང་། །ཆོས་ཀྱི་དོན་དུ་སྲོག་གཏོང་བ། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས་བྱ་བ་ཡིན་ཏེ། རང་གི་མཚན་ཉིད་
སྟོང་པ་ཉིད་ཀྱིས་གཟུགས་ལ་སོགས་པའི་ཆོས་སུ་རྟོག་པ་ལས་ལྡོག་པ་དང་། སངས་རྒྱས་ལ་སོགས་པས་བྱིན་གྱིས་བརླབས་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བརྟན་པ་ཉིད་དང་། ཐེག་པ་ཆེན་པོའི་ཆོས་ཁྱད་པར་ཅན་བསྒྲུབས་པས། ཉན་ཐོས་དང་རང་སངས་རྒྱས་ཀྱི་
ཐེག་པ་ལས་སེམས་རྣམ་པར་ལོག་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཐུས་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པར་སྐྱེ་བའི་ཡན་ལག་ཡང་དག་པར་ཡོངས་སུ་ཟད་པ་ཞེས་བྱ་བ་བཞི་ནི་སྡུག་བསྔལ་གྱི་རྣམ་པ་ཡིན་ནོ། །མི་དགེ་
བ་དང་བྲལ་བ་ཉིད་ཀྱིས་ལུས་དང་སེམས་ཡང་བ་དང་། སེམས་ཅན་གདུལ་བའི་ཐབས་ལ་མཁས་པའི་མཐུས་མངོན་པར་ཞེན་པ་མེད་པར་འདོད་པ་ལ་ཉེ་བར་སྤྱོད་པ་དང་། ཡུལ་གྱི་ཉེས་དམིགས་མཐོང་བས་རྟག་ཏུ་ཚངས་པར་སྤྱོད་པ་ཉིད་དང་། སྐྱེས་བུ་དམ་པའི་ཆོས་ཉིད་ཀྱིས་
འཚོ་བའི་ཡོ་བྱད་ཡང་དག་པར་རྣམ་པར་དག་པ་ཉིད་ཅེས་བྱ་བ་བཞི་ནི་ཀུན་འབྱུང་བའི་རྣམ་པ་ཡིན་ནོ། །སྟོང་པ་ཉིད་ལ་གནས་པ་ཉིད་ཀྱིས་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་རྣམས་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བ་དག་ཏུ་མི་བྱའོ་ཞེས། དེ་ལྟར་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་

སོ་སོར་བཀག་པ་དང་། མི་མཐུན་པའི་ཕྱོགས་བསལ་བ་ཉིད་ཀྱིས་རྟོགས་པའི་བར་ཆད་བྱེད་པའི་ཚོགས་རྣམས་ལ་སྔ་མ་བཞིན་དུ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་དང་། རྣམ་པར་རྟོག་པའི་སྐྱོན་ཡོངས་སུ་ཤེས་པ་ཉིད་ཀྱིས་བྱང་ཆུབ་ཀྱི་ཚོགས་སྦྱིན་པ་ལ་
སོགས་པ་ལ་སྔ་མ་བཞིན་དུ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གཏམ་ལ་གནས་པ་སོ་སོར་བཀག་པ་དང་། གཟུང་བ་དང་འཛིན་པ་དག་སྤང་བར་བྱ་བ་ཉིད་ཀྱིས་དབང་པོ་དང་རྟེན་གྲོང་ཁྱེར་ལ་སོགས་པའི་གཡུལ་འགྱེད་པ་སྔ་མ་བཞིན་དུ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་རྗེས་སུ་བཀག་པ་
ཞེས་བྱ་བ་བཞི་ནི་འགོག་པའི་རྣམ་པ་ཡིན་ནོ། །སྦྱིན་པ་ལ་སོགས་པའི་ཁྱད་པར་རྟོགས་པས་སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་དང་། ཆོས་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་ཉིད་ཡིན་པས་
རྟོགས་པའི་ཆོས་རྡུལ་ཙམ་ཡང་མི་དམིགས་པ་དང་། མངོན་པར་ཡིད་ཆེས་པ་ཐོབ་པས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཀྱི་རང་གིས་གསུམ་ལ་ཇི་ལྟ་བ་བཞིན་དུ་ངེས་པ་ཉིད་ཀྱིས་གནས་པ་དང་། གཅིག་ཏུ་གཞོལ་བ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ལ་སོགས་པའི་ཆོས་ཀྱི་དོན་དུ་སྲོག་གཏོང་བ་ཞེས་བྱ་བ་བཞི་ནི་ལམ་གྱི་རྣམ་པ་ཡིན་ཏེ། དེ་ལྟར་ན་བཟོད་པ་དང་ཤེས་པའི་སྐད་ཅིག་མ་རྣམ་པ་བཅུ་དྲུག་གིས་བསྡུས་པ་འདི་རྣམས་ཡང་དག་པར་ཐོབ་པ་ན། དག་པ་འཇིག་རྟེན་པ་གཟུང་བ་དང་འཛིན་པར་མངོན་པར་མ་ཞེན་པའི་རྣམ་པ་
ཅན་རྗེས་ཀྱི་སེམས་ཀྱིས་བསྡུས་པས་རང་དང་མཐུན་པའི་འབྲས་བུ་གཟུགས་ལ་སོགས་པའི་འདུ་ཤེས་བཟློག་པ་ལ་སོགས་པ་བསྐྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་དག་ཡིན་ནོ། །རྣལ་འབྱོར་པ་རྣམས་ཀྱི་ཐ་སྙད་ནི་
སེམས་ཅན་གདུལ་བའི་དགོས་པའི་དབང་མ་གཏོགས་པར་ཐམས་ཅད་དུ་རྟོགས་པ་དང་མཐུན་པ་ཁོ་ན་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་ཉེ་བར་བཏགས་ནས་བཤད་དེ། དེ་ལྟ་མ་ཡིན་ན་རྣལ་འབྱོར་པའི་རྒྱུད་ལ་སོ་སོ་རང་གིས་རིག་པའི་སྐད་ཅིག་མ་རྣམས་ཇི་ལྟར་གཞན་ཡིད་ཆེས་

པར་བྱེད་པའི་མཚན་ཉིད་དག་ཡིན། དེའི་འོག་ཏུ་བསྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་པ་ལས། ལུགས་ལས་ཁྱད་པར་མ་བཟུང་བར་ཁྱད་པར་ཅན་གྱི་བློ་མི་སྐྱེའོ་ཞེས་འབྱུང་བའི་ཕྱིར་རེ་ཞིག་བསྒོམ་པའི་ལམ་གྱི་ཁྱད་
པར། བསྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་དང་། །སྐུར་པའི་མཐའ་ལས་གྲོལ་བ་ཉིད། །ཅེས་བྱ་བ་གསུངས་ཏེ། སྟོང་པ་ཉིད་ལ་སོགས་པ་ལ་ཡང་གཟུགས་མེད་ལ། སྟོང་པ་ཉིད་ལ་སོགས་པ་གཟུགས་
ལས་གཞན་པ་ཡང་མ་ཡིན་པས། གོ་རིམས་བཞིན་དུ་སྟོང་པ་ཉིད་ལ་སོགས་པ་ལ་སྒྲོ་འདོགས་པ་དང་སྐུར་པའི་མཐའ་ལས་གྲོལ་བ་ཉིད་གང་ཡིན་པ་དེ་ནི་ཟབ་མོ་སྟེ། སྟོང་པ་ཉིད་ལ་སོགས་པ་ཡིན་ལ། ཟབ་མོ་ཉིད་དང་ལྡན་པའི་ཕྱིར་བསྒོམ་པའི་ལམ་ཟབ་པ་ཡིན་ནོ། །དེ་ལྟར་
ཁྱད་པར་བསྟན་ནས་ཁྱད་པར་གྱི་གཞི། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་བསྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང་། །འཇལ་དང་ངེས་རྟོག་བསྒོམ་པའི་ལམ། །ཞེས་བྱ་བ་གསུངས་ཏེ། ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་
བའི་ཤེས་རབ་དག་གམ། ཏིང་ངེ་འཛིན་གྱི་སྦྱོར་བ་དང་དངོས་དང་རྗེས་ལས་བྱུང་བའི་ཤེས་རབ་ཀྱིས། གོ་རིམས་བཞིན་དུ་ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པ་གསུམ་ལ་ངེས་པར་མཐོང་བའི་དོན་ཡང་དང་ཡང་དུ་སེམས་པ་དང་། འཇལ་བ་དང་ངེས་པར་རྟོག་པ་དག་ནི་
བསྒོམ་པའི་ལམ་རྒྱུན་ཆགས་པ་ཡིན་ནོ། །དེ་རྣམ་པ་དུ་ཞིག་ཅེ་ན། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །རྣམ་པས་རྣམ་པ་དགུར་བཞེད་དོ། །ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་
ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ་ཞེས་འབྱུང་བའི་ཕྱིར། མུན་པ་ཤིན་ཏུ་ཆེན་པོ་ནི་སྣང་བ་ཆུང་ངུས་སེལ་ལ། ཆུང་ངུ་ནི་ཆེན་པོས་སེལ་ཏོ་ཞེས་བྱ་བའི་དཔེས་རྣམ་པར་རྟོག་པ་ཆེན་པོ་དང་འབྲིང་དང་ཆུང་ངུ་རྣམས་རེ་རེ་ཞིང་། ཆེན་པོ་དང་འབྲིང་དང་ཆུང་ངུའི་བྱེ་བྲག་གིས་ཐ་དད་པའི་ཕྱིར།

དེ་དག་གི་གཉེན་པོ་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ཀྱང་རེ་རེ་ཞིང་ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་ཐ་དད་པའི་ཕྱིར་དེ་ལྟར་ན་དོན་དམ་པར་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་རྣམ་པའི་སྒོ་ནས་རྣམ་པར་རྟོག་པའི་གཉེན་པོའི་དབྱེ་བ་ལས་གྲངས་བཞིན་དུ། འདོད་པའི་ཁམས་
ལ་སོགས་པས་དགུ་དག་ཏུ་རྣམ་པ་དགུ་རྒྱུན་ཆགས་སུ་འབྱུང་བའི་ཕྱིར། བསྒོམ་པའི་ལམ་ཡིན་ནོ། །རྒྱལ་བའི་ཡུམ་དེ་དང་དེ་ལས་རྣམ་པ་རེ་རེའི་དབང་དུ་མཛད་དེ། བསོད་ནམས་གྲངས་མེད་པ་དང་། གཞལ་དུ་མེད་པ་དང་། ཚད་མེད་པ་སྐྱེ་བར་གསུངས་པའི་ཕྱིར་བྱེ་བྲག་
རྣམ་པ་མང་བ་མ་ཡིན་ནམ། ཇི་ལྟར་རྣམ་པ་དགུ་ཞེས་བྱ་ཞེ་ན། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བའི། །རྒྱུ་མཐུན་དེ་དག་ཐུབ་པ་བཞེད། །ཅེས་བྱ་བ་གསུངས་ཏེ། གྲངས་མེད་པ་དང་། གཞལ་
དུ་མེད་པ་དང་། ཚད་མེད་པ་བསྟན་པ་ཚིག་ཏུ་བརྗོད་པའི་ངོ་བོ་རྣམས་ཀྱིས་ནི། དོན་དམ་པར་ན་བསྒོམ་པའི་ལམ་ཇི་སྐད་བཤད་པའི་མཚན་ཉིད་ཅན་དོན་གཅིག་ཏུ་རབ་ཏུ་སྦྱར་བ་ལ་ལྡོག་པ་ལ་ལྟོས་ནས་ཉེ་བར་བསྐྱེད་པའི་ཐ་དད་པ་ཉིད་ཀྱི་ངོ་བོར་དབྱེ་བར་བྱ་བ་བཟོད་པ་མ་ཡིན་ནོ། །
ཀུན་རྫོབ་ཏུ་ནི་བཤད་པའི་ཆོས་ཀྱི་ངོ་བོ་ཉིད་ཇི་སྐད་བཤད་ཅིང་བསྟན་པ་དེ་དག་བྱིས་པའི་སྐྱེ་བོ་རྣམས་ལ་འབྲས་བུ་ཆེན་པོ་སྐྱེ་བ་རབ་ཏུ་སྟོན་པ་ཉིད་ཀྱིས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་གྱི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པར་གྱུར་པ་ཡིན་པར་དེ་བཞིན་གཤེགས་པ་བཞེད་
པས་མང་པོ་ཉིད་དུ་ཐལ་བར་མི་འགྱུར་རོ། །སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས་གོམས་པ་ཕུལ་དུ་བྱུང་བ་བྱར་མེད་པ་མ་ཡིན་ནམ། དེའི་ཕྱིར་ཅུང་ཟད་ཀྱང་མི་བྱེད་པ་ཁོ་ནའོ་སྙམ་པའི་སྐྱེ་བོ་བློ་དམན་པའི་ངོར་དོགས་པ་བསུ་བར། དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་
འཕེལ་མི་རུང་། །བསྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ། །ཅེས་བྱ་བ་གསུངས་ཏེ། ཆོས་ཉིད་ཀྱི་རང་གི་ངོ་བོར་འདོད་པའི་ལམ་གྱི་དངོས་པོ། ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཡང་དག་པར་ན་དེ་ཉིད་དང་། གཞན་ཉིད་དང་གཉིས་ཀ་དང་གཉིས་ཀ་མ་

ཡིན་པ་ཉིད་དུ་བརྗོད་དུ་མེད་པ་ལ་སྒོམ་པ་ཕུལ་དུ་ཕྱིན་པར་བྱར་མེད་པའི་ཕྱིར། མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་གོ་རིམས་བཞིན་དུ་འབྲལ་བ་དང་སྐྱེ་བར་མི་རུང་ངོ་། །དེ་བས་ན་སྒོམ་པ་ཞེས་བྱ་བའི་ལམ་གྱིས་མི་མཐུན་པའི་ཕྱོགས་ཀྱི་ངོ་བོ་ནི་ཅི་ཞིག་
བོར་རྣམ་པར་བྱང་བ་ནི་ཅི་ཞིག་འཐོབ་སྟེ། ཅུང་ཟད་ཀྱང་མི་བྱེད་པ་ཉིད་པས་ཉེ་བར་དགོད་པར་མི་བྱ་བ་ཁོ་ནའོ་ཞེ་ན། དེ་ལྟ་མ་ཡིན་ཏེ། འདི་ལྟར། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །འདི་ནི་འདོད་པའི་དོན་སྒྲུབ་བྱེད། །བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་
བཞེད། །ཅེས་བྱ་བ་གསུངས་ཏེ། ཇི་ལྟར་ཁྱད་པར་དུ་བྱར་མེད་པའི་དེ་བཞིན་ཉིད་ཀྱི་བྱང་ཆུབ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཆོས་ཀྱི་སྐུ་ལ་སོགས་པའི་རང་བཞིན་གྱི་སངས་རྒྱས་ཀྱི་བདག་པོ་ཙམ་གྱིས། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་རྗེས་སུ་
མཐུན་པར་དོན་ཁྱད་པར་ཅན་སྣང་བའི་སེམས་བསྐྱེད་པའི་སྒོ་ནས་མངོན་པར་འདོད་པའི་དོན་བྱེད་པ་དེ་བཞིན་དུ། བསྒོམས་པས་གློ་བུར་གྱི་དྲི་མ་དང་བྲལ་བའི་སྒོ་ནས་མངོན་སུམ་དུ་བྱས་པའི་ལམ་དེ་བཞིན་ཉིད་ཀྱི་མཚན་ཉིད་འདི་ཡང་ཀུན་རྫོབ་ཏུ་མངོན་པར་འདོད་པའི་དོན་གྱི་བྱ་བ་བྱེད་
དོ། །དོན་དམ་པར་ནི་ཉམས་པ་དང་འཕེལ་བ་དགག་པའི་ཚུལ་དུ་བཞེད་པས་དེའི་ཚེ་སྦྱོར་བ་མེད་པ་ཉིད་སྦྱོར་བ་ཡིན་པའི་ཕྱིར་ཉེས་པ་མེད་དོ། །དེ་ལྟ་ཡིན་ན་ཡང་ཀུན་རྫོབ་ཏུ་ཡང་དོན་བྱེད་པར་མི་རུང་ངོ་སྙམ་པའི་དོགས་པ་བསུ་བར། སེམས་ནི་སྔ་མས་བྱང་ཆུབ་པར། །རིགས་
མིན་ཕྱི་མས་ཀྱང་མ་ཡིན། །ཞེས་བྱ་བ་གསུངས་ཏེ། སྔ་ཕྱིར་གྱུར་པའི་སེམས་རེ་རེ་ལ་སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་པར་བྱེད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་དོན་མཐའ་དག་མི་སྣང་བའི་ཕྱིར། རེ་རེས་བྱང་ཆུབ་པར་ནི་རིགས་པ་མ་ཡིན་ནོ། །འདོད་པའི་དོན་
སྒྲུབ་པར་བྱེད་པ་སྣང་བའི་སེམས་ཅིག་ཅར་བྱུང་བ་མང་པོ་ཉིད་ཀྱིས་ཀྱང་མ་ཡིན་ཏེ། སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ་ཞེས་འབྱུང་བས་མི་སྲིད་པའི་ཕྱིར་རོ། །བླ་ན་མེད་པའི་སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་པར་བྱེད་པ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སངས་

རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་རྟོགས་པར་འགྱུར་བའི་རང་གི་ངོ་བོ་རིམ་གྱིས་འབྱུང་བ་སེམས་བྱུང་བ་སྔ་ཕྱིར་གྱུར་པ་མང་པོ་ཉིད་ཀྱིས་ཀྱང་མ་ཡིན་ཏེ། དེ་བྱུང་མ་ཐག་ཏུ་རྗེས་སུ་འགྲོ་བ་མེད་པ་ཉིད་དུ་འཇིག་པས་ན་ཕན་ཚུན་འབྲེལ་པ་མེད་པའི་ཕྱིར་རོ། །དེ་བས་ན་ཇི་ལྟར་དོན་ཁྱད་
པར་ཅན་སྣང་བའི་སེམས་བསྐྱེད་པའི་སྒོ་ནས་དོན་བྱེད་ཅེ་ན། དེ་ནི་ཡང་དག་པ་མ་ཡིན་པས། མར་མེའི་དཔེ་ཡི་ཚུལ་གྱིས་ནི། །ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །ཅེས་བྱ་བ་གསུངས་ཏེ། ཇི་ལྟར་མེ་ལྕེ་དང་སྙིང་པོ་ཕྲད་པའི་སྐད་ཅིག་མ་དང་པོ་ལ། རང་གི་རྒྱུས་ཕན་ཚུན་གྱི་
སྒོ་ནས་དུས་མཉམ་དུ་ཕྲད་པ་བསྐྱེད་པས་ཁྱད་པར་ཅན་དུ་མ་བྱས་པའི་ཕྱིར། སྐད་ཅིག་མ་གཉིས་པ་མེད་པར་རྒྱུ་དང་འབྲས་བུའི་མཚན་ཉིད་སྲེག་པར་བྱེད་པ་དང་། བསྲེག་པར་བྱ་བ་མེད་ལ། དེ་བཞིན་དུ་མེ་ལྕེ་དང་སྙིང་པོ་ཁྱད་པར་ཅན་སྐྱེ་བ་སྐད་ཅིག་མ་གཉིས་པ་ལ་ཡང་། རྟག་ཏུ་
ཡོད་པ་ལ་སོགས་པར་ཐལ་བར་འགྱུར་བས་སྐད་ཅིག་མ་དང་པོ་མེད་པར། ཀུན་རྫོབ་ཏུ་ཡང་འབྱུང་བ་མེད་པའི་ཕྱིར། རྒྱུ་དང་འབྲས་བུའི་མཚན་ཉིད་སྲེག་པར་བྱེད་པ་དང་། བསྲེག་པར་བྱ་བ་མེད་དོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་གང་གི་ཚེ་རྐྱེན་ཉིད་འདི་པ་ཙམ་གྱི་བདག་
ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས་མ་བརྟགས་གཅིག་པུར་ཉམས་དགའ་བ་ཉིད་དུ་རྒྱུ་དང་འབྲས་བུ་འབྲེལ་པའི་སྟོབས་ཀྱིས་གཉིས་ཀ་ཕྲད་པའི་ཁྱད་པར་ཅན་གྱི་སྐད་ཅིག་དང་པོ་ལ་ལྟོས་ནས། དེས་བྱས་པ་མཐུ་ཕུལ་དུ་ཕྱིན་པ་དང་ལྡན་པའི་ཁྱད་པར་ཅན་སྐད་ཅིག་མ་
གཉིས་པ་ལ་སོགས་པ་ཡོད་ན། དེའི་ཚེ་རྒྱུ་མེད་པར་ཞིག་ཀྱང་རྒྱུ་དང་འབྲས་བུ་དག་གོ་རིམས་བཞིན་དུ་དུས་མཉམ་དུ་སྐྱེ་བ་དང་འཇིག་པར་དམིགས་པས། སྲེག་པར་བྱེད་པ་དང་བསྲེག་པར་བྱ་བ་ཡོད་དོ། །དེ་བས་ན་སྐད་ཅིག་མ་དང་པོས་ཀྱང་སྐད་ཅིག་མ་གཉིས་པ་ལ་མ་ལྟོས་
པར་སྙིང་པོ་མ་བསྲེགས་ལ་སྐད་ཅིག་མ་གཉིས་པས་ཀྱང་མེ་ལྕེའི་སྐད་ཅིག་མ་དང་པོ་ལ་མ་ལྟོས་པར་སྙིང་པོ་མ་བསྲེགས་པ་ཞེས་བྱ་བ་མར་མེའི་དཔེའི་ཚུལ་སྐད་ཅིག་མ་སྔ་ཕྱིར་གྱུར་པ་གཉིས་ཡུལ་གཅིག་ལ་ཉེ་བར་སྦྱོར་བ་ཤེས་པར་བྱེད་པ་ལྷུར་ལེན་པས། སྐད་ཅིག་མ་སྔ་མ་བཞིན་

དུ་བྱང་ཆུབ་སྒྲུབ་པར་བྱེད་པ་དངོས་པོ་ཚད་ཡོད་པ་ཞིག་སྣང་བའི་རྣམ་པར་ཤེས་པ་སྔ་མ་ལ་བརྟེན་ནས། དེ་ལ་སྣང་བའི་དོན་གྱིས་དབེན་པ་ལྷག་པར་ཁྱད་པར་དུ་འཕགས་པའི་དོན་སྣང་བའི་རྣམ་པར་ཤེས་པ་ཕྱི་མ་སྐྱེ་བས་བྱང་ཆུབ་འཐོབ་པར་རིགས་སོ། །
ཇི་སྐད་སྨོས་པའི་དཔེ་ཁོ་ནས་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཀྱང་ཁོང་དུ་ཆུད་པར་བྱ་བ་ཡིན་པས། བསྒོམ་པའི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཀྱི་མཚན་ཉིད་བརྗོད་པའི་ཕྱིར། ཟབ་མོ་རྣམ་པ་བརྒྱད་ཡུལ་གང་ལ་ཡིན་ཞེ་ན། སྐྱེ་བ་དང་ནི་འགག་
པ་དང་། །དེ་བཞིན་ཉིད་དང་ཤེས་བྱ་དང་། །ཤེས་དང་སྤྱོད་དང་གཉིས་མེད་དང་། །ཐབས་མཁས་པ་ལ་ཟབ་པ་ཉིད། །ཅེས་བྱ་བ་གསུངས་ཏེ། སྐད་ཅིག་སྔ་མ་དང་ཕྱི་མ་དག་གིས་ཀྱང་མ་ཡིན་ངོ་བོ་ཉིད་མེད་པས་ཀྱང་མ་ཡིན་ལ་སྒོམ་པས་རྟོགས་པར་བྱ་བའི་དོན་ཁྱད་པར་དུ་
འཕགས་པ་བསྐྱེད་དོ་ཞེས་བྱ་བ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། དངོས་པོ་ཐམས་ཅད་བྱུང་བ་ཉིད་ནས་རང་བཞིན་གྱིས་ངོ་བོ་ཉིད་མེད་ལ་ཀུན་རྫོབ་ཏུ་ཡང་འགག་གོ་ཞེས་བྱ་བ་འགག་པ་དང་། གནས་སྐབས་ཐམས་ཅད་དུ་དེ་བཞིན་ཉིད་གོམས་ཀྱང་དེ་མངོན་དུ་མི་བྱེད་ཅེས་བྱ་བ་དེ་
བཞིན་ཉིད་དང་། དེ་བཞིན་ཉིད་ཀྱི་རང་བཞིན་གྱི་ཆོས་ཐམས་ཅད་ལ་སྦྱིན་པ་ལ་སོགས་པ་རྣམ་པ་དུ་མ་རྗེས་སུ་སྒྲུབ་པ་ཞེས་བྱ་བ་ཤེས་བྱ་དང་། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་མཐོང་བ་མེད་པ་ཉིད་མཐོང་བ་ཡིན་ནོ་ཞེས་བྱ་བ་ཤེས་པ་དང་། ཆོས་ཉིད་ཀྱིས་ཐམས་ཅད་ལ་སྤྱོད་པ་མེད་
པ་ཉིད་སྤྱོད་པའོ་ཞེས་བྱ་བ་སྤྱོད་པ་དང་གཉིས་སུ་མེད་པའི་ངོ་བོ་ཉིད་དུ་ཐམས་ཅད་སྒྲུབ་པོ་ཞེས་བྱ་བ་གཉིས་སུ་མེད་པ་དང་། ཚོགས་ཐམས་ཅད་ཡོངས་སུ་རྫོགས་པ་ལ་དེའི་འབྲས་བུ་སངས་རྒྱས་ཉིད་མི་ཐོབ་ཞེས་བྱ་བ་ཐབས་ལ་མཁས་པ་སྟེ། བསམ་གྱིས་མི་ཁྱབ་པའི་རྣམ་པར་
ཐར་པ་ཐོབ་པའི་སྒོ་ནས་ཕན་ཚུན་འགལ་བའི་དོན་སྒྲུབ་པས་ཟབ་པ་ཉིད་ཡིན་ནོ། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས་མཚན་ཉིད་དང་བཅས་པ་བཤད་ཟིན་ཏོ། །སློབ་པའི་ཚོགས་ཀྱི་ཆོས་ཐོབ་པ་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་འབད་པས། སངས་རྒྱས་ཉིད་འཐོབ་པའི་རྒྱུ་

མཚན་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། །ལས་མེད་ལ་སོགས་ཀླན་ཀ་ཡི། །ལན་ནི་ཇི་སྐད་བཤད་པར་ཟད། །ཅེས་བྱ་བ་གསུངས་ཏེ། འཁོར་བ་དང་རྣམ་པར་བྱང་བ་མི་མཐུན་པ་
དང་གཉེན་པོ་རྣམས་སྣང་བརྙན་ཙམ་གྱི་ངོ་བོས་རྨི་ལམ་དང་འདྲ་བ་ཉིད་དུ་རྟོགས་པའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་ཐ་དད་པ་ཉིད་དུ་རྣམ་པར་མི་རྟོག་པས་ན་མཉམ་པ་ཉིད་དོ། །རྨི་ལམ་དང་འདྲ་བ་ཉིད་ཡིན་ན་མི་དགེ་བ་བཅུ་དང་སྦྱིན་པ་ལ་སོགས་པ་མེད་པས།
གཉིད་མ་ལོག་པའི་གནས་སྐབས་ན་ཡང་གཉིད་ལོག་པའི་གནས་སྐབས་བཞིན་དུ་འགྱུར་བ་མ་ཡིན་ནམ་ཞེས་བྱ་བའི་ཀླན་ཀ་རྣམས་ཀྱི་ལན་ནི། ཇི་ལྟར་ཕྱི་རོལ་གྱི་དོན་དུ་སྨྲ་བའི་ལུགས་ལ་སྐད་ཅིག་མ་ཉིད་ཀྱིས་རྒྱུ་མེད་པར་འཇིག་པ་ཡིན་ལ། གྲུབ་པའི་མཐའ་ལས་ཀྱང་།
འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ཞེས་འབྱུང་བའི་ཕྱིར། དོན་དམ་པར་སུས་ཀྱང་སུ་ཡང་བསད་པ་མེད། མ་བསད་པ་ཡང་མ་ཡིན། སུས་ཀྱང་སུའི་ནོར་བླངས་པ་ཡང་མེད། མ་བླངས་པ་ཡང་མ་ཡིན། ཞེས་བྱ་བ་ལ་སོགས་པའི་ཕྱོགས་ལ་རྒྱུན་འཇུག་པ་དང་
འགལ་བའི་དངོས་པོ་བསྐྱེད་པ་ལ་གསོད་པ་ལ་སོགས་པར་རྟོག་པའི་སྒོ་ནས། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལ་སོགས་པ་དང་ལྡན་པ་ལ་མི་དགེ་བ་ལ་སོགས་པ་དང་འདྲ་བར་སྲོག་གཅོད་པ་ལ་སོགས་པ་རྣམ་པར་འཇོག་པ་དེ་བཞིན་དུ། དངོས་པོ་རྨི་ལམ་དང་འདྲ་
ཡང་ཕྱིན་ཅི་ལོག་གི་འཆིང་བ་མཐའ་དག་མ་ཉམས་པ་རྣམས་ལ་དེ་དང་མཐུན་པའི་དོན་གྱི་དངོས་པོ་ལ་སོགས་པ་ལ་མངོན་པར་ཞེན་པས་ཞེས་བྱ་བ་ལ་སོགས་པའི་ལན་དེ་དང་དེ་ཕྱོགས་གཞན་ནས་གསུངས་སོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གཞན་ཡང་། རྨི་ལམ་སེམས་
ནི་གཉིད་ཀྱིས་ཉམས། །དེས་ན་འབྲས་བུ་འདྲ་མ་ཡིན། །ཞེས་བྱ་བས་དཔེ་མ་གྲུབ་པོ། དེ་བཞིན་དུ་རྨི་ལམ་ན་ཡང་དགེ་བ་དང་མི་དགེ་བ་སྤྱད་པ་ནི། སད་པའི་གནས་སྐབས་ན་ཀྱེ་མ་བྱས་སོ་ལེགས་པར་བྱས་སོ་ཞེས་རྗེས་སུ་ཡིད་རང་ན། རྗེས་ཀྱི་གནས་སྐབས་ཀྱི་

སེམས་ཀྱིས་མངོན་པར་ཞེན་པའི་གསོས་ཀྱིས་ཡོངས་སུ་གསོས་ཏེ། དེའི་ཕྱིར་ཡང་དཔེ་མ་གྲུབ་པས་འཁོར་བ་དང་མྱ་ངན་ལས་འདས་པ་ནི་མཉམ་པ་ཉིད་དོ། །གཉིས་ཀ་མཉམ་པ་ཉིད་དུ་རྣམ་པར་བསྒོམ་པ་ནི་རང་གི་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་
སུ་འགྱུར་བས། དེའི་འོག་ཏུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པར་བསྒྲུབ་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད། །ཅེས་བྱ་བ་གསུངས་ཏེ། སེམས་ཅན་དང་སྣོད་ཀྱི་འཇིག་
རྟེན་གྱི་བྱེ་བྲག་གིས། སངས་རྒྱས་ཀྱི་ཞིང་རྣམ་པ་གཉིས་ལ་གོ་རིམས་བཞིན་དུ་བཀྲེས་པ་དང་སྐོམ་པ་དང་། རྡོ་བ་དང་ཚེར་མ་ལ་སོགས་པ་ཉིད་ཀྱིས་མ་དག་པ་གང་ཡིན་པ་དེའི་གཉེན་པོར་ལྷའི་ཉེ་བར་སྤྱད་པ་དང་། གསེར་གྱི་ས་ཕྱོགས་ལ་སོགས་པ་དག་པ་བསྐྱེད་པའི་སྒོ་ནས་
རྣམ་པར་དག་པ་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའོ། །རང་གི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་བསྒྲུབས་པ་ནི་ཐབས་མཁས་པས་སྐལ་བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་མཛད་པ་བྱ་དགོས་པས་ཐབས་ལ་མཁས་པ། ཡུལ་དང་སྦྱོར་བ་ཅན་འདི་ནི། །དགྲ་རྣམས་ལས་
ནི་འདས་པ་དང་། །མི་གནས་ཇི་བཞིན་ཤུགས་དང་ནི། །ཐུན་མོང་མ་ཡིན་མཚན་ཉིད་དང་། །མ་ཆགས་པ་དང་མི་དམིགས་དང་། །མཚན་མ་སྨོན་ལམ་ཟད་པ་དང་། །དེ་ཡི་རྟགས་དང་ཚད་མེད་པ། །ཐབས་ལ་མཁས་པ་རྣམ་པ་བཅུ། །ཞེས་བྱ་བ་གསུངས་ཏེ། བར་
ཆད་ཀྱི་ཆོས་ལས་ཡང་དག་པར་རྒལ་བས་ལྷ་ལ་སོགས་པའི་བདུད་ལས་འདས་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་རྣམ་པར་བསྒོམས་པས་མི་གནས་པར་གནས་པ་དང་། སྨོན་ལམ་གྲུབ་པས་གཞན་གྱི་དོན་སྔོན་གྱི་ཤུགས་ཀྱིས་འཕགས་པ་བྱེད་པ་དང་། དཀའ་བ་
སྤྱོད་པ་ཐམས་ཅད་ཤིན་ཏུ་གོམས་པ་ཉིད་ཀྱིས་ཐུན་མོང་མ་ཡིན་པ་དང་། ཆོས་དཀར་པོ་རྣམ་པར་དག་པས་ཆོས་ཐམས་ཅད་ལ་འཛིན་པ་མེད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱིས་མི་དམིགས་པ་དང་། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཉིད་ཀྱིས་མཚན་མ་

མེད་པ་དང་། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཉིད་ཀྱིས་སྨོན་པ་མེད་པ་དང་། དྲི་བ་སྔོན་དུ་བཏང་བ་ཅན་ཕྱིར་མི་ལྡོག་པའི་ཆོས་བརྗོད་པས་ཕྱིར་མི་ལྡོག་པའི་རྟགས་དང་། ཡུལ་ཐམས་ཅད་ཤེས་པ་ཉིད་ཀྱིས་ཚད་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་རྣམ་པ་
བཅུ་མངོན་སུམ་དུ་བྱ་བ་ལ་དུས་དང་དུས་མ་ཡིན་པ་ཤེས་པའི་སྦྱོར་བ་ནི་ཐབས་ལ་མཁས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། སྐབས་བཞི་པའི་འགྲེལ་པའོ།། །།རྣམ་པ་ཐམས་ཅད་
མངོན་པར་རྫོགས་པར་རྟོགས་པ་ཐོབ་པ་ལ། རབ་ཀྱི་མཐར་ཕྱིན་པའི་རྟོགས་པ་འབྱུང་བས། གོ་སླ་བར་བྱ་བའི་ཕྱིར་རྟགས་ལ་སོགས་པ་བསྙད་པ་སྔོན་དུ་འགྲོ་བའི་རྩེ་མོའི་མངོན་པར་རྟོགས་པ། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་
ཕྱིན་པའི་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་བྱ་བ་གསུངས་ཏེ། ཤིན་ཏུ་གོམས་པའི་ཕྱིར་རྨི་ལམ་གྱི་གནས་སྐབས་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ལ་སོགས་པར་ལྟ་བ་དང་། ཉན་ཐོས་ལ་སོགས་པའི་ས་ལ་དགའ་བའི་སེམས་མི་བསྐྱེད་
པ་དང་། དེ་བཞིན་གཤེགས་པ་ལ་སོགས་པ་མཐོང་བ་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་དམིགས་པ་དང་། ཆོས་སྟོན་པའི་སེམས་སྐྱེ་བ་དང་། དམྱལ་བ་ལ་སོགས་པའི་སེམས་ཅན་མཐོང་བ་སྔོན་དུ་འགྲོ་བ་རང་གི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་སྤོང་བ་
རྗེས་སུ་དྲན་པ་དང་། གྲོང་ཁྱེར་ལ་སོགས་པ་ཚིག་པ་རབ་ཏུ་ཞི་བར་བྱེད་པའི་བདེན་པའི་བྱིན་གྱིས་བརླབས་གྲུབ་པ་དང་། གནོད་སྦྱིན་ལ་སོགས་པ་མི་མ་ཡིན་པ་མེད་པར་བྱེད་པའི་བདེན་པའི་ཚིག་གྲུབ་པ་དང་། རང་ཉིད་མངོན་པར་ཤེས་པས་ཕ་རོལ་གནོན་པའི་དགེ་བའི་བཤེས་
གཉེན་བསྟེན་པ་དང་། རྣམ་པ་ཐམས་ཅད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དང་། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་གྱུར་པ་ཞེས་བྱ་བ་རྣམ་པ་བཅུ་གཉིས་ནི་རྩེ་མོའི་མངོན་པར་རྟོགས་པ་ཐོབ་པའི་གནས་

སྐབས་ཀྱི་ཁྱད་པར་གྱི་རྟགས་ཡིན་ནོ། །དེ་ལྟར་རྟགས་ཀྱིས་མཚོན་པའི་རྣམ་པར་འཕེལ་བ་རྣམ་པ་དུ་ཞིག་ཡོད་ཅེ་ན། རྣམ་པར་འཕེལ་བ། འཛམ་བུ་གླིང་གི་སྐྱེ་བོ་སྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །རྣམ་མང་དུ་ནི་དཔེར་མཛད་
ནས། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །ཞེས་བྱ་བ་གསུངས་ཏེ། འཛམ་བུའི་གླིང་ལ་སོགས་པ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་སྙེད་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་བས་ལྷག་པ་དང་། ཁྱད་པར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་
ལ་བྱེད་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། བྱང་ཆུབ་པར་བྱ་བ་དང་བྱང་ཆུབ་པར་བྱེད་པའི་ཆོས་རྣམས་མི་དམིགས་པ་དང་། དགེ་བ་བཅུ་ལ་སོགས་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པ་ལས་ཁྱད་པར་དུ་འཕགས་པ་དང་། ལྷའི་རིས་
ཐམས་ཅད་ཉེ་བར་འོང་བ་དང་། བདུད་ཐམས་ཅད་ཟིལ་གྱིས་གནོན་པ་དང་། སྟོན་པ་དང་འདྲ་བར་སྐྱེ་བོ་ལ་མཚུངས་པར་གནས་པ་ཞེས་བྱ་བ་བསོད་ནམས་རྣམ་པ་བརྒྱད་དང་། ཡང་རྣམ་པ་ཐམས་ཅད་དུ་ཐབས་ལ་མཁས་པས་བསླབ་པ་ཡོངས་སུ་དག་པ་དང་། སངས་རྒྱས་
ཀྱི་རིགས་ཅན་དུ་འགྱུར་བ་དང་། འབྲས་བུ་སངས་རྒྱས་ཉིད་འཐོབ་པའི་རྒྱུ་མཚན་དང་། ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཀྱི་སེམས་མི་སྐྱེ་བ་དང་། གཟུགས་ལ་སོགས་པ་དང་ལྡན་པར་རྟོགས་པའི་སེམས་རབ་ཏུ་མི་སྐྱེ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཀུན་བསྡུས་པ་ཤེས་པ་
དང་། ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་གྱུར་པ་ཞེས་བྱ་བ་བསོད་ནམས་གཞན་རྣམ་པ་བརྒྱད་དང་། མེ་ཏོག་ལ་སོགས་པས་སངས་རྒྱས་མཆོད་པའི་དགེ་བ་ལ་སོགས་པ་རྣམ་པ་མང་པོ་དཔེར་མཛད་ནས་གོང་ནས་གོང་
དུ་ཁྱད་པར་དུ་འཕགས་པ་ཉིད་ཀྱིས་གནས་སྐབས་བཅུ་དྲུག་གི་ངོ་བོ་ཉིད་ནི་རྣམ་པར་འཕེལ་བ་ཡིན་ནོ། །དེ་ལྟར་རྣམ་པར་འཕེལ་བས་རྣམ་པར་སྤེལ་བའི་རང་དབང་དུ་གྱུར་པ་མཐར་ཕྱིན་པའི་མཚན་ཉིད་རྣམས་ནི་ངེས་པར་བརྟན་པ་ཡིན་པས་ངེས་པར་བརྟན་པ། ཀུན་མཁྱེན་ཉིད་

གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་པ་བླ་མེད་པ། །སེམས་ཅན་དོན་ཡོངས་མི་གཏོང་བ། །བརྟན་པ་ཞེས་ནི་མངོན་པར་བརྗོད། །ཅེས་བྱ་བ་གསུངས་ཏེ། དེ་ལྟར་ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་རྣམ་པར་མི་རྟོག་པ་རྟོགས་པའི་གནས་སྐབས་ན།
སྙིང་རྗེ་ཆེན་པོ་མངོན་དུ་བྱེད་པའི་ངོ་བོས་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་མཚན་ཉིད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཇི་སྐད་བཤད་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཆོས་སེམས་བསྐྱེད་པ་ལ་སོགས་པ་གོང་དུ་སྨོས་པ་རྣམས་ཡོངས་སུ་རྫོགས་པ་བླ་ན་
མེད་པ་ནི་ངེས་པར་བརྟན་པ་ཡིན་ནོ། །དེ་ལྟར་ངེས་པར་བརྟན་པར་བྱེད་པས་ངེས་པར་བརྟན་པར་འགྱུར་བའི་མཚན་ཉིད་ནི་སེམས་ཀུན་དུ་གནས་པ་ཡིན་པས་སེམས་ཀུན་དུ་གནས་པ། གླིང་བཞི་པ་དང་སྟོང་དག་དང་། །སྟོང་གཉིས་གསུམ་དག་དཔེར་མཛད་ནས། །བསོད་ནམས་མང་
པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། ཚད་སྲིད་པ་ནི་སྲང་ཚད་ཀྱིས་གཞལ་བར་ནུས་སོ་ཞེས་བྱ་བའི་ཚུལ་གྱིས་གླིང་བཞི་པ་ལ་སོགས་པ་སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐམས་ཅད་
ཀྱི་ངོ་བོ་ཉིད་ཏིང་ངེ་འཛིན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་སོ་སོར་དཔེར་མཛད་ནས་དེ་དག་ལས་ཁྱད་པར་དུ་འཕགས་ཤིང་ཚད་ལས་འདས་པའི་བསོད་ནམས་མང་པོ་ཉིད་ཀྱིས་ཏིང་ངེ་འཛིན་གྱི་མཚན་ཉིད་བརྗོད་པ་ནི་སེམས་ཀུན་དུ་གནས་པ་ཡིན་ནོ། །རྟགས་ལ་སོགས་པ་དེ་དག་ནི་
གོ་རིམས་བཞིན་དུ་དྲོ་བ་ལ་སོགས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིའི་ངོ་བོ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་འོག་ཏུ་མཐོང་བའི་ལམ་ཡིན་ཏེ། དེ་ལ་མི་མཐུན་པའི་ཕྱོགས་གཉེན་པོ་དང་བཅས་པ་རྣམ་པ་བཞི་ཡོད་པས་རེ་ཞིག་མི་
མཐུན་པའི་ཕྱོགས་གཟུང་བར་རྣམ་པར་རྟོག་པ་གཉིས་པོ། འཇུག་པ་དང་ནི་ལྡོག་པ་ལ། །གཟུང་བའི་རྣམ་རྟོག་སོ་སོར་དེ། །དགུ་ཡི་བདག་ཉིད་ཇི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཤེས་བྱ། །ཞེས་བྱ་བ་གསུངས་ཏེ། འཇུག་པ་དང་ལྡོག་པ་མི་དམིགས་པ་དང་།

དམིགས་པའི་ངོ་བོ་ཉིད་དག་ལ་གོ་རིམས་བཞིན་དུ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པའི་ཆོས་ལེན་པ་དང་འདོར་བའི་སྒོ་ནས་གཟུང་བའོ་ཞེས་གཟུང་བར་རྣམ་པར་རྟོག་པ་ཉོན་མོངས་པ་དང་འདྲ་བ་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཡུལ་གྱི་དབྱེ་བས་
སོ་སོར་རྣམ་པ་དགུ་ཡོད་པ་ནི་དངོས་པོ་དང་མ་འབྲེལ་བར་འཇུག་པ་ཉིད་ཀྱིས་ཕྱིན་ཅི་ལག་ཏུ་སྣང་བའི་ཕྱིར་ཡུལ་ཇི་ལྟ་བ་བཞིན་མ་ཡིན་པའི་རང་གི་ངོ་བོ་དག་ཏུ་ཤེས་པར་བྱའོ། །དེ་ལྟར་གཟུང་བར་རྣམ་པར་རྟོག་པའི་ཕྱོགས་གཉིས་བསྟན་ནས་འཛིན་པར་རྣམ་པར་རྟོག་པ་གཉིས་པོ། སོ་
སོའི་སྐྱེ་བོ་འཕགས་དབྱེ་བས། །སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །དེ་དག་སོ་སོར་དགུ་བདག་ཉིད། །གལ་ཏེ་གཟུང་དོན་དེ་བཞིན་མེད། །དེ་དག་གང་གི་འཛིན་པར་འདོད། །དེ་ལྟར་དེ་དག་འཛིན་པ་ཡི། །ངོ་བོས་སྟོང་པའི་
མཚན་ཉིད་དོ། །ཞེས་བྱ་བ་གསུངས་ཏེ། སོ་སོའི་སྐྱེ་བོ་དང་འཕགས་པའི་གང་ཟག་དག་གི་གོ་རིམས་བཞིན་དུ་སྐྱེས་བུ་རྫས་དང་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་པ་དག་ཡོད་པས་འཛིན་པར་རྣམ་པར་རྟོག་པ་གགས་བྱེད་པ་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་སུ་
གྱུར་པ་ཡུལ་གྱི་དབྱེ་བས་སོ་སོར་རྣམ་པ་དགུ་ཡོད་པ་ནི། གང་གི་ཚེ་དེ་དག་གི་ཡུལ་གྱི་དངོས་པོར་གྱུར་པ་གཟུང་བའི་དོན་དག་དེ་བཞིན་དུ་གཟུང་བའི་ངོ་བོར་ཡོད་པ་མ་ཡིན་ཞེས་བྱ་བ་དེའི་ཚེ་གང་གི་ཡང་འཛིན་པ་མ་ཡིན་ཏེ། དེའི་ཕྱིར་དེ་དག་ནི་འཛིན་པའི་ངོ་བོས་དབེན་པའི་ངོ་བོ་
ཡིན་པས་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར། ཡུལ་ཇི་ལྟ་བ་བཞིན་མ་ཡིན་པའི་རང་གི་ངོ་བོ་དག་ཏུ་ཤེས་པར་བྱའོ། །གཟུང་བའི་རྣམ་པར་རྟོག་པ་དང་པོ་འཇུག་པའི་རྟེན་ཅན་ཇི་ལྟར་རྣམ་པ་དགུ་ཡིན་ཞེ་ན། ངོ་བོ་ཉིད་དང་རིགས་དང་ནི། །ལམ་ནི་ཡང་དག་འགྲུབ་པ་དང་། །ཤེས་པའི་
དམིགས་པ་མ་འཁྲུལ་དང་། །མི་མཐུན་ཕྱོགས་དང་གཉེན་པོ་དང་། །རང་གིས་རྟོགས་དང་བྱེད་པ་དང་། །དེ་ཡི་ལས་བྱའི་འབྲས་བུ་ལ། །འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི། །རྣམ་རྟོག་དེ་ནི་རྣམ་དགུར་འདོད། །ཅེས་བྱ་བ་གསུངས་ཏེ། དབེན་པས་དབེན་པ་མ་རྟོགས་པའི་

ངོ་བོ་ཉིད་དང་། ས་མི་གཡོ་བ་ལ་སོགས་པ་ལ་འཇུག་པས་སངས་རྒྱས་ཀྱི་རིགས་སུ་ངེས་པ་དག །སྒྱུ་མ་ལྟ་བུར་རྟོགས་པས་མཐོང་བ་ལ་སོགས་པའི་ལམ་ཡང་དག་པར་འགྲུབ་པ་དང་། སྣང་བརྙན་ཙམ་དུ་ཟད་པས་ཤེས་པའི་དམིགས་པ་མ་འཁྲུལ་བ་དང་། ཡོན་ཏན་དང་སྐྱོན་མཐོང་
བ་སྔོན་དུ་འགྲོ་བའི་བླང་བར་བྱ་བ་དང་། དོར་བར་བྱ་བ་ཉིད་ཀྱིས་གཉེན་པོ་དང་མི་མཐུན་པའི་ཕྱོགས་དང་དྲི་མ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་རང་གིས་རྟོགས་པ་དང་། དམན་ཞིང་གྱ་ནོམ་པ་མ་ཡིན་པ་ཉིད་ཀྱིས་ཉན་ཐོས་ལ་སོགས་པའི་ས་ཐག་སྲིང་བར་བྱེད་པ་དང་། བསམ་པ་ཇི་
ལྟ་བ་དང་མཐུན་པར་སྤྲུལ་པས་སེམས་ཅན་གྱི་དོན་གྱི་ལས་དང་། ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་སྐྱེ་བོ་ཐམས་ཅད་མྱ་ངན་ལས་འདས་པ་ལ་དགོད་པར་བྱ་བའི་འབྲས་བུ་ལ་སྐྱོན་མེད་པ་ཉིད་ཀྱིས་གཟུང་བར་བྱ་བ་ཉིད་དུ་འཇུག་པར་བྱའོ་ཞེས་བྱ་བ་གཟུང་བའི་རྣམ་
པར་རྟོག་པ་དང་པོ་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་རྣམ་པ་དགུ་པོ་མཐོང་བའི་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱིས་སྤང་བར་བྱ་བར་བཞེད་པ་ཡིན་ནོ། །གཟུང་བའི་རྣམ་པར་རྟོག་པ་གཉིས་པ་ལྡོག་པའི་རྟེན་ཅན་ཇི་ལྟར་རྣམ་པ་དགུ་ཡིན་ཞེ་ན། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །
རྟོགས་པ་དམན་པ་ཉིད་དང་ནི། །ཡོངས་སུ་འཛིན་པ་མེད་པ་དང་། །ལམ་གྱི་རྣམ་པ་མ་ཚང་དང་། །གཞན་གྱི་རྐྱེན་གྱིས་འགྲོ་བ་དང་། །ཆེད་དུ་བྱ་བ་ལོག་པ་དང་། །ཉི་ཚེ་བ་དང་སྣ་ཚོགས་ཉིད། །གནས་དང་འཇུག་ལ་རྨོངས་པ་དང་། །རྗེས་ལ་འགྲོ་ཞེས་བྱ་བ་ལ། །
རྣམ་རྟོག་དགུ་ཡི་བདག་ཉིད་འདི། །ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། །ཉན་ཐོས་ལ་སོགས་ཡིད་ལས་འབྱུང་། །ཞེས་བྱ་བ་གསུངས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་གང་ཡང་རུང་བ་ཞིག་ཏུ་ལྟུང་བ་ཉིད་ཀྱིས་རྟོགས་པ་དམན་པ་ཉིད་དང་། དགེ་བའི་བཤེས་
གཉེན་ཐབས་ལ་མཁས་པ་དང་བྲལ་བ་ཉིད་ཀྱིས་ཡོངས་སུ་འཛིན་པ་མེད་པ་དང་། ཤེས་བྱའི་སྒྲིབ་པ་མཐའ་དག་གི་གཉེན་པོ་མ་ཡིན་པ་ཉིད་ཀྱིས་སྒྲུབ་པའི་ལམ་མ་ཚང་བ་དང་། དེ་བཞིན་གཤེགས་པ་ལ་སོགས་པའི་གདམས་ངག་ལ་ལྟོས་པ་དང་བཅས་པ་ཉིད་ཀྱིས་གཞན་

གྱི་རྐྱེན་གྱིས་འགྲོ་བ་ཉིད་དང་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་ཀྱི་སེམས་ཆེན་པོ་ཉིད་ལ་སོགས་པ་ལ་མི་འཇུག་པ་ཉིད་ཀྱིས་ཆེད་དུ་བྱ་བ་ལོག་པ་དང་། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཉིད་ཀྱིས་ཉི་ཚེ་བའི་ལམ་གྱི་བྱེད་པ་དང་། དམིགས་པ་དང་
བཅས་པ་ཉིད་ཀྱིས་འབྲས་བུ་དང་པོ་ལ་སོགས་པ་རྟོགས་པ་ཐ་དད་པ་ཉིད་དང་། མ་རིག་པའི་བག་ལ་ཉལ་བ་ཐམས་ཅད་མ་སྤངས་པ་ཉིད་ཀྱིས་གནས་པ་དང་འགྲོ་བ་མི་ཤེས་པ་དང་། ཐེག་པ་ཆེན་པོ་ཐམས་ཅད་སྡུད་པར་བྱེད་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མཇུག་ཏུ་འགྲོ་བ་ལ་ཉེས་པ་དང་བཅས་པ་ཉིད་ཀྱིས་གཟུང་བར་བྱ་བ་མ་ཡིན་པ་ཉིད་དུ་ལྡོག་པར་བྱའོ་ཞེས་གཟུང་བར་རྣམ་པར་རྟོག་པ་གཉིས་པ་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྒྱུད་ལ་བླང་བར་བྱ་བ་ཉིད་དུ་
འབྱུང་བ་རྣམ་པ་དགུ་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བའི་ལམ་གྱི་སེམས་དང་། སེམས་ལས་བྱུང་བ་འཇུག་པའི་གནས་སྐབས་ཀྱིས་སྤང་བར་བྱ་བར་བཞེད་པ་ཡིན་ནོ། །སོ་སོ་སྐྱེ་བོའི་འཛིན་པའི་རྣམ་པར་རྟོག་པ་དང་པོ་སྐྱེས་བུ་རྫས་སུ་ཡོད་པའི་རྟེན་ཅན་ཇི་ལྟར་
རྣམ་པ་དགུ་ཡིན་ཞེ་ན། འཛིན་པ་དང་ནི་འདོར་བ་དང་། །ཡིད་ལ་བྱེད་དང་ཁམས་རྣམས་ནི། །གསུམ་པོ་དག་དང་ཉེར་འབྲེལ་དང་། །གནས་དང་མངོན་པར་ཞེན་པ་དང་། །ཆོས་ཀྱི་དངོས་པོ་བཏགས་པ་དང་། །ཆགས་པ་དང་ནི་གཉེན་པོ་དང་། །ཇི་ལྟར་འདོད་
བཞིན་འགྲོ་ཉམས་ལ། །འཛིན་པ་དང་པོར་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། ཀུན་རྫོབ་ཏུ་སྒྱུ་མ་བཞིན་དུ་འཛིན་པ་དང་གཏོང་བ་དང་། ཡང་དག་པ་ཉིད་དུ་ཡིད་ལ་མི་བྱེད་པར་ཡིད་ལ་བྱེད་པ་དང་། ཆོས་ཉིད་ཀྱི་ཁམས་གསུམ་ཅར་དང་ཉེ་བར་འབྲེལ་པ་དང་། སྟོང་
པ་ཉིད་དུ་མི་གནས་པས་གནས་པ་དང་། དངོས་པོ་ལ་མངོན་པར་མ་ཞེན་པས་ཐམས་ཅད་ལ་མངོན་པར་ཞེན་པ་དང་། རྫས་སུ་ཡོད་པ་མེད་པས་ཆོས་ཐམས་ཅད་བཏགས་པ་དང་། དེ་ཁོ་ན་ཉིད་ཤེས་པའི་མ་ཆགས་པས་མངོན་པར་མ་ཞེན་པ་སྔོན་དུ་འགྲོ་བའི་ཆགས་

པ་དང་། མཉམ་པ་ཉིད་སྒོམ་པའི་གཉེན་པོ་ཉིད་ཀྱིས་གཉེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་མ་ཤེས་པ་ཉིད་ཀྱིས། ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་ཐོགས་པ་ལ་དོན་དམ་པའི་དངོས་པོར་མངོན་པར་ཞེན་པས་འཛིན་པར་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུ་
མཐོང་བའི་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱིས་སྤང་བར་བྱ་བར་བཞེད་པ་ཡིན་ནོ། །འཛིན་པར་རྣམ་པར་རྟོག་པ་གཉིས་པ་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ཇི་ལྟར་རྣམ་པ་དགུ་ཡིན་ཞེ་ན། ཆེད་བཞིན་ངེས་པར་མི་འབྱུང་དང་། །ལམ་ལ་ལམ་མིན་ངེས་འཛིན་དང་། །འགག་
དང་བཅས་པའི་སྐྱེ་བ་དང་། །དངོས་པོ་ལྡན་དང་མི་ལྡན་དང་། །གནས་དང་རིགས་ནི་འཇིག་པ་དང་། །དོན་དུ་གཉེར་དང་རྒྱུ་མེད་དང་། །ཕྱིར་རྒོལ་བ་ནི་དམིགས་པ་ལ། །འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། ཉན་ཐོས་ལ་སོགས་པའི་ངེས་པར་འབྱུང་བ་ཉིད་
ཀྱིས་ཆེད་དུ་བྱ་བ་ཇི་ལྟ་བ་བཞིན་དུ་ངེས་པར་མི་འབྱུང་བ་དང་། རང་གི་མངོན་པར་འདོད་པའི་ལམ་མེད་པས་ལམ་གཞན་ལ་ལམ་མ་ཡིན་པར་ངེས་པར་འཛིན་པ་དང་། རྒྱུ་དང་འབྲས་བུ་ཀུན་རྫོབ་ཀྱི་ངོ་བོས་སྐྱེ་བ་དང་། འགག་པ་དང་། བར་ཆད་མེད་པ་དང་ཅིག་ཤོས་སུ་སྣང་བ་ཉིད་ཀྱིས་
དངོས་པོ་མཐའ་དག་ལྡན་པ་དང་མི་ལྡན་པ་དང་། ནམ་མཁའ་ལ་གནས་པའི་བྱ་དང་འདྲ་བ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་གནས་པ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པའི་སྒོ་ནས་ཉན་ཐོས་ལ་སོགས་པའི་རིགས་འཇིག་པ་དང་། དེ་བཞིན་ཉིད་ལས་ཁྱད་པར་དུ་
འཕགས་པའི་ཆོས་མེད་པས་འདོད་པ་མེད་པ་དང་། དོན་དམ་པའི་བདེན་པ་ལ་བརྟེན་ནས་རྒྱུ་མེད་པ་དང་སེར་སྣ་ཤིན་ཏུ་གོམས་པར་བྱས་པའི་ཆོས་ཉིད་ཀྱིས་བདུད་ལ་སོགས་པ་ཕྱིར་རྒོལ་བའི་དངོས་པོ་དམིགས་པ་ལ་བཏགས་པའི་དངོས་པོར་མངོན་པར་ཞེན་པ་ཉིད་ཀྱིས་འཛིན་པའི་རྣམ་
པར་རྟོག་པ་གཉིས་པ་རྣམ་པ་དགུ་མཐོང་བའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་གནས་སྐབས་ཀྱིས་སྤང་བར་བྱ་བར་བཞེད་པ་ཡིན་ནོ། །དེ་ལྟར་ན་བར་སྐབས་ཀྱི་ཚིགས་སུ་བཅད་པ་དགུས་རྣམ་པ་བཞི་ཉིད་ལས་སོ་སོར་མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་

རྣམ་པ་དགུ་ཡིན་ལ། དེ་དག་སྤང་བ་ཉིད་དུ་གཉེན་པོ་རྣམ་པ་བཞི་ཡང་དེ་བཞིན་དུ་དབྱེ་བས་ཐ་དད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་མཐོང་བའི་ལམ་ལ་མི་མཐུན་པའི་ཕྱོགས་གཉེན་པོ་དང་བཅས་པ་བསྟན་ནས། བྱང་ཆུབ་ཆེན་པོ་འགྲུབ་པར་
བྱེད་པའི་མཐོང་བའི་ལམ་རྒྱུ་གང་དང་བཅས་པར་བཞེད་པའི་རྒྱུ་གང་ཡིན་པ་དེ་བར་སྐབས་ཀྱི་ཚིགས་སུ་བཅད་པ། བྱང་ཆུབ་ལ་གཞན་སྟོན་པ་དང་། །དེ་ཡི་རྒྱུ་ནི་ཡོངས་གཏོང་དང་། །དེ་ཐོབ་བར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །ཞེས་བྱ་བ་གསུངས་
ཏེ། འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་བྱང་ཆུབ་ལ་གཞན་དག་མཐོང་བའི་ལམ་ལ་སོགས་པ་སྟོན་པས་རབ་ཏུ་འགོད་པ་ནི་གཅིག་ཡིན་ནོ། །བྱང་ཆུབ་ཀྱི་རྒྱུ་མཚན་ཁོ་ནར་དེ་དག་ལ་ཡང་དག་པའི་ཚིག་དང་དོན་ལ་སོགས་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་
སོ་སོར་གཏོང་བ་ནི་གཉིས་པ་ཡིན་ནོ། །བྱང་ཆུབ་ཐོབ་པར་བྱེད་པའི་བར་ཆད་མེད་པའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་གིས་སྒོམ་པ་ལ་སོགས་པའི་བསོད་ནམས་ཆེས་མང་བའི་མཚན་ཉིད་ནི་གསུམ་པ་ཡིན་ནོ། །གང་གི་དོན་དུ་མཐོང་བའི་ལམ་རྒྱུ་དེ་ལྟ་བུ་དང་བཅས་པར་
བཞེད་པའི་བྱང་ཆུབ་ཆེན་པོ་དེ་གང་ཡིན་ཞེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པས་བྱང་ཆུབ་ཆེན་པོ། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ། །ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམས་བཞིན་དུ་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་
དང་ཤེས་བྱའི་སྒྲིབ་པའི་དྲི་མ་སྐྱེས་པ་དང་མ་སྐྱེས་པ་ཉིད་དུ་བརྟགས་པ་རྣམས་ནི། ཆོས་ཀྱི་དབྱིངས་ལས་མ་གཏོགས་པར། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་འབྱུང་བས། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྣམས་ནམ་མཁའ་བཞིན་དུ་འགག་པ་དང་སྐྱེ་བ་མེད་པའི་
ཕྱིར་རམ། གཅིག་དང་དུ་མའི་ངོ་བོ་ཉིད་དང་རྒྱུ་དང་འབྲས་བུའི་མཚན་མ་ལ་སོགས་པས་འཐད་པའི་དངོས་པོ་མེད་པས་ནམ་མཁའི་པདྨ་བཞིན་དུ་འགག་པ་དང་སྐྱེ་བ་མེད་པའི་ཕྱིར་གོ་རིམས་བཞིན་དུ་དྲི་མ་རྣམས་ཟད་པ་དང་མི་སྐྱེ་བའི་ཤེས་པ་ཆོས་ཐམས་ཅད་ཕྱིན་ཅི་མ་

ལོག་པར་རྟོགས་པའི་མཚན་ཉིད་ཆོས་ཀྱི་སྐུ་ལ་སོགས་པ་ཇི་ལྟ་བ་བཞིན་གྱི་བདག་ཉིད་ནི་བྱང་ཆུབ་ཆེན་པོ་ཡིན་པར་བརྗོད་དོ། །གང་གི་ཕྱིར་དེ་ལྟ་ཡིན་པའི་ཕྱིར། གང་དག་དངོས་པོ་འཇིག་པའི་བསམ་པས་ཟད་པ་ལ་ཟད་དོ་སྙམ་པའི་ཤེས་པ་དང་། དངོས་པོ་མི་སྐྱེ་བའི་བསམ་པས་
མི་སྐྱེ་བ་ལ་མི་སྐྱེའོ་སྙམ་པའི་ཤེས་པ་ནི་ཟད་པ་དང་མི་སྐྱེ་བའི་ཤེས་པ་ཡིན་པར་བརྗོད་ཅིང་། བྱང་ཆུབ་ཀྱང་ཟད་པ་དང་མི་སྐྱེ་བ་ཤེས་པ་ཡིན་པར་བརྗོད་པ་དེ་དག་ལ་ཟད་པ་དང་མི་སྐྱེ་བ་མེད་པ་ཁོ་ནས་ཤེས་པ་དེ་རུང་བ་མ་ཡིན་ནོ་ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པས་གསུངས་
པ། འགོག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ། །ཅེས་བྱ་བ་ཡིན་ཏེ། སྐྱེས་པ་དང་མ་སྐྱེས་པ་དག་གོ་རིམས་བཞིན་དུ་ཟད་པ་དང་སྐྱེ་བའི་གེགས་བྱེད་པའི་མཚན་ཉིད་ཀྱི་
འགོག་པ་དང་བྲལ་བ་དོན་དམ་པར་དེ་བཞིན་ཉིད་ཀྱི་ངོ་བོའི་རང་བཞིན་ཡིན་ན་དངོས་པོ་ལ་ལོག་པར་མངོན་པར་ཞེན་པ་ཁྱེད་ཀྱིས་མཐོང་བའི་ལམ་གྱི་སྟོབས་ཀྱིས་རྣམ་པར་རྟོག་པ་ལ་སོགས་པའི་ངོ་བོ་སྐྱེས་པ་ནི་ཅི་ཞིག་ཟད། མི་སྐྱེ་བའི་ཆོས་ཅན་མ་སྐྱེས་པ་ནི་ཅི་ཞིག་སྐྱེས་ཏེ།
ཅུང་ཟད་ཀྱང་མེད་པ་ཁོ་ན་ཡིན་པས་དེའི་ཕྱིར་ཁོ་བོ་ཅག་གི་གཞུང་ལུགས་ཁོ་ན་ཁས་བླང་བར་བྱའོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། ཆོས་ཡང་དག་པར་ཡོད་པར་ཁས་ལེན་ན་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་རྣམ་པར་རྟོག་པ་རྣམ་
པ་ཐམས་ཅད་དུ་སྤངས་པ་ངོ་མཚར་ཆེ་བའི་གནས་ཡིན་ནོ་ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པས་གསུངས་པ། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡི། །སྒྲིབ་པ་ཟད་པར་བརྗོད་པ་གང་། །དེ་ལ་ཁོ་བོས་མཚར་དུ་བརྩིས། །ཞེས་བྱ་བ་ཡིན་
ཏེ། དེ་ལ་སྐྱེ་བ་དང་འཇིག་པས་སྟོང་པའི་ཕྱིར་བདག་མེད་དོ་སྙམ་དུ་བསྒོམས་པས་བདག་ཏུ་མངོན་པར་ཞེན་པ་ཡོངས་སུ་བོར་ནས་དེས་དབེན་པའི་ཕུང་པོ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་དང་འཇིག་པའི་ཆོས་ཅན་ལ་ཡང་དག་པར་དམིགས་ཏེ། སྔོན་པོ་དང་དེའི་བློ་

དག་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་འདི་ནི་སེམས་ཙམ་ཁོ་ན་ཡིན་གྱི། ཕྱི་རོལ་གྱི་དོན་ནི་མེད་དོ་ཞེས་བྱ་བ་ཡིད་ལ་བྱེད་ཅིང་འཛིན་པའི་རྣམ་པ་ཅན་གྱི་སེམས་ལ་མངོན་པར་ཞེན་པ་ཡོངས་སུ་མ་བོར་བས་ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པ་སྤངས་ཏེ།
གཟུང་བ་མེད་ན་འཛིན་པ་མེད་དོ་སྙམ་དུ་ངེས་པར་སེམས་པས་འཛིན་པའི་རྣམ་པའི་མཚན་ཉིད་རྣམ་པར་རིག་པ་ཙམ་དེ་ཡང་བསལ་ཏེ། གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་འདི་ཡང་དག་པར་ཡོད་པའི་ངོ་བོ་ཡིན་ནོ་སྙམ་དུ་ངེས་པར་བྱས་ནས། དེ་ཡང་རྟེན་ཅིང་འབྲེལ་བར་
འབྱུང་བ་ཡིན་པའི་ཕྱིར་སྒྱུ་མ་བཞིན་དུ་ངོ་བོ་ཉིད་མེད་པ་སྟེ། ཡང་དག་པར་ན་གཅིག་ཏུ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་བརྟག་པའི་ངོ་བོ་དང་བྲལ་བ་ཡིན་ནོ་སྙམ་དུ་བསྒོམས་པས་བསྒོམ་པའི་སྟོབས་གྲུབ་པ་ན་ཁ་ཅིག་ལ་ནོར་བུ་དང་དངུལ་ལ་སོགས་པའི་ཤེས་པ་བཞིན་དུ་
འཁྲུལ་པའི་མཚན་མ་མཐའ་དག་སྤངས་པ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་རྣམ་པར་མི་རྟོག་པ་སོ་སོ་རང་གིས་རིག་པར་བྱ་བ་ཅི་ཞིག་ལྟར་ཡང་དག་པར་སྐྱེས་ན། རྣལ་འབྱོར་པས་ཤེས་བྱའི་སྒྲིབ་པ་ཡང་དག་པར་སྤོང་ངོ་། །དེ་ལྟ་མ་ཡིན་ཏེ། དུས་ཐམས་ཅད་དུ་ནམ་མཁའ་
རྫས་མེད་པ་ཙམ་གྱི་ངོ་བོ་འཛིན་པ་བཞིན་དུ་བསྐྱེད་དུ་མེད་པ་དང་སྤང་དུ་མེད་པའི་རང་གི་ངོ་བོ་འཛིན་པའི་ཕྱིར་སྐད་ཅིག་མའི་ཆོས་ཤེས་པ་ཙམ་གྱི་ངོ་བོ་དང་། ཤེས་བྱའི་མཚན་ཉིད་རྣམས་གལ་ཏེ་དོན་དམ་པར་ཡོད་པ་ཉིད་དུ་གྱུར་ན་དེའི་ཚེ་གཉེན་པོ་བསྒོམས་པས་ནམ་མཁའ་བཞིན་
དུ་དེ་དག་ལ་ཅུང་ཟད་ཀྱང་མི་བྱེད་དོ། །དེའི་ཕྱིར་གཞན་དག་གིས་དངོས་པོར་མངོན་པར་ཞེན་པའི་ཕྱིན་ཅི་ལོག་མི་ལྡོག་པས་བཅོམ་ལྡན་འདས་ཀྱིས་ཤེས་བྱའི་སྒྲིབ་པ་རྣམ་པ་ཐམས་ཅད་དུ་སྤངས་པ་གང་ཡིན་པ་དང་། ཆོས་རྣམས་ཀྱང་ཡོད་པར་ཁས་ལེན་པ་གང་ཡིན་པ་དེ་ནི་ཕན་
ཚུན་འགལ་བའི་དོན་ཁས་ལེན་པས་ཁོ་བོས་ངོ་མཚར་དུ་བརྩིས་སོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཡོད་པའི་ཕྱོགས་བསལ་ནས་ངོ་བོ་ཉིད་མེད་པའི་ཕྱོགས་བརྟན་པོར་མཛད་པས་ཐར་པ་འདོད་པ་རྣམས་ཀྱིས་འདི་ཁོ་ན་ཁས་བླང་བར་བྱའོ་ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པས་

གནས་པའི་ཕྱོགས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་དངོས་པོར་མངོན་པར་ཞེན་པ་ལས་གྲོལ་བར་མི་འཐད་པ་དེའི་ཕྱིར་
ཆོས་གང་ལ་ཡང་སྐུར་པ་འདེབས་པ་དང་། སྒྲོ་འདོགས་པའི་ངོ་བོས་བསལ་བ་དང་བཞག་པ་མ་བྱས་པར་གཟུགས་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཀུན་རྫོབ་ཏུ་ཡང་དག་པར་ཡོད་པའི་ངོ་བོ་འདི་ཉིད་ལ་རང་བཞིན་མེད་པ་ལ་སོགས་པའི་ངོ་བོར་བརྟག་པར་བྱ་སྟེ། དེ་
ལྟར་ན་སྒྱུ་མའི་གླང་པོས་སྒྱུ་མའི་གླང་པོ་གཞན་ཞིག་ཕམ་པར་བྱས་པ་བཞིན་དུ་ཕྱིན་ཅི་ལོག་ལྡོག་པས་དེ་ཁོ་ན་ཉིད་མཐོང་ན་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལྟར་ཞར་ལ་འོངས་པ་བརྗོད་ནས་རྣལ་མ་མཐོང་བའི་ལམ་ཉིད། སྦྱིན་པ་ལ་སོགས་རེ་རེར་ནི། །དེ་དག་ཕན་ཚུན་བསྡུས་
པ་གང་། །སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་བྱ་བ་གསུངས་ཏེ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་སོ་སོར་སྦྱིན་པ་ལ་སོགས་པའི་ངོ་བོ་རེ་རེར་སྔ་མ་བཞིན་དུ་ཕན་ཚུན་བསྡུས་པ་གང་ཡིན་པ་སྐད་ཅིག་མ་གཅིག་
པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་བསྡུས་པ་འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་རྣམ་པ་སུམ་ཅུ་རྩ་དྲུག་ཅན་སྐྱེས་པ་གང་ཡིན་པ་དེ་ནི། རྩེ་མོའི་མངོན་པར་རྟོགས་པ་འདིར་མཐོང་བའི་ལམ་ཡིན་ནོ། །དེ་སྐྱེས་པ་ན་འདོད་པ་དང་གཟུགས་དང་གཟུགས་མེད་
པའི་ཁམས་ཀྱི་དབྱེ་བས་རྣམ་པར་རྟོག་པ་བཞི་པོ་སོ་སོར་རྣམ་པ་དགུ་ཉིད་ཀྱིས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པས། དེ་དག་གིས་བསྡུས་པའི་རྣམ་པར་རྟོག་པ་སྐྱེད་པར་བྱེད་པའི་བག་ཆགས་ཀྱི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པ་རྟེན་ཅིང་འབྲེལ་
པར་འབྱུང་བའི་ཆོས་ཉིད་ཀྱིས་འཐོབ་བོ། །དེ་ལ་དབང་དུ་བྱ་བའི་ཕྱིར་དེ་ཉིད་ཡང་དང་ཡང་དུ་སྒོམ་པར་བྱེད་དོ་ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པས་གསུངས་པ། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་

མཐུན་དང་། །ལུགས་མི་མཐུན་ལ་རྟོག་པར་བྱེད། །ཅེས་བྱ་བ་ཡིན་ཏེ། མཐོང་བའི་ལམ་འཐོབ་པའི་རྣལ་འབྱོར་པ་དེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་འཇིགས་པ་མེད་པའི་ཕྱིར་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྐྱིངས་པ་ལ་སྙོམས་པར་ཞུགས་
ནས། དུས་ཕྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ། །ཞེས་བྱ་བ་ལ་སོགས་པ་ལུགས་དང་མཐུན་པ་དང་། སྐྱེ་བ་འགགས་པས་རྒ་ཤི་འགག་གོ་ཞེས་བྱ་བ་ལ་སོགས་པ་ལུགས་དང་མི་མཐུན་པར་ཡང་དག་པར་རྟོག་གོ། །དེ་ལྟར་
མཐོང་བའི་ལམ་བརྗོད་ནས་མི་མཐུན་པའི་ཕྱོགས་སྤོང་བ་ལ་སོགས་པ་ནི་རྟེན་གྲུབ་པ་སྔོན་དུ་འགྲོ་བ་ཡིན་ན་གོ་སླ་བས་རྟེན་བསྒོམ་པའི་ལམ། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །
མཉམ་བཞག་མིན་པའི་མཚམས་བཟུང་སྟེ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་
རྣམས་ནི་བསམ་གཏན་དང་པོ་ནས་བཟུང་སྟེ་འགོག་པའི་བར་དུ་སོང་ནས། དེའི་འོག་ཏུ་འགོག་པ་ནས་བཟུང་སྟེ། བསམ་གཏན་དང་པོའི་བར་དུ་འོངས་ཏེ། དེ་ལྟར་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པ་རྣམ་པ་གཉིས་ཀྱིས། བསམ་གཏན་བཞི་དང་
གཟུགས་མེད་པ་བཞི་དང་འགོག་པའི་མཚན་ཉིད་ཀྱི་སྙོམས་པར་འཇུག་པ་དགུ་ལ་སོང་ཞིང་འོངས་ནས་ཡང་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ། དེ་ལས་ལངས་ནས་འགོག་པ་ལའོ། །དེ་བཞིན་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ལས་
འགོག་པ་ལ་སྙོམས་པར་ཞུགས་ཏེ། དེ་ལས་ལངས་ནས་དེ་མ་ཐག་པའི་སྙོམས་པར་འཇུག་པ་ལ་དམིགས་ཏེ། འདོད་པ་ན་སྤྱོད་པའི་རྣམ་པར་ཤེས་པ་མཚམས་ཀྱི་ངོ་བོར་བཞག་ནས་ཐབས་མཁས་པའི་སྟོབས་ཀྱིས་ལངས་ཏེ། རྣམ་པར་ཤེས་པ་མཉམ་པར་མ་

བཞག་པ་དེ་ལྟ་བུ་དེ་མངོན་དུ་བྱས་ནས། །དེའི་འོག་ཏུ་འགོག་པ་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེའི་འོག་ཏུ་འགོག་པ་གཅིག་པུ་བོར་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་གཉིས་བོར་
ལ་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་བཞིན་དུ་བརྒྱད་ཀྱི་བར་དུ་བོར་ནས་བསམ་གཏན་དང་པོ་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ལྟར་གཅིག་ལ་སོགས་པ་བོར་ནས་འགོག་པའི་སྙོམས་པར་འཇུག་པ་ལ་ཐུག་
པའི་བར་དུ་མི་འདྲ་བའི་སྒོ་ནས་འགྲོ་བས་ན་མི་འདྲ་བར་འགྲོ་བ་ཐོད་རྒལ་གྱི་སྙོམས་པར་འཇུག་པ་ལ་དབང་བ་ཉིད་ཀྱི་མཚན་ཉིད་མངོན་སུམ་དུ་བྱེད་པས་ན་བསྒོམ་པའི་ལམ་ཡིན་ནོ། །དེ་ལྟར་བསྒོམ་པའི་ལམ་བརྗོད་ནས་དེ་ལ་སྤང་བའི་ཕྱིར་མི་མཐུན་པའི་ཕྱོགས་རྣམ་པ་བཞི་བརྗོད་དགོས་
པས། རེ་ཞིག་གཟུང་བའི་རྣམ་པར་རྟོག་པ་དང་པོ། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱིས། །བསྟང་བས་ཡོངས་སུ་མ་བཟུང་དང་། །དུས་གསུམ་ཡོན་ཏན་མེད་པ་དང་། །ལེགས་པའི་ལམ་ནི་རྣམ་གསུམ་ལ། །གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། །སྦྱོར་བའི་རྣམ་
པའི་སྤྱོད་ཡུལ་ཅན། །ཞེས་བྱ་བ་གསུངས་ཏེ། མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་འཛིན་པས་ཆོས་མདོར་བསྡུས་པ་དང་། རྒྱས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་འཛིན་པས་ཆོས་རྒྱས་པ་དང་། ཇི་སྐད་བཤད་པ་བཞིན་དོན་ལ་ནན་ཏན་མི་བྱེད་པས་སངས་
རྒྱས་ཀྱིས་བསྟང་སྟེ་ཡོངས་སུ་མ་བཟུང་བ་དང་། བྱུང་བ་འགགས་པ་ཉིད་ཀྱིས་སྦྱོར་བའི་ལམ་གྱི་ཡོན་ཏན་མེད་པ་དང་། ཡང་དག་པར་སྐྱེ་བའི་རྒྱུ་དང་མི་ལྡན་པས་མཐོང་བའི་ལམ་གྱི་ཡོན་ཏན་མེད་པ་དང་། མ་འོངས་པ་མེད་པ་ཉིད་ཀྱིས་བསྒོམ་པའི་ལམ་ཡོན་ཏན་མེད་པ་དང་།
ཕྱིན་ཅི་ལོག་ཞི་བ་ཉིད་ལ་སོགས་པས་མྱ་ངན་ལས་འདས་པར་སྦྱོར་བའི་ལམ་དང་། སྟོང་པ་ཉིད་མངོན་པར་སྒྲུབ་པ་ཉིད་ཀྱིས་མཐོང་བའི་ལམ་དང་། རང་བཞིན་མེད་པར་སྒོམ་པར་བྱེད་པ་ཉིད་ཀྱིས་བསྒོམ་པའི་ལམ་ལ་གཟུང་བའི་རྣམ་པར་རྟོག་པ་དང་པོ་གནས་སྐབས་འདིར་སྤང་

བར་བྱ་བ་ཉིད་ཀྱིས་བསྒོམ་པའི་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱི་ཡུལ་ཅན་རྣམ་པ་དགུའོ། །དེ་ལྟར་དང་པོ་བསྟན་ནས་གཟུང་བའི་རྣམ་པར་རྟོག་པ་གཉིས་པ། གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་
དེ། །སེམས་མི་སྐྱེ་དང་བྱང་ཆུབ་ཀྱི། །སྙིང་པོ་ཡིད་ལ་མི་བྱེད་དང་། །ཐེག་པ་དམན་པ་ཡིད་བྱེད་དང་། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། །བསྒོམ་དང་སྒོམ་པ་མེད་པ་དང་། །དེ་དག་ལས་ནི་བཟློག་ཉིད་དང་། །ཇི་བཞིན་དོན་མིན་རྣམ་རྟོག་པ། །བསྒོམ་པའི་
ལམ་ལ་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། དགེ་བའི་བཤེས་གཉེན་ལ་སོགས་པ་དང་བྲལ་བས་བྱང་ཆུབ་ཀྱི་སེམས་མི་སྐྱེ་བ་དང་། སངས་རྒྱས་ལ་དམིགས་པའི་བསོད་ནམས་ཁྱད་པར་དུ་འཕགས་པ་མེད་པས་བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་པ་དང་།
ཉན་ཐོས་ཀྱི་རིགས་ཅན་ཉིད་ཀྱི་ཕྱིར་དེའི་ཐེག་པ་ཡིད་ལ་བྱེད་པ་དང་། རང་སངས་རྒྱས་ཀྱི་རིགས་ཅན་ཉིད་ཀྱི་ཕྱིར་དེའི་ཐེག་པ་མངོན་དུ་བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་མེད་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པ་དང་། དམིགས་པ་དང་
བཅས་པ་ཉིད་ཀྱིས་བསྒོམ་པ་དང་། དམིགས་པ་མེད་པ་ཉིད་ཀྱིས་སྒོམ་པ་མེད་པ་དང་། དམིགས་པ་ཡང་མེད་མི་དམིགས་པ་ཡང་མེད་པས་སྒོམ་པ་ཡང་མེད་སྒོམ་པ་མེད་པ་ཡང་མ་ཡིན་པ་དང་། ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་
ལ་གཟུང་བའི་རྣམ་པར་རྟོག་པ་གཉིས་པ། གནས་སྐབས་དེ་ན་སྤང་བར་བྱ་བ་ཉིད་ཀྱིས་བསྒོམ་པའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་གནས་སྐབས་ཀྱི་ཡུལ་ཅན་རྣམ་པ་དགུའོ། །དེ་ལྟར་གཉིས་པ་བསྟན་ནས་འཛིན་པའི་རྣམ་པར་རྟོག་པ་དང་པོ། སེམས་ཅན་
བཏགས་པའི་སྤྱོད་ཡུལ་དང་། །ཆོས་བཏགས་པ་དང་སྟོང་མིན་ཉིད། །ཆགས་དང་རབ་འབྱེད་བདག་ཉིད་དང་། །དངོས་པོར་བྱེད་དང་ཐེག་གསུམ་དང་། །ཡོན་ནི་དག་པ་མ་ཡིན་དང་། །སྤྱོད་པ་རྣམ་པར་འཁྲུགས་པ་ལ། །འཛིན་པར་བྱེད་པ་དང་པོར་དེ། །ཤེས་པར་

བྱ་བ་བསྒྲགས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། རྫས་སུ་ཡོད་པར་མི་སྐྱེ་བས་སེམས་ཅན་དུ་བཏགས་པ་དང་། སྣང་བ་ཙམ་དུ་ཟད་པའི་ཕྱིར་ཆོས་སུ་བཏགས་པ་དང་། ཐམས་ཅད་དུ་འགྲོ་བའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ཆོས་སྟོང་པ་མ་ཡིན་པ་
ཉིད་དང་། རྣམ་པ་ཐམས་ཅད་དུ་མངོན་པར་ཞེན་པ་མ་སྤངས་པས་ཆོས་ལ་ཆགས་པ་དང་། ངོ་བོ་ཉིད་མེད་པར་རྟོགས་པས་ཆོས་རབ་ཏུ་འབྱེད་པ་དང་། ཆེད་དུ་བྱ་བ་མི་བྱེད་པས་དངོས་པོའི་ཆེད་དུ་བྱ་བ་བྱེད་པ་དང་། གཟུགས་ལ་སོགས་པ་ལ་མི་དམིགས་པའི་ཕྱིར་ཐེག་
པ་གསུམ་གྱིས་ངེས་པར་འབྱུང་བ་དང་། ཡང་དག་པར་རབ་ཏུ་མ་ཞུགས་པ་ཉིད་ཀྱིས་ཡོན་མ་དག་པ་དང་། སྦྱིན་པ་ལ་སོགས་པར་དམིགས་ཏེ་བསྒྲུབས་པས་སྤྱོད་པ་རྣམ་པར་འཁྲུགས་པ་ལ་སྔ་མ་བཞིན་དུ་འཛིན་པར་རྣམ་པར་རྟོག་པ་བསྒོམ་པའི་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱི་
ཡུལ་ཅན་རྣམ་པ་དགུའོ།། །།བམ་པོ་ལྔ་པ། དེ་ལྟར་དང་པོ་བསྟན་ནས་འཛིན་པའི་རྣམ་པར་རྟོག་པ་གཉིས་པ། སེམས་ཅན་བཏགས་དང་དེ་རྒྱུ་ཡི། །ཡུལ་ཅན་དེ་ཡིས་རྣམ་འཇོམས་པས། །བསྒོམ་པའི་ལམ་དང་འབྲེལ་པ་ཡིས། །མི་མཐུན་ཕྱོགས་
གཞན་རྣམ་པ་དགུ། །ཞེས་བྱ་བ་གསུངས་ཏེ། མི་མཐུན་པའི་ཕྱོགས་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་སེམས་ཅན་དུ་བཏགས་པ་དང་། དེར་རྣམ་པར་གཞག་པའི་རྒྱུ་སྣང་བ་ཙམ་གྱི་ཡུལ་ཅན་བསྒོམ་པའི་ལམ་གྱིས་ཡང་དག་པར་སྤང་བར་བྱ་བ་ཡིན་པའི་ཕྱིར་དེ་དང་འབྲེལ་
པ་རྣམ་པ་དགུའོ། །ཇི་ལྟར་རྣམ་པ་དགུ་ཡིན་ཞེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པ་རྣམ་པ་གཉིས་ཀྱིས་གསུངས་པ། བདག་ཉིད་ཇི་བཞིན་ཀུན་མཁྱེན་ནི། །གསུམ་གྱི་སྒྲིབ་པ་རྣམ་གསུམ་དང་། །ཞི་ལམ་དེ་བཞིན་ཉིད་སོགས་དང་། །མཚུངས་པར་ལྡན་དང་མི་ལྡན་
དང་། །མི་མཉམ་སྡུག་བསྔལ་ལ་སོགས་དང་། །ཉོན་མོངས་རྣམས་ཀྱི་རང་བཞིན་དང་། །གཉིས་སུ་མེད་ལ་ཀུན་རྨོངས་ལ། །རྣམ་པར་རྟོག་པ་ཐ་མར་བཞེད། །ཅེས་བྱ་བ་ཡིན་ཏེ། རྣམ་པ་ཐམས་ཅད་ཡོངས་སུ་མ་ཤེས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་

སྒྲིབ་པ་ལ་ཀུན་དུ་རྨོངས་པ་དང་། ལམ་ཐམས་ཅད་ཡོངས་སུ་མ་ཤེས་པས་ལམ་ཤེས་པ་ཉིད་ཀྱི་སྒྲིབ་པ་ལ་ཀུན་དུ་རྨོངས་པ་དང་། གཞི་ཐམས་ཅད་ཡོངས་སུ་མ་ཤེས་པས་ཐམས་ཅད་ཤེས་པ་ཉིད་ཀྱི་སྒྲིབ་པ་ལ་ཀུན་དུ་རྨོངས་པ་དང་། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཡོངས་སུ་མ་ཤེས་པས་ཐམས་ཅད་ཞི་བའི་ལམ་ལ་ཀུན་དུ་རྨོངས་པ་དང་། གཟུགས་ལ་སོགས་པའི་ཤེས་བྱ་དང་། དེ་བཞིན་ཉིད་དག་ཡོངས་སུ་མ་ཤེས་པས་དེ་བཞིན་ཉིད་ལ་སོགས་པ་དང་མཚུངས་པར་ལྡན་པ་དང་མི་ལྡན་པ་ལ་ཀུན་དུ་རྨོངས་པ་དང་། བདུད་ལ་
སོགས་པའི་རང་གི་ངོ་བོ་ཡོངས་སུ་མ་ཤེས་པས་མི་མཉམ་པ་ཉིད་ལ་ཀུན་དུ་རྨོངས་པ་དང་། དོན་ལ་སྒྲ་ཇི་བཞིན་དུ་འཛིན་པ་ཉིད་ཀྱིས་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་ཀུན་དུ་རྨོངས་པ་དང་། འདོད་ཆགས་ལ་སོགས་པའི་ངོ་བོ་ཉིད་ཡོངས་སུ་མ་ཤེས་པས་ཉོན་མོངས་པའི་རང་
བཞིན་ལ་ཀུན་དུ་རྨོངས་པ་དང་། གཟུང་བ་དང་འཛིན་པའི་མཚན་ཉིད་ཡོངས་སུ་མ་ཤེས་པས་གཉིས་སུ་མེད་པ་ལ་ཀུན་དུ་རྨོངས་པ་ལ། སྔ་མ་བཞིན་དུ་འཛིན་པའི་རྣམ་པར་རྟོག་པ་ཐ་མ་བསྒོམ་པའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་གནས་སྐབས་ཀྱི་ཡུལ་ཅན་
རྣམ་པ་དགུར་བཞེད་པ་ཡིན་ནོ། །བསྒོམ་པའི་ལམ་གྱི་མི་མཐུན་ཕྱོགས་རྣམ་པ་བཞི་པོ་དེ་དག་སྤང་བ་ཉིད་དུ་གཉེན་པོ་རྣམ་པ་བཞི་ཡང་དེའི་དབྱེ་བས་ཐ་དད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །སྔ་མ་བཞིན་དུ་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་དང་དུས་མཉམ་པ་ཁོ་
ནར་དེ་དག་གིས་བསྡུས་པ་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པས་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་བྱང་ཆུབ་སེམས་དཔའ་བསྒོམ་པའི་ལམ་ལ་གནས་པ་ལ་རྟེན་ཏོ་ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གིས་གསུངས་པ། ཡམས་ནད་འདི་རྣམས་ཟད་ནས་ནི། །
ཡུན་རིངས་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་དུ་འགྲོ་བ་ཡི། །བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་སྤ་བ་ཡི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་དུ་རྟེན་པར་བྱེད། །ཅེས་བྱ་བ་ཡིན་ཏེ།

བསྒོམ་པའི་ལམ་ལ་གོམས་པས་རྣམ་པར་རྟོག་པའི་རིགས་བཞི་པོ་འཚེ་བར་བྱེད་པ་ཉིད་ཀྱིས་ཡམས་ཀྱི་ནད་དུ་གྱུར་པ་འདི་རྣམས་ཟད་ནས་གགས་བྱེད་པ་མེད་པས་དགའ་བས་དབུགས་ཕྱིན་པ་ཐོབ་པ་བཞིན་དུ། སྙིང་རྗེས་གཞན་གྱི་དབང་དུ་གྱུར་པས་རྣམ་པ་ཐམས་ཅད་དུ་
འགྲོ་བའི་བདེ་བ་བསྐྱེད་པར་མཁས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐེག་པ་གསུམ་གྱིས་བསྡུས་པ་ཐམས་ཅད་རྒྱ་མཚོ་ཆེན་པོ་ལ་ཆུ་བོ་དག་བཞིན་དུ། བྱང་ཆུབ་སེམས་དཔའ་བསྒོམ་པའི་ལམ་ལ་གནས་པ་འབྲས་བུ་རབ་ཀྱི་མཐར་ཕྱིན་པ་ཐོབ་པ་དེ་དག་གིས་མཛེས་པར་གྱུར་པ་
ལ་རྣམ་པ་ཐམས་ཅད་མངོན་དུ་འོང་བའི་རྣམ་པས་རྟེན་པར་བྱེད་དོ། །བསྒོམ་པའི་ལམ་གྱི་རྗེས་ལ་བར་ཆད་མེད་པའི་ལམ་ཡིན་པས། བར་ཆད་མེད་པའི་ཏིང་ངེ་འཛིན། །སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་། །བསེ་རུའི་རྟོགས་པ་ཕུན་ཚོགས་དང་། །བྱང་ཆུབ་སེམས་དཔའི་
སྐྱོན་མེད་ལ། །བཀོད་པའི་དགེ་བ་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །སངས་རྒྱས་ཉིད་ཀྱི་བར་མེད་དེ། །བར་ཆད་མེད་པའི་ཏིང་ངེ་འཛིན། །དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་བྱ་བ་གསུངས་ཏེ། འགའ་ཞིག་གིས་སྟོང་གསུམ་གྱི