Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 86
Văn bản gốc(Tây Tạng)
Trang 2 / 18 (50.000 ký tự/trang)
པ་ལ་སོགས་པའི་བཟོད་པ་དང་ལྡན་པས་ན་མཐུ་ཆེ་བའོ། །སེམས་ཅན་གྱི་དོན་གྱི་བརྩོན་འགྲུས་ ཀྱི་སྟོབས་དང་ལྡན་པས་ན་ཐེག་པ་ཆེན་པོའོ། །སེམས་རྩེ་གཅིག་པ་ཐོབ་པས་ན་མཆོག་གོ། །ལས་དང་བྱེད་པ་པོ་དང་བྱ་བ་གསུམ་གྱི་དམིགས་པ་ནི་ཤེས་རབ་དང་ལྡན་པས་ན་དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པ་ལ་ཞུགས་པའི་ཕྱིར་ཞུགས་པའོ། །དེ་ལྟར་གོ་ཆའི་བསྒྲུབ་པས་ ཁྱད་པར་དུ་འགྲོ་བས་གཉིས་པ་འཇུག་པའི་སྒྲུབ་པ་བསྟན་པའི་ཕྱིར། གོ་ཆ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇུག་པའི་སྒྲུབ་པའི་སྟོབས་ཀྱིས་བསམ་གཏན་དང་གཟུགས་མེད་པ་ལ་སོགས་པའི་མཚན་ཉིད་ནི་ཆེན་པོའོ། །ལྷའི་བུའི་བདུད་ཀྱི་སྡེ་མ་རུངས་པའི་བསམ་པ་ཉིད་ཀྱི་ རྒྱུ་ཅན་འདུལ་བའི་ཕྱིར་རོ། །ཡིད་ལ་རེ་བ་བཞིན་བྱེད་པས་ན་དགོས་པའོ། །དེ་ལྟ་བུའི་འབད་པ་བྱེད་པས་ན་སེམས་དཔའ་ཆེན་པོ་ཞེས་བརྗོད་དོ། །འཇུག་པའི་སྒྲུབ་པ་བསྒྲུབས་ནས་འབྲས་བུ་རྫོགས་པའི་བྱང་ཆུབ་ཆེན་པོ་ཐོབ་པ་གསུམ་པ་ཚོགས་ཀྱི་སྒྲུབ་པ་བསྟན་པའི་ཕྱིར། དཔེར་ན་ཞེས་ བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སྒྱུ་མའི་མཁན་པོས་སྒྱུ་མའི་གནས་ལམ་པོ་ཆེའི་བཞི་མདོ་རུ་སྒྱུ་མ་མངོན་པར་སྤྲུལ་ཏེ། ཡང་དེའི་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱི་མགོ་རྣམ་པ་མང་པོ་བྱེ་བ་གཅོད་པར་བྱེད་པ་ནི་རང་གི་སྤྲུལ་པ་དེ་རྣམས་ལ་དངོས་པོར་མངོན་པར་ཞེན་པ་དང་བྲལ་ བས་སྲོག་གཅོད་པ་ལ་སོགས་པའི་འཇིགས་པས་དེ་ལ་སྐྲག་པ་མེད་དོ་ཞེས་བྱ་བར་འབྲེལ་ཏོ། །དེ་བཞིན་དུ་སྒྱུ་མ་མཁན་གྱི་སྤྲུལ་པ་བསད་པ་དེ་དག་ཅི་འདྲ་བར་དེ་ལྟར་གཉེན་པོའི་སྒྱུ་མ་བྱེད་པའི་བྱང་ཆུབ་སེམས་དཔས་ལྷའི་བུའི་བདུད་ལ་སོགས་པའི་སྤྲུལ་པ་འཇོམས་པ་ན། གང་གི་ཚེ་བྱང་ ཆུབ་སེམས་དཔའ་དེས་འགྲོ་བ་ཀུན་ལས་དང་ཉོན་མོངས་པས་སྤྲུལ་པ་ཡིན་པར་ཐོས་པ་ལ་སོགས་པའི་ཤེས་པ་སྐྱེས་པ་རབ་ཏུ་ཤེས་པ་དེ་བས་ན། དེ་ལ་ཁ་ན་མ་ཐོ་བ་འཇིགས་པ་མེད་ཅིང་སྐྲག་པ་མེད་པར་གྱུར་པ་ཡིན་ནོ། །འགྲོ་བ་ཀུན་སྤྲུལ་པ་དང་འདྲ་བ་ཡིན་ན་ཇི་ལྟར་བཅིངས་པ་དང་གྲོལ་བར་ འགྱུར་ཞེས་ཟེར་ན། དེ་ཁོ་ན་ཉིད་དུ་ཅུང་ཟད་ཀྱང་མེད་པར་བསྟན་པའི་ཕྱིར། གཟུགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ནས་རྣམ་པར་ཤེས་པའི་བར་དུ་མ་རིག་པས་བཅིངས་པ་མེད་ཅིང་། རིག་པའི་མཐུས་གྲོལ་བ་ཡང་ཡོད་མིན་ཏེ་ཞེས་རྗེས་སུ་སྦྱར་རོ། །གང་གི་ ཕྱིར་གཟུགས་ལ་སོགས་པ་ཡང་དག་པ་མ་ཡིན་ཏེ་མེད་པ་མ་ཡིན་ནོ། །རྒྱུ་གང་གིས་ཤེ་ན། ཡོད་པ་ཉིད་དུ་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །ཇི་ལྟ་བུ་ཀུན་རྫོབ་ཡིན་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་རིགས་པས་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ ཡང་འདི་ལྟར་སྣང་བ་ནི་དགག་པར་མི་ནུས་ཏེ། ཐམས་ཅད་ཐ་སྙད་ཡིན་པར་རྟོགས་ནས་སེམས་ཞུམ་པ་མེད་དོ། །འོན་ཀྱང་བཅིངས་པ་དང་གྲོལ་བ་དོར་བར་བྱ་བ་དང་། བླང་བར་བྱ་བའི་སེམས་ཀྱིས་རང་བཞིན་ཆོས་ཉིད་ལ་རྟོགས་ནས་ཞུགས་ཏེ། དེ་ཉིད་བསྒོམས་པའི་སྟོབས་ཀྱིས་ཇི་ ལྟ་བ་བཞིན་གྱི་ཆོས་རྟོགས་ནས་བྱང་ཆུབ་འཐོབ་ཏེ། རིགས་པའི་སྟོབས་ཀྱིས་ཐར་པ་རྣམ་པར་བཞག་ལ། གཞན་གྱིས་ཇི་སྐད་བསྟན་པའི་རིམ་པ་ལས་བཟློག་པ་མ་རིག་པའི་ནུས་པས་བཅིངས་པ་ཡིན་པའི་ཕྱིར་དེ་བས་ན་དེ་དག་གི་རྗེས་ལ་གོ་ཆ་བསྟན་ཏོ། །བརྩེ་བ་ལ་སོགས་པ་ སྒྲུབ་པར་བྱེད་པ་ནི་གང་ཟག་དམ་པ་རྣམས་ཏེ། ཉན་ཐོས་ལ་སོགས་པ་ལ་ལྟོས་ནས་རྒྱལ་བའི་སྲས་ཏེ། བདེན་པ་གཉིས་ལ་བརྟེན་པའི་ཐུན་མོང་མ་ཡིན་པའི་ལམ་ཡིན་ནོ། །ཇི་སྐད་བསྟན་པ་ཉིད་ཐེག་པ་ཆེན་པོ་ཡིན་པར་ཅིའི་ཕྱིར་ཞེས་དྲི་བ་སྔོན་དུ་འགྲོ་ བས་ཐེག་པ་ཆེན་པོའི་ངོ་བོ་རྫོགས་པར་བྱ་བའི་ཕྱིར། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དུ་བྱང་ཆུབ་སེམས་དཔའ་གང་གིས་འབྲས་བུ་དང་བཅས་པའི་ལམ་བརྩེ་བ་དང་། སྦྱིན་པ་ལ་སོགས་པའི་ཚོགས་ཀྱིས་སྒྲུབ་པ་ལ་ཞོན་པ་ནི་ཐོབ་པའི་སྦྱོར་བ་ལ་གནས་པ་སྟེ། རིམ་གྱིས་སེམས་ཅན་ཐམས་ཅད་མྱ་ངན་ལས་ཟློ་བར་བྱེད་དོ། །དེ་བས་ན་འདི་ནི་ཐེག་པ་ཆེན་པོ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་ཐེག་པ་ནི་ཐེག་པ་ཆེན་པོ་ཞེས་བྱ་སྟེ། གང་གི་ཕྱིར་ནམ་མཁའ་དང་འདྲ་བར་དཔག་ཏུ་མེད་པའི་སེམས་ཅན་གྱི་གོ་སྐབས་འབྱེད་པར་བསྙེན་པས་ན་འདི་ནི་ ཐེག་པ་ཆེན་པོའོ། །ཡོན་ཏན་རྣམ་པ་ཐམས་ཅད་མཐར་ཐུག་པ་ནས་གཞལ་མེད་ཁང་དང་འདྲ་བས་ན་གཞལ་མེད་ཁང་ཆེན་ནོ། །དགའ་སྐྱིད་བདེ་བ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་སྤངས་པའི་ཕྱིར་ཟག་པ་མེད་པ་ནི་དགའ་བའོ། །ལུས་ཀྱི་བདེ་བའི་ཚོགས་ནི་སྐྱིད་པའོ། །བདེ་བ་ནི་སེམས་ལས་ བྱུང་བ་བདེ་བའོ། །མངོན་པར་འཐོབ་བྱེད་ནི་དགའ་སྐྱིད་བདེ་བ་ལ་མངོན་པར་ཕྱོགས་ཏེ་ཐོབ་པ་ནི་བཅོམ་ལྡན་འདས་སོ་ཞེས་བྱ་བར་འབྲེལ་ཏོ། །ཡང་ན་ཁྱད་པར་དུ་འཕགས་པ་དེ་བས་ན་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ལ་ཐེག་པ་ཆེན་པོ་ཞེས་བརྗོད་དོ། །དེ་ལྟ་མོད་ཀྱི་ཕྱོགས་གཞན་དང་ གཞན་དུ་འགྲོ་བའི་གནས་སྐབས་ཐོབ་པ་ཁྱད་པར་དུ་འཕགས་པའི་རྒྱུ་ལ་ཐེག་པ་ཆེན་པོ་ཞེས་བྱ་བ་འཇིག་རྟེན་པ་ལ་གྲགས་པ་མ་ཡིན་ནམ། དེ་བཞིན་དུ་ཐེག་པ་ཆེན་པོ་ཡིན་པར་འཛིན་པས་ཕྱིན་ཅི་ལོག་ཏུ་འགྱུར་རོ་ཞེས་ཟེར་ན། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐེག་པ་ཆེན་ པོ་ལ་ཞོན་པ་ནི་བྱང་ཆུབ་སེམས་དཔའ་འོ། །ཕྱོགས་ནི་ཤར་ཕྱོགས་ལ་སོགས་པ་དེས་ཉེ་བར་མཚོན་པའོ། །ས་དང་པོ་ལ་སོགས་པའི་གནས་སྐབས་སུ་ཕྱིན་པ་དེས་དེ་ཁོ་ན་ཉིད་དམིགས་པ་མེད་དོ། །དེ་ལྟ་ཡིན་ན་ཇི་ལྟར་མྱ་ངན་ལས་འདས་པར་འགྲོ་ཞེས་བྱ་བའི་ཐ་སྙད་འཇུག་ཅེ་ན། མྱ་ ངན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱ་ངན་ལས་འདས་པར་འགྲོ་ཞེས་བྱ་བ་འདིར་ཡང་ཕྱིན་ཅི་ལོག་གི་ངོ་བོ་བཟློག་པ་ཉིད་ལ་མྱ་ངན་ལས་འདས་པ་ཞེས་བྱ་བའི་རིགས་པས་འགྲོ་བ་ནི་མི་དམིགས་པའོ། །འཇིག་རྟེན་པས་ཀྱང་རང་གི་ངོ་བོ་དགག་པ་ཙམ་ཉིད་ལ་མྱ་ངན་ལས་འདས་ཞེས་བྱ་བར་ གྲགས་པར་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་མེ་ཤི་བ་ལ་འགགས་ཞེས་བྱ་བར་ཐ་སྙད་འདོགས་ཀྱི་མེ་དེ་འགགས་པས་འདས་པར་བྱ་བ་བྱེད་པ་མ་ཡིན་ནོ། །ངོ་བོ་ཐོབ་པ་མེད་པའི་ཕྱིར་མ་འོངས་པ་མ་ཡིན་ནོ། །གནས་པས་ད་ལྟར་བྱུང་བ་མ་ཡིན་ནོ། །དུས་ ཀྱིས་འགྱུར་བའི་བྱེ་བྲག་ཁྱད་པར་འགྱུར་བ་མི་སྲིད་དེ་ཚད་མས་གནོད་པའི་ཕྱིར་རོ། །རྒྱུ་དེས་ན་རང་གི་ངོ་བོ་ལོག་པ་ཙམ་ལ་འཇིག་རྟེན་པས་ཀྱང་མེ་ཤི་ཞེས་རྗོད་པར་བྱེད་དོ། །གལ་ཏེ་དེ་ལྟ་ན་ཐེག་པ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་ཁྱད་པར་རྟོགས་པ་མེད་པའི་ཕྱིར་ཇི་ལྟར་བྱང་ཆུབ་སེམས་དཔའ་དེ་ལ་ ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་ལ་ཟློ་ཞེ་ན། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་གྱི་མཐའ་ནི་རྒྱུའི་སྟོབས་ཀྱི་ཕྱི་མའི་མཐར་འབྲས་བུ་བསྐྱེད་པའི་ཕྱིར་ད་ལྟར་བྱུང་བ་ལ་དེ་དག་གི་རང་གི་ངོ་བོ་ངེས་པར་བྱང་ཆུབ་སེམས་དཔའ་མི་དམིགས་པ་སྟེ། ཡང་དག་པའི་དོན་ཡིན་པར་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །དེ་བས་ན་དུས་གསུམ་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་དག་པར་གྱུར་པ་ཡིན་ཏེ། དེ་ལྟ་བུའི་རིགས་པས་གང་དག་པ་ནི་འཇིག་རྟེན་པའི་མངོན་པར་འདུས་བྱས་པ་མ་ཡིན་པས་དེ་ཉིད་ཀྱི་ཕྱིར་ཆགས་པ་ལ་ སོགས་པའི་སྤྲོས་པ་སྤངས་པའི་ཕྱིར་སྤྲོས་པ་མེད་པའོ། །ཀུན་ཏུ་སེམས་ཅན་མྱ་ངན་ལས་ཟློ་བར་ནུས་ཏེ། གཞན་དུ་ན་དེ་དག་གིས་དེ་ཁོ་ན་ཉིད་ཀྱི་ཁྱད་པར་མ་རྟོགས་པར་མངོན་པར་ཞེན་པ་དེས་ཕྱིན་ཅི་ལོག་མ་སྤངས་པས་སེམས་ཅན་གྱི་དོན་བྱེད་མི་ནུས་སོ། །དེ་ལྟ་བུ་དེ་ལས་བཟློག་ པ་དེ་ཉིད་ནི་ཤེས་རབ་དང་སྙིང་རྗེ་ལ་སོགས་པ་ཚོགས་ཀྱི་སྒྲུབ་པ་ཡིན་ཏེ། ཐེག་པ་ཆེན་པོའི་ཆོས་མ་ལུས་པའི་རང་བཞིན་ཕ་རོལ་ཕྱིན་མཆོག་སྤྱོད་པ་གང་ཡིན་པ་ཡང་སྒྲུབ་པ་ཡིན་ནོ། །ཚོགས་བསགས་པ་ལ་བཞི་པ་ངེས་པར་འབྱུང་བས་དེ་བསྟན་པའི་ཕྱིར་བྱང་ཆུབ་སེམས་ཞེས་ བྱ་བ་ལ་སོགས་པ་གསུངས་ཏེ། གཟེགས་ཟན་ལ་སོགས་པས་དུས་རྟག་པར་བརྟགས་པ་བཀག་ནས་དངོས་པོ་ལ་ཉེ་བར་འཇུག་པ་ཉིད་ཀྱི་བརྡར་བྱས་པའི་ཕྱིར་ཚེ་སྟེ། བརྡའ་གང་གི་དུས་ཀྱི་ཚེ་བྱང་ཆུབ་སེམས་དཔའ་བདེན་པ་གཉིས་རྟོགས་པས་ན་མཁས་ པའོ། །ཆེད་དུ་བྱ་བའི་ངེས་པར་འབྱུང་བའི་སྒྲུབ་པར་སྤྱོད་པར་བྱེད་ཅིང་ཆོས་རྣམས་མ་སྐྱེས་པར་རྟོགས་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཡུལ་དུ་བྱེད་པ་ནི་སྙིང་རྗེ་ཆེན་པོ་སྐྱེད་པའོ། །བདག་དང་གཞན་དུ་མངོན་པར་ཞེན་པ་མེད་པ་ནི་སེམས་ཅན་འདུ་ཤེས་མེད་དེ་ཡོད་པའི་འདུ་ཤེས་མི་བསྐྱེད་པའོ། ། དེའི་ཚེ་ཤེས་རབ་དང་ཐབས་ལ་མཁས་པ་དེ་ནི་ཤེས་རབ་བོ། །དོན་ཐམས་ཅད་ཀྱི་ཆེད་དུ་བྱ་བའི་ངེས་པར་འབྱུང་བའི་སྒྲུབ་པ་ནི་ཕ་རོལ་ཏུ་ཕྱིན་པ་མཆོག་གོ། །གང་སྤྱོད་པ་བྱེད་ཅེས་བྱ་བའི་བར་དུའོ། །སེམས་ཅན་དུ་དམིགས་ན་ཉེས་པ་ཅི་ཞིག་ཡོད་ཅེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། གལ་ཏེ་རང་དང་གཞན་དག་ཡོད་པར་འདུ་ཤེས་སྐྱེད་པར་བྱེད་ན། དེའི་སྡུག་བསྔལ་གྱི་འདུ་ཤེས་སྐྱེས་པས་སྦྱིན་པ་ལ་སོགས་པ་རྣམས་ལ་དཀའ་བས་སྤྱོད་པར་བྱེད་ཅིང་སྡུག་བསྔལ་སྤྱོད་པས་འགྲོ་བའི་དོན་བྱའོ་ཞེས་དམིགས་པའི་ཕྱིར་བདག་དང་གཞན་དུ་ཡོངས་སུ་རྟོགས་ པའི་བྱང་ཆུབ་སེམས་དཔའ་ཡིན་ནོ། །དེ་བས་ན་བདག་དང་གཞན་གྱི་ཆར་ཡོངས་སུ་འཛིན་པའི་ཉེས་པ་དེ་གཉིས་ཀྱིས་ཉེས་པ་ཐམས་ཅད་འབྱུང་ངོ་། །དེ་ལྟ་བས་ན་ཡང་། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་མ་ཡིན། །ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་དོན་ཏོ། །ཇི་ལྟར་ སྤྱད་པར་བྱ་ཞེ་ན། བདག་ཅི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བ་མེད་པ་དང་སྐྱེ་བ་ཞེས་རིམ་པ་གཞན་དུ་སྦྱར་རོ། །བདེན་པ་གཉིས་ཐ་དད་པར་གཉིས་ཀྱི་རང་བཞིན་དུ་མི་རྟོག་ཅིང་ཡིད་ལ་མི་བྱེད་པ་ནི་གང་གི་ཚེ་ཐམས་ཅད་ཀྱི་ཐམས་ཅད་དུ་བདག་གི་རྒྱུད་ལ་ཡོད་པའི་སྡུག་ བསྔལ་ཐམས་ཅད་བསལ་བར་བྱའོ་ཞེས་བདག་ཉིད་ཅི་འདྲ་བར་སེམས་ཅན་ཐམས་ཅད་དེ་འདྲ་བར་ཤེས་པ་ནི་ལྷ་ལ་སོགས་པའི་སེམས་ཅན་ལ་ཞེས་སོ། །གཞན་དག་ཏུ་བྱས་ཏེ། ཀུན་རྫོབ་ཏུ་གཅིག་ཏུ་རྟོགས་པ་ཅི་འདྲ་བར་སེམས་ཅན་ཐམས་ཅད་སྒྲོ་བཏགས་པས་དབེན་པར་ཤེས་པ་དེ་ འདྲར་སེམས་བསྐྱེད་པ་ལ་སོགས་པ་ཆོས་ཀུན་ཡང་ཤེས་ཏེ། སྟོང་པ་ཉིད་ཀྱི་རིགས་པས་གཅིག་ཉིད་དུ་རྟོགས་པས་བདེན་པ་གཉིས་ལ་ཡང་དག་པར་ཞུགས་པ་དེའི་ཚེ། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་མ་ཡིན་ནོ། །དེ་ལྟར་རྟོགས་པར་བྱ་བའི་དངོས་པོ་བརྟགས་པར་བསྟན་ནས། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་དག་ན་ཆོས་མིང་ཡོངས་སུ་བརྗོད་པ་ནི་སེམས་བསྐྱེད་པ་ལ་སོགས་པས་རབ་ཏུ་བསྒྲགས་པའི་མིང་གི་སྒྲའི་ཤེས་པ་ནི་རྗོད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་དག་ཀུན་ལ་སྐྱེ་བ་དང་ནི་ཡང་དག་འདས་སྤངས་ཏེ། སྤངས་པ་ནི་འགགས་པའོ། ། དེ་ཉིད་སྤངས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །ཉམས་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་འཆི་མེད་དོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་ཕྱིན་ཅི་ལོག་ཐམས་ཅད་སྤངས་པའི་ཕྱིར་དམ་པ་སྟེ། ཁྱད་པར་དུ་འཕགས་པའི་ཆོས་ཀྱི་ངོ་བོའོ། །དེ་ལས་གཞན་གོང་ ན་མེད་པའི་ཡེ་ཤེས་ཀྱི་དོན་ཐོབ་པ་ནི་དགོས་པ་ཡིན་ནོ། །ཆེད་དུ་བྱ་བ་ངེས་པར་འབྱུང་བའི་སྒྲུབ་པའི་ཤེས་རབ་ནི་མཆོག་སྟེ་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་གྲུབ་པ་ལ་རྣམ་པར་བཀག་ནས་ཞེས་བྱ་བའི་སྒྲ་ནི་རབ་ཏུ་གྲགས་པའི་མིང་གི་རྣམ་གྲངས་སོ། །གྲུབ་པ་དེ་ལ་ཇི་ལྟར་འཇུག་པར་བྱ་ཞེ་ ན། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིམ་པ་བཞིན་དུ་སྦྱར་ཏེ། རང་བཞིན་དེ་ནི་དེ་བཞིན་ཉིད་དོ། །མེད་པ་ནི་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་ཡོད་པ་མ་ཡིན་ནོ། །ཆོས་རྣམས་བསྒོམ་པ་ལ་སོགས་པའི་རིམ་གྱིས་ཡོངས་སུ་ཤེས་པར་གྱུར་པ་དེ་ལྟ་བུར་ གྱུར་པའི་ཆེད་དུ་བྱ་བའི་བསྒྲུབ་པའི་སྤྱོད་པའོ། །དོགས་མེད་ནི་ཐེ་ཚོམ་མེད་པར་བྱེད་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེས་ཐབས་དང་ཤེས་རབ་དང་ལྡན་ཏེ་ཀུན་རྫོབ་དང་དོན་དམ་པ་ལ་གནས་པའོ། །ཤེས་པར་བྱས་པ་ནི་ངེས་པར་བྱས་པའོ། །ཡང་དག་པར་ཞུགས་པའི་ ཕྱིར་འདི་ནི་ཤེས་རབ་སྟེ། ཇི་སྐད་བསྟན་པའི་ངེས་པར་འབྱུང་བའི་བསྒྲུབ་པ་ནི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཡིན་ཏེ། དེ་ལ་སྤྱོད་པ་ནི་ཞུགས་པའོ། །དེ་དག་གིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་ཏེ། དེ་སྐད་དུ་ཡང་། སེམས་བསྐྱེད་པ་དང་གདམས་ངག་དང་། ། ངེས་འབྱེད་ཡན་ལག་རྣམ་བཞི་དང་། །སྒྲུབ་པ་ཡི་ཡང་བཞིར་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང་། །ཚོགས་ནི་ངེས་པར་འབྱུང་བྱས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ ཉིད་ཅེས་གསུངས་པ་ཡིན་ནོ། །གཞུང་འདིར་ཚིགས་སུ་བཅད་པ་རྣམས་ཀྱིས་ཉེ་བར་བསྡུས་པ་ནི་གསལ་བར་མཛད་པའི་ཕྱིར་ཡིན་ཏེ། སྟོང་ཕྲག་བརྒྱ་པའི་དོན་ཐམས་ཅད་བསྡུས་པའི་ཕྱིར་དེ་དང་མཐུན་པར་ལེའུ་སྦྱར་བར་རིགས་མོད་ཀྱིས་བློ་དམན་པ་རྣམས་ཀྱིས་མི་རྟོགས་པའི་ཕྱིར་མ་བྱས་ ཏེ། དེ་བཞིན་དུ་སྟོང་ཕྲག་ཉི་ཤུ་ལྔ་པ་དང་ཡང་མཐུན་པར་མ་བྱས་སོ། །སྐྱེ་བོ་ཐམས་ཅད་ཀྱིས་བདེ་བར་རྟོགས་པར་བྱ་བའི་ཕྱིར་རམ། དོན་གཅིག་པར་ཤེས་པར་བྱ་བའི་ཕྱིར་བརྒྱད་སྟོང་པ་དང་མཐུན་པར་ལེའུ་ཐ་མའི་དབྱེ་བ་འདིར་ལེའུ་རྫོགས་པར་བདག་གིས་བྱས་སོ། །ཡོན་ཏན་རིན་པོ་ཆེ་ སྡུད་པ་ཚིགས་སུ་བཅད་པ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའི་ལེའུ་སྟེ་དང་པོའི་བཤད་པའོ།། །།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི་ལམ་ཡོངས་སུ་མ་ཤེས་པར་མ་ཡིན་པས་ལམ་ཤེས་པར་བསྟན་ཏོ། །དེ་ལ་དང་པོ་རྟེན་ལ་སོགས་པ་བརྗོད་པར་བྱ་ བའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པའི་མངོན་པར་ཞེན་པ་གང་ཞིག་མི་སྦྱོར་བར་གནས་པ་ནི་ཆོས་ཉིད་ལ་གནས་པར་འགྱུར་རོ། །འདི་ལྟར་འོད་ཀྱིས་མོག་མོག་པོར་མཛད་པས་རྒྱུད་ལ་ཡོད་པའི་ང་རྒྱལ་བཅོམ་པ་ནི་རྟེན་ཡིན་ནོ། །དེས་ ཡང་དག་པར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་ཡུལ་སོ་སོར་ངེས་པ་ཡིན་ནོ། །འདི་ན་སྣོད་མིན་སེམས་ཅན་འགའ་ཡང་མེད། །ཅེས་གསུངས་པས་འགྲོ་བ་ཐམས་ཅད་ཀྱིས་སངས་རྒྱས་ཐོབ་པར་འགྱུར་ཏེ། འདོད་ཆགས་དང་བྲལ་བ་དང་ཅིག་ཤོས་ཀྱི་རྣལ་འབྱོར་པས་ཀྱང་སངས་རྒྱས་ཉིད་ཐོབ་ པས་ན་ལམ་ཤེས་པ་བསྒོམ་པ་ནི་ཁྱབ་པ་ཡིན་ནོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཉོན་མོངས་པ་ཐམས་ཅད་མི་སྤོང་བ་ནི་རང་བཞིན་ནོ། །ཤེས་རབ་དང་ཐབས་ལ་མཁས་པའི་སྟོབས་ཀྱིས་ཡོངས་སུ་མ་བཟུང་བའི་སེམས་ཅན་ཡོངས་སུ་བཟུང་བ་ ལ་སོགས་པ་གང་ཡང་རུང་བ་ལས་སུ་བྱ་བའི་འཇུག་པ་ཡིན་ནོ། །དབྱེ་བ་ལྔ་པོའི་དོན་མེད་ན་མི་འབྱུང་བའི་ཕྱིར་ཆོས་ཉིད་ཀྱི་སྒྲས་འཕངས་པ་ཡིན་ནོ་ཞེས་རྟོགས་པར་བྱའོ། །གཞན་དུ་ན་ལམ་ཤེས་པས་རྟོགས་པར་མི་རིགས་པས་དེ་ཉིད་ཀྱི་ཕྱིར་དེ་རྟོགས་པའི་ཐབས་ཡིན་པས་དེ་དག་དོན་གྱི་དབྱེ་ བ་ལྔ་ལ་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལམ་ཤེས་པའི་རང་བཞིན་མཆོག་ལ་སྤྱོད་པ་ཡིན་ནོ། །རྟེན་ལ་སོགས་པ་བསྟན་པའི་ཤུགས་ཀྱིས་ལམ་ཤེས་པའི་དབང་དུ་བྱས་ཏེ། རང་གི་ལམ་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་རབ་ཏུ་རྟོགས་པ་ཐོབ་ནས་ཐེག་པ་གཞན་གྱིས་ འདུལ་བའི་སེམས་ཅན་ཐ་དད་པའི་སེམས་ཅན་གྱི་དོན་མངོན་སུམ་དུ་མི་བྱེད་པར་ལམ་རྒྱུ་དང་བཅས་པ་བསྟན་པ་ལ་ཡོངས་སུ་མཁས་པའི་ཐབས་ལ་མཁས་པས་ལམ་ཐམས་ཅད་བྱང་ཆུབ་སེམས་དཔས་ཡོངས་སུ་རྫོགས་པར་བྱའོ་ཞེས་བསྟན་པའི་ཕྱིར་ཉན་ཐོས་ཀྱི་ལམ་བསྟན་པའི་ཆེད་དུ་རྟག་དང་ཞེས་བྱ་བ་ལ་ སོགས་པ་གསུངས་ཏེ། དེ་ལ་ཆོས་ཉིད་ཀྱིས་སྐྱེས་པ་འཇིག་པའི་ཕྱིར་མི་རྟག་པའོ། །ཟག་པ་དང་བཅས་པས་མཐུན་པ་མ་ཡིན་པའི་ཕྱིར་སྡུག་བསྔལ་བའོ། །བདག་དང་གཞན་གྱིས་སྟོང་པའི་ཕྱིར་སྟོང་པའོ། །རྟག་པ་ཉིད་ལ་སོགས་པ་དེ་ཉིད་ལས་བཟློག་པར་བྱ་བ་དེ་གཉིས་ནི་དོར་བར་བྱ་ བ་དང་བླང་བར་བྱ་བ་ཡིན་ནོ། །གཙོ་བོའི་ཕྱིར་སྡུག་བསྔལ་གྱི་བདེན་པ་བཟུང་བ་ཡིན་ནོ། །དེ་བཞིན་ཉིད་དང་དེ་བཞིན་སྟོང་ཞེས་བྱ་བ་འདིས་ནི་རབ་ཏུ་འབྱེད་པའི་སྟོབས་ཀྱིས་ལྷག་མ་བདེན་པ་གསུམ་པོའི་ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་དེ་གཉིས་མཐུན་པའི་ཕྱོགས་དང་གཉེན་པོའི་རྣམ་པ་ བསྡུས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔས་ཇི་ལྟར་གོམས་པར་བྱ་ཞེ་ན། སྟོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པ་དེ་དག་དེས་མི་དམིགས་སོ། །འདིར་རྟག་པ་ལ་སོགས་པའི་ཆོས་ཀྱི་གཉེན་པོ་མི་རྟག་པ་ལ་སོགས་པའི་རྣམ་པའི་བདེན་པ་བཞིའི་དངོས་པོ་ ལ་དམིགས་པ་ཉན་ཐོས་ཀྱི་མཐོང་བའི་ལམ་བསྐྱེད་པས་དེས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བར་བྱེད་པ་དུས་ཇི་སྲིད་སྒོམ་པ་གང་ཞིག་ཤེས་པས་ཕྱིས་ལམ་དེར་ལྟུང་བར་དོགས་ནས་སྤང་བའི་ཕྱིར་རྣམ་པ་དེ་དག་མི་དམིགས་པའི་རང་བཞིན་ཡིད་ལ་བྱེད་དོ། །དེ་བས་ན་སྟོང་པ་ ཉིད་ཀྱི་བདེན་པས་སྤྱིར་འབྲས་བུ་ཅུང་ཟད་གང་ཐོབ་པ་ལ་ཡང་མི་གནས་སོ། །དེ་ཉིད་ཀྱི་ཕྱིར་དབང་པོ་རྟུལ་པོ་དང་འབྲིང་དང་རྣོན་པོ་ལ་མི་རྟག་པ་ལ་སོགས་པའི་རྣམ་པ་བསྒོམ་པ་ན་རིམ་པ་ཇི་ལྟ་བ་བཞིན་བྱང་ཆུབ་རྣམ་པ་གསུམ་ཐོབ་ཅེས་ཉན་ཐོས་ཀྱི་ཐེག་པ་ལས་ བསྟན་པའོ། །ཁྱད་པར་ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པའི་སར་མི་གནས་ཤིང་རྣམ་པ་ཐམས་ཅད་དུ་ཉན་ཐོས་ལ་སོགས་པའི་ཐེག་པ་བསྟན་པའི་རིམ་པས་ཐབས་མ་ཡིན་པའི་ཕྱིར་དེས་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཆེད་དུ་བདག་མེད་པ་ ཉིད་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྤོང་དུ་འཇུག་པར་བྱེད་པ་ཡིན་གྱི། དེ་ལས་བྱང་ཆུབ་སེམས་དཔས་ཀྱང་རྒྱལ་བའི་ཕྱིར་འཇུག་པ་ཡིན་ནོ། །བདེན་པ་ཡོངས་སུ་ཤེས་པའི་སྔོན་དུ་ངེས་པར་འབྱེད་པའི་ཆ་ཡོངས་སུ་ཤེས་པ་འགྲོ་བས་ངེས་པར་འབྱེད་པ་བསྟན་པའི་ཕྱིར། ཇི་ལྟར་ཞེས་ བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་འདྲེན་པ་བཅོམ་ལྡན་འདས་གནས་པ་མེད་པར་སྤྱོད་པ་དེ་ལྟར་དེ་བཞིན་ཉིད་ལ་སོགས་པ་འདུས་མ་བྱས་ཀྱི་ཁམས་ཀྱི་དེ་ཁོ་ན་ཉིད་ལ་ཡང་མི་གནས་སོ། །དེ་བཞིན་དུ་འདོད་པའི་ཁམས་ལ་སོགས་པའི་འདུས་བྱས་ལ་ཡང་མི་གནས་ཤིང་། དེ་བས་ ན་དེ་ལ་ཇི་ལྟར་སྣང་བ་རྣམས་ལ་གནས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཇི་སྐད་བསྟན་པའི་རྣམ་པར་བསྒོམས་པས་ངེས་པར་འབྱེད་པ་ཡོངས་སུ་ཤེས་པ་གནས་ཀྱང་བྱང་ཆུབ་སེམས་དཔའ་གནས་མེད་པ་ཉིད་གནས་ཡིན་ནོ། །གང་གི་ཕྱིར་གནས་མེད་གནས་ཡིན་འདི་ནི་རྒྱལ་བ་དེ་བཞིན་ གཤེགས་པས་གསུངས་སོ། །ཉན་ཐོས་ཀྱི་ལམ་གྱི་རྗེས་ལ་རང་སངས་རྒྱས་རྣམས་ཀྱི་ལམ་བརྗོད་པར་རིགས་མོད་ཀྱི། ཉན་ཐོས་ལས་རང་སངས་རྒྱས་ཇི་ལྟར་ཁྱད་པར་དུ་འཕགས། གང་གིས་ན་དེ་ཉིད་<གྱི་‚ཀྱི་>ལམ་ལ་ཁྱད་པར་གྱི་ཅི་ཡོད་སྙམ་པའི་དོགས་པ་བསལ་བའི་ཕྱིར་ གང་གིས་སྔོན་ཐོས་པ་ལ་སོགས་པ་མངོན་པར་འདུས་བྱས་པས་གཞན་གྱིས་བསྟན་པ་ལ་ལྟོས་པ་མེད་པར་རང་གི་བྱང་ཆུབ་ཐོབ་པ་ནི་གཅིག་ཡིན་ནོ། །དེ་བཞིན་དུ་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་གཟུང་བའི་རྣམ་པར་རྟོག་པ་སྤངས་པ་དང་། སྒྲ་བརྗོད་པ་མེད་པར་གཞན་གྱི་དོན་ བྱེད་པ་དག་གིས་ཡེ་ཤེས་ཟབ་པ་ཡིན་ཏེ། གཉིས་ཀྱི་ཁྱད་པར་དུ་འཕགས་སོ། །གཞན་དུ་ན་ཁྱད་པར་དུ་འཕགས་པ་མེད་ན་ལམ་ལ་ཁྱད་པར་ཡོད་པར་མི་རིགས་པའི་ཕྱིར་ཤུགས་ཀྱིས་འཕངས་པ་ཡིན་པར་རིག་པར་བྱའོ། །དེ་བས་ན་ཁྱད་པར་དུ་འཕགས་པའི་ལམ་ཁྱད་པར་ ཅན་རང་སངས་རྒྱས་ཀྱི་ལམ་བསྟན་པའི་ཕྱིར་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འགའ་ཞིག་རྒྱ་མཚོར་ནུབ་པས་ཕ་རོལ་དང་ཚུ་རོལ་གྱི་འགྲམ་མི་མཐོང་བས་འགྲོ་བར་མི་ནུས་ཏེ། ཐབས་མི་ཤེས་པའི་ཕྱིར་རོ། །དེ་བཞིན་དུ་འཁོར་བའི་རྒྱ་མཚོར་ནུབ་ པའི་སྐྱེ་བོས་སོ། །གང་གི་ཕྱིར་མི་ལྡོག་པའི་ཕྱིར་བདེ་གཤེགས་ནི་ཉན་ཐོས་སོ། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ་ནི་མངོན་པར་འདོད་པའོ། །དེས་ན་འདི་ལ་ནི་ལམ་ཤེས་པ་སྟེ་ལམ་ཐམས་ཅད་དུ་ཡུལ་ཡིན་པའི་ཕྱིར་རོ། །ཆོས་ལ་རྟོགས་པའི་ བཟོད་པ་འདི་ལ་མ་བརྟེན་པར་སངས་རྒྱས་ཐོབ་པར་མི་ནུས་ཏེ། མངོན་པར་འདོད་པའི་དོན་མི་ཐོབ་ཅེས་བྱ་བའི་དོན་ཏེ་གཞན་དུ་འཐོབ་པ་མེད་ཅེས་བྱ་བའི་དོན་ཏོ། །འདིས་གཞི་ཁྱབ་པའི་དོན་དུ་བསྟན་པ་འདིས་ནི་རང་སངས་རྒྱས་ཀྱི་ལམ་གྱི་དབང་དུ་བྱས་པ་དེ་བསྟན་པར་འགྱུར་རོ། ། གཟུང་བར་རྟོག་པ་འབའ་ཞིག་སྔངས་པའི་རང་སངས་རྒྱས་ཀྱི་ལམ་གང་གིས་ཁྱད་པར་དུ་འཕགས་པ་དེའི་རང་བཞིན་ཁོ་ན་ལམ་ཤེས་པ་མ་ཡིན་གྱི། འོན་ཀྱང་ཉན་ཐོས་ལ་སོགས་པའི་ལམ་གྱི་རང་བཞིན་ཡང་ཡིན་ནོ། །གཟུང་བ་མེད་པས་དེ་འཛིན་མེད་ཅེས་བསྟན་པའི་ཕྱིར་རོ། ། འཛིན་པའི་རྣམ་པར་རྟོག་པ་ཅི་འདྲ་བས་ཆོས་འཛིན་པ་རང་སངས་རྒྱས་སུ་རྟོགས་ཤེ་ན། ཆོས་འཆད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཆོས་འཆད་པ་དང་ཉན་དང་བཤད་བྱ་གང་ཡིན་པ་སྒྱུ་མ་ལྟ་བུ་ཡིན་ཏེ། འདིར་དགོས་པ་ནི་དེ་ལྟ་བུའི་དངོས་པོའི་ཆོས་ ཏེ། གང་གི་ཕྱིར་རང་གི་མཚན་ཉིད་དངོས་པོའི་བདག་རྒྱུར་རུང་བས་འཛིན་པར་བྱེད་པར་རྣམ་པར་མི་རྟོག་པའི་ཤེས་པ་ནི་རང་གི་མཚན་ཉིད་འབྲས་བུ་སྐྱེ་བས་དེ་མེད་ན་མེད་པ་ཡིན་མོད་ཀྱི། གཟུང་བའི་རྣམ་པར་རྟོག་པ་བཀག་པ་ན་ཡང་གཟུགས་ལ་སོགས་པ་ལ་འཛིན་པའི་རྣམ་ པར་རྟོག་པའི་ཤེས་པས་རང་གི་རྒྱུད་ལ་བག་ཆགས་གཞག་པ་སད་པ་ལས་སྐྱེ་བའི་ཕྱིར་བཟུང་བའི་རྣམ་པར་རྟོག་པ་ལས་ངེས་འབྱུང་ཞེས་བྱ་བའི་ངེས་པ་མེད་དོ། །གང་གི་ཕྱིར་རང་སངས་རྒྱས་གང་གིས་གཞན་ལ་འཆད་པ་ཉེ་བར་མཚོན་པ་ཡིན་པའི་ཕྱིར་མི་ འཆད་པ་ཡང་སྟེ། གཟུགས་ལ་སོགས་པ་རྣམ་པར་མི་རྟོག་པས་བཟུང་བའི་རྗེས་ལ་འཛིན་པའི་རྣམ་པར་རྟོག་པ་ཞེས་པ་ཉན་པ་དང་འཛིན་པར་བྱེད་དེ། དེ་བཞིན་དུ་གང་མཉན་པ་དང་ལྡན་པ་དག་ཉན་པ་སྟེ། དེ་དག་ཐམས་ཅད་ཀྱང་རྫུན་པ་སྣང་བའི་རང་བཞིན་འཛིན་པའི་ རྣམ་པར་རྟོག་པ་དང་བྲལ་བའི་ཆོས་འཛིན་པའང་སྒྱུ་མ་ལྟ་བུ། ཆོས་དེ་འཆད་པ་དང་ཉན་པ་ཡང་སྒྱུ་མ་ལྟ་བུར་རིག་པར་བྱའོ། །དེ་བས་ན་འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པའི་རིགས་པ། འདིས་ཡང་རང་སངས་རྒྱས་ཀྱི་ལམ་གྱི་རང་བཞིན་དུ་གྱུར་པར་བལྟའོ། །རྣམ་པ་ གང་གིས་ཆོས་སྒྱུ་མ་ལྟ་བུར་བསྟན་པ་ནི་རང་བཞིན་བཀག་ནས་དེ་ཁོ་ན་ཉིད་དུ་ཡོད་པར་རྟོགས་ཞེས་ཟེར་ན། འབྲས་བུ་ཐོབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འབྲས་བུ་གང་ཞིག་དང་པོ་ལ་སོགས་པ་ལ་གནས་པའི་གང་ཟག་བརྒྱད་པོ་ནི་འབྲས་བུ་འཐོབ་པའོ། །ཚོགས་ན་ སྤྱོད་པ་དང་། བསེ་རུ་ལྟ་བུ་འང་རང་སངས་རྒྱས་སུ་མཚུངས་པས་རྐྱེན་རྒྱལ་ལོ། །ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་གཉིས་པོ་དག་གིས་འཇིག་རྟེན་མགོན་གྱི་དབྱེ་བ་རྣམ་པ་གཉིས་སོ། །རིམ་པ་ཇི་ལྟ་བ་བཞིན་དུ་དོན་དུ་སྦྱོར་བས་མཁས་པ་དང་གསལ་བ་སྟེ། ཕུལ་ དུ་བྱུང་བའི་ཤེས་རབ་ཕུན་སུམ་ཚོགས་པས་མཁས་གསལ་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་སུམ་དུ་བྱས་པ་བཞིན་ནོ། །ཡང་གང་གིས་ཆོས་ཀྱི་སྐུ་ཐོབ་པ་ནི་མྱ་ངན་ལས་འདས་པ་སྟེ། རིམ་པ་ཇི་ལྟ་བ་བཞིན་དུ་རང་དང་གཞན་གྱི་དོན་ལ་སྦྱོར་བ་ནི་མཁས་རིག་གོ། ། ཡང་ན་མཁས་པ་རྣམས་ཀྱི་ནང་ནས་ཤེས་རབ་ཕུལ་ཏུ་བྱུང་བ་ཕུན་སུམ་ཚོགས་པ་ནི་མཁས་རིག་གོ། །ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་བྱེད་པ་དེ་དག་ཐམས་ཅད་ནི་འདས་མ་ཐག་ཏུ་བསྟན་པའི་རྣལ་འབྱོར་པས་ཀུན་རྫོབ་ཏུ་བླང་བར་བྱ་བ་གཉེན་པོ་སྒྱུ་མ་ལྟ་བུའི་རང་བཞིན་ ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ལ་སོགས་པའི་གཏན་ཚིགས་རྣམས་ཀྱིས་བསྟན་པའི་ཕྱིར་ཆོས་ཀྱི་རྒྱལ་པོ་ཡང་སྒྱུ་མ་ལྟ་བུར་རྟོགས་པར་བྱ་བ་ཡིན་ན་གཞན་ལྟ་ཅི་སྨོས་ཏེ་དེ་བཞིན་ནོ། །གང་གི་བརྡ་ཅུང་ཟད་གྲུབ་པས་དོན་མ་གྲུབ་པ་སྒྲུབ་པར་བྱེད་པའི་དཔེ་སྒྱུ་མ་ལྟ་བུ་ བསྟན་པས་དེའི་ཚེ་ཡང་ཉེས་པ་ཅུང་ཟད་ཀྱང་མེད་དོ། །ཅི་འདྲ་བ་ལ་མཁས་པའི་གང་ཟག་རང་སངས་རྒྱས་ཀྱི་ཐེག་པའི་སྣོད་དུ་འགྱུར་བ་བསྟན་པའི་ཕྱིར། གང་ཟག་བཞི་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཤེས་རབ་འབྲིང་གི་ལྟ་བ་དང་ལྡན་པ་ཀུན་རྫོབ་དང་དོན་དམ་པའི་ དབྱེ་བ་ཡོངས་སུ་ཤེས་པའི་མཁས་པ་ནི་རྒྱལ་སྲས་སོ། །དང་པོར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པ་ཉིད་ཀྱིས་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་ངེས་པ་ནི་ཕྱིར་མི་ལྡོག་པ་སྟེ་གཉིས་པའོ། །ཐམས་ཅད་ཀྱིས་མཆོད་པར་འོས་པས་ན་དགྲ་བཅོམ་པ་སྟེ། །མཐོང་བའི་ལམ་ ལ་སོགས་པ་དེ་ཉིད་ཀྱིས་བཟུང་བའི་རྣམ་པར་རྟོག་པ་སྤངས་པས་རིམ་པ་ཇི་ལྟ་བ་བཞིན་དུ་དྲི་མ་བསལ་བ་དང་། དེ་ཉིད་ཀྱི་ཆོས་ཉིད་མངོན་སུམ་དུ་བྱས་པས་ཐེ་ཚོམ་མེད་པའི་ཕྱིར་སོམ་ཉི་སྤངས་པ་ནི་གསུམ་པའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ནི་བཞི་པའོ། ། གང་ཟག་བཞི་པོ་དེ་དག་རང་སངས་རྒྱས་ཀྱི་རིགས་ཅན་ཡིན་པའི་ཕྱིར་འདི་ལ་སྐྲག་པར་མི་འགྱུར་རོ། །དེ་དག་གི་རྟེན་བསྟན་ཏོ། །ཇི་ལྟར་རང་སངས་རྒྱས་ཀྱི་ལམ་བྱང་ཆུབ་སེམས་དཔས་གོམས་པར་བྱ་བ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། ཉན་ཐོས་རྣམས་བསྒོམ་པ་ཇི་ལྟ་བ་བཞིན་དུ་དངོས་པོ་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པས་རང་སངས་རྒྱས་ཀྱི་མཐོང་བའི་ལམ་བསྐྱེད་དོ། །ཉོན་མོངས་པ་སྤོང་བ་ཡང་དེ་བཞིན་ནོ། །ཤེས་རབ་འབྲིང་གི་སྟོབས་ཀྱིས་ཆོས་ཉིད་ལྷག་པ་མཐོང་བ་ ཉིད་ཇི་སྐད་བསྟན་པས་ཁྱད་པར་དུ་འཕགས་པ་དང་ལྡན་ཞིང་ཤེས་བྱའི་སྒྲིབ་པ་བཟུང་བར་རྟོག་པ་ཕྱོགས་གཅིག་སྤོང་བ་དུས་ཇི་སྲིད་བསྒོམ་པ་ཤེས་པ་ཉིད་ཀྱིས་ཕྱིས་དེའི་ལམ་དུ་ལྟུང་བ་སྤང་བའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་ཡིད་ལ་བྱེད་དོ། །དེ་ལྟར་མི་དམིགས་པས་རང་ སངས་རྒྱས་ཀྱི་ཐེག་པ་ལ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་མཁས་རིག་སྟེ། དགྲ་བཅོམ་པ་ནི་སྤངས་པ་ཕུན་སུམ་ཚོགས་པ་ལ་ཡང་མི་བསླབ་བོ། །ཐམས་ཅད་མཁྱེན་པ་ཉིད་ཆེད་དུ་སངས་རྒྱས་ལ་དམིགས་ནས་དེའི་ཐབས་བདག་མེད་པ་ལ་གོམས་ པར་བྱེད་པ་ནི་ཆོས་རྗེས་སུ་སློབ་སྟེ། བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ལ་སློབ་པའོ། །གང་ཞིག་མི་སློབ་པ་ནི་ཤེས་རབ་དང་ཐབས་ལ་མཁས་པའི་སྟོབས་ཀྱིས་ཡོངས་སུ་བཟུང་བས་གོ་རིམས་བཞིན་མི་སློབ་པའོ། །དེ་ཉིད་ཀྱི་ཕྱིར་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་དེ་སློབ་པ་ཡིན་ནོ་ཞེས་ བྱ་བའི་དོན་ཏོ། །ངེས་པར་འབྱེད་པའི་ཆ་ཡོངས་སུ་ཤེས་པ་དེས་ཇི་སྐད་བསྟན་པའི་རང་སངས་རྒྱས་ཀྱི་ལམ་ཡོངས་སུ་ཤེས་པར་འགྱུར་བས་ངེས་པར་འབྱེད་པ་བསྟན་པའི་ཕྱིར། གཟུགས་འཕེལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྦྱིན་པའི་རང་བཞིན་བརྗོད་པ་ནི་གཟུགས་ ཙམ་ཡིན་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔའོ། །འཕེལ་བ་ནི་བསགས་པའོ། །ཡོངས་སུ་ཉམས་པ་ནི་བསགས་པ་མེད་པའོ། །ཡོངས་སུ་བཟུང་བ་ནི་རྟེན་པར་བྱེད་ཅེས་བྱ་བའི་བར་དུའོ། །ཇི་སྐད་བསྟན་པ་བསྒོམས་པས་ངེས་པར་འབྱེད་པ་ཡོངས་སུ་ཤེས་པ་ནི་སློབ་པ་སྟེ། འཇུག་ པར་བྱེད་པའོ། །གང་ལ་བྱང་ཆུབ་སེམས་དཔའ་ནི་མི་སློབ་ཅིང་འདོར་བར་བྱེད་དེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འཕེལ་བ་དང་ཉམས་པ་ཡོངས་སུ་འཛིན་པ་ལ་མི་སློབ་སྟེ། བླང་བར་བྱ་བ་སྣ་ཚོགས་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམས་ཡོངས་སུ་མི་འཛིན་ཅིང་དེ་ ཉིད་ཀྱི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་སངས་རྒྱས་ཀྱིས་ཡོངས་སུ་མི་འཛིན་ཏེ། སེམས་ཀྱིས་ཀྱང་རྟེན་པར་མི་བྱེད་དེ་འཆིང་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བུས་ངེས་པར་འབྱུང་ངོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟ་བུ་ལ་འདིར་སློབ་སྟེ་གོམས་པ་ཞེས་པས་བཅོམ་ལྡན་འདས་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དེ། རིམ་གྱིས་བྱ་བ་ནི་ཚིག་གི་ལྷག་མའོ། །ལྷག་མ་ཉོན་མོངས་པ་སྤོང་བ་ནི་སྔར་བསྟན་པའི་ལམ་གྱི་ངོ་བོ་ལ་མངོན་དུ་ཕྱོགས་པས་ཡང་དང་ཡང་དུ་དམིགས་པ་ནི་བསྒོམ་པའི་ལམ་དུ་བཞག་པ་ཡིན་པའི་ཕྱིར་མཐོང་བའི་ལམ་ཡོངས་སུ་ཤེས་པ་ཉིད་ ཀྱིས་དེ་ཡོངས་སུ་ཤེས་པར་གྲུབ་པ་དེ་བས་ན་བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ཡོངས་སུ་ཤེས་པའི་ཕྱིར་ཉན་ཐོས་ལ་སོགས་པ་དང་འབྲེལ་པའི་བསྒོམ་པའི་ལམ་ལོགས་ཤིག་ཏུ་མ་བརྗོད་པར་ཤེས་པར་བྱའོ། །ཇི་ལྟ་བུར་གྱུར་པའི་རྒྱལ་བའི་སྲས་ཀྱིས་མཐོང་བའི་ལམ་ཐོབ་པའི་སྟོབས་ ཀྱིས་རང་གི་ལམ་ལ་དབང་དུ་གྱུར་པ་ཐོབ་པ་དེ་ལས་གཞན་པའི་ཐེག་པས་འདུལ་བའི་སེམས་ཅན་རྗེས་སུ་འཛིན་པ་ནི་ལམ་གཉིས་ལས་ཡོངས་སུ་རྒྱལ་བ་ཡིན་པའི་ཕྱིར་དེའི་རྗེས་ལ་ཚེ་འདིའི་ཡོན་ཏན་ལ་སོགས་པ་དང་ལྡན་པར་རྗེས་སུ་གདམས་པར་བྱ་བའི་མཐོང་བའི་ལམ་བསྒྲུབ་པའི་ཕྱིར། གཟུགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ནི་ཤེས་རབ་མ་ཡིན་ཏེ་དེ་བཞིན་ཉིད་ཡིན་ནོ། །གཟུགས་ལ་ཤེས་རབ་མེད་དེ། རྣམ་པར་ཤེས་པ་ལ་སོགས་པ་ཡང་ཤེས་རབ་མེད་དོ། །ཤེས་རབ་ལ་ཡང་དེ་བཞིན་ནོ། །འོན་ཀྱང་ནམ་མཁའི་ཁམས་དང་མཚུངས་པར་དེ་ དག་གིས་སྟོང་སྟེ། གཟུགས་ལ་སོགས་པ་རིགས་པས་མ་བསྐྱེད་པའི་ཕྱིར་ཆོས་ཐམས་ཅད་རྟེན་དང་བརྟེན་པར་ཐ་དད་པའི་མཚན་ཉིད་མེད་དེ། ཁྱད་པར་དང་སྣ་ཚོགས་པའི་རང་བཞིན་དུ་མེད་ཅེས་བྱ་བའི་བར་དུའོ། །དེ་སྐད་དུ། ཆ་ཤས་སྒྲོ་འདོགས་ཇི་སྙེད་པ། །དེ་བསལ་ཕྱིར་ན་ ངེས་པ་དང་། །སྒྲ་ཡང་དེ་སྙེད་ཁོ་ན་དེས། །དེ་དག་སྤྱོད་ཡུལ་ཐ་དད་ཅན། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བསྒོམས་པས་མཐོང་བའི་ལམ་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་རྗེས་ཐོགས་ལ་མི་དམིགས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་པར་ལྡན་པ་དེས་ཉོན་མོངས་ པ་བརྒྱད་ཅུ་གཉིས་སྤོང་བར་བྱེད་པ་སྐྱེ་བ་ཡིན་ནོ། །དེ་ལྟར་ན་འཕགས་པའི་བདེན་པ་བཞིའི་རྣམ་པའི་བྱེ་བྲག་གིས་རིམ་པ་བཞིན་བསྒོམ་པར་གྲགས་པ་ཇི་ལྟ་ཞེ་ན། དམིགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཡོངས་སུ་ཤེས་པ་ཙམ་ཉིད་སྡུག་བསྔལ་གྱི་བདེན་ པ་སྟེ་དམིགས་པས་སོ། །དངོས་པོ་ཐམས་ཅད་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་དངོས་པོར་མངོན་པར་ཞེན་པ་སྤང་བར་བྱ་བ་ཡིན་པས་ན་ཀུན་འབྱུང་གི་བདེན་པ་ཡིན་ཏེ་སེམས་ཅན་གྱིས་སོ། །མངོན་སུམ་དུ་བྱ་བ་ཡིན་པས་ན་འགོག་པའི་བདེན་པ་སྟེ་ནམ་མཁའི་ཁམས་ཀྱིས་སོ། ། ཡོན་ཏན་ཐམས་ཅད་འབྱུང་བའི་ཕྱིར་ཆོས་རྣམ་པར་འབྱེད་པ་ནི་ལམ་གྱི་བདེན་པ་ཡིན་པས་ཤེས་རབ་ཀྱིས་སོ། །ཕ་མཐའ་མེད་ནི་སྔོན་དང་ཕྱི་མའི་མཐའ་དང་རྒྱུ་དང་འབྲས་བུ་ཞེས་བྱ་བའི་བར་དུའོ། །ཡོངས་སུ་རྫོགས་པར་ཡོད་པའི་དུས་ནི་ཕ་ རོལ་ལོ། །ཕ་མཐའ་མེད་ནི་སྒྱུ་མ་ལྟ་བུར་མེད་པའོ། །གང་ལ་རང་བཞིན་ཡོད་པ་ནི་རང་བཞིན་ཏེ། དེ་ནི་ཕ་མཐའ་མེད་དེ། རྒྱུ་དང་འབྲས་བུའི་རང་བཞིན་སྤངས་ཞེས་བྱ་བའི་བར་དུའོ། །འདིས་འགྲོ་བའི་རང་བཞིན་མཁྱེན་པའི་ཕྱིར་འཇིག་རྟེན་མཁྱེན་པ་སྟེ། དེ་བཞིན་གཤེགས་ པ་རྣམས་ཀྱིས་ཇི་ལྟར་སྣང་བའི་བདེན་པ་ལའོ། །དེ་དག་གི་རང་བཞིན་གང་ལ་ཡོད་པ་དེ་ནི་གང་གི་ཕྱིར་རིགས་པས་ཕ་མཐའ་མེད་པའོ། །དེ་བས་ན་རྟེན་ཅིང་འབྲེལ་པར་འབྱུང་བར་སྨྲ་བའི་ཕྱོགས་བདག་མེད་པའི་རྣམ་པ་གཅིག་གིས་ཆོས་ཐམས་ཅད་མཉམ་པར་བསྒོམ་པ་དང་། དངོས་པོར་ སྨྲ་བའི་ཕྱོགས་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་བདེན་པ་མི་རྟག་པའི་རྣམ་པའི་བྱེ་བྲག་བསྒོམ་པ་ཡིན་པར་རྣམ་པར་གཞག་སྟེ། རྟག་པ་ལ་སོགས་པའི་ཆོས་གཞན་སྒྲོ་བཏགས་པ་སྲིད་པས་དེའི་ཕྱིར་འགལ་བ་མེད་དོ། །དངོས་པོར་སྨྲ་བའི་ཕྱོགས་ལ་ཅིའི་ཕྱིར་མི་རྟེན་ཅེ་ན། འདུ་ ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་ལ་གྲགས་པའི་གཟུགས་ལ་སོགས་པ་དེ་དག་ནི་གང་ཞིག་མིང་ཙམ་སྟེ། འདི་དག་ཐམས་ཅད་མིང་ཙམ་སྟེ། །འདུ་ཤེས་ཙམ་ལ་རབ་ཏུ་གནས། །བརྗོད་པ་ལས་ནི་གཞན་གྱུར་པ། །བརྗོད་པར་བྱ་བར་རབ་ཏུ་བརྟགས། ། ཞེས་གསུངས་པའི་ཕྱིར་རོ། །འདྲེན་པ་སྟེ་འགྲོ་བའི་བླ་མས་བཏགས་པ་ཙམ་དུའོ། །ཙམ་གྱི་སྒྲས་རྣམ་པ་གཞན་གཅོད་པར་བྱེད་དེ། མིང་ཙམ་དུ་ཡོངས་སུ་བསྒྲགས་སོ། །དེ་བས་ན་མིང་བཏགས་པ་ཡིན་པར་ཤེས་ནས་བདག་མེད་པའི་རྣམ་པ་བསྒོམས་པས་གང་ཞིག་ མཐོང་བའི་ལམ་གྱིས་སྤང་བར་བྱ་བའི་དངོས་པོ་དེ་མ་ཐག་པའི་ལམ་གྱི་སྟོབས་ཀྱིས་སྤངས་པ་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་འགྲོ་བ་ཡིན་ནོ། །ཐོབ་པར་བྱ་བའི་དངོས་པོ་ཐོབ་པ་ནི་རྣམ་པར་གྲོལ་བའི་ལམ་གྱི་སྟོབས་ཀྱིས་ཡིན་ཏེ། ཡེ་ཤེས་ཕུན་སུམ་ཚོགས་པར་འགྲོ་ཞིང་ འདུ་ཤེས་དང་བྲལ་བ་ཐོབ་པ་དེ་ཉིད་ཀྱི་ཕྱིར་དོར་བར་བྱ་བ་དང་བླང་བར་བྱ་བ་མངོན་སུམ་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་ཏེ། རང་བཞིན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕ་རོལ་ཏུ་ཕྱིན་པ་ནི་འདིར་མཐོང་བའི་ལམ་ལ་གནས་པར་འགྱུར་གྱི་གཞན་ཕྱིན་ཅི་ལོག་གི་རང་བཞིན་ལ་མི་རྟེན་ཏོ། །དོན་ དམ་པར་བསྒོམ་པ་རྒྱུ་དང་བཅས་པ་ཡོད་པའི་ཕྱིར་ཕྱིན་ཅི་ལོག་གི་རང་བཞིན་ཡོད་དོ་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བཅོམ་ལྡན་འདས་བཞུགས་ཏེ་ཡོད་པ་ཡིན་ནོ་ཞེས་ཡོད་པའི་སྒྲ་ཡོངས་སུ་བསྒྲགས་ཀྱང་གཙོ་བོས་ཀྱང་མི་སྤྱོད་ ན། སྐྱེ་བོའི་ཚོགས་གཞན་གྱིས་ཀྱང་དེ་བཞིན་དུ་ཡོད་དོ་ཞེས་བྱ་བར་སྤྱོད་པ་ལྟ་ག་ལ་ཡོད་དེ་ཡོད་མི་སྲིད་པས་རྒྱུ་མེད་པ་ལ་སོགས་པའི་ཉེས་པ་དང་བྲལ་བའི་ཕྱིར་གཟོད་མ་ནས་ཉེས་པ་མེད་པས་ཤིན་ཏུ་དག་པ་ཡིན་ནོ། །གཞན་གང་ལས་རྒྱུར་གྱུར་པ་དེ་སྒྲུབ་པར་བྱེད་པའི་ཚད་མ་ མེད་པའི་ཕྱིར་ཡོད་པ་སྐྱེ་བར་ག་ལ་འགྱུར། དེ་བས་ན་དངོས་པོ་ཡོད་པ་ཞེས་བྱ་བ་ཕྱིན་ཅི་ལོག་གི་རང་བཞིན་ཡིན་པའི་ཕྱིར་སྔར་ཇི་སྐད་བསྟན་པ་དེ་ལྟར་ཤེས་རབ་ཕ་རོལ་ཕྱིན་མཆོག་ནི་མཐོང་བའི་ལམ་གྱི་བདག་ཉིད་དོ། །སྤྱོད་པ་ནི་བདག་མེད་པའི་རྣམ་པ་གཅིག་པའི་ཆོས་ཐམས་ཅད་ ཁྱད་པར་དང་བྲལ་བ་ལ་རྗེས་སུ་གནས་ཤིང་རྟོགས་སོ་ཞེས་བྱ་བའི་བར་དུའོ། །དེ་ལྟ་བུར་གྱུར་པ་ཉིད་ཀྱིས་མཐོང་བའི་ལམ་བསྒོམ་པ་ནི་སྔོན་གྱི་དེ་བཞིན་གཤེགས་པས་ལུང་བསྟན་པ་ཐོབ་པར་འགྱུར་ཞེས་ཉེ་བར་བསྡུ་བའི་ཕྱིར། གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ ཚེ་ཕ་རོལ་ཏུ་ཕྱིན་པ་མཆོག་དང་ནི་ཇི་སྐད་བསྟན་པའི་ལམ་གྱི་རང་བཞིན་བསྒོམ་པས་རྟོགས་པ་ཐོབ་པ་དེའི་ཚེ་ང་ལུང་བསྟན་པར་གྱུར་ཏེ། སྔོན་གྱི་བཅོམ་ལྡན་འདས་མར་མེ་མཛད་ཀྱིས་དངོས་པོ་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པས་ན་ཁྱོད་མ་འོངས་པའི་དུས་སུ་སངས་རྒྱས་སུ་འགྱུར་ རོ་ཞེས་གསུངས་སོ། །ཕན་པ་དང་བདེ་བ་དང་མཐུན་པའི་ཕྱིར་མཐུན་པར་སྨྲ་བར་གྱུར་པར་རྒྱལ་བས་གསུངས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྟན་པའི་མཐོང་བའི་ལམ་ལ་སོགས་པའི་ལམ་སྔར་བསྟན་པའི་རིགས་པས་ལམ་ཤེས་པ་ཉིད་ལོགས་ཤིག་ཏུ་ རྣམ་པར་གཞག་གོ། །དེར་བསྟན་པའི་ངེས་པར་འབྱེད་པ་མཐོང་བའི་ལམ་འདིའི་ཡིན་པར་གཟུང་བར་བྱའོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་བརྒྱ་བྱིན་གྱི་ལེའུ་སྟེ་གཉིས་པའི་བཤད་པའོ།། །།མཐོང་བའི་ལམ་གྱི་རྗེས་ལ་ བསྒོམ་པའི་ལམ་བརྗོད་པར་བྱ་བ་ཡིན་མོད་ཀྱི། བརྗོད་པར་བྱ་བ་ཉུང་བའི་ཕྱིར་དང་། འབྲས་བུ་ལ་གཞོལ་བས་གདུལ་བྱ་འཇུག་པར་བྱ་བའི་ཕྱིར་བསྟན་ཏེ། ཤིན་ཏུ་རྣམ་པར་བསྒོམ་པའི་ལམ་གཙོ་བོ་ཡིན་པས་དེ་བྱེད་པའི་ལམ་བསྟན་པའི་ཕྱིར། ཤེས་རབ་ཕ་རོལ་ཕྱིན་པ་ ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདིར་བསྒོམ་པའི་ལམ་གྱི་རང་བཞིན་གང་ལ་སྟེ། དེའི་བདག་ཉིད་ལ་སྦྱོར་ཞིང་གནས་པས་འགྲོ་བ་སྐྱོབ་པ་ནི་མགོན་པོ་སྟེ། འཇམ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའོ། །འདི་ལ་གང་ ཞིག་རྟག་ཏུ་ནི་ཐམས་ཅད་དུའོ། །གཞུང་དང་དོན་འཛིན་པ་དང་། ཐོས་པ་དང་། བསམས་པ་དང་བསྒོམས་པའི་རང་བཞིན་གྱི་ཤེས་རབ་ནི་ཆུབ་པར་བྱེད་པའོ། །ཆོས་ཉིད་འཇིག་པར་བྱེད་པས་དངོས་པོར་མངོན་པར་ཞེན་པར་བྱེད་པ་ནི་དུག་གོ། །སྲེག་པའི་བདག་ཉིད་ཡིན་པའི་ ཕྱིར་འདོད་ཆགས་ནི་མེའོ། །ཟུག་རྔུའི་བདག་ཉིད་ཡིན་པའི་ཕྱིར་མཚོན་ནི་ཞེ་སྡང་ངོ་། །གཏི་མུག་གིས་གྲང་བ་དང་དྲོ་བ་མེད་པར་བྱེད་པས་ཆུའོ། །མི་ཚུགས་པ་ནི་བསྒོམ་པའི་ལམ་གྱིས་ཤིན་ཏུ་མཉམ་པར་བྱས་ནས་ཀུན་ཏུ་མི་སྤྱོད་པའོ། །རྣམ་པ་གཞན་ཡང་རིགས་པས་ ཕྱིའི་ཡང་དུག་ལ་སོགས་པས་མི་ཚུགས་ཤིང་མི་ནུས་པར་རྟོགས་པར་བྱའོ། །དེ་བཞིན་དུ་བདུད་དང་བདུད་ཀྱི་སྡེ་ནི་དེའི་འཁོར་ཏེ་ཕྱོགས་སོ། །བདུད་ཀྱི་གླགས་ཏེ་ཉེས་པ་དང་བུག་པ་མི་རྙེད་དེ། གང་གི་སྐབས་བཟུང་བས་ཀྱང་གནོད་པར་མི་འགྱུར་རོ། །བྱེད་པའི་རྗེས་ལ་ བསྒོམ་པའི་ལམ་བརྗོད་པར་བྱ་བ་ཡིན་པས་དེ་ཡང་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་ཟག་པ་དང་བཅས་པ་ཡང་མོས་པ་དང་། ཡོངས་སུ་བསྔོ་བ་དང་། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའི་མཚན་ཉིད་ཀྱི་དབྱེ་བས་ གསུམ་དུ་འགྱུར་རོ། །ཟག་པ་མེད་པ་ཡང་སྒྲུབ་པ་དང་། རྣམ་པར་དག་པའི་དབྱེ་བས་རྣམ་པ་གཉིས་སུ་འགྱུར་རོ། །དེ་ལ་དང་པོ་མོས་པ་ཡིད་ལ་བྱེད་པ་ཟག་པ་དང་བཅས་པ་ནི་ཡང་དགེ་བའི་ཆོས་རྣམས་མངོན་པར་འདུ་བྱེད་དེ། གསེར་གྱི་སྒྲམ་བུ་འབྱུང་ཁུངས་ ནས་ཐོབ་པ་བཞིན་དུ་ཡོངས་སུ་རྫོགས་པའི་རང་བཞིན་སྤྱིར་ཇི་ལྟ་བ་བཞིན་དུ་མོས་པས་མཐོང་བའི་དགེ་བའི་ཆོས་ལ་དམིགས་པ་དང་ལྡན་པས་དགོས་པ་མ་ལུས་པ་འདུས་པའི་གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ལ་མོས་པ་དང་། དྲི་བ་ལ་སོགས་བྱེད་པ་ནི་བསོད་ ནམས་མང་པོ་ལ་སོགས་པར་བསྟན་ཏོ། །དེ་ཡང་རང་གི་དོན་དང་། རང་དང་གཞན་གྱི་དོན་དང་། གཞན་གྱི་དོན་དང་གསུམ་ལས་ངའོ་སྙམ་པའི་ང་རྒྱལ་གྱི་བག་ཆགས་མ་སྤངས་པའི་ཕྱིར་རང་གི་དོན་དུ་མོས་པ་ཡིན་ནོ། །དེ་བསྟན་པའི་ཕྱིར་ལ་ལས་ཞེས་བྱ་བ་ལ་སོགས་ པ་གསུངས་ཏེ། མྱ་ངན་ལས་འདས་པས་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་སྤྲུལ་པའི་སྐུ་ཉེ་བར་བསྟན་ནས། དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པའི་མཆོད་རྟེན་ལ་བྱེད་དེ། སེམས་ཅན་གང་ཡང་རུང་བ་ཞིག་གིས་མུ་ས་ལ་གརྦྷ་དང་། བཻ་ཌཱུཪྻ་དང་། གསེར་དང་། དངུལ་དང་། ཤེལ་དང་། མུ་ཏིག་དམར་པོ་དང་། ཨསྨ་གརྦྷ་དང་བདུན་ཏེ། རིན་ཆེན་སྣ་བདུན་ལས་བྱས་ཤིང་མཆོད་རྟེན་ལ་སྟེ། རིམ་པ་བཞིན་དུ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དཔེ་གངྒཱའི་ཀླུང་གི་དེ་བཞིན་གཤེགས་པའི་མཆོད་རྟེན་བགྱིས་ཤིང་ འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་སྟོང་བཀང་སྟེ། དེས་མཆོད་རྟེན་བྱས་ནས་མཆོད་པ་བྱེད་ཅེས་བྱ་བར་འབྲེལ་ཏོ། །རིམ་པ་དེ་བཞིན་དུ་སེམས་ཅན་ཇི་སྙེད་པས། ཞིང་བྱེ་བ་མཐའ་ཡས་པར་ཡོངས་སུ་རྟག་པར་བཟུང་ནས་ཞེས་བྱ་བར་འབྲེལ་ཏོ། །མཆོད་རྟེན་དེ་སྙེད་བྱས་ ཏེ། དེ་དག་ཐམས་ཅད་ཀྱིས་མཆོད་པ་བྱེད་པ་ལས་གཞན་མི་བྱེད་པར་ལྷའི་མེ་ཏོག་ལ་སོགས་པ་རྣམས་ཀྱིས་བསྐལ་པ་དུས་གསུམ་དུ་ཡང་དང་ཡང་དུ་འམ་ཕྱིས་ཀྱང་ལྷག་པར་མཆོད་ལ། ཡང་འགྲོ་བ་གཞན་གང་ཞིག་གིས་རང་གི་དོན་ཕུན་སུམ་ཚོགས་པའི་ཆེད་དུ་ མོས་པ་བསྐྱེད་དེ། སྣ་ཚོགས་པའི་གཟུགས་ཀྱིས་དོན་བྱེད་པ་ནི་རྣམ་འདྲེན་ཏེ། བཅོམ་ལྡན་འདས་དང་། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལ་སོགས་པ་དང་འབྲེལ་པ་ནི་སྟོབས་བཅུ་པ་སྟེ། དེ་ལས་འདི་འབྱུང་བར་འགྱུར་ཏེ། གཞུང་གི་བདག་ཉིད་བདེ་བར་གཤེགས་པའི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། གཞུང་དང་དོན་འཆང་བར་བྱེད་ཅིང་མེ་ཏོག་ལ་སོགས་པས་མཆོད་ཅིང་བསྟི་སྟང་བྱེད་གྱུར་ན། བསོད་ནམས་ཀྱི་ཡུལ་གྱི་བྱེ་བྲག་དེ་བཞིན་དུ་བསྟན་ཏོ། །རྣལ་མའི་དོན་ཉེ་བར་བསྡུ་བའི་ཕྱིར། མཆོད་རྟེན་བྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བསྟན་པའི་མཆོད་རྟེན་ལ་མཆོད་པ་བྱས་པ་ཅི་འདྲ་བའི་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་བཟུང་བ་དེས་ཀྱང་ནི་སྔ་མ་ལ་མཆོད་པའི་བསོད་ནམས་ཆ་ཕྲ་བའི་ཆར་མི་ཕོད་དོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ བཞིན་དུ་རང་གི་དོན་འདོད་པས་མོས་པ་བསྐྱེད་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །དེའི་རྗེས་ལ་བདག་དང་གཞན་མཉམ་པའི་ཕྱིར་བདག་དང་གཞན་གྱི་དོན་དུ་མོས་པ་ཡིན་ཏེ། དེ་བསྟན་པའི་ཕྱིར་རྒྱལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དག་ཕྱོགས་བཅུ་རྣམས་སུ་ བསྟན་པ་ནུབ་པར་གྱུར་པའི་ཕྱིར་འདས་པའོ། །གང་བསྟན་པ་མ་བྱུང་བའི་ཕྱིར་མ་འོངས་པའོ། །གང་ཡང་བསྟན་པ་གནས་པ་ནི་འཇིག་རྟེན་མགོན་ཏེ། དེ་དག་ཐམས་ཅད་ཀྱིས་རིག་སྔགས་ཆེན་མོ་འདི་ལ་བསླབས་པས་ཕྱིན་ཅི་ལོག་གི་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་དང་ནད་རྣམས་ ཉེ་བར་ཞི་བར་བསྟན་ཏོ། །བླ་ན་མེད་པའི་རིག་སྔགས་ཀྱིས་འདྲེན་པར་གྱུར་ཏོ། །འགྱུར་རོ། །གྱུར་པ་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བཅོམ་ལྡན་འདས་ཞེས་བྱ་བར་འབྲེལ་ཏོ། །མྱ་ངན་ནི་སྡུག་པ་དང་བྲལ་བ་ལ་སོགས་པས་སེམས་གདུངས་པའོ། །སྡུག་བསྔལ་ ནི་བཟོད་པར་དཀའ་བ་ལུས་ཀྱི་ཚོར་བའོ། །ཆོས་ནི་ནད་ཀྱིས་ངག་འཆོལ་བའོ་ཞེས་བྱེད་ན་གསལ་བའོ། །སེམས་ཅན་ཁམས་མང་ནི་འགྲོ་བ་མ་ལུས་པ་སངས་རྒྱས་ཐོབ་པར་བྱེད་ཅེས་བྱ་བའི་བར་དུའོ། །གལ་ཏེ་དེ་བཞིན་གཤེགས་པ་ཁོ་ན་བསྐྱེད་པའི་དོན་བྱེད་ན་བྱང་ཆུབ་ སེམས་དཔའ་མ་ཡིན་ནོ་ཞེས། གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་དག་སྤྱད་པར་བྱ་བའི་སྦྱིན་པ་ལ་སོགས་པ་སྤྱོད་པས་སེམས་ཅན་ལ་ཕན་པའི་རང་བཞིན་དང་བརྩེ་བའི་ཕྱིར་སྙིང་བརྩེར་བྱས་པའོ། །དེ་དག་གིས་ཀྱང་རིག་སྔགས་འདི་ལ་ བསླབས་ནས་མཁས་པ་ཐོབ་པ་སྟེ་བྱང་ཆུབ་ལ་རེག་གོ། །གང་ཡིན་པའི་བདེ་བ་འདུས་བྱས་པ་ནི་ལྷ་ལ་སོགས་པ་རྣམས་ཀྱིའོ། །འདུས་མ་བྱས་ཀྱི་བདེ་བ་ནི་ཉན་ཐོས་རྣམས་ཀྱིའོ། །དེ་ཀུན་འདི་ལས་འབྱུང་བས་མའོ། །བདེ་བ་དེ་ཀུན་འདི་ལས་འབྱུང་བར་རིག་པར་བྱའོ། །དེ་བས་ ན་དེ་དག་གི་དོན་བྱེད་པར་བསྟན་པར་འགྱུར་རོ། །ཡང་ཇི་ལྟར་གཅིག་གིས་དུ་མའི་ངོ་བོ་བྱེད་ཅེ་ན། ས་བོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦུང་མ་ལ་སོགས་པའི་ས་བོན་ས་ལ་བཏབ་པ་ན་ཉམས་པ་ལ་སོགས་པ་མེད་པས་གནས་པ་རིམ་གྱིས་འབྱུང་བར་འགྱུར་ཏེ། གཞན་ ཡང་ཤིང་གཅིག་ལས་ལྷན་ཅིག་བྱེད་པའི་ཚོགས་པ་རྙེད་ནས་རྣམ་པ་མང་པོའི་གཟུགས་དག་འབྲས་བུའི་རྣམ་པར་རབ་ཏུ་སྐྱེའོ། །དཔེ་དེ་བཞིན་དུ་ལྷན་ཅིག་བྱེད་པའི་བྱེ་བྲག་གི་དབྱེ་བས་དེ་བཞིན་དུ་གཅིག་གིས་ཀྱང་རྒྱལ་བ་དེ་བཞིན་གཤེགས་པ་དུ་མའི་དོན་བྱེད་པར་དགོངས་སོ། ། སངས་རྒྱས་དེ་དག་གི་ཡང་བྱམས་པ་ལ་སོགས་པ་དང་པོའི་རྒྱུ་ཉིད་མ་ཡིན་ནམ་ཇི་ལྟར་ཡུམ་གཅིག་གི་རྒྱུ་ཉིད་ཡིན་པར་སྨྲ་ཞེ་ན། ཕ་རོལ་ཕྱིན་ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱམས་པ་ལ་སོགས་པ་སྤྱིར་ཇི་སྙེད་ཡོད་པ་བྱང་ཆུབ་ཐོབ་པར་བྱེད་པ་ཉིད་གོམས་པར་བྱེད་པ་ ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་ནོ། །ཁྱད་པར་དུ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་སྦྱིན་པ་ལ་སོགས་པའི་ཆོས་ཇི་སྙེད་པ་གང་གི་ཕྱིར་དེ་དག་ཀུན་ཀྱང་ཤེས་རབ་ཕ་རོལ་ཕྱིན་ལས་སྐྱེས་ཏེ། བྱེད་པ་པོ་དང་། ལས་དང་། བྱ་བ་མི་དམིགས་པས་ཕྱིན་ཅི་མ་ལོག་པར་གྱུར་པ་དེ་བས་ན་དེ་ ཉིད་གཙོ་བོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དག་གི་ཡང་རྗེས་སུ་འབྲང་བ་མ་ཡིན་ནམ་གང་གི་ཕྱིར་དེ་སྐད་སྨྲ་ཞེ་ན། འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང་། །གསུམ་ དང་བཞི་ལ་མས་རིམ་བཞིན། །ཞེས་གསུངས་པའི་འཁོར་ལོས་སྒྱུར་བ་བཞི་ལས་གང་ཡང་རུང་བ་ལ་རྒྱལ་པོ་གཞན་ཡང་འཁོར་ལོས་སྒྱུར་བ་གང་ནས་འགྲོ་བའི་ལམ་ནས་འགྲོ་ཞིང་འདུད་པར་བྱེད་དེ། དེ་ཉིད་ཀྱི་བསོད་ནམས་ཀྱི་དབང་གིས་སྐྱེས་ པའི་འཁོར་ལོ་རིན་པོ་ཆེ་ལ་སོགས་པ་བདུན་དང་དཔུང་སྟེ་གླང་པོ་ཆེ་ལ་སོགས་པའི་ཚོགས་ཀུན་ནོ། །གང་དེ་བཞིན་དུ་ཕྱིན་ཅི་མ་ལོག་པའི་རང་བཞིན་གྱི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱལ་བ་རྣམས་ཀྱི་སྟེ། འགྲོ་བས་བདག་མེད་པ་རྟོགས་པ་རྒྱུད་ལ་རྣལ་འབྱོར་གྱིས་བསྐྱེད་དེ། དེའི་དབང་ གིས་བྱུང་བ་མ་ཡིན་པའི་ཕྱིར་ཡོན་ཏན་ཀུན་ཏེ། བྱམས་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པས་རང་བཞིན་འཛིན་པའི་ཕྱིར་ཆོས་སོ། །ཡང་དག་པ་ལ་མངོན་དུ་ཕྱོགས་པ་བསྐྱེད་དེ། དེ་བས་ན་ཕྱིན་ཅི་མ་ལོག་པའི་ཤེས་པ་སྔོན་དུ་འགྲོ་ཞིང་དེ་ནས་ཆོས་ཐམས་ཅད་འགྲོའོ། །ཡུལ་ནི་ གང་ཅུང་ཟད་ཅིག་གི་རྗེས་སུ་མི་འགྲོ་སྟེ། སྐྱེད་པར་མི་བྱེད་པའི་ཕྱིར་རོ། །དེ་བས་ན་རྣམ་པ་ཐམས་ཅད་དུ་རང་དང་གཞན་གྱི་དོན་འདོད་པས་ཡུམ་ལ་འདོད་པ་བསྐྱེད་པར་བྱའོ་ཞེས་སྟོན་པར་འགྱུར་རོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་ཕ་རོལ་ཏུ་ཕྱིན་པས་དཔག་ཏུ་ མེད་པའི་ཕན་ཡོན་འཛིན་པ་དང་མཆོད་རྟེན་ལ་བཀུར་སྟི་བྱ་བའི་ལེའུ་སྟེ་གསུམ་པའི་བཤད་པའོ།། །།དེ་ནས་དེའི་རྗེས་ལ་བདག་གི་རང་བཞིན་དུ་འགྲོ་བ་རྣམས་བྱས་པའི་ཕྱིར་གཞན་གྱི་དོན་དུ་མོས་པ་ཡིན་ཏེ། དེ་བསྟན་པའི་ཕྱིར། རྒྱལ་བ་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། དེ་དག་ཆ་གཉིས་བཞག་པ་ལས། ཀཽ་ཤི་ཀ་ཁྱོད་ཆ་གང་ལེན་ཞེས་རྒྱལ་བས་དྲི་བ་རྨས་པ་དང་། གང་གི་རྒྱལ་བའི་སྐུ་གདུང་གིས་དོག་ས་ཐམས་ཅད་ཁྱབ་པར་གཏམས་ཏེ་རྩེ་མོ་བྱུར་བུར་བགྱིས་པས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཆར་གཞག་ པའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆ་འདི་ཉིད་ལེན་ཏོ་ཞེས་གསོལ་བའི་ཚིགས་སུ་བཅད་པའི་དོན་ཡིན་ནོ། །དེ་བཞིན་གཤེགས་པའི་སྐུ་གདུང་ལེན་པ་ལ་མ་གུས་པ་གང་གི་རྒྱུ་ཡིན་ཞེ་ན། ལན་དུ་ཅི་སླད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་སྐུ་ གདུང་ལ་མི་གུས་པ་བདག་མ་ལགས་ཏེ། འོན་ཀྱང་རྒྱལ་པོ་ལ་ཉེ་བར་བརྟེན་པའི་མིས་དེའི་མཐུས་རྙེད་པ་ཐོབ་སྟེ་དེའི་ལྗོངས་ཀྱི་ཡུལ་པ་ཐམས་ཅད་ཀྱིས་མཆོད་པ་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉེ་བར་བརྟེན་ནས་ཆོས་མཐར་ཐུག་པ་སངས་རྒྱས་ཉིད་ཀྱི་རྒྱུ་ཡིན་པས་དེའི་དབང་ གིས་ཁམས་གསུམ་པ་ཐམས་ཅད་ཀྱིས་མཆོད་པ་གཉིས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒོས་ཏེ། བདག་ཉིད་ཆེན་པོའི་རྣལ་འབྱོར་གྱིས་བསྟེན་པས་དེའི་ཕྱིར་སྐུ་གདུང་སྲོག་ཆགས་རྣམས་ཀྱིས་མཆོད་དེ། དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་ པོ་བསྟེན་པར་བྱས་པས་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་བཅོམ་ལྡན་འདས་མྱ་ངན་ལས་འདས་པས་རྟེན་མེད་པའི་ཕྱིར་མི་མཆོད་དོ་སྙམ་པ་ལ་ནུས་པ་ཡོད་པར་དཔེ་སྔོན་དུ་འགྲོ་བ་བསྟན་པའི་ཕྱིར། ནོར་བུ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ནོར་བུ་རིན་པོ་ཆེ་མི་མ་ ཡིན་པ་སེལ་བ་ལ་སོགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པས་དེ་ཉིད་ཀྱི་ཕྱིར་རིན་ཐང་ལས་འདས་པས་རིན་ཐང་མེད་པར་ཐོབ་བོ། །གབ་ཙེ་གང་དུ་སྦས་པའི་གབ་ཙེ་དེ་ལ་ནོར་བུ་རིན་པོ་ཆེ་དེའི་མཐུས་ཕྱག་བགྱི་བར་འོས་སོ། །དེ་གབ་ཙེ་ལས་ཕྱུང་བར་གྱུར་པ་དེ་ནི་རིན་པོ་ཆེ་སྟོན་པའི་ གབ་ཙེ་ལས་རེག་པར་དགའ་བ་དང་ལྟ་བ་ལ་སོགས་པ་སྟེ། ཀྱང་གི་སྒྲ་ནི་གབ་ཙེ་ལ་ཡང་ངོ་། །ཡོན་ཏན་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་ཡོན་ཏན་གྱི་རང་བཞིན་ནོར་བུ་རིན་པོ་ཆེ་དེའི་ཡིན་པས་ན་ལགས་སོ། །དེ་བཞིན་དུ་དེ་དང་འདྲ་བར་ཤེས་རབ་ཕ་རོལ་ཕྱིན་མཆོག་ཡོན་ཏན་གྱིས་ བཅོམ་ལྡན་འདས་མྱ་ངན་ལས་འདས་པར་ཁས་བླངས་པར་ཡུམ་གྱི་མཐུས་རིང་བསྲེལ་གྱི་སྐལ་བ་དང་ལྡན་པ་ལ་ཆོ་འཕྲུལ་གྱི་སེམས་དང་བའི་རྒྱུ་ཡིན་པའི་ཕྱིར་རྒྱལ་བའི་རིང་བསྲེལ་ཏེ། རིང་བསྲེལ་ཡོངས་སུ་བརྟགས་པའི་མདོའི་མཚན་ཉིད་དང་ལྡན་པས་མཆོད་པ་བརྙེས་སོ། །དེ་ལྟ་ བས་ན་གང་ཞིག་རྒྱལ་བའི་ཡོན་ཏན་གཞན་གྱི་དོན་ལ་མོས་པ་ཡོངས་སུ་འཛིན་པར་འཚལ་བ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲིས་པ་ལ་སོགས་པ་ལ་མངོན་པར་སྦྱོར་བས་བླངས་ནས་གནོད་པ་ཐམས་ཅད་ཞི་བས་ན་འདི་ནི་ཐར་པ་ལགས་ཏེ་མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་ དུའོ། །དེ་དག་གིས་གཞན་གྱི་དོན་ལ་མོས་པ་བསྟན་ནས། ཅི་སྟེ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་གཞན་ལ་ཡང་མོས་པ་ཡོད་པ་མ་ཡིན་ནམ་ཅིའི་ཕྱིར་རྒྱལ་བ་སྐྱེད་མ་ཉིད་ཁོ་ན་གཙོར་བྱས་ནས་མོས་པ་རྣམ་པ་གསུམ་དུ་བསྟན་ཅེ་ན། སྦྱིན་ པ་སྦྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བྱེད་པ་པོ་དང་། ལས་དང་བྱ་བའི་བྱེ་བྲག་གི་དམིགས་པར་སྦྱིན་པ་ལ་སོགས་པའི་རང་བཞིན་ལ་དང་པོར་འཇུག་པས་སྔོན་དུ་འགྲོ་བ་ཤེས་རབ་སྟེ། དེ་ལྟར་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དེ་བཞིན་ནོ། ། སྔར་བཤད་པའི་ཡང་གི་སྒྲ་འདིར་ཡང་སྦྱར་བར་བྱའོ། །དགེ་ཆོས་ནི་སྦྱིན་པ་ལ་སོགས་པའོ། །ཆུད་མི་གསོན་པ་ནི་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཏུ་མི་བསྔོ་བས་ཡུན་རིང་དུ་གནས་པར་བྱའོ། །ཡོངས་སུ་འཛིན་པ་ནི་མི་དམིགས་པ་ཡིན་ནོ། །རྒྱུ་མཚན་ནི་ཚུལ་གཅིག་སྟེ། དེའི་སྙིང་པོ་ཅན་ཡིན་པའི་ཕྱིར་བསྡུས་པ་གོམས་པར་བྱས། སེམས་བསྐྱེད་པ་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་ངེས་པར་བྱས་ནས་སྣང་བ་སྟེ་མངོན་སུམ་བཞིན་ནོ། །དེ་བས་ན་དེ་ལ་མོས་པ་རྣམ་པ་གསུམ་བསྟན་ཏོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་ ནི་ཁྱད་པར་མེད་པ་ཐམས་ཅད་ལ་ཡིན་ཏེ། དཔེ་སྔོན་དུ་འགྲོ་བས་བསྟན་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འཛམ་བུའི་གླིང་ན་ཤིང་མང་བྱེ་བ་སྟོང་རིམ་པ་བཞིན་དུ་རྒྱུ་དང་འབྲས་བུ་རྣམ་པ་སྣ་ཚོགས་པ་རྣམ་པ་དུ་མ་གཟུགས་མཚན་ ཉིད་མི་མཐུན་པ་མང་པོའི་རང་བཞིན་ནོ། །གང་གི་ཚེ་གྲིབ་མ་ཞེས་གྲངས་སུ་བརྗོད་པ་འབའ་ཞིག་ཏུ་འགྲོ་ཞིང་རབ་ཏུ་འཐོབ་སྟེ། གྲིབ་མ་དེ་ཡང་སྣ་ཚོགས་པ་མེད་པའི་ཕྱིར་སྒྲ་ཐ་དད་པ་ཡང་མེད་དེ། ཁྱད་པར་མེད་པར་གྲིབ་མ་མ་ཡིན་པ་གཞན་ལས་ལྡོག་པས་གྲིབ་མ་ཙམ་མོ། ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འཁོར་གསུམ་རྣམ་པར་དག་པར་ཕྱིན་ཅི་མ་ལོག་པའི་རང་བཞིན་གཞན་དུ་ཡོངས་སུ་སྤོང་བ་ཡིན་ནོ། །ལྔ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའོ། །རྒྱལ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། སངས་རྒྱས་ཉིད་དུ་མཚོན་ པར་གྱུར་པའི་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པས་ཡོངས་སུ་བསྔོས་ན་སྦྱིན་པ་ལ་སོགས་པ་དེ་དག་ཕ་རོལ་ཏུ་ཕྱིན་པར་འགྱུར་ཏེ། རྒྱལ་བའི་ཞེས་བྱ་བ་སྔ་མ་དང་འབྲེལ་ཏོ། །རྣམ་པ་གཉིས་ཀྱིས་སྦྱིན་པ་ལ་སོགས་པ་ལྔ་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ཤེས་རབ་འཕེལ་བ་ནི་གཙོ་བོ་དོན་དང་ མཐུན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྟེ། དྲུག་པ་ནི་རབ་ཏུ་གྲགས་པ་ཡིན་ནོ། །གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་རྣམ་པར་བཅད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་མིང་དུ་བརྗོད་དེ། སྣ་ཚོགས་པའི་ཁྱད་པར་སྤངས་ཏེ་ཚུལ་གཅིག་པས་རང་བཞིན་གཅིག་པར་འགྱུར་རོ། ། འགྱུར་བ་བྱང་ཆུབ་ཀྱི་ངོ་བོར་རོ། །དེ་བས་ན་ཕྱིན་ཅི་མ་ལོག་པའི་ཆོས་ཉིད་གསལ་བར་བྱེད་པའི་ཕྱིར་ཡུམ་གང་ཡིན་པ་ཉིད་འདྲི་བ་ལ་སོགས་པའི་བསམ་པས་ཡོངས་སུ་དག་པས་དེ་ཉིད་ཐམས་ཅད་དུ་གནས་པར་གྱུར་པ་ཡིན་ནོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་ ཡོན་ཏན་ཡོངས་སུ་བརྗོད་པའི་ལེའུ་སྟེ་བཞི་པའི་བཤད་པའོ།། །།མོས་པ་འདི་གསུམ་གྱི་བཅོས་མའི་ཉེས་པ་སྤང་བ་ནི་གོམས་པ་ཡིན་པར་ཤེས་ནས་བཅོས་མ་སྤང་བའི་ཕྱིར་རྗེས་སུ་འགྲོ་བའི་སྒོ་ནས་བསྟན་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་གིས་ཀུན་བརྟགས་པའི་གཟུགས་མི་རྟག་པ་དང་གང་ཞིག་རྣམ་པར་བརྟགས་པའི་གཟུགས་ལ་སོགས་པའི་སྐད་ཅིག་གཞན་དུ་མི་གནས་པས་མི་རྟག་པ་དང་། ཆོས་ཉིད་ཀྱི་གཟུགས་ཀྱི་བདག་ཉིད་གཟུང་བ་དང་འཛིན་པ་དང་བྲལ་བས་མི་ རྟག་པའོ་ཞེས་མོས་པས་མོས་པར་བྱ་ཞིང་གསལ་བར་བྱེད་ན་དེ་བཅོས་མ་སྟེ་སྐབས་ཀྱི་དོན་སྤངས་ནས་སྤྱོད་མ་སྟེ། དངོས་པོའི་རང་བཞིན་རབ་ཏུ་མི་ཤེས་པའི་ཕྱིར་རོ། །གང་གི་ཕྱིར་ཆོས་རྣམས་སྒྱུ་མ་ལྟ་བུར་ཁོང་དུ་ཆུད་པས་སྐྱེ་བོ་མཁས་པས་ནམ་ཡང་ཆོས་རྣམས་འཇིག་པར་མི་ བྱེད། འཇོག་པར་མི་བྱེད་དེ། དངོས་པོ་འདི་དག་བརྫུན་པའི་ཕྱིར་རོ། །ལྡོག་པའི་སྒོ་ནས་བསྟན་པའི་ཕྱིར་གང་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་གང་ན་ནི་དངོས་པོ་སྟེ། ཆོས་ཉིད་ལ་མོས་པས་གཟུགས་མིན་ཚོར་བ་མིན་ཏེ་མི་དམིགས་སོ། །འོན་ཀྱང་ཆོས་ཐམས་ཅད་དེ་ ཁོ་ན་ཉིད་དུ་མ་སྐྱེས་ཤིང་རང་བཞིན་གྱིས་སྟོང་པར་ཤེས་པ་དེ་ནི་དེ་དག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ཏེ། ཡང་དག་པར་མོས་པས་བཅོས་མ་སྤངས་ཞེས་བྱ་བའི་བར་དུའོ། །དེ་ནས་དེའི་རྗེས་ལ་མོས་པ་གསུམ་སྒོམ་པར་ བྱེད་པའི་བྱང་ཆུབ་སེམས་དཔའ་གོང་ནས་གོང་དུ་འཇུག་ཅིང་སྤྲོ་བར་བྱ་བའི་ཕྱིར་ཡང་དག་པར་ཡོད་པའི་ཡོན་ཏན་བརྗོད་པ་ནི་རིམ་པ་བཞིན་དུ་བསྟོད་པ་དང་། བཀུར་བ་དང་། བསྔགས་པ་སངས་རྒྱས་ལ་སོགས་པ་མཛད་དོ། །ཞེས་སྟོན་པ་ལ་སོགས་པས་བསྟན་པར་བཞེད་ནས། ལ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལ་ལས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་ཀྱི་སེམས་ཅན་ཇི་སྙེད་པ་ཀུན་དགྲ་བཅོམ་པ་ཉིད་ལ་བཀོད་པ་བས། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་སྟེ་གཞུང་གི་བདག་ཉིད་ལ་མོས་པར་བྱེད་པ་གང་ཡང་ རུང་བ་ལ་ཡི་གེར་བྲིས་ཏེ། སེམས་ཅན་གཞན་རྣམས་ལ་གླེགས་བམ་བྱིན་ན་དེ་བས་འདི་བསོད་ནམས་རབ་ཏུ་མང་པོ་སྐྱེ་སྟེ། སྔ་མའི་དོན་བྱེད་པ་ལས་ཁྱད་པར་དུ་འཕགས་སོ། །གང་གིས་གླེགས་བམ་ཙམ་བྱིན་པས་བསོད་ནམས་ཁྱད་པར་དུ་འཕགས་ཤེ་ན། ལན་དུ་ཅི་ཕྱིར་ ཞེས་བྱ་བ་གསུངས་ཏེ། ཚིགས་སུ་བཅད་པ་འདིར་རིམ་པ་གཞན་དུ་སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་མཉན་པས་ཉན་ཐོས་ཀྱི་རང་གི་རྣམ་པར་གྲོལ་བ་དང་། རང་སངས་རྒྱས་ཀྱི་རང་གི་བྱང་ཆུབ་དང་། དེ་བཞིན་གཤེགས་པའི་སངས་རྒྱས་ཏེ་བསམ་པ་དང་ བསྒོམ་པས་མྱུར་དུ་རེག་གོ། །འདི་ལྟར་གླེགས་བམ་ནི་འདིར་ཡུལ་ཡིན་ཏེ། བླངས་ནས་དེ་ལ་བསླབས་པས་མུ་སྟེགས་ཅན་ངན་པ་སྨྲ་བས་ཟིལ་གྱིས་མི་གནོན་པའི་ཕྱིར་སྨྲ་མཆོག་སྟེ། འདིར་སྟོང་པ་ཉིད་ནི་བྱང་ཆུབ་རྣམ་པ་གསུམ་པོ་མ་ལུས་པ་དེའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། ། དེ་བས་ན་མ་ཚང་བ་མེད་པ་ནི་བྱང་ཆུབ་གསུམ་བྱིན་པ་ཡིན་པའི་ཕྱིར་གླེགས་བམ་ཙམ་བྱིན་པ་བསོད་ནམས་ལྷག་པའི་རྒྱུ་ཡིན་ཏེ། འདི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་ཡུམ་ལ་འདིར་གང་ཡང་རུང་བའི་བྱང་ཆུབ་སེམས་དཔའ་མོས་པ་ནི་ཐམས་ཅད་ནས་བསོད་ནམས་ཁྱད་པར་དུ་ འཕགས་པའི་རྒྱུ་ཡིན་པས་གཟུང་བར་བྱའོ། །བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཆོས་ཐམས་ཅད་ཀྱི་གཞི་ཡིན་ནོ། །དེ་བས་ན་སྟོང་པ་ལ་སོགས་པའི་སྤྲོ་བ་བསྐྱེད་པའི་ཕྱིར་མྱུ་གུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཉེ་བར་ལེན་པའི་རྒྱུ་མྱུ་གུ་མེད་ན་འཇིག་རྟེན་དུ་སྡོང་བུ་ དང་ལྗོན་པ་འབྱུང་བ་ཡོངས་སུ་མི་སྲིད་དོ། །དེ་ལ་ཡལ་ག་ལ་སོགས་པ་ག་ལ་འབྱུང་། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཉེ་བར་ལེན་པའི་རྒྱུ་ས་བོན་ཡོང་ཡེ་མེད་ན། ཡང་བརྒྱ་བྱིན་ལ་སོགས་པ་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱ་བ་ལ་སོགས་པ་རྣམས་ག་ལ་འབྱུང་། ཅི་སྟེ་བྱང་ཆུབ་ཀྱི་ སེམས་མེད་པས་སེམས་ཅན་རྣམས་སངས་རྒྱས་སུ་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་སྟེ་མ་གྲུབ་པ་ཡིན་ནོ་ཞེ་ན། ཉི་མའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཉི་མའི་དཀྱིལ་འཁོར་འོད་ཟེར་སྟོང་ཕྲག་དུ་མ་འགྱེད་པ་དེའི་ཚེ་མུན་པ་བསལ་ནས་སེམས་ཅན་ལས་བྱེད་བརྩོན་པ་དེ་བཞིན་དུ་བྱང་ ཆུབ་ཀྱི་སེམས་སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་འགྲོ་བའི་རང་བཞིན་ཡོངས་སུ་རྟག་པར་ཤེས་པ་འཇིག་རྟེན་མཁས་པ་བྱུང་བ་དེས་སྡུག་བསྔལ་གྱི་རྒྱ་མཚོར་འགྲོ་བ་ནུབ་པ་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་པས་འབྱིན་པར་ནུས་པ་ཡིན་ཏེ། ཡོན་ཏན་གྱི་ཆོས་སངས་རྒྱས་ལ་སོགས་ལ་ཡང་ དག་པར་སྤྱོད་དོ། །གཞན་དུ་ན་སྙིང་རྗེ་མེད་པ་དང་། ཐབས་མེད་པས་སངས་རྒྱས་ལ་སོགས་པར་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །རྗེས་སུ་འགྲོ་བའི་སྒོ་ནས་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ཉིད་ཀྱི་ཆོས་ཐམས་ཅད་ནས་དེ་མེད་ན་དེ་དག་མེད་དོ་ཞེས་ལྡོག་པའི་སྒོ་ནས་ཡང་ དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་མ་དྲོས་པའི་ཀླུ་བདག་མེད་པར་དེའི་མཐུས་ངེས་པར་འབྱུང་བས་འཛམ་བུའི་གླིང་འདིར་ཆུ་ཀླུང་འབབ་པར་ག་ལ་འགྱུར་ཏེ་སྨོས་ཀྱང་ཅི་དགོས་སོ། །ཡང་ཆུ་ཀླུང་དེ་དག་མེད་ན་མེ་ཏོག་ འབྲས་བུ་རྣམས་ཆུ་མེད་པས་གང་ཡང་འབྱུང་བར་མི་འགྱུར་རོ། །རྒྱ་མཚོ་ལ་ཡང་རིན་པོ་ཆེ་སྣ་ཚོགས་པ་ཆུས་རེག་པའི་སྦྱོར་བས་འབྱུང་བའི་གཟུགས་མང་པོ་ཡང་མེད་པར་འགྱུར་རོ། །དེ་བཞིན་དུ་འདིར་གསུང་རབ་དང་། བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་སྙིང་རྗེའི་ སྙིང་པོ་ཅན་མེད་ན་དེ་བཞིན་གཤེགས་པའི་མཐུས་ངེས་པར་འབྱུང་བ་ཕན་པ་དང་ཕན་པ་མ་ཡིན་པ་ཐོབ་པ་དང་སྤོང་བའི་ཡེ་ཤེས་ཀྱི་རྒྱུན་འཇིག་རྟེན་འདི་དག་ཀུན་ཏུ་ག་ལ་འབྱུང་སྟེ་སྨོས་ཀྱང་ཅི་དགོས་སོ། །ཡང་ཡེ་ཤེས་དེ་དག་མེད་ན་སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ལ་སོགས་པའི་ཡོན་ཏན་འཕེལ་བ་མེད་དོ། །བྱང་ཆུབ་ཀྱི་རྒྱ་མཚོར་བགྲོད་པར་དཀའ་བ་རང་གི་དོན་ཕུན་སུམ་ཚོགས་པ་མེད་དོ། །སངས་རྒྱས་ནས་དུས་ཕྱིས་འབྱུང་བར་འགྱུར་བ་ཆོས་སྟོན་པ་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡང་མེད་པར་འགྱུར་རོ། །རྒྱ་ཆེ་བའི་བདག་ཉིད་ ཀྱི་དཔེ་བསྟན་པའི་ཕྱིར་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་འདི་ན་སྣང་བྱེད་ཇི་སྙེད་པ་སྟེ་ཕུར་བུ་ལ་སོགས་པའི་སྐར་མ་དང་། མེ་ཁྱེར་ལ་སོགས་པའི་སྲོག་ཆགས་སུ་གྱུར་པ་ཀུན་གྱིས་འགྲོ་བ་སྣང་བར་བྱ་བའི་ཕྱིར་འོད་རྣམས་ཕྱུང་བ་བས་ཡང་གང་གི་ཚེ་ཉི་མའི་ དཀྱིལ་འཁོར་འོད་དང་ལྡན་པར་གྱུར་པ་གཅིག་གི་འོད་ཟེར་ཕྱུང་བ་དེའི་ཚེ་སྔར་བསྟན་པའི་སྐར་མ་ལ་སོགས་པའི་ཚོགས་ཀྱི་འོད་ཀྱིས་ཆ་ཙམ་དུ་ཡང་མི་ཕོད་དོ། །དེ་བཞིན་དུ་ཉན་ཐོས་ལ་སོགས་པ་ཀུན་གྱི་ཆར་མི་ཕོད་དོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ ལ་སོགས་པས་བསྟོད་པ་ལ་སོགས་པ་ཞེས་བྱ་བར་གནས་སོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་བསོད་ནམས་ཀྱི་རྣམ་གྲངས་ཀྱི་ལེའུ་སྟེ་ལྔ་པའི་བཤད་པའོ།། །།སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ་དང་། བཀུར་བ་དང་། བསྔགས་པའི་ མོས་པ་ཡིད་ལ་བྱེད་པ་ལ་རྗེས་སུ་ཡི་རང་བ་འབྱུང་བས། ད་ནི་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་བརྗོད་པར་བྱ་སྟེ། དེ་ཡང་ཡོངས་སུ་བསྔོ་བ་སྔོན་དུ་འགྲོ་བ་དང་མི་འགྲོ་བའི་དབྱེ་བས་རྣམ་པ་གཉིས་ཏེ། གང་གི་ཚེ་བདག་གི་དགེ་བའི་རྩ་བ་རྗེས་ལས་བྱུང་བའི་སེམས་ཀྱིས་ཡོངས་སུ་བསྔོས་ ནས་རྗེས་ལས་བྱུང་བའི་སེམས་ཀྱིས་ཡོངས་སུ་བསྔོས་པ་ལ་རྗེས་སུ་ཡི་རང་བར་བྱེད་པ་དེའི་ཚེ་ནི་དང་པོ་ཡིན་ནོ། །ཡང་གང་གི་ཚེ་བདག་ཉིད་ཀྱི་སེར་སྣ་ལ་སོགས་པའི་སེམས་ཚར་བཅད་ནས་གཞན་གྱིས་སྦྱིན་པ་ལ་སོགས་པ་བྱས་པ་ལ་རྗེས་སུ་ཡི་རང་བར་བྱེད་པ་དེའི་ཚེ་ན་ནི་ གཉིས་པར་གྱུར་པ་ཡིན་ནོ། །གཙོ་བོ་ཡིན་པས་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་བསྟན་པའི་ཕྱིར། ཉན་ཐོས་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་ཚོགས་རྣམས་ཇི་སྙེད་སྦྱིན་དང་ཚུལ་ཁྲིམས་དང་བསྒོམ་པ་དེས་ནི་གང་གི་ཚེ་བྱང་ཆུབ་སེམས་དཔའ་ནི་ཉེ་བར་མཚོན་པ་ ཡིན་པའི་ཕྱིར་སངས་རྒྱས་ལ་སོགས་པའི་དགེ་བའི་རྩ་བ་གཞན་ལ་མཆོག་ཏུ་རྗེས་སུ་ཡི་རང་བས་ཡི་རང་བར་བྱེད་ཅིང་ཆོས་ཐམས་ཅད་མི་དམིགས་པ་སྔོན་དུ་འགྲོ་བས་སེར་སྣ་ཚར་བཅད་པའི་སེམས་ཀྱིས་རབ་ཏུ་དགའ་བས་སེམས་གཅིག་པ་དེའི་ཚེ་རྗེས་སུ་ཡི་རང་བའི་བསོད་ནམས་ཀྱི་ཆར་ ཡང་སྦྱིན་པ་ལ་སོགས་པའི་ཉན་ཐོས་ཀྱི་བསོད་ནམས་ཀྱི་ཕུང་པོ་དེ་དག་ཐམས་ཅད་ཀྱིས་མི་ཕོད་དོ། །ཡང་དག་པའི་རྗེས་སུ་ཡི་རང་བ་དེས་ནི་ཡོངས་སུ་སྔོ་བར་བྱེད་པ་ཡིན་པས་དེའི་རྗེས་ལ་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་བརྗོད་པར་བྱ་སྟེ། དེ་ཡང་རྗེས་སུ་ཡི་རང་བ་སྔོན་དུ་འགྲོ་བ་དང་ མི་འགྲོ་བའི་དབྱེ་བས་རྣམ་པ་གཉིས་སོ། །འདི་ལྟར་གང་གི་ཚེ་རང་གི་དང་གཞན་གྱི་བསོད་ནམས་མཉམ་དུ་ཐོབ་པར་བྱ་བའི་ཕྱིར་གཞན་གྱིས་བྱས་པའི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བར་བྱས་ནས་ཡོངས་སུ་བསྔོ་བ་དེའི་ཚེ་དེ་ནི་དང་པོ་ཡིན་ནོ། །གང་གི་ཚེ་ཡང་བདག་ཉིད་ཀྱི་སྦྱིན་པ་ལ་ སོགས་པ་མི་ཟད་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་པ་དེའི་ཚེ་ནི་གཉིས་པ་ཡིན་ནོ། །གཙོ་བོ་ཡིན་པའི་ཕྱིར་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་དང་པོར་བསྟན་པའི་ཕྱིར། འདས་དུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སངས་རྒྱས་བྱེ་བ་ཁྲག་ཁྲིག་གང་ནི་འདས་དུས་སྔོན་གྱིའོ། །བཅོམ་ ལྡན་འདས་མཐའ་ཡས་གང་ཞིང་མང་བྱེ་སྟོང་དག་ན་གང་བཞུགས་པར་གྱུར་པ་སྟེ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་བརྙེས་ནས་ཆོས་བསྟན་པས་འགྲོ་བའི་སྡུག་བསྔལ་སེལ་བར་མཛད་པ་ནི་འཇིག་རྟེན་མགོན་པོ་རྣམས་སོ། །དེ་དག་གི་དང་པོ་བྱང་ཆུབ་མཆོག་ཏུ་ སེམས་བསྐྱེད་པ་ནས་རྣམ་པར་འདྲེན་པ་རྣམས་ཀྱི་དམ་ཆོས་ཟད་པའི་དུས་ཀྱི་བར་དེ། དེ་དག་གི་དབུས་ཀྱི་རྒྱལ་བ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་དང་། མོས་པས་སྤྱོད་པའི་ས་གཉིས་ནས་བཟུང་སྟེ་ཕན་ཚུན་ལྷན་ཅིག་བྱེད་པ་ནི་བཅས་པའོ། །མི་དམིགས་པར་ཞུགས་པ་དང་ ལྡན་པས་སྤྱོད་ཅིང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པས་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་ལ་གནས་ཏེ། མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་སངས་རྒྱས་ཀྱི་ཆོས་གང་དག་ནི་ཀུན་ཏུ་འོད་སངས་རྒྱས་ཀྱི་སའོ། །གང་ཡང་སངས་རྒྱས་སྲས་རྣམས་ དང་ནི་ཉན་ཐོས་རྣམས་ཏེ། སློབ་དང་མི་སློབ་དགེ་བ་ཟག་བཅས་ཟག་མེད་པའོ། །དང་གི་སྒྲས་ནི་གཞན་སོ་སོའི་སྐྱེ་བོ་རྣམས་ཀྱི་བསོད་ནམས་ཀྱང་ངོ་། །ཚད་མེད་པ་ལ་སོགས་པ་རྣམས་ཀྱི་རང་བཞིན་ཡོངས་སུ་བསྡུས་ནས་དེ་དག་ཐམས་ཅད་སེམས་ལ་གཞག་སྟེ་བྱང་ཆུབ་སེམས་དཔའ་ རྗེས་སུ་ཡི་རང་བའི་བྱེད་པ་ནི་ཤིན་ཏུ་དད་པ་དང་། ཤིན་ཏུ་དགའ་བར་བྱེད་ཅིང་རང་གི་དེ་དག་ཐམས་ཅད་སྒྲུབ་པའི་ཆེད་དུ་དགེ་བ་བྱེད་པའོ། །རྗེས་སུ་ཡི་རང་བའི་བསོད་ནམས་དང་། ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་བསྔོ་བས་འགྲོ་བའི་དོན་མངོན་པར་མཐོ་བ་དང་། ངེས་པར་ ལེགས་པའི་གཞིའི་མཚན་ཉིད་བྱང་ཆུབ་ཀྱི་རྒྱུར་གྱུར་པ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ན་དེ་ལྟར་ཡོངས་སུ་བསྔོ་བ་ནི་ཡང་དག་པར་ཡོངས་སུ་བསྔོ་བ་ཡིན་ནོ། །དེས་སྤྱིར་བསྟན་པ་མ་ཡིན་ནམ་ཇི་ལྟར་མི་དམིགས་པས་ཡོངས་སུ་བསྔོ་བ་ཁྱད་པར་དུ་བྱས་ཤེ་ན། ཡོངས་བསྔོ་གལ་ཏེ་ ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོངས་སུ་བསྔོ་ན་བྱང་ཆུབ་སེམས་དཔའ་གལ་ཏེ་འདི་ནི་ཡོངས་སུ་བསྔོ་བའི་སེམས་སོ་ཞེས་སེམས་པར་གྱུར་ན་མངོན་པར་ཞེན་པས་སེམས་སུ་འདུ་ཤེས་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་གང་དུ་ཡོངས་སུ་བསྔོ་བ་ དེར་དམིགས་པ་ནི་བྱང་ཆུབ་ཏུ་དམིགས་པ་ཡིན་ནོ། །ཡོངས་སུ་བསྔོ་བའི་ཡིད་ཀྱིས་བསོད་ནམས་ཡོད་པར་རྟོགས་པ་ནི་སེམས་ཅན་དུ་འདུ་ཤེས་པ་ཡིན་ནོ། །དེ་བས་འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་ཡིན་པས་དམིགས་པའི་རྒྱུ་ལྟ་གནས་ཏེ། མངོན་པར་ཞེན་ནས་བདག་གིས་ འདི་དེར་ཡོངས་སུ་བསྔོ་བར་བྱས་སོ་ཞེས་སེམས་པར་བྱེད་དོ། །ལས་དང་། བྱེད་པ་དང་། བྱ་བར་དམིགས་པ་ཐམས་ཅད་ལ་མངོན་པར་ཞེན་པ་དང་ལྡན་པའི་ཕྱིར་འབྲེལ་པ་ནི་ཆགས་པའོ། །དེ་བས་ན་ཚད་མས་གནོད་པའི་ཕྱིར་དམིགས་པ་ནི་ཕྱིན་ཅི་ལོག་གི་རང་བཞིན་ཡིན་པའི་ཕྱིར་ ཡོངས་སུ་བསྔོ་བ་མ་ཡིན་ནོ། །དེ་ལྟ་ཡིན་ན་ཇི་ལྟར་ཡོངས་སུ་བསྔོ་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་འདི་ལྟར་བྱང་ཆུབ་སེམས་དཔའ་ཞེས་ཡོངས་སུ་བསྔོ་བའི་ཆོས་ཉིད་རང་བཞིན་གྱིས་འགགས་པར་ཤེས་ཤིང་ཉམས་པ་ནི་ཟད་པ་སྟེ་བསགས་པ་ ཉམས་པ་དེ་ལྟ་བུར་ཆོས་རྣམས་ཤེས་པས་གང་དུ་སངས་རྒྱས་སུ་ཡོངས་སུ་སྔོ་བར་བྱེད་ན་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པའི་ཆོས་ཀྱི་བསོད་ནམས་བྱ་བའི་དངོས་པོ་རང་བཞིན་གྱི་དངོས་པོའི་ཆོས་བྱ་བའི་རང་བཞིན་ཡོངས་སུ་བསྔོ་བ་བསྒྲུབ་པར་མི་ནུས་ཏེ། སྒྱུ་མའི་སྐྱེས་བུ་ལྟར་ཡོངས་ སུ་སྔོ་བར་བྱེད་ན་དེའི་ཚེ་ཡོངས་སུ་བསྔོ་བར་གྱུར་པ་ཡིན་ནོ། །དེ་ལྟར་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །ལས་དང་བྱ་བ་ལ་སོགས་པ་ཤེས་རབ་ཀྱིས་ཡིད་ལ་མི་བྱེད་པ་དེ་ལྟ་ཡིན་ན། ཁ་ཅིག་ཏུ་ཇི་ལྟར་དམིགས་པ་གཙོར་གསུངས་ཤེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་སྒྱུ་མ་ལྟ་བུར་རྟོགས་པ་ཉིད་བདེན་གྱི་གཞན་ནི་མ་ཡིན་ནོ་ཞེས་འཛིན་པར་བྱེད་ན། དེའི་ཚེ་ཕྱིན་ཅི་ལོག་གི་རང་བཞིན་དུ་ཡོངས་སུ་བསྔོས་པའི་ཕྱིར་དེ་བས་ན་གཅིག་ཏུ་མཚན་མར་མངོན་པར་ཞེན་པ་མི་དམིགས་པ་དེ་ལྟ་བུ་བྱང་ཆུབ་ཏུ་ ཡོངས་སུ་བསྔོ་བ་ཡིན་ཏེ། ཡང་དག་པར་ཞུགས་པའི་ཕྱིར་རོ། །ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་ཟོས་ན་མཐར་རྣམ་པར་སྨིན་པ་སྡུག་བསྔལ་མྱོང་ན་བདེ་བ་ཙམ་བྱེད་པས་བཟང་ངོ་ཞེས་བརྗོད་དོ། །དེ་བཞིན་དུ་དཀར་པོའི་ཆོས་རྣམས་ལ་དམིགས་པས་ཡོངས་སུ་བསྔོ་བ་ནི་བྱང་ཆུབ་ ཉམས་པའི་རྒྱུ་ཡིན་མོད་ཀྱི་འོན་ཀྱང་ལས་དང་པོ་པ་རྣམས་སེམས་དང་བར་བྱེད་པ་ཙམ་ལ་ལྟོས་ནས་བཅོམ་ལྡན་འདས་ཀྱིས་མཆོག་ཏུ་གསུངས་པ་དེ་བས་ན་འདིར་མངོན་པར་ཞེན་པར་མི་བྱ་སྟེ། ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པ་བསྟན་པ་དང་། རྗེས་སུ་ཡི་རང་བའི་ཡིད་ལ་བྱེད་ པ་བསྟན་པའི་རིགས་ཐམས་ཅད་གཟུང་བར་བྱའོ། །དེ་ལྟར་ཡིད་ལ་བྱེད་པ་གཉིས་རྒྱ་ཆེར་བསྟན་ནས་ཉེ་བར་བསྡུ་བའི་ཕྱིར། དེ་ལྟས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟས་འདི་ལྟར་རྣམ་པ་གང་དང་གང་གིས་ཀྱང་རུང་སྟེ། དམིགས་པ་ངེས་པ་ཡིན་པས་སྒྱུ་མ་ལྟ་བུར་ རྟོགས་པ་མེད་ཀྱང་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་མཁྱེན་ཅིང་བསྔགས་པའི་དབང་དུ་མཛད་ནས་རིགས་པ་གང་ཡིན་པ་རྣམ་པར་དཔྱད་མི་བཟོད་པའི་འབྲས་བུ་བསྐྱེད་ནུས་པ་གང་ཡིན་པ་དང་། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ མཚན་ཉིད་གང་ཡིན་པ་རབ་ཏུ་མཁྱེན་པ་དེ་ལྟར་བདག་གིས་རྗེས་སུ་ཡི་རང་བར་བྱ། དེ་ལྟར་བདག་གིས་ཡོངས་སུ་བསྔོ་བར་བྱའོ་ཞེས་དེ་བཞིན་དུ་རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བ་ལ་བསླབ་པར་བྱའོ། །དེ་ལྟ་བུ་ནི་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་པར་ དགོངས་སོ། །དེ་ལས་ཡོན་ཏན་ཅི་ཞིག་ཏུ་འགྱུར་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་དེ་བཞིན་དུ་བསྔོ་བ་ལ་མངོན་པར་ཞེན་པ་མེད་པའི་སྦྱོར་བས་བསོད་ནམས་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་ནི་ཉེ་བར་མཚོན་པ་ཉིད་དེ་རྗེས་སུ་ཡི་རང་བ་ལ་ཡང་ངོ་། །དེ་ཉིད་ ཀྱི་ཕྱིར་ཕྱིན་ཅི་མ་ལོག་པ་ལ་ཞུགས་པ་ཉིད་ཀྱི་འབྲས་བུ་མཐོང་བས་སངས་རྒྱས་མི་སྤོང་སྟེ། དེ་བས་ན་དེ་ཉིད་ཀྱི་ཕྱིར་དེས་གསུངས་པའི་རིམ་པ་བཞིན་སྨྲ་ཞིང་རྗེས་སུ་ཡི་རང་བར་བྱེད་པ་ནི་རྒྱལ་བ་རྣམས་ཀྱིས་གསུངས་པ་སྨྲ་བ་ཡིན་ཏེ། འགྲོ་བ་ཇི་སྙེད་པ་ལ་དམིགས་པ་ཅན་གྱི་བྱང་ཆུབ་ སེམས་དཔའ་དེ་དག་ཐམས་ཅད་ཟིལ་གྱིས་གནོན་པ་ཡིན་ཏེ། བསོད་ནམས་མང་པོ་ཡོངས་སུ་འཛིན་པའི་ཕྱིར་རོ། །ཇི་སྐད་བསྟན་པའི་རིགས་པས་ཡོངས་སུ་བསྔོ་བ་དང་། རྗེས་སུ་ཡི་རང་བ་ནི་དམིགས་པ་ཐམས་ཅད་ཀྱི་བསྙེངས་པ་མེད་པ་ནི་དཔའ་བོ་སྟེ་བྱང་ཆུབ་སེམས་དཔའ་ཞེས་ བྱ་བའི་བར་དུའོ། །ཡིད་ལ་བྱེད་པ་འདི་ཡང་སྔ་ཕྱི་ངེས་པ་ནི་མ་ཡིན་ཏེ། སྟོང་ཕྲག་བརྒྱ་པ་ལས་དང་པོ་བསྔོ་བ་ཡིད་ལ་བྱེད་པ་བསྟན་ནས། ཕྱིས་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་བསྟན་ཏོ། །འདིར་བཟློག་པར་ཤེས་པར་བྱེད་པ་རྟོགས་པར་བྱའོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་ སུ་བཅད་པ་ལས་ཡོངས་སུ་བསྔོ་བའི་ལེའུ་སྟེ་དྲུག་པའི་བཤད་པའོ།། །།བསྒོམ་པའི་ལམ་ཟག་པ་དང་བཅས་པ་ནི་རྣམ་པ་གསུམ་མོ། །དེའི་རྗེས་ལ་བསྒོམ་པའི་ལམ་ཟག་པ་མེད་པ་བསྒོམ་པར་བྱ་བ་ཡིན་ཏེ། དེ་ཡང་རྒྱུ་དང་འབྲས་བུའི་དབྱེ་བས་རྣམ་པ་གཉིས་ཡོད་པས་ དང་པོ་སྒྲུབ་པའི་མཚན་ཉིད་བསྒོམ་པའི་ལམ་བསྟན་པར་བཞེད་ནས། དམུས་ལོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་དམུས་ལོང་བྱེ་བ་ཁྲག་ཁྲིག་རྣམས་ལོང་ཁྲིད་དང་བྲལ་བའི་ཕྱིར་ཁྲིད་པ་མེད་པ་རྣམས་ཀྱིས་ཡང་ལམ་གྱི་རང་བཞིན་ཡོངས་སུ་མི་ཤེས་ན་མི་མཁས་པས་ གྲོང་ཁྱེར་དུ་འཇུག་པ་ལ་མཁས་པར་ག་ལ་འགྱུར་ཏེ་སྨོས་ཀྱང་ཅི་དགོས་སོ། །དེ་བཞིན་དུ་སྒྲུབ་པའི་མཚན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དམིགས་བུ་མེད་པས་དམུས་ལོང་ལྟ་བུར་གྱུར་པ་ཡིན་པའི་ཕྱིར་དམིགས་པ་དང་བྲལ་བས་ སངས་རྒྱས་ཉིད་ཐོབ་པར་བྱེད་པ་རབ་ཏུ་དགའ་བ་ལ་སོགས་པའི་སར་འཇུག་པ་ལ་ཁྲིད་པར་བྱེད་པའི་དམིགས་བུ་མེད་པས་ཐོབ་པར་མི་ནུས་པས་བྱང་ཆུབ་རེག་པར་ནུས་པ་མ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་འཇུག་པར་མི་ནུས་ཞེས་བྱ་བའི་བར་དུའོ། །དེ་ལྟ་ན་གང་དུ་ཡང་དག་ པའི་མིག་འཐོབ་ཅེ་ན། གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་མཐོང་བ་དང་ཤིན་ཏུ་རྣམ་པར་དག་པའི་ལམ་གཉིས་ཀྱི་དབུས་མཚམས་ཟག་པ་མེད་པའི་རྒྱུའི་གནས་བསྒོམས་པའི་སྟོབས་སུ་གང་གྱུར་པའི་ཤེས་རབ་ཀྱིས་སྦྱིན་པ་ལ་སོགས་པ་བཟུང་བ་དེའི་ཚེ་དེར་ ཐམས་ཅད་ཕུན་སུམ་ཚོགས་པའི་རྒྱུ་ཤེས་རབ་ཀྱི་མིག་རྙེད་པ་སྟེ། མིག་འཐོབ་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་སུ་འགྲོ་བས་སྦྱིན་པ་ལ་སོགས་པས་ཀྱང་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་བོ། །གཞན་དུ་ན་མིག་མེད་པས་དཔེར་ན་རི་མོའི་ལས་ནི་ཡོངས་ཟིན་ཏེ་ཐམས་ཅད་ རྫོགས་ཀྱང་རི་མོ་མཁན་གྱིས་དེའི་མིག་མ་བྲིས་པ་དེ་སྲིད་གླ་རྔན་མི་འཐོབ་པ་བཞིན་ཏེ། མིག་མ་བྱས་པ་དེ་བཞིན་དུ་ཐམས་ཅད་ཕུན་སུམ་ཚོགས་པར་མི་འགྱུར་རོ་ཞེས་དགོངས་སོ། །གལ་ཏེ་སྒྲུབ་པའི་ཤེས་རབ་ཀྱི་སྟོབས་ཀྱིས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་རང་ བཞིན་ཡིན་ན་ཡང་དེའི་གང་ལས་འགྱུར་ཞེ་ན། གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་འདོད་པའི་ཁམས་ལ་སོགས་པ་འདུས་བྱས་དང་། སྟོང་པ་ཉིད་ལ་སོགས་པའི་འདུས་མ་བྱས་ནག་པོའི་ཆོས་ཏེ། ཉན་ཐོས་ལ་སོགས་པ་དང་འབྲེལ་པ་དོར་བར་བྱ་བ་ ཡིན་ནོ། །དཀར་པོ་ནི་རྡུལ་ཕྲ་རབ་ཙམ་ཡང་མི་དམིགས་པའི་ཤེས་རབ་སྒྲུབ་པའི་བདག་ཉིད་ཀྱི་བྱང་ཆུབ་སེམས་དཔའ་སྒྱུ་མ་ལྟ་བུར་བསྒོམ་པ་དེའི་ཚེ་ཤེས་རབ་རང་ཁོ་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་འགྲོ་བར་བརྗོད་དོ། །འཇིག་རྟེན་ཇི་ལྟར་གྱུར་ པ་ཞིག་ཅེ་ན། །ནམ་མཁའ་གང་ལའང་ཅུང་ཟད་མི་གནས་ཏེ། །ཅུང་ཟད་ཅིག་གི་རང་བཞིན་དེ་དང་འདྲ་བར་ཡོངས་སུ་དག་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སྐྱེ་བོ་ཞེས་བྱ་བའི་བར་དུའོ། །དེ་ལྟ་བུར་གྱུར་པའི་ཆོས་ཀྱི་དབྱིངས་ལ་མངོན་པར་ཞེན་པ་ཕྱིན་ཅི་ལོག་ཡིན་ནོ་ཞེས་བསྟན་ པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྙམ་དུ་རྒྱལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པའི་རང་བཞིན་ལ་གང་གི་ཕྱིར་སྤྱད་པར་བྱའོ་སྙམ་ནས་སེམས་ཅན་