Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 86

Văn bản gốc(Tây Tạng)

Trang 11 / 18 (50.000 ký tự/trang)
ར་མི་འགྲོ་བའི་རྒྱུའོ། །གཞན་གྱི་དྲིང་མི་འཇོག་པར་འགྲོ་བ་ཉིད་ཀྱི་རྒྱུ་ནི་བདུད་ལ་སོགས་པའི་ཤེས་པར་དྲང་བའི་དོན་ཉིད་དུ་རང་ཉིད་ཀྱིས་ཤེས་ནས་མི་འཇུག་པའི་རྒྱུའོ། །དགེ་འདུན་དཀོན་མཆོག་གི་ཁོངས་སུ་གཏོགས་
པ་ཉིད་ཡིན་པའི་ཕྱིར་དགེ་འདུན་གྱི་དབྱེ་བ་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་རྟོགས་པ་ཁོ་ན་ཡིན་པས་རབ་ཏུ་བྱེད་པ་གཉིས་པོ་ལ་དོན་མེད་དོ་སྙམ་དུ་སེམས་པ་ལ། བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དགེ་འདུན་དཀོན་མཆོག་ལ་བྱང་ཆུབ་སེམས་དཔའ་དབང་པོ་
རྟུལ་པོ་ལ་སོགས་པའི་དབྱེ་བ་ནི། དབང་པོ་རྟུལ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པས་བཤད་པ་ཡིན་ནོ། །འཆད་པར་འགྱུར་བའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་མཐོང་བའི་ལམ་ལ་བརྟེན་ནས་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་མ་བཅོ་ལྔ་ལ།
དད་པ་དང་ཆོས་ཀྱིས་རྗེས་སུ་འབྲང་བའི་བྱེ་བྲག་གིས་ཏེ། དད་པ་དང་ཤེས་རབ་ཀྱིས་རྗེས་སུ་འབྲང་བ་ཉིད་དག་གིས་འབྲས་བུ་དང་པོ་ལ་ཞུགས་པ་སྟེ་ཞེས་བྱ་བ་རྒྱུན་དུ་ཞུགས་པའི་འབྲས་བུ་གྲུབ་པ་དང་ལྡན་པ་དབང་པོ་རྟུལ་པོ་དང་རྣོན་པོ་རྣམ་པ་གཉིས་ཏེ། ཡུན་རིང་པོས་ཤེས་པ་དང་མྱུར་བར་
ཤེས་པའོ། །དེའི་འོག་ཏུ་དེ་ཉིད་འདོད་པའི་འདོད་ཆགས་དང་མ་བྲལ་བ་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་ལ་ནི་རྒྱུན་ཏུ་ཞུགས་པའོ། །དེའི་འོག་ཏུ་དེ་ཉིད་བསྒོམ་པའི་ལམ་ལ་ཉོན་མོངས་པ་རྣམ་པ་བཞི་རབ་ཏུ་སྤངས་པ་ལས། ལྷ་དང་མིའི་རིགས་ནས་རིགས་སུ་སྐྱེ་བ་ཉིད་ཀྱིས་
གཞན་རྣམ་པ་གཉིས་ཡིན་ཏེ། ལྷ་དང་མི་དག་ཏུ་སྐྱེ་བ་གཉིས་སམ་གསུམ་ཐོས་པས་ལྷའི་རིགས་ནས་རིགས་དང་། མིའི་རིགས་ནས་རིགས་སུ་སྐྱེ་བས་རིགས་སུ་སྐྱེ་བའོ། །དེའི་འོག་ཏུ་དབང་པོ་རྟུལ་པོ་དང་རྣོན་པོ་དད་པ་དང་མཐོང་བས་ཐོབ་པ་སྟེ། དད་པ་དང་ཤེས་

རབ་དང་ལྡན་པ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ལྔ་སྤངས་པས་འབྲས་བུ་གཉིས་པ་ལ་ཞུགས་པ་སྟེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་བསྒྲུབ་པ་དང་ལྡན་པ་ནི་གཅིག་ཁོ་ན་ཡིན་ནོ། །དེའི་འོག་ཏུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམ་པ་དྲུག་སྤངས་
པས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡིན་ནོ། །དེའི་འོག་ཏུ་དེ་ཉིད་ལྷ་རྣམས་སུ་སྐྱེ་བ་གཅིག་ལྷག་མ་ལུས་པ་ཡིན་པའི་ཕྱིར་གཞན་བར་ཆད་གཅིག་པ་ཡིན་ནོ། །དེའི་འོག་ཏུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་བདུན་པ་དང་བརྒྱད་པ་སྤངས་པས་འབྲས་བུ་གསུམ་པ་ལ་ཞུགས་
པ་ཡིན་ཏེ། ཕྱིར་མི་འོང་བའི་འབྲས་བུ་གྲུབ་པ་དང་ལྡན་པའོ། །དད་པ་དང་མཐོང་བས་ཐོབ་པ་ནི་སྔ་མ་བཞིན་དུ་གཅིག་ཡིན་ཏེ་དད་པ་དང་མཐོང་བས་ཐོབ་པའི་འབྲས་བུ་གཉིས་པ་དང་། གསུམ་པ་ལ་ཞུགས་པ་དག་ན་དད་པ་དང་མཐོང་བས་ཐོབ་པར་བཤད་པ་ཡིན་
ནོ། །རྒྱས་པར་བཤད་པ་ནི་ལུང་གི་དབང་གིས་ཡིན་པར་ཤེས་པར་བྱའོ། །དེའི་འོག་ཏུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དགུ་པ་སྤངས་པས་ཕྱིར་མི་འོང་བའི་རྣམ་པ་ལྔ་སྟེ་དེར་ནི་བར་མ་དོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྐྱེ་བའི་ཀུན་ཏུ་སྦྱོར་བ་ནི་སྤངས། མངོན་
པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་ནི་མ་སྤངས་པའི་ཕྱིར་སྲིད་པ་བར་མ་མངོན་པར་སྒྲུབ་པར་བྱེད་པ་ནའམ། མངོན་པར་སྒྲུབ་པ་ན་སྲིད་པ་བར་མར་ལམ་མངོན་སུམ་དུ་བྱས་པས་སྡུག་བསྔལ་གྱི་མཐར་བྱེད་པ་ཐོབ་པ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའོ། །ཀུན་ཏུ་སྦྱོར་བ་
གཉི་ག་མ་སྤངས་པའི་ཕྱིར་གཟུགས་ཀྱི་ཁམས་སུ་སྐྱེས་ནས་སྡུག་བསྔལ་གྱི་མཐར་བྱེད་པ་ཐོབ་པ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའོ། །དེ་བཞིན་དུ་སྐྱེས་ནས་མངོན་པར་འདུ་བྱེད་པ་དང་བཅས་པས་ལམ་མངོན་དུ་བྱེད་པ་ཐོབ་པའི་ཕྱིར་སྡུག་བསྔལ་གྱི་མཐར་བྱེད་པ་ཐོབ་
པ་ནི་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བའོ། །དེ་ལས་གོ་བཟློག་པ་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་སྟེ་རྣམ་པ་བཞི་དང་གོང་དུ་འཕོ་བ་ནི་ལྔ་སྟེ། དེ་ཡང་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་དང་སྲིད་པའི་རྩེ་མོའི་

མཐར་ཐུག་པར་འགྲོ་བ་སྟེ་རྣམ་པ་གཉིས་སོ། །དེའི་འོག་ཏུ་གོང་དུ་འཕོ་བ་དེ་ཉིད་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་ནི་འཕར་བ་དང་ཕྱེད་དུ་འཕར་བ་དང་གནས་སྐབས་ཐམས་ཅད་དུ་འཆི་འཕོ་བ་ཉིད་ཀྱིས་འོག་མིན་ཏུ་འཇུག་པ་ནི་གོང་དུ་འཕོ་བ་གཞན་རྣམ་པ་གསུམ་མོ། །དེའི་འོག་ཏུ་གོང་
དུ་འཕོ་བ་དེ་ཉིད་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་སྟེ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ལ་གཉིས་ཏེ་མཐོང་བའི་ཆོས་ལ་ཞི་བ་དང་ལུས་ཀྱིས་མངོན་སུམ་དུ་བྱེད་པ་གཞན་རྣམ་པ་གཉིས་ཡིན་ནོ། །དེའི་འོག་ཏུ་སྲིད་པའི་རྩེ་མོའི་ཉོན་མོངས་པ་བརྒྱད་པ་སྤངས་པས་ནི་དགྲ་
བཅོམ་པའི་འབྲས་བུ་ལ་ཞུགས་པ་ཡིན་ནོ། །དེའི་འོག་ཏུ་ཉན་ཐོས་ཀྱི་སྡེ་སྣོད་ཉིད་ལ་དམིགས་ནས་རང་གི་ལམ་མངོན་སུམ་དུ་བྱེད་པས་སངས་རྒྱས་མི་འབྱུང་བ་ན་རང་སངས་རྒྱས་སུ་འགྱུར་བ་སྟེ་དེ་ལྟར་ཉི་ཤུའོ། །འདིར་གོ་སླ་བས་འབྲས་བུ་དང་པོ་དང་གཉིས་པ་དང་བཞི་
པ་ལ་ཞུགས་པའི་གྲངས་མ་སྨོས་སོ། །དེ་ལྟར་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་དང་། སྟོང་ཕྲག་ཉི་ཤུ་ལྔ་པ་དང་། ཆོས་མངོན་པ་ལས། དེ་ལ་སྐད་ཅིག་བཅྭ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་དང་གྲངས་དང་
བཅས་པར་གསུངས་པ་ཡོད་པས་ལོག་པར་ཁོང་དུ་ཆུད་པར་མི་བྱའོ། །ལས་དང་པོ་པ་དེ་ལྟར་གདམས་ངག་ཐོབ་པ་ལ་ཞེས་བྱ་བ་ནི་འདིར་བསོད་ནམས་ཀྱི་ཚོགས་ལ་སོགས་པ་ཡང་དག་པར་རྫོགས་པ་དང་ལྡན་པ་ལ་ཡེ་ཤེས་ཀྱི་ཚོགས་གྲུབ་པར་བྱ་བའི་ཕྱིར་བསྐལ་པ་གྲངས་
མེད་པས་ངེས་པར་འབྱུང་བའི་མོས་པས་སྤྱོད་པའི་ས་ཡོངས་སུ་སྦྱང་བར་བྱ་བའི་དོན་དུ་ཞུགས་པ་ལ་ཞེས་བྱ་བར་བལྟ་བར་བྱའོ། །བྱང་ཆུབ་སེམས་དཔའ་དམ་པ་སྐྱོབ་པ་རྣམས་ཀྱི་དྲོ་བ་ལ་སོགས་པ་རྣམ་པར་རྟོག་པ་བཞི་པོ་འོག་ནས་བཤད་པ་དེ་དང་ལྡན་པ་སྟེ་དེ་དང་ཡང་དག་པར་སྦྱོར་
བའོ། །བསྟེན་པ་སྟེ་བསྟེན་བཞིན་པ་ན་བྱང་ཆུབ་སེམས་དཔའི་ཆུང་ངུ་དང་འབྲིང་དང་ཆེན་པོར་བཤད་པ་ནི་ཉན་ཐོས་བསེ་རུ་ལྟ་བུར་བཅས་པ་དག་གི་དྲོ་བ་ལ་སོགས་པ་བཤད་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་དག་གི་དམིགས་པ་ལ་སོགས་པ་ནི་དམན་པ་ཡིན་

པའི་ཕྱིར་རོ། །གང་དུ་གང་ཅི་ཞིག་ཅེ་ན། འབྲེལ་པ་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་སེམས་དཔའི་མོས་པས་སྤྱོད་པའི་ས་ཡོངས་སུ་སྦྱོང་བ་ལ་ཞུགས་པ་རྣམས་ཀྱི་ཐོས་པ་ལ་སོགས་པ་རབ་ཀྱི་
མཐར་ཕྱིན་པས་ཐོབ་པའི་ཐར་པའི་ཆ་དང་མཐུན་པ་སྟེ་ཉོན་མོངས་པ་ལ་སོགས་པ་དང་བྲལ་བ་ལ་ཕན་པའི་དད་པ་དང་བརྩོན་འགྲུས་ལ་སོགས་པའི་མཚན་ཉིད་ཀྱི་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བ་རྣམས་ཀྱི་རྩ་བ་སྟེ། རྒྱུའི་གཙོ་བོ་གང་ཡིན་པ་དེའི་འོག་ཏུ་སྟེ། རྗེས་
ཐོགས་ལ་བདེན་པ་བཞི་པོ་སྡུག་བསྔལ་ལ་དེ་རྣམས་རྟོགས་པ་དེ་བཞིན་ཉིད་ཤེས་པ་དེ་རྗེས་སུ་མཐུན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཉོན་མོངས་པ་ལ་སོགས་པ་དང་བྲལ་བའི་ཤེས་པ་ལ་མངོན་སུམ་དུ་ཕན་པ་འཇིག་རྟེན་པའི་སེམས་ལས་སྐྱེས་པ་ཉིད་ཡིན་པའི་ཕྱིར་
འཇིག་རྟེན་པ་ཡིན་ལ། བསྒོམ་པ་གོམས་པ་ལས་བྱུང་བ། དྲོ་བར་གྱུར་པ་དང་འབྲེལ་པ་དགེ་བའི་རྩ་བ་དང་ཞེས་བྱ་བ་ལ་སོགས་པ་ལ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཞེས་བྱ་བ་ལ་ཆུང་ངུ་ལ་སོགས་པའི་རིམ་གྱིས་སྐྱེ་ཞེས་བྱ་བ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་གོ་རིམས་སྐྱེ་
བའམ། བྱང་ཆུབ་སེམས་དཔའ་དང་འབྲེལ་པ་སྟེ། དེའི་རིམ་ཅན་གྱི་དབང་པོ་རྟུལ་པོ་ལ་སོགས་པའི་གང་ཟག་ཆུང་ངུ་དང་། འབྲིང་དང་ཆེན་པོའི་ཤེས་པ་དང་ལྡན་པའི་ལུས་ཅན་དེའི་བྱེ་བྲག་དང་ལྡན་པ་ལ། དྲོ་བ་ལ་སོགས་པ་དེའི་ཁྱད་པར་གྱི་ཆུང་ངུ་དང་འབྲིང་དང་ཆེན་པོ་
ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དམིགས་པ་ཡིན་ཞེས་སྨོས་པ་ནི་འོག་ནས་བཤད་པའི་དམིགས་པའི་ཁྱད་པར་མི་རྟག་པ་ལ་སོགས་པ་སྟེ་དེའི་ངོ་བོ་ཉིད་དོ། །བདེན་པ་བཞི་ནི་སྡུག་བསྔལ་ལ་སོགས་པའོ། །དེ་ཉིད་ནི་དངོས་པོ་སྟེ་ཤེས་པ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །
དེའི་དམིགས་པ་ནི་ཡུལ་རྣམས་སོ། །རྣམ་པ་ཡིས་ནི་ཆོས་སུ་ལྟ་བ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཆོས་སུ་ལྟ་བ་ནི་གཟུགས་ལ་སོགས་པ་ཡོད་པར་འཛིན་པའི་ཕྱིར་རོ། །དེའི་གཉེན་པོ་ཉིད་ཀྱིས་ན་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པ་སྟེ། མ་ཆགས་པ་དང་མི་

དམིགས་པ་ལ་སོགས་པ་རྣམ་པའི་བྱེ་བྲག་གིས་ཞུགས་པ་ནི་སྒྱུ་མ་ལྟ་བུ་ལ་སོགས་པའི་ཚུལ་གྱིས་སོ། །རྒྱུ་ཉིད་ནི་ཐེག་པ་གསུམ་ཅར་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གང་སངས་རྒྱས་ལ་སོགས་པའི་མྱ་ངན་ལས་འདས་པ་གསུམ་ནི་ཐེག་པ་གསུམ་ཅར་ཏེ་མྱ་ངན་ལས་འདས་
པའོ། །དེ་རྟོགས་པ་ནི་ཐོབ་པའོ། །དེའི་རྒྱུའི་ངོ་བོ་ནི་དྲོ་བ་ལ་སོགས་པར་ཞུགས་པའོ། །ཡོངས་སུ་འཛིན་པ་ཡིས་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཐབས་ཞེས་བྱ་བ་འཚང་རྒྱ་བའི་རྒྱུ་ལ་མཁས་པའི་དགེ་བའི་བཤེས་
གཉེན་ཏེ་བླ་མ་གང་ཡིན་པའོ། །དེའི་མཚན་ཉིད་ཀྱིས་ཡོངས་སུ་བཟུང་བ་ནི་འཚང་རྒྱ་བ་ཉིད་ཀྱི་བར་དུ་བདག་གིར་བྱས་པ་འམ། ཡོངས་སུ་བཟུང་བ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་དགེ་བའི་བཤེས་གཉེན་ནི་ཡོངས་སུ་བཟུང་བའོ། །དེ་དང་ལྡན་པ་ནི་དེ་དང་བཅས་པའི་
དྲོ་བ་ལ་སོགས་པའོ། །རྣམ་རྟོག་བཞི་པོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། མཐོང་བ་དང་བསྒོམ་པ་དག་གིས་སོ་སོར་སྤང་བར་བྱ་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་པོ་འཆད་པར་འགྱུར་བ་སྟེ། འོག་ནས་འབྱུང་བ་གང་ཡིན་པ་དེའི་ཚུལ་དང་
འབྲེལ་པ་སྟེ་འདྲེས་པ་ལ་སོགས་པའོ། །ཉན་ཐོས་ལ་སོགས་པའི་དྲོ་བ་ལ་སོགས་པའི་ཁྱད་པར་མེད་པ་ཉིད་ཡིན་པ་ནི་དེ་དག་གི་དྲོ་བར་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཉན་ཐོས་ལ་སོགས་པ་དེ་དག་གི་ཡང་དྲོ་བར་གྱུར་པ་ལ་སོགས་པའི་དགེ་བའི་རྩ་བ་ནི་
གཟུགས་སུ་རུང་བ་ལ་སོགས་པའི་མཚན་ཉིད་ཀྱི་དངོས་པོའི་བདག་ཉིད་ཀྱིས་ཏེ་དངོས་པོ་གང་ལ་ཡང་གཟུགས་སུ་རུང་བ་དང་། ཉམས་སུ་མྱོང་བ་ལ་སོགས་པའི་མཚན་ཉིད་ཀྱི་གཟུགས་དང་ཚོར་བ་ལ་སོགས་པའི་ཕུང་པོ་དེའི་བདག་ཉིད་ཅན་གྱི་བདེན་པ་བཞི་པོ་སྡུག་བསྔལ་བ་ལ་
སོགས་པ་དེ་ལ་དམིགས་པ་གང་ཡིན་པ་དང་བདག་ཏུ་ལྟ་བ་ནི་བདག་ཏུ་མཐོང་བའོ། །དེའི་གཉེན་པོ་ཉིད་ཡིན་པས་མི་རྟག་པ་ལ་སོགས་པ་ཞེས་བྱ་བ་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པའི་རྣམ་པས་ཞུགས་པའོ། །རང་གི་ཐེག་པ་ནི་ཕུང་པོ་ལྷག་མ་དང་བཅས་པ་དང་ལྷག་མ་

མེད་པ་དང་མྱ་ངན་ལས་འདས་པའོ། །དེ་རྟོགས་པ་ཁོ་ན་ནི་དེ་ཐོབ་པ་ཉིད་དོ། །ཡོངས་སུ་བཟུང་བ་ནི་སྔ་མ་བཞིན་དུ་སྟེ་དེ་དང་བྲལ་བའོ། །རྣམ་པར་རྟོག་པ་རྣམ་པ་བཞི་ནི་འོག་ནས་བཤད་པའོ། །དེ་དང་མི་ལྡན་པར་འབྱུང་ངོ་ཞེས་བྱ་བའི་
ཚུལ་གྱིས་ཏེ། དེ་ལྟར་བྱས་ན་རྣམ་པར་རྟོག་པ་བཞི་ནི་རང་གི་བྱང་ཆུབ་ཀྱི་གེགས་སུ་གྱུར་པ་མ་ཡིན་ནོ། །ཉན་ཐོས་ཀྱི་ལུང་ལས་འདྲེས་སུ་ཟིན་ཀྱང་མ་འདྲེས་པར་སྐྱེ་བ་ཡིན་ནོ་ཞེས་བཤད་པས་རྣམ་པར་རྟོག་པ་རྣམ་པ་བཞི་དང་བྲལ་བ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་
རྣམས་ཀྱི་རྣམ་པ་དང་དམིགས་པ་དག་ཡོངས་སུ་བཟུང་བའི་དབང་གིས་ཁྱད་པར་དུ་འཕགས་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བདེན་པ་བཞི་པོའི་དངོས་པོ་ལ་དམིགས་པ་ནི་ངེས་པར་འབྱེད་པ་དང་ཞེས་བྱ་བ་ལ་སོགས་པ་དང་སྦྱར་
རོ། །དེ་ནི་ཅི་རིགས་པར་ཁ་ཅིག་ཏུ་ནི་ཞེས་བྱ་བ་ནི་ཀུན་འབྱུང་བ་ལའོ། །རྒྱུའི་སྒོ་ནས་ནི་ཀུན་འབྱུང་ནི་སྡུག་བསྔལ་གྱི་ཕུང་པོའི་རྒྱུ་ཉིད་ཡིན་པས་སོ། །ཁ་ཅིག་ཏུ་ནི་ཞེས་བྱ་བ་སྡུག་བསྔལ་ལ་ནི་འབྲས་བུའི་སྒོ་ནས་ཞེས་བྱ་བ་སྡུག་བསྔལ་གྱི་འབྲས་བུར་གྱུར་པའི་སྒོ་ནས་
ཏེ། སྡུག་བསྔལ་ནི་ཀུན་འབྱུང་གི་འབྲས་བུ་ཉིད་ཡིན་པས་སོ། །ཁ་ཅིག་ཏུ་ནི་ཞེས་བྱ་བ་འགོག་པ་ལ་ནི་ངོ་བོ་ཉིད་ཀྱི་སྒོ་ནས་ཞེས་བྱ་བ་ཡང་དག་པར་ན་ཆོས་ཐམས་ཅད་འགོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཁ་ཅིག་ཏུ་ནི་ཞེས་བྱ་བ་ལམ་ལ་ནི་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་
ཞེས་བྱ་བ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཆོས་མི་དམིགས་པ་ཉིད་ཡིན་པའི་ཕྱིར་རོ། །སྔ་མ་བཞིན་དུ་རྣམ་པ་གཞན་གྱིས་ཀྱང་ཞེས་བྱ་བ་ནི་མངོན་པར་ཞེན་པ་མེད་པ་ལ་སོགས་པས་སོ། །བསྲེ་བ་ཞེས་བྱ་བ་ནི་རྒྱ་ཆེར་བསྒོམ་པ་ནིའོ། །ཕལ་ཆེར་སྡེ་པ་རྣམས་
བདག་ཅག་གི་སྡེ་སྣོད་གསུམ་ལ་ཁྱེད་ཀྱི་ཐེག་པ་མི་སྣང་བས་ཁྱེད་ཅག་གི་ཐེག་པ་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་སུན་འབྱིན་པར་སྨྲ་བས། དེ་བསལ་བར་བྱ་བའི་ཕྱིར་དེ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདི་ནི་ལུགས་

གཞན་ཁོ་ན་ཡིན་པས་ཞེས་བྱ་བ་ནི་གང་གི་ཕྱིར་ཐེག་པ་ཆེན་པོའི་གནས་སྐབས་ཁྱད་པར་རྣམ་པ་ལྔས་ཁྱད་པར་དུ་འཕགས་པ་ཡིན་པ་དེ་བས་ན་སྟེ། དེའི་ཕྱོགས་ཐེག་པ་ཆེན་པོ་ལས་ལུགས་ཁོ་ན་གཞན་ཡིན་པས་དེ་ལ་བརྟེན་ནས་ཞེས་བྱ་བ་དེ་མཐོང་བའི་ཚུལ་གྱིས་ཐེག་པ་ཆེན་པོ་གང་དུ་ཡང་
སུན་འབྱིན་པར་བརྗོད་པར་མི་བྱ་ཞིང་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ། །ཞེས་བརྒལ་བར་མི་བྱ། བདག་ཅག་གི་སྡེ་སྣོད་གསུམ་དུ་ཁྱེད་ཀྱི་ཐེག་པ་མི་སྣང་བ་དང་སཾ་སྐྲྀ་ཏའི་སྐད་ཀྱིས་མ་གསུངས་པ་ཉིད་ཡིན་པའི་ཕྱིར་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པར་ཐལ་བར་འགྱུར་
བ་འདི་དང་། སྐད་གཞན་མ་མཁྱེན་ན་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་དང་ཁྱེད་ཅག་ཁོ་ན་གདུལ་བྱ་ཉིད་ཡིན་ན་ཐམས་ཅད་གདུལ་བྱ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་ན། ཡུ་བུ་ཅག་གཉི་ག་དེ་ལྟར་མི་འདོད་པས་འདི་ནི་ཅི་ལྟར་ཡང་མི་རུང་ངོ་། །དེ་ལྟ་བུ་ལ་སོགས་པའི་
རྒོལ་བ་ནི་མདོ་སྡེ་རྒྱན་ལ་སོགས་པ་ལས་ཤ་ཟའི་སྐད་ལ་སོགས་པ་ལ་མངོན་པར་ཞེན་པ་ཡང་དག་པའི་ལྟ་བ་མི་ཤེས་པའི་ཤ་ཟ་རྣམས་ལ་མཉམ་པར་བསྟན་པས་རྒྱ་ཆེར་ཚར་བཅད་པ་ཡིན་པར་བལྟ་བར་བྱའོ་ཞེས་བྱ་བར་དགོངས་སོ། །ཡང་འདིའི་དགོངས་པ་འདི་མ་
ཡིན་པས་རྟག་པའི་ལུང་དང་མི་རྟག་པའི་ལུང་བཞིན་དུ་ཐེག་པ་གཞན་དང་གཞན་འགལ་བ་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། གཞན་གྱི་ཆོས་རྣམས་ཀྱང་ཡོད་པ་ཞེས་བྱ་བ་ལ་སོགས་པ་དེའི་བྱང་ཆུབ་དང་འགལ་བར་འོག་ནས་བཤད་པ་ཡིན་པའི་ཕྱིར་རོ། །
གཞན་དུ་ན་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དང་། རྣལ་འབྱོར་སྤྱོད་པ་དང་། དབུ་མ་པའི་སངས་རྒྱས་པ་རྣམས་གོང་ནས་གོང་གི་རིམ་པས་ཁྱད་པར་དུ་འཕགས་པར་ཇི་ལྟར་འགྱུར། ཡང་ན་ཐེག་པ་ཆེན་པོ་ཁྱད་པར་དུ་འཕགས་པ་བསྟན་པ་ན་ཐེག་པ་གཞན་ཁྱད་
པར་ཅན་མ་ཡིན་པར་བཤད་པ་མ་ཡིན་ནམ། དེས་ཕོངས་པ་ལ་འཇུག་པའི་ལས་ཀྱི་ཉེས་པར་ཅིའི་ཕྱིར་མི་འགྱུར་ཞེས་བྱ་བའི་ཕྱོགས་སྔ་མའི་ལན་ནི་དེ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདི་ནི་ལུགས་གཞན་ཁོ་ན་ཡིན་པས་ཞེས་བྱ་བ་ནི་ཐེག་པ་ཁྱད་

པར་ཅན་དང་ཁྱད་པར་ཅན་མ་ཡིན་པ་དག་ཇི་ལྟ་བ་བཞིན་དུ་རྟོགས་པ་བརྟན་པར་བྱའོ་ཞེས་བྱ་བའི་སྐབས་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་གང་དུ་ཡང་ཐེག་པ་གཞན་ལ་བརྟེན་ནས་སུན་དབྱུང་བ་བརྗོད་པར་མི་བྱའོ་ཞེས་བྱ་བ་ཆོས་ཀྱིས་ཕོངས་
པར་འགྱུར་བ་ལ་འཇུག་པའི་ལས་ཀྱི་ཉེས་པ་བརྗོད་པར་མི་བྱ་སྟེ། རང་རང་གི་ཐེག་པ་ལ་གནས་པ་རྣམས་བདག་ཅག་གི་བས་གཞན་གྱི་ཐེག་པ་ཉམས་པར་འདོད་པ་ཉིད་ཡིན་པའི་ཕྱིར་རང་གི་ཐེག་པ་ལས་ཉམས་ནས་དེ་ལྷག་པར་མོས་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །
དེ་ཉིད་ཀྱིས་ན་གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ་ཞེས་བྱ་བ་ལ་སོགས་པ་སུན་དབྱུང་བ་སྔར་བཤད་པའི་ཉེས་པ་ནི་ཉེས་པ་མ་ཡིན་ཏེ་འདོད་པ་ཉིད་ཡིན་པའི་ཕྱིར་རོ། །བཤད་པ་འདི་ལ་རང་གི་ཐེག་པ་ལ་གནས་པ་དག་ནི་རང་གི་ཐེག་པ་སྤོང་བ་དེས་ཕོངས་པར་གྱུར་པའི་ལས་སུ་གཞག་
པ་ཡིན་པར་བལྟ་བར་བྱའོ། །དམིགས་པ་དང་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་ལ་སོགས་པའི་སྐྱེ་བ་དང་འཇིག་པ་ནི་བསྒྲུབ་པ་དང་དགག་པ་དག་གོ། །གནས་པ་ནི་འདིས་གནས་ཤིང་ཐ་སྙད་དུ་བྱེད་པས་ན་གནས་ཏེ་སྒྲ་མ་ལུས་པའོ། །བྲལ་བ་ནི་མི་གནས་པ་སྟེ་མེད་པ་ཡིན་
པས་གནས་བྲལ་ལོ། །བཏགས་དང་ཞེས་བྱ་བ་ནི་སངས་རྒྱས་ལ་སོགས་པའི་ཐ་སྙད་དེ་དང་དེ་ནི་བརྗོད་དུ་མེད་པ་ཡིན་པས། བཏགས་དང་བརྗོད་དུ་མེད་པ་ཞེས་བྱའོ། །དྲོ་བར་གཏོགས་པའི་དགེ་བའི་རྩ་བ་རྣམ་པ་གསུམ་གྱི་དམིགས་པ་དང་རྣམ་པ་དག་འགྲེལ་པ་ལས།
ཆུང་ངུའི་དམིགས་པ་ནི་ཞེས་བྱ་བ་ལ་སོགས་པ་ལ་སྨོས་པ་ཡིན་ཏེ། དེ་ལ་དྲོ་བ་ཆུང་ངུའི་དམིགས་པ་ཞེས་བྱ་བ་ལ་སོགས་པ་ནི་མི་རྟག་པ་ཞེས་བྱ་བ་ལ་སོགས་པས་བཤད་དོ། །དྲོ་བ་འབྲིང་གི་དམིགས་པ་ནི་མོས་པ་དང་ཞེས་བྱ་བ་ཀུན་རྫོབ་ཏུ་གཟུགས་ལ་སོགས་པ་ལ་
ཡོད་པ་ལ་སོགས་པར་མངོན་པར་ཞེན་པའོ། །དེ་ཁོ་ན་ཉིད་ནི་དོན་དམ་པ་མཐོང་བས་དེ་རྣམས་ཉིད་བདག་མེད་པའོ། །དེ་དག་གི་ཡིད་ལ་བྱེད་པ་གང་ཡིན་པ་དེ་དག་གིས་གྲངས་བཞིན་དུ་གཟུགས་ལ་སོགས་པ་ཞེས་བྱ་བ་གཟུགས་དང་ཚོར་བ་ཞེས་བྱ་བར་བསྒྲུབ་པ་དང་དགག་

པ་དག་ནི་དམིགས་པར་མཐོང་བ་ཞེས་བྱ་བ་སྤྲུལ་པའི་གཟུགས་ལ་སོགས་པ་ལྟ་བ་དང་འདྲ་བར་དངོས་པོ་སྣང་བཞིན་པ་ན་དངོས་པོ་མེད་པ་ཡིན་ལ། དེ་ཡང་དེ་ཁོ་ན་ཉིད་དུ་ནི་མ་ཡིན་ནོ་ཞེས་དམིགས་པ་གཉི་ག་སྒྱུ་མ་བྱེད་པས་སྤྲུལ་པ་ལྟ་བུར་བྱའོ་ཞེས་བྱ་བར་དགོངས་སོ། །མིང་
ཐམས་ཅད་མེད་པ་ཉིད་ཀྱིས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་མེད་པས་སོ། །ཡང་དག་པར་མེད་དུ་ཟིན་ན་ཡང་རྒྱུན་དང་འདྲ་བར་ཞེས་བྱ་བ་རང་གི་རིགས་གསལ་བ་མ་ལུས་པ་ལ་ཁྱབ་པས་ན་རྒྱུན་ཏེ་སྤྱིའོ། །དེ་མི་འདྲ་བ་གང་ཡིན་པ་དེ་ནི་འདིར་གསལ་བར་རང་གི་མཚན་ཉིད་བརྗོད་
པའོ། །རྒྱུན་ནི་སྔ་མ་དང་འདྲའོ། །འདི་གཉིས་ཀྱི་མཚན་ཉིད་ནི་རང་དང་སྤྱིའི་མཚན་ཉིད་དོན་གྱི་བྱ་བ་ནུས་པ་དང་མི་ནུས་པའི་བདག་ཉིད་ཅན་དུ་མེད་དེ། བརྗོད་པ་པོ་མེད་པས་བརྗོད་པར་བྱ་བ་མེད་དོ། །ཞེས་བྱ་བར་དགོངས་སོ། །རང་གི་མཚན་ཉིད་ནི་ཀུན་རྫོབ་ཏུ་ཡང་བརྗོད་
དུ་མེད་པ་མ་ཡིན་ནམ་སྒྲ་རྣམས་ནི་སེལ་བའི་ཡུལ་ཅན་ཡིན་པའི་ཕྱིར་དེ་ཇི་ལྟར་དེར་དགག་ཅེ་ན་བདེན་མོད་ཀྱི་སྒྲ་གསལ་བ་ཉིད་ལ་འཇུག་པ་ན་ལན་འགའ་ཞིག་དེ་ལ་ཡང་བརྗོད་པར་བྱ་བ་ཉིད་ཡིན་པར་མངོན་པར་ཞེན་ཏོ་ཞེས་བྱ་བའི་བར་དུ་སྲིད་པ་དགག་པ་ཡིན་པས་ཉེས་པ་མེད་དོ། །ཞེས་བྱ་
བ་ནི་གནས་བྲལ་བའོ། །དྲོ་བ་ཆེན་པོ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་བཏགས་པ་སྟེ་ཐ་སྙད་དོ། །དེ་ནི་ཆེན་པོའི་དམིགས་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གཟུགས་ནས་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་བརྡར་བཏགས་པའི་ཆོས་ཐ་
སྙད་དུ་བྱ་བའི་དབང་གིས་ཀུན་ཏུ་ཐ་སྙད་དུ་བྱས་པ་དང་འདྲ་བར་སངས་རྒྱས་དང་འདོད་ཆགས་དང་བྲལ་བ་ལ་སོགས་པ་གཅིག་ཡིན་པའི་བསམ་པས་མིང་དུ་ངེས་པའོ། །དེ་ནི་གཟུགས་ནས་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་ཀྱིས་བརྗོད་དུ་མེད་པའོ། །དྲོ་བ་ཞེས་བྱ་བའི་
དོན་དང་ལྡན་པ་ནི་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདིའི་རྗེས་ཐོགས་ལ་བར་ཆད་མེད་ན་མཐོང་བའི་ལམ་དུ་འགྱུར་བ་ཡིན་པས་ཐར་པའི་ཆ་དང་མཐུན་པའི་འོག་ཏུ་དྲོ་བའི་ཁྱད་པར་རོ། །རྩེ་མོར་རྟོགས་པའི་དགེ་བའི་རྩ་བའི་དམིགས་པ་དང་རྣམ་པ་

ཆུང་ངུ་དང་འབྲིང་དང་ཆེན་པོ་ནི་གཟུགས་ལ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གཟུགས་སོགས་མི་གནས་ཞེས་བྱ་བ་ནི་ཡོད་པ་ཉིད་དུ་མངོན་པར་མ་ཞེན་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པ་དེ་དག་ནི་དེའི་ངོ་བོར་
ཞེས་བྱ་བ་གཟུགས་ལ་སོགས་པའི་རང་བཞིན་གྱིས་ངོ་བོ་ཉིད་མེད་པ་ཉིད་ཡིན་ནོ། །དེ་དག་ཅེས་བྱ་བ་གཟུགས་ལ་སོགས་པ་དང་། སྟོང་པ་ཉིད་འདི་དག་ནི་གཅིག་ལ་གཅིག་སྟེ། ཕན་ཚུན་རང་བཞིན་ནམ་ངོ་བོ་ཉིད་གཅིག་ཡིན་ནོ། །དེ་མི་རྟག་སོགས་པར་མི་
གནས། །ཞེས་བྱ་བ་གཟུགས་ལ་སོགས་པ་ལ་མི་རྟག་པ་དང་། སྡུག་བསྔལ་ལ་སོགས་པར་ཞེན་པ་མེད་པའོ། །དེ་རྣམས་ཞེས་བྱ་བ་གཟུགས་ལ་སོགས་པའི་སྟོང་པ་ཉིད་ནི་དེའི་ངོ་བོས་སྟོང་ཞེས་བྱ་བ་སྟོང་པ་ཉིད་ཡིན་པའི་ཕྱིར་ངོ་བོས་བདག་མེད་ཅིང་དེ་དག་སྟེ།
གཟུགས་ལ་སོགས་པ་དང་སྟོང་པ་ཉིད་དག་ནི་གཅིག་ལ་གཅིག་གིས་ཏེ། ཕན་ཚུན་རང་བཞིན་གཅིག་པ་ཉིད་ཡིན་ནོ། །ཆོས་རྣམས་མི་འཛིན་གང་ཡིན་དང་། །ཞེས་བྱ་བ་གཟུགས་ལ་སོགས་པ་ནི་དེ་ཁོ་ན་ཉིད་དུ་མེད་པས་བདག་གིར་མི་བྱེད་པ་གང་ཡིན་པའོ། །དེ་དག་
མཚན་མར་མ་མཐོང་ཕྱིར། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་ན་གཟུགས་ལ་སོགས་པའི་མཚན་མ་མ་མཐོང་བའི་ཕྱིར་རོ། །ཤེས་རབ་ཀྱིས་ནི་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་རྣམ་པར་དཔྱོད་པའི་རྒྱུ་སྟེ་ཤེས་པའི་ཁྱད་པར་རོ། །དེས་ཡོངས་སུ་རྟོགས་པ་ནི་དེ་ཁོ་ན་ཉིད་དུ་
རྣམ་པར་དབྱེ་བའི་ཡུལ་གཟུགས་ལ་སོགས་པའི་ཆོས་རྣམས་མེད་ཅིང་དངོས་པོ་མེད་པ་ཉིད་དུ་ཤེས་པའོ། །དེ་ནི། ཐམས་ཅད་དམིགས་སུ་མེད་པར་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆུང་ངུའི་དམིགས་པ་ནི་ཞེས་བྱ་བ་ལ་སོགས་པ་ནི་འབྲེལ་པའོ། །
ཆོས་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པ་ཉིད་ཀྱིས་གཟུགས་ལ་སོགས་པའི་ཆ་སྐྱེ་བ་མེད་པར་རྟོགས་པ་ཉིད་དུ་རྣམ་པར་ཤེས་པས་སྤྱོད་ཅིང་རྣམ་པར་བརྟག་པ་སྟེ། ཤེས་རབ་གང་གིས་གཟུགས་ལ་སོགས་པ་སྐྱེ་བ་མེད་པར་མཐོང་བ་རྣམ་པར་འབྱེད་པའི་ཤེས་རབ་དེ་ལ་ཡང་

སྐྱེ་བ་མེད་པར་བསམ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་རྣམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ཅིང་རང་བཞིན་མེད་པ་ཉིད་དུ་ཆོས་ཀྱི་སྒོ་ནས་བཤད་པ་ཡིན་ནོ། །དགེ་བའི་རྩ་བ་གཡོ་བ་ནི་དད་པ་ལ་སོགས་པ་དང་འདྲ་བར་གོང་ནས་གོང་དུ་ཁྱད་པར་ཐོབ་ཅིང་གཡོ་བ་ཡིན་
པའི་ཕྱིར་དགེ་བའི་རྩ་བ་གཡོ་བ་སྟེ་དྲོ་བ་ཞེས་བྱ་བའོ། །དེའི་མཆོག་ཡིན་པའི་ཕྱིར་རྩེ་མོར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བཟོད་པར་གཏོགས་པའི་དགེ་བའི་རྩ་བ་དམིགས་པ་དང་རྣམ་པ་གསུམ་ནི་གཟུགས་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ལ། རབ་
ཏུ་བྱེད་པའི་དོན་ནི་ཆུང་ངུའི་དམིགས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བཟོད་པར་རྟོགས་པ་ཆུང་ངུའི་ནི་གཟུགས་ལ་སོགས་པའི་མཚན་ཉིད་གཟུགས་སུ་རུང་བ་དང་ཉམས་སུ་མྱོང་བ་ལ་སོགས་པའོ། །དེའི་རང་གི་ངོ་བོ་ནི་ཡང་ས་ལ་སོགས་པའི་རང་བཞིན་
ས་བ་ལ་སོགས་པ་འདི་ཉིད་ནི་འདིའི་མཚན་ཉིད་ཡིན་ནོ། །འདི་དག་ནི་དེ་ཁོ་ན་ཉིད་དུ་ན་སྟོང་པ་ཉིད་ཡིན་པས་ངོ་བོ་ཉིད་མེད་པར་རང་བཞིན་གཅིག་པ་ཉིད་ཀྱིས་ན་གཟུགས་ལ་སོགས་པ་ནི་གཟུགས་ལ་སོགས་པའི་མཚན་ཉིད་དང་ས་ལ་སོགས་པ་དེའི་མཚན་ཉིད་དང་ངོ་བོ་ཉིད་མེད་པ་ཉིད་
ཡིན་ནོ། །གཟུགས་ལ་སོགས་པ་ཞེས་པ་ནི་བཤད་ཟིན་ཏོ། །སྐྱེ་བོ་དམིགས་པ་ཅན་ནི་ཕྱི་རོལ་གྱི་དོན་ཡོད་པ་ལ་ལྟ་བ་རྣམས་ཏེ། དེའི་ངོར་གཟུགས་ལ་སོགས་པ་སྔར་བཤད་པ་དང་དངོས་པོ་མེད་པ་དེ་ཉིད་ངོ་བོ་ཉིད་དོ་ཞེས་བཤད་དོ། །བཟོད་པར་རྟོགས་པ་
འབྲིང་གི་ནི་རང་བཞིན་གྱིས་མ་སྐྱེས་པ་ཉིད་ཀྱིས་ཡང་དག་པར་ན་གཟུགས་ལ་སོགས་པ་སྐྱེ་བ་ཡང་མེད་ཅེས་བྱ་བ་ལ་སོགས་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་རྟོགས་པས་གཟུགས་ལ་སོགས་པ་སྟོང་པ་ཉིད་དུ་ཤེས་པའི་ཕྱིར་རོ། །ལུས་ལ་སོགས་པ་རྣམ་པ་ཐམས་
ཅད་དུ་ཞེས་བྱ་བ་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་རྣམ་པས་རྣམ་པར་དག་ཅིང་དྲི་མ་མེད་པ་ཡིན་ཏེ། འདིར་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སུ་རྣམ་པ་ཐམས་ཅད་དུ་དག་པ་སྟེ་མེད་པས་ཅུང་ཟད་ཙམ་གྱིས་དག་པ་ཡིན་པར་བལྟ་བར་བྱའོ། །དེ་དག་

སྐྱེ་མེད་ཅེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །བཟོད་པར་རྟོགས་པ་ཆེན་པོའི་རང་དང་སྤྱིའི་མཚན་ཉིད་ནི་སྔར་བཤད་ཟིན་ཏོ། །དེ་མི་འཐད་པ་ནི་གཟུགས་ལ་སོགས་པ་ཡིན་པར་མི་རུང་ཞིང་མི་རིགས་པས་གཟུགས་ལ་སོགས་པའི་ཆོས་ཐམས་
ཅད་ཀྱི་མཚན་ཉིད་མེད་པ་སྟེ། དེའི་མཚན་མ་མེད་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །རང་བཞིན་ཁོ་ན་གཟུགས་ལ་སོགས་པའི་མཚན་མ་རྣམས་ཀྱི་རྟེན་དང་བྲལ་བ་ཉིད་ཀྱིས་ན་གཟུགས་ལ་སོགས་པའི་རྟེན་མེད་པ་ཡིད་ལ་བྱེད་པ་སྟེ་ཀུན་རྫོབ་ཏུ་གཟུགས་ལ་སོགས་པ་ཡོད་པར་མངོན་
པར་ཞེན་པའོ། །དེ་ལ་མི་མོས་པ་ནི་མངོན་པར་མ་ཞེན་པའོ། །གཟུགས་ལ་སོགས་པའི་རང་གི་མཚན་ཉིད་ལ་སོགས་པ་ནི་སྔར་བཤད་པ་སྟེ་དེའི་མཚན་མའོ། །དེའི་མཚན་མར་མི་རྟེན་པ་ནི་མངོན་པར་མ་ཞེན་པའོ། །དེའི་མཚན་མ་ཞེས་བྱ་བ་ལ་སོགས་པ་བཤད་ཟིན་ཏོ། །
དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམ་པའོ། །དེ་ཡོངས་སུ་ཤེས་པ་མེད་པ་ནི་དམིགས་སུ་མེད་པའོ། །ཡང་དག་པའི་ཤེས་པ་དང་ལྡན་པ་ནི་འདུ་ཤེས་ཉིད་དོ། །དེ་མེད་པས་ན་འདུ་ཤེས་མེད་པ་ཉིད་དེ། དངོས་པོའི་ཆོས་ལ་མངོན་པར་ཞེན་པ་དང་།
མངོན་པར་མ་ཞེན་པ་དེ་མེད་ན་དེ་ཅི་ལྟར་ཡོད་ཅེས་བྱ་བར་དགོངས་སོ། །བཟོད་པ་ཞེས་བྱ་བ་དོན་དང་ལྡན་པ་ཉིད་ནི་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར་ན་བཟོད་པའི་དམིགས་པ་དང་རྣམ་པ་དང་ལྡན་པ་ལ་ནི་ངན་འགྲོ་མེད་པས་ཞེས་བྱ་བ་ནི་ཆོས་
མངོན་པ་ལས། བཟོད་ཐོབ་ངན་སོང་མི་འགྲོའོ། །ཞེས་བཤད་པས་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་སོ་སོའི་སྐྱེ་བོ་དང་འདྲ་བར་དམྱལ་བ་ལ་སོགས་པའི་ངན་སོང་གསུམ་མེད་པའི་ཕྱིར་རོ། །ཆོས་ཆེན་པོ་ལ་བཟོད་པའི་ཕྱིར། །ཞེས་བྱ་བ་ནི་གཟུགས་
ལ་སོགས་པ་མེད་པ་ལ་སོགས་པར་བཟོད་པས་ཡིད་དུ་འོང་བའི་བཟོད་པར་གཏོགས་པ་ནི་རྣམ་པ་གསུམ་མོ། །ཆོས་ཀྱི་མཆོག་ཏུ་གཏོགས་པའི་དགེ་བའི་རྩ་བའི་དམིགས་པ་དང་རྣམ་པ་གསུམ་ནི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དམིགས་

པ་དང་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་དུ་ཆོས་ཅན་ཡང་བསྟན་པར་རིགས་པ་མ་ཡིན་ནམ། དེ་ཆོས་ཙམ་དུ་བརྟན་པ་ཉིད་ཀྱིས་བསྒོམ་པ་ནི་མི་རིགས་སོ་ཞེ་ན། དམིགས་པ་མི་རྟག་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ་མ་གཏོགས་པ་ཞེས་བྱ་བ་དེར་ནི་ཆོས་
དང་ཆོས་ཅན་ཡོད་པས་གཞན་དག་ལ་སྒྲའི་དབྱེ་བས་དོན་སྟོན་པར་བྱེད་པ་ཡིན་པའི་ཕྱིར། ཁྱད་པར་དུ་བྱས་པའི་ཆོས་དང་ཆོས་ཅན་གྱི་ཚིག་ཏུ་རྗོད་པར་བྱེད་པ་གང་ཡིན་པའི་སྒྲ་དེས་དམིགས་པ་ཚིག་ཏུ་བརྗོད་པར་བྱ་བ་ཡིན་ན་ཞེས་བྱ་བ་འདིར་དམིགས་པ་ནི་ཉེ་བར་མཚོན་པ་
ཙམ་ཡིན་ལ་དེས་ན་དོན་ནི་འདི་ཡིན་ཏེ། དམིགས་པ་དང་རྣམ་པ་བརྗོད་པ་ཡང་ཁྱད་པར་དུ་བྱས་པའི་ཚིག་གིས་ཡིན་ཏེ། རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་བྱ་བ་ལ་སོགས་པས་རྣམ་པ་དང་དམིགས་པའི་ཆོས་ཅན་ཀུན་ཏུ་དྲངས་པ་ལྟ་བུར་ཐམས་ཅད་དུ་
བཤད་པ་ཡིན་པར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྟོན་པ་བརྗོད་པའི་རབ་ཏུ་བྱེད་པ་ལས་སྟོན་པ་ཡིན་ནོ། །དེ་ལྟ་ན་ཡང་ཅི་དེར་ཆོས་བརྗོད་པས་ཆོས་ཅན་རྟོགས་པ་ཡོད་དམ་ཞེ་ན། ཁྱད་པར་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཁྱད་པར་གཞན་ནི་རིས་མི་
མཐུན་པའོ། །དེ་རྣམས་སྤོང་བ་དང་མི་སྤོང་བ་ནི་ལྡོག་པ་དང་མི་ལྡོག་པ་མ་གཏོགས་པ་འདི་དག་ལ་ཆོས་དང་ཆོས་ཅན་གྱི་ཁྱད་པར་ནི་ཡང་དག་པར་ན་འགའ་ཡང་མེད་དོ་ཞེས་ལུགས་ལས་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་བསྟན་བཅོས་ཀྱི་རིགས་པས་སོ། །གལ་ཏེ་དེ་ཁོ་ན་
ཉིད་དུ་ན་ཆོས་དང་ཆོས་ཅན་གྱི་ཁྱད་པར་ཡོད་ན་དེའི་ཚེ་དངོས་པོ་སྤྱིར་ཡང་མི་འགྱུར་ཏེ་སོ་སོར་མེད་པའི་ཕྱིར་རོ། །དེ་བས་ན་འདི་ནི་ཤིང་ཉིད་དང་འདྲ་བར་འདིར་ཡང་གང་དུ་འཕགས་པའི་བདེན་པ་བཞིར་གཏོགས་པའི་དམིགས་པ་དང་རྣམ་པ་མ་སྨྲས་པ་དེར་ཡང་མི་ལྡོག་པའི་སྒོ་ནས་
དེ་དག་ནི་དེར་གཏོགས་པ་ཉིད་ཡིན་པར་གྲགས་པ་གྲུབ་པས། ཆོས་དང་ཆོས་ཅན་དག་གཉི་ག་མེད་ན་མི་འབྱུང་བ་ཉིད་ཡིན་པས་རྒོལ་བ་འདི་ནི་ཅིར་ཡང་མི་རུང་ངོ་། །དོན་གྱིས་ཀྱང་འཕགས་པའི་བདེན་པ་བཞི་ལ་བརྟེན་པར་འགྱུར་བ་ནི་རྣམ་པ་གཅིག་ཏུ་ན་ཞེས་སྨོས་པ་ཡིན་ཏེ།

ཡང་ན་ཚིག་ལེའུར་བྱས་པ་སྡེབ་པའི་ངོར་ཞེས་བྱ་བ་ཚིག་ལེའུར་བྱས་པའི་སྡེབ་སྦྱོར་དང་འགལ་པའི་འཇིགས་པས་ཐ་དད་པར་བརྗོད་ཀྱང་ཞེས་བྱ་བ་ཆོས་ཅན་བདེན་པ་ལས་ཀུན་ཏུ་དྲངས་ཏེ། རྣམ་པ་མངོན་ཞེན་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་དབྱེ་
བ་དམིགས་པ་དང་རྣམ་པའི་ཆོས་ཀྱི་དབྱེ་བ་སྨོས་པ་ཡིན་ན་ཡང་སྡུག་བསྔལ་ལ་སོགས་པའི་བདེན་པ་ནི་ཆོས་ཅན་ཡིན་ལ་དེར་གཏོགས་པ་ཁོ་ན་དམིགས་པ་དང་རྣམ་པ་ཆོས་ཡིན་ནོ་ཞེས་འཆད་པ་པོ་རྣམས་ཀྱིས་བཤད་པ་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། མངོན་པར་ཞེན་པ་
ལ་སོགས་པ་འགོག་པར་བྱེད་པའི་བདག་ལ་སོགས་པ་ནི་ཡང་དག་པར་སྐྱེ་བ་དང་འཇིག་པ་དང་བྲལ་བ་ཞེས་བྱ་བ་རིམ་མམ་ཅིག་ཅར་དག་གིས་དོན་གྱི་བྱ་བ་བྱེད་པར་མི་རིགས་སོ་ཞེས་བྱ་བ་ལ་སོགས་པའི་ཚད་མས་རང་གི་ངོ་བོ་བརྟག་པ་ནི་རི་བོང་གི་རྭ་དང་འདྲ་བར་བསྒྲུབ་པ་དང་
དགག་པས་སྟོང་པ་ཡིན་ལ། མངོན་པར་ཞེན་པ་ལ་སོགས་པས་ནི་ཀུན་རྫོབ་དང་དོན་དམ་པ་དག་ཏུ་མེད་པའི་ཕྱིར་བདག་ལ་སོགས་པ་རྟེན་ཡིན་པར་མི་རིགས་ཀྱི་དོན་གྱིས་ན་བདེན་པ་ལ་བརྟེན་པ་ཉིད་ཡོད་དོ། །ཀུན་རྫོབ་ཀྱི་བདེན་པར་ཡོད་པ་ཡིན་ནོ་ཞེས་བྱ་བར་དགོངས་
སོ། །འོག་མ་དག་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ་ཞེས་བྱ་བ་ནི་གང་དུ་ཆོས་ཙམ་ཞིག་བརྟེན་པ་དེར་ཐམས་ཅད་དུ་སྔར་བཤད་པའི་ཚུལ་གྱིས་འཕགས་པའི་བདེན་པ་བཞི་པོ་ཁོ་ན་ཆོས་ཅན་ཡིན་པར་ཤེས་པར་བྱའོ། །རྣམ་པར་རྟོག་པ་བཞི་ནི་གཞི་དང་ཞེས་བྱ་བ་ལ་
སོགས་པ་སྨོས་པ་ཡིན་ཏེ། གཟུང་བར་རྣམ་པར་རྟོག་པ་ནི་གཉིས་ཏེ། གང་ལས་ཤེ་ན། གཞི་སྟེ་སྲིད་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་བྱ་བ་བྱེད་པའི་ཕྱིར་ཏེ་འདོད་ཆགས་ལ་སོགས་པ་མི་མཐུན་པའི་ཕྱོགས་སོ། །དེའི་གཉེན་པོ་ནི་ལམ་སྟེ་དེ་བས་ན་རྣམ་པ་གཉིས་ལ་
དེ་དག་གི་དབྱེ་བས་དེ་མི་རེ་རེ་ཞིང་རྣམ་པ་དགུ་ཡིན་ནོ། །གང་ལས་ཤེ་ན། རྨོངས་དང་ཕུང་སོགས་བྱེ་བྲག་གིས། །ཞེས་བྱ་བ་མ་རིག་པ་ལ་སོགས་པའི་དབྱེ་བ་དང་ཕུང་པོ་ལ་སོགས་པའི་དབྱེ་བས་སོ། །ཚིག་ལེའུར་བྱས་པའི་དོན་ནི་གཟུང་བར་ཞེས་བྱ་བ་ལ་སོགས་

པ་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་རྟེན་ཅན་དང་གཉེན་པོའི་རྟེན་ཅན་ཉིད་ཀྱིས་ཞེས་བྱ་བ་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་ལ་བརྟེན་པ་དང་། སེམས་བསྐྱེད་པ་ལ་སོགས་པ་ཀུན་བརྟེན་པས། །གཞི་དང་དེ་ཡི་གཉེན་པོ་ཡིས། །ཞེས་བྱ་བ་ཡིན་ནོ། །
གཟུང་བར་རྟོག་པ་རྣམ་པ་གཉིས། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །མ་རིག་པ་དང་རྣམ་པར་བྱང་བའི་ཕུང་པོ་ལ་སོགས་པའི་རབ་ཏུ་དབྱེ་བས་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པའི་རབ་ཏུ་དབྱེ་བ་དང་། བླ་ན་མེད་པའི་གཟུགས་ལ་སོགས་པའི་དབྱེ་བས་སོ། །རྨོངས་པ་
ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་ནི་བདག་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྫས་དང་བརྟགས་པའི་རྟེན་ཅན་གྱི། །ཞེས་བྱ་བ་ནི་གང་ཟག་དང་སྐྱེས་བུ་ལ་གནས་པ་འཛིན་པ་རྣམ་པ་གཉིས་སུ་འདོད་
ཅེས་བྱ་བར་ཤེས་པར་བྱའོ། །དེ་བཞིན་ཞེས་བྱ་བ་ནི་དེ་ཡང་རེ་རེ་ཞིང་རྣམ་པ་དགུའོ། །གང་ལས་ཤེ་ན། བདག་སོགས་རང་དབང་ངོ་བོ་དང་། །ཞེས་བྱ་བ་སྟེ། རང་དབང་ཅན་གྱི་བདག་ཏུ་ལྟ་བ་ལ་སོགས་པའི་ཚུལ་གྱིས་སོ། །ཕུང་སོགས་རྟེན་ནི་ཕུང་པོ་
དང་སྐྱེ་མཆེད་དང་ཁམས་ལ་སོགས་པ་ལ་དམིགས་པ་ཡིན་པའི་ཕྱིར་རོ། །ཚིག་ལེའུར་བྱས་པའི་དོན་ནི་ལ་ལ་ཞིག་གིས་བཏགས་པ་ཉིད་ཡིན་པའི་ཕྱིར་རྫས་ཏེ་གང་ཟག་གོ། །ཐ་སྙད་ཉིད་དུ་བཏགས་པ་ཉིད་ཀྱིས་ན་བཏགས་པ་སྟེ་སྐྱེས་བུའོ། །དེ་ལ་དམིགས་པ་ནི་དེའི་ཡུལ་ཏེ་ཞེས་བྱ་བ་
ལ་སོགས་པས་རྫས་དང་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །བདག་རང་དབང་ཅན་དུ་ཕུང་པོ་ལ་སོགས་པ་ལ་དམིགས་པ་ཉིད་ཀྱིས་ན་བདག་རང་དབང་ཅན་དང་ཕུང་པོ་ལ་སོགས་པའི་དམིགས་པ་སྟེ། རང་དབང་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་ཞེས་བྱ་
བ་ལ་སོགས་པ་བཤད་པ་ཡིན་ནོ། །དེ་ལ་མདོར་བསྡུས་པའི་དོན་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་བརྗོད་པར་བྱ་བ་མང་དུ་ཡོད་ན་ཡང་མདོར་བསྡུས་ན་རྣམ་པར་རྟོག་པ་བཞིའི་དོན་བཤད་པར་བྱའོ། །རེ་ཞིག་གཟུང་བའི་རྣམ་པར་རྟོག་པ་གཉིས་ནི་གཟུང་བར་ཞེས་བྱ་བ་ལ་སོགས་པ་

སྨོས་པ་ཡིན་ཏེ། དེ་ལ་ཀུན་ནས་ཉོན་མོངས་པ་བཞིའི་རྟེན་ཅན་ནི་འདོད་ཆགས་ལ་སོགས་པ་ལ་གནས་པའོ། །མ་རིག་པ་ནི་མི་ཤེས་པའོ། །གཟུགས་ལ་སོགས་པའི་ཕུང་པོ་ནི་གཟུགས་དང་ཚོར་བ་ལ་སོགས་པའོ། །མིང་ནི་ཚོར་བ་
ལ་སོགས་པ་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞིའོ། །གཟུགས་ནི་གཟུགས་ཀྱི་ཕུང་པོའོ། །འདི་དག་ལ་མངོན་པར་ཞེན་པ་ནི་མིང་དང་གཟུགས་ལ་མངོན་པར་ཞེན་པའོ། །མཐའ་གཉིས་ལ་ཆགས་པ་ནི་རྟག་པ་དང་ཆད་པའི་མཐའ་ལ་ཞེན་པའོ། །ཀུན་ནས་ཉོན་
མོངས་པ་ནི་འདོད་ཆགས་ལ་སོགས་པས་སོ། །རྣམ་པར་བྱང་བ་ནི་མྱ་ངན་ལས་འདས་པའོ། །འཕགས་པའི་ལམ་ལ་མི་གནས་པ་ནི་མཐོང་བའི་ལམ་ལ་སོགས་པ་ལ་མངོན་པར་ཞེན་པའོ། དམིགས་པ་ནི་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པའོ། །བདག་ལ་སོགས་
པ་ནི་འདོད་ཆགས་དང་གཞན་དུ་འདུ་ཤེས་པ་ལ་སོགས་པའོ། །རྣམ་པར་དག་པ་བསྐྱེད་པ་ལ་སོགས་པ་ནི་འཁོར་གསུམ་རྣམ་པར་དག་པ་མ་སྐྱེད་པ་སྟེ། དེ་ཡང་དག་པར་སྦྱང་བའི་རྣམ་པར་དག་པ་གསུམ་མོ། །དེ་ལ་གཟུང་བའི་བདག་ཉིད་ཅན་གྱི་རྣམ་པར་རྟོག་
པ་གང་ཡིན་པ་དེའི་གཉེན་པོའི་ཕྱོགས་ཀྱི་ལམ་ལ་གནས་པའོ། །ཕུང་པོ་ནི་ཕུང་པོ་རྣམས་སོ། །སྐྱེ་བའི་སྒོ་ནི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་སོ། །རིགས་ནི་ཁམས་བཅོ་བརྒྱད་དོ། །སྐྱེ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །སྟོང་པ་ཉིད་ནི་བདག་མེད་
པའོ། །ཕ་རོལ་ཏུ་ཕྱིན་པའི་དོན་ནི་འཚང་རྒྱ་བ་ཉིད་དོ། །མཐོང་བ་དང་བསྒོམ་པ་དང་མི་སློབ་པའི་ལམ་ནི་གསུམ་སྟེ། དེ་ལ་གཟུང་བའི་བདག་ཉིད་ཅན་གྱི་རྣམ་པར་རྟོག་པ་གང་ཡིན་པ་ནི་དེ་དག་གོ། །ཁ་ཅིག་ན་རེ་དེ་ལ་གཞི་ཐམས་ཅད་པ་ཁོ་ན་དང་པོར་གཟུང་བའི་རྣམ་
པར་རྟོག་པ་ཡིན་ལ་རྣམ་པར་བྱང་བའི་གཞི་ཁོ་ན་ནི་གཉིས་པ་ཡིན་པས་འདི་དག་ནི་གཟུང་བའི་རྣམ་པར་རྟོག་པ་འདི་གཉིས་ཁྱད་པར་ཡིན་ནོ། །དེ་ལྟར་བྱས་ན་གཟུང་བའི་རྣམ་པར་རྟོག་པ་དང་པོ་གང་ཡིན་པ་གཉིས་པ་ཡང་དེ་ཡིན་ནོ། །ཞེས་སྔ་མ་སྟོན་པར་བྱས་པ་ཡིན་ལ་རེ་

ཞིག་དང་པོ་གང་ཡིན་པ་དེ་གཉིས་པ་ཡང་ཡིན་ཏེ་འདི་ལྟར་གཞི་ཐམས་ཅད་པ་དང་པོ་གཟུང་བའི་རྣམ་པར་རྟོག་པར་འགྱུར་གྱི་གཉིས་པ་ནི་དང་པོ་མ་ཡིན་ཏེ། འདི་ལྟར་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་ནི་རྣམ་པར་བྱང་བ་ཙམ་ལ་བརྟེན་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་
ནི་འདི་གཉིས་ཀྱི་དབྱེ་བ་ནི་གཞན་རྣམ་པར་དཔྱད་པའི་དོན་གྱིས་དང་པོ་ནི་ཀུན་ནས་ཉོན་མོངས་པའི་གཞི་ལ་རྟེན་པ་ཡིན་ལ་གཉིས་པ་ནི་རྣམ་པར་བྱང་བ་ཙམ་ལ་བརྟེན་པ་ཡིན་ནོ་ཞེས་ཟེར་རོ། །<ད་‚དེ་>ནི་འཛིན་པའི་རྣམ་པར་རྟོག་པ་ནི་འཛིན་པར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་
ཏེ། གཞན་གྱིས་ཡོངས་སུ་བརྟགས་པའི་གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་དེ་ནི་གཞན་ལ་མི་ལྟོས་པ་ཉིད་དང་། ཆ་ཤས་མེད་པ་ཉིད་དང་། རྒྱུར་གྱུར་པ་ཉིད་དང་ལྟ་བ་པོ་ཡིན་པ་ཉིད་ཀྱིས་ན་བདག་རང་དབང་ཅན་དང་གཅིག་དང་རྒྱུ་དང་ལྟ་བ་པོའོ། །འདི་དག་ཉིད་ནི་
བདག་གོ། །དེར་རྟོགས་པ་ཉིད་ཀྱིས་ན་ཀུན་ནས་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །འདོད་ཆགས་དང་བྲལ་བ་ནི་ཡུལ་ལ་ཕྱིར་ཕྱོགས་པའོ། །མཐོང་བ་དང་བསྒོམ་པ་ནི་མཐོང་བའི་ལམ་དག་གོ། །དོན་བྱས་པ་ནི་བྱ་བ་བྱས་པ་ཉིད་དོ། །འདི་དག་ཀྱང་
ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་གཞི་ལ་བརྟེན་པ་ཉིད་ཡིན་པའི་ཕྱིར་རྟེན་གྱི་བདག་ཉིད་ཡིན་པའོ། །རྣམ་པར་རྟོག་པ་རྩི་བ་ན་བདག་རང་དབང་ཅན་ལ་སོགས་པའི་རིམ་གྱིས་གཞིའོ། །ཀུན་ནས་ཉོན་མོངས་པ་རྟེན་གྱི་བདག་ཉིད་ཅན་གྱི་རྣམ་པར་རྟོག་པ་ཞེས་བྱ་བ་ལ་
སོགས་པའི་རིམ་གྱིས་ལྔ་སྟེ། འཛིན་པའི་རྣམ་པར་རྟོག་པ་དགུ་པོ་འདི་དག་གང་ཡིན་པ་དེས་བསྡུས་པ་ཡིན་ནོ། །རྟག་པར་འཛིན་པའི་རྣམ་པར་རྟོག་པ་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ཕུང་པོ་ནི་གཟུགས་ལ་སོགས་པའོ། །སྐྱེ་མཆེད་ནི་ཕྱི་དང་ནང་གི་བདག་ཉིད་
ཅན་མིག་དང་གཟུགས་ལ་སོགས་པ་བཅུ་གཉིས་སོ། །ཁམས་ནི་མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་པའི་དབྱེ་བས་རྣམ་པ་བཅོ་བརྒྱད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི་གྲགས་པར་ཟད་དོ། །རྣམ་པར་བྱང་བ་ནི་མྱ་ངན་ལས་འདས་

པའོ། །མཐོང་བ་དང་བསྒོམ་པ་དང་ཁྱད་པར་དང་མི་སློབ་པའི་ལམ་སྟེ་བཞིའོ། །དེ་རྣམས་དང་འཛིན་པའི་བདག་ཉིད་ཅན་གྱི་རྣམ་པར་རྟོག་པ་གང་ཡིན་པ་འདི་རྣམས་ནི་བྱང་ཆུབ་སེམས་དཔའ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གཞིའི་དྲོ་བ་
ལ་སོགས་པ་བཞི་དང་གྲངས་ཇི་ལྟ་བ་བཞིན་དུ་ལྡན་པ་ཡིན་ནོ། །དེ་ལྟ་བུའི་རྣམ་པར་རྟོག་པ་བཞི་དང་ལྡན་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །རྣམ་པར་རྟོག་པ་མཐའ་ཡས་པ་ཡིན་ན་ཡང་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་ལམ་དུ་གཏོགས་པ་ཁོ་ནའི་རྣམ་པར་རྟོག་པ་བསྟན་
གྱི་དེ་ལས་གཞན་པ་ནི་ཅི་ཡང་མི་བྱེད་པ་ཉིད་ཀྱིས་ན་སྤང་བར་བྱ་བ་མ་ཡིན་ཞིང་བླང་བར་བྱ་བ་མ་ཡིན་པས་ཉེས་པ་མེད་དོ། །ཚིགས་སུ་བཅད་པ་སྦྱར་བ་དང་མཐུན་པར་ཞེས་བྱ་བ་ནི། །དམིགས་པ་དང་ནི་རྣམ་པ་དང་། །ཞེས་བྱ་བ་ལ་སོགས་པའི་རིམ་གྱིས་ཡོངས་སུ་འཛིན་པ་སྔར་
གསུངས་ནས་ཡང་མཇུག་ཐོགས་སུ་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་སོ་ཞེས་བྱ་བར་སྦྱར་བའོ། །ཡང་ན་དེའི་སྟོབས་ཀྱི་ཇི་སྐད་དུ་བཤད་པའི་ཁྱད་པར་དུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཡོངས་སུ་འཛིན་པའི་དབང་གིས་རྣམ་པར་རྟོག་པ་བཞི་པོ་ཉན་ཐོས་ལ་སོགས་པ་
དང་ཐུན་མོང་མ་ཡིན་པ་བསྟན་པར་བྱ་བའི་ཕྱིར་སེམས་མི་འགོང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཉན་ཐོས་རྣམས་ཀྱི་སྟོན་པ་པོ་ནི་ཕྱི་དང་ནང་དུ་ལྟ་བ་ཡོད་པས་དེ་ལྟ་བུ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །བཅོམ་ལྡན་འདས་ཉིད་ལམ་དེ་སྟོན་པར་མཛད་པ་ཡིན་ནོ་ཞེས་ཐོས་
པ་མ་ཡིན་ནམ་ཞེ་ན། གལ་ཏེ་དེ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་དང་འདྲ་བར་མི་དམིགས་པ་ལ་དམིགས་པར་འགྱུར་ན་བདེན་མོད་ཀྱི་འདི་ཡོད་པ་མ་ཡིན་ནོ། །ཡང་ན་བཅོམ་ལྡན་འདས་རྣམ་པར་རྟོག་པ་མི་མངའ་བ་དེའི་དབང་གིས་དངོས་པོ་མི་རྟག་པ་ལ་སོགས་པའི་ལམ་རང་གི་
བསམ་པའི་དབང་གིས་ཞུགས་པ་ཡིན་དུ་ཟིན་ན་ཡང་འོན་ཀྱང་ཡང་དག་པར་འཛིན་པ་ཡོད་པ་མ་ཡིན་ཏེ། ཡང་དག་པར་སྟོན་པར་མཛད་ན་ཡང་དེའི་བསམ་པའི་དབང་གིས་གཞན་དུ་འགྱུར་བའི་ཕྱིར་རོ། །འདིར་བཅོམ་ལྡན་འདས་ཀྱི་ཉེས་པ་མ་ཡིན་ཏེ། སེམས་ཅན་གྱི་བསམ་

པའི་དབང་གི་སྐབས་དང་འདྲ་བར་ཐེག་པ་ཆེན་པོ་ལ་འཛེག་པར་བྱ་བའི་ཕྱིར་ཡང་དག་པར་སྟོན་པར་མཛད་པ་ཡིན་ན་ཡང་དེ་ལྟར་སྨོན་ལམ་བཏབ་པའི་ཕྱིར་རོ། །ཉན་ཐོས་ཉིད་ཡང་དག་པ་མ་ཡིན་པའི་ལྟ་བ་སྐྱེས་པ་ཡིན་ཏེ་གང་གི་ཕྱིར་རང་གི་མངོན་པའི་ང་རྒྱལ་གྱི་དབང་གིས་སྲིད་པ་
ཐོག་མ་མེད་པ་ནས་རྣམ་པར་བསྒོས་པའི་བག་ཆགས་ཀྱིས་བཅོམ་ལྡན་འདས་དོན་དམ་པར་དངོས་པོ་ཡོད་པར་ཞལ་གྱིས་བཞེས་པ་དང་དེ་བཞིན་དུ་མི་རྟག་པ་ལ་སོགས་པའི་ལམ་གྱིས་ཤེས་བྱའི་སྒྲིབ་པ་སྤོང་བ་ལ་ཞུགས་པར་རྟོགས་པ་ཡིན་ནོ། །དེ་ལྟ་ན་ནི་སོ་སོའི་སྐྱེ་བོ་རྣམས་ཀྱང་
དེ་ལྟར་ཐལ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་འདི་ཉིད་ལས་གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ་ཞེས་བྱ་བ་ལ་སོགས་པ་འོག་ནས་བཤད་པ་ཡིན་ནོ། །བསྒྲུབ་པ་དང་ལྡན་པ་ལ་ཞེས་བྱ་བ་ལ་སོགས་པ་ལ། རྟོགས་པ་ཡི་ནི་ཆོས་དྲུག་སྟེ། །ཞེས་བྱ་བ་ནི་རྟོགས་པར་བྱ་བའི་
ཆོས་རྣམ་པ་དྲུག་གི་རྟེན་ཞེས་བྱ་བ་གཞི་ལ་ནི་བྱང་ཆུབ་སེམས་དཔའ་རྒྱུད་ཀྱི་རིགས་ཡིན་ནོ་ཞེས་བཤད་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་རྟེན་པའི་རྟོགས་པར་བྱ་བའི་ཆོས་གང་ཞིག་ཡིན་ཞེས་རྟོགས་པ་ལ། དེར་དེ་བསྐྱེད་པའི་རིམ་གྱིས་ཆོས་དེ་བསྟན་པར་
བྱ་བའི་ཕྱིར་གཉེན་པོ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉེན་པོ་དང་ནི་སྤོང་བ་དང་། །ཞེས་བྱ་བ་ནི་བསྒོམ་པའི་རབ་ཀྱི་མཐར་ཐུག་པ་ལ་གནས་པའི་སེམས་ཀྱི་ཁྱད་པར་དང་དེས་སྤང་བར་བྱ་བ་མི་མཐུན་པའི་ཕྱོགས་དག་གོ། །གཉེན་པོ་དང་མི་མཐུན་པ་དེ་དག་སྤངས་
པ་སྟེ། དེ་དག་ཡོངས་སུ་གཏུགས་པ་ནི་དེའི་རྣམ་པར་རྟོག་པ་ཟད་པའོ། །ཤེས་རབ་དང་སྙིང་བརྩེར་བཅས་པ་ནི་ཤེས་རབ་དང་སྙིང་རྗེ་དག་གོ། །སློབ་མ་ཐུན་མོང་མིན་ཉིད་དང་། །ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཆོས་སོ། །གཞན་གྱི་དོན་གྱི་གོ་
རིམས་དང་། །ཞེས་བྱ་བ་ནི་དེའི་བསམ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་སྟོན་པའི་རིམ་པའོ། །ཡེ་ཤེས་རྩོལ་བ་མི་མངའ་བར། །ཞེས་བྱ་བ་ནི་གཞན་གྱི་དོན་གྱི་ཡེ་ཤེས་རང་གི་ངང་གིས་སྐྱེ་བ་ཡིན་པའི་ཕྱིར་རོ། །གང་སྔར་གྱི་རྟེན་བཤད་པ་དང་བཅས་པར་འགྲེལ་པ་ལས་

བསྟན་པ་ནི་རེ་ཞིག་དང་པོར་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རེ་ཞིག་དང་པོར་འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དྲོ་བ་ལ་སོགས་པ་སྐྱེ་བ་ཡིན་པའི་ཕྱིར་རོ། །དེའི་འོག་ཏུ་འཇིག་རྟེན་ལས་འདས་པའི་མཐོང་བའི་ལམ་དང་བསྒོམ་
པའི་ལམ་སྐྱེ་བ་ཡིན་པའི་ཕྱིར་རོ། །དེའི་འོག་ཏུ་དེ་དག་སྐྱེས་པའི་སྟོབས་ཀྱིས་ཞེས་བྱ་བ་དྲོ་བ་ལ་སོགས་པ་དང་མཐོང་བ་ལ་སོགས་པའི་ལམ་སྐྱེ་བའི་མཐུས་རྐུན་པོ་ཕྱུང་བ་དང་སྒོ་འཕར་བཅད་པ་ལྟ་བུར་ཞེས་བྱ་བ་སྐད་ཅིག་མ་གང་ཁོ་ན་ཇི་ལྟར་རྐུན་མ་གཅིག་བཏོན་ནས་སྐད་ཅིག་མ་
དེ་ཉིད་ཁོ་ན་ལ་གཞན་གང་ཡིན་པ་དེ་མི་འཇུག་པར་བྱ་བའི་ཕྱིར་སྒོ་འཕར་བཅད་པ་སྟེ། དེ་འཇུག་པའི་སྒོ་གཅོད་པ་དང་འདྲ་བར་དུས་མཉམ་དུ་གཉེན་པོའི་ཕྱོགས་མ་ལུས་པར་ཡོངས་སུ་དག་པའི་སེམས་ཀྱི་ཁྱད་པར་རྣམས་དང་མི་མཐུན་པའི་ཕྱོགས་སྤང་བར་བྱ་བས་ཉོན་མོངས་
པའི་སེམས་ཀྱིས་ཁྱད་པར་དེ་དག་གོ་རིམས་བཞིན་དུ་སྐྱེ་བ་དང་འགག་པ་འབྱུང་བ་ཡིན་པའི་ཕྱིར་ཏེ། གཉེན་པོ་དང་ནི་སྤོང་བ་དང་། །ཞེས་བྱ་བ་བཤད་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་མི་དམིགས་པས་ཞེས་བྱ་བ་དམིགས་པར་བྱ་བའི་བདག་ཉིད་ཡང་དག་པར་ན་སྟོང་པ་
ཉིད་ཡིན་པས་གཉེན་པོ་དང་མི་མཐུན་པའི་ཕྱོགས་སྐྱེ་བ་དང་འགོག་པ་དང་ཉེ་བར་དམིགས་པས་སྐྱེ་བ་དང་འགོག་པ་དང་གཉེན་པོ་སྐྱེ་བ་མི་མཐུན་པའི་ཕྱོགས་འཇིག་པ་དེ་དག་དང་ལྡན་པའི་རྣམ་པར་རྟོག་པ་སྟེ། ཉོན་མོངས་པའི་བསམ་པ་སྤངས་པས་བདག་ལ་ཡང་དག་པའི་
བསམ་པ་སྐྱེས་སོ་ཞེས་ཀུན་དུ་རྟོག་པ་དེ་སྤངས་པ་སྐྱེ་བ་ཡིན་པའི་ཕྱིར། དེ་དག་ཡོངས་སུ་གཏུགས་པ་དང་། །ཞེས་བཤད་པ་ཡིན་ནོ། །དེའི་འོག་ཏུ་སངས་རྒྱས་སུ་གྱུར་ནས་གཞན་གྱི་དོན་བྱའོ་ཞེས་སྔོན་གྱི་སྨོན་ལམ་དང་དེ་ལ་སྦྱིན་པ་ལ་སོགས་པ་ཐབས་ལ་མཁས་
པ་གང་ཡིན་པ་སྟེ། སེམས་མི་འགོང་བ་ཉིད་ལ་སོགས་པ་དེའི་སྟོབས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་ཤིང་སྲིད་པ་དང་ཞི་བ་ལ་མི་གནས་པ་དེའི་མཚན་ཉིད་སྟེ་དེའི་བདག་ཉིད་ཅན་གྱི་ཤེས་རབ་དང་སྙིང་རྗེ་དག་གིས་ཤེས་རབ་དང་ཐབས་ཀྱི་ཡེ་ཤེས་སྐྱེ་

བའི་ཕྱིར། །ཤེས་རབ་སྙིང་བརྩེར་བཅས་པ་དང་། །ཞེས་བཤད་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་སྐྱེས་པས་ཞེས་བྱ་བ་ཤེས་རབ་དང་ཐབས་ཀྱི་ཡེ་ཤེས་གཉིས་སྐྱེས་པས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་སྟེ། ཆོས་གང་ཉན་ཐོས་དང་རང་སངས་རྒྱས་དང་མཉམ་པ་མ་ཡིན་
པ་སྟོབས་བཅུ་ལ་སོགས་པ་དེ་སྐྱེ་བའི་ཕྱིར། །སློབ་མ་ཐུན་མོང་མིན་ཉིད་དང་། །ཞེས་བཤད་པ་ཡིན་ནོ། །དེའི་འོག་ཏུ་བསམ་པ་ཇི་ལྟ་བ་བཞིན་དུ་གདུལ་བྱ་རྣམས་ཀྱི་སྤྱོད་པ་ལས་མ་འདས་པས་བཞུགས་པ་ལ་སོགས་པ་ལ་ལྡེམ་པོར་དགོངས་པའི་སྒོ་ནས་ཞེས་བྱ་བ་གལ་ཏེ་དང་པོར་ཆོས་དང་གང་
ཟག་ལ་བདག་མེད་པ་ཐོས་པས་སྐྲག་ནས་མུ་སྟེགས་པའི་ལྟ་བ་ཉིད་ལ་གནས་པར་འགྱུར་བས་སྙིང་རྗེས་བུ་གཅིག་པ་དང་འདྲ་བར་མཆོད་སྦྱིན་ལ་སོགས་པ་ལ་སྲོག་གཅོད་པ་ལ་སོགས་པ་དང་ཐོག་མ་མེད་པའི་དུས་ནས་གོམས་པའི་རྟག་པ་དང་ཚངས་པ་ལ་སོགས་པའི་ལྟ་བ་ལས་བཟློག་ནས་
ཐེག་པ་གཉིས་ལས་གསུངས་པའི་དགེ་བ་བཅུའི་གཞི་དང་མི་རྟག་པ་ལ་སོགས་པའི་ལྟ་བ་ལ་བཅུག་ཅིང་ངལ་སོ་བ་སྔོན་དུ་འགྲོ་བས་ཐེག་པ་ཆེན་པོ་ལ་གཞག་པའི་བསམ་པའི་ཐབས་ཀྱིས་དེ་ལྟར་ཐེག་པ་གསུམ་གྱི་ལམ་ལ་བཀོད་པ་གང་ཡིན་པ་དེའི་མཚན་ཉིད་ཀྱིས་གཞན་གྱི་དོན་གྱི་
གོ་རིམས་བཞིན་དུ་དེ་ལས་འབྱུང་བའི་ཕྱིར། གཞན་གྱི་དོན་གྱི་གོ་རིམས་དང་། །ཞེས་བཤད་པ་ཡིན་ནོ། །དེའི་འོག་ཏུ་འཁོར་བ་ཇི་སྲིད་ཀྱི་བར་དུ་ཕྱིའི་མཚན་མ་དང་འབད་པ་དག་སྟོང་པ་ཉིད་ཡིན་པའི་ཕྱིར་མཚན་མ་མེད་ཅིང་ལྷུན་གྱིས་གྲུབ་པར་གཞན་གྱི་དོན་གྱི་ཡེ་ཤེས་འབྱུང་
བའི་ཕྱིར། ཡེ་ཤེས་རྩོལ་བ་མི་མངའ་བར། །ཞེས་བྱ་བར་བཤད་པ་ཡིན་ནོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བྱང་ཆུབ་སེམས་དཔའ་ནི་སྒྱུ་མའི་སྐྱེས་བུ་ལྟར་ཆོས་ཐམས་ཅད་ལ་ཞེན་པ་མེད་པ་ཉིད་དུ་སློབ་པ་མ་ཡིན་ནམ། ཇི་ལྟར་ཡང་དག་པར་ན་རྟེན་
ཡོད་པ་ཡིན་ཏེ། དེ་ནི་མི་རིགས་སོ་ཞེས་རྟོག་པ་ལ་ཀུན་རྫོབ་ཏུ་གཏན་ལ་དབབ་པ་ནི་བསྒྲུབ་པའི་ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བསྒྲུབ་པའི་ཆོས་ནི་སེམས་བསྐྱེད་པ་ལ་སོགས་པའོ། །དེའི་གནས་སྐབས་ཀྱི་དབྱེ་བ་ནི་གདུལ་བྱའི་བྱེ་བྲག་ལས་རང་བཞིན་

ཕྱེ་བའོ། །དབྱེ་བ་དེས་ཡང་དག་པར་ན་དེ་ལས་གཞན་པའི་རང་བཞིན་མི་རིགས་པས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཁོ་ན་ཇི་སྐད་དུ་བཤད་པའི་ཆོས་ཀྱི་གཞིར་གྱུར་པ་ཡིན་ཏེ། གཉེན་པོ་དང་ནི་སྤོང་བ་དང་། །ཞེས་བྱ་བ་ལ་སོགས་པ་ལ་ཆོས་དྲུག་གི་རྟེན་
ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གསུམ་ལ་རིགས་ཞེས་བསྟན་ཏོ། །ཞེས་བྱ་བ་ནི་ངེས་པའི་ཚིག་ཏུ་ན་ཡོན་ཏན་བསྐྱེད་པའི་དོན་གྱིས་ན་ཀུན་རྫོབ་ཏུ་རིགས་ཞེས་བྱའོ་ཞེས་ཡུམ་ལས་བཤད་དོ། །ཆོས་ཀྱི་དབྱིངས་ལ་ཞེས་བྱ་བ་ལ་སོགས་པའི་འོག་ནས་བཤད་
པའི་ཚིགས་སུ་བཅད་པ་ཕྱེད་སྔ་མས་ནི་ཕྱོགས་སྔ་མ་སྟོན་པའི་ཟུར་གྱིས་རྣམ་པར་འབྱེད་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཡང་དག་པར་ན་དེ་ལས་གཞན་པའི་རྒྱུ་ཡོད་པར་མི་འཐད་པས་ཆོས་ཀྱི་དབྱིངས་ཁོ་ན་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཉིད་
འཕགས་པའི་ཆོས་རྟོགས་པར་འགྱུར་བ་ཞེས་བྱ་བ་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །གལ་ཏེ་དེའི་བདག་ཉིད་ཅན་གྱི། །ཞེས་བྱ་བ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་ནོ། །བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་རྣམས་ནི་སྟོབས་བཅུ་ལ་སོགས་
པའོ། །བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་མེད་པས་ཤེས་པ་ཙམ་གྱི་ཚུལ་ལོ། །རིགས་ནི་ཆོས་ཉིད་དུ་བརྟགས་པའོ། །ཅི་ལ་ཡོད་པ་ཡིན་པའི་ཕྱིར། །ཞེས་བྱ་བ་ནི་དེའི་ཚེ་ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད་པ་ལས་ཅིར་འགྱུར་
ཞེ་ན། འདི་ནི་རང་བཞིན་གྱིས་གནས་པ་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་བརྒྱུད་པའི་ཆོས་ཉིད་ལས་ཐོབ་པ་ཡིན་ལ། འདི་ནི་ཚོགས་པ་ལས་བྱུང་བ་ཡིན་ཏེ། སྔོན་གྱི་དགེ་བའི་རྩ་བ་གོམས་པ་ལས་ཐོབ་པ་ཡིན་ནོ། །འདི་ནི་ཉན་ཐོས་དང་རང་སངས་རྒྱས་དང་
དེ་བཞིན་གཤེགས་པའི་རིགས་སུ་ངེས་པ་ཡིན་ཏེ། རྐྱེན་ཆེན་པོས་ཀྱང་བཟློག་པར་མི་ནུས་པའི་ཕྱིར་རོ། །འདི་ནི་ཉན་ཐོས་ལ་སོགས་པའི་རིགས་མ་ངེས་པ་ཡིན་ཏེ། རྐྱེན་གྱིས་བཟློག་ཏུ་འདོད་པ་ཡིན་པའི་ཕྱིར་རིགས་ཐ་དད་པ་ཞེས་བྱ་བར་རིགས་པ་མ་ཡིན་ནོ། །དེ་ལྟར་ན་

བྱང་ཆུབ་སེམས་དཔའ་ཁོ་ན་མ་ཡིན་ནོ་ཞེས་བྱ་བ་བྱང་ཆུབ་སེམས་འབའ་ཞིག་རིགས་ཡིན་ནོ་ཞེས་བྱ་བ་མི་རིགས་ཏེ། ཉན་ཐོས་ལ་སོགས་པའི་རིགས་ཀྱང་རིགས་ཉིད་དུ་འདིར་འདོད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་རྒོལ་བ་པོ་གཞན་གྱི་བསམ་པ་ཡིན་ནོ་སྙམ་པ་ཞེས་
བྱ་བ་དེ་ལྟར་སྐྱེ་བོ་བློ་དམན་པ་ལུང་མངོན་པར་མི་ཤེས་པ་དེ་རྣམས་ཀྱི་ངོར་ཞེས་བྱ་བ་ལ་བརྩེ་བའི་དབང་གིས་དེ་མི་ཤེས་པ་བསལ་བར་བྱ་བའི་ཕྱིར་དོགས་པ་བསུ་བ་སྔར་གསུངས་ཤིང་རྒོལ་བ་བསླངས་ནས་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་སོ་ཞེས་བྱ་བར་
སྦྱར་རོ། །དེ་ལ་རྒོལ་བའི་དོན་ཕྱེད་སྔ་མའི་ལན་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་སྟེ་དེ་རྟོགས་པའི་རིམ་གྱིས་ཞེས་བྱ་བ་ནི་གོང་ནས་གོང་དུ་ཤེས་པའི་གོ་རིམས་ཀྱིས་ཇི་ལྟར་
ཏེ་ཇི་ལྟ་བར་དམིགས་པ་བཞིན་དུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་དབྱིངས་ལ་ཞེས་བྱ་བ་ནི་ལྷག་མའོ། །དེ་བཞིན་དུ་དེ་དང་འདྲ་བར་འཕགས་པའི་ཆོས་རྟོགས་པར་བྱ་བའི་ཕྱིར་དམིགས་པར་བྱའོ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །དེས་ཅིར་འགྱུར་ཞེ་ན། རིགས་
ཉིད་དུ་ཐ་སྙད་འདོགས་སོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཁོ་ན་ཉན་ཐོས་ལ་སོགས་པའི་རིགས་སུ་ཐ་སྙད་དུ་བྱེད་དོ། །ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ཁོ་ན་རྒྱུར་གྱུར་པར་རྣམ་པར་གཞག་པ་ཡིན་པའི་ཕྱིར་ཏེ། ཡང་དག་པར་ན་དེ་ལས་གཞན་པའི་རྒྱུ་ཡོད་
པར་མི་འཐད་པས་ཐེག་པ་གསུམ་གྱིས་རིགས་ཀྱི་རྒྱུ་ཉིད་བྱང་ཆུབ་སེམས་དཔའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཁོ་ན་ཡིན་པར་མདོ་སྡེ་ལས་བསྟན་པའི་ཕྱིར་ལུང་ལས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བྱང་ཆུབ་སེམས་དཔའི་རྒྱུར་བྱས་ནས་སྤྱིར་ཐེག་པ་གསུམ་འབྲས་བུ་ཡིན་
པ་ལ་བརྟེན་ཏེ། ཇི་ལྟར་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་རྣམ་པར་གཞག་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་དེ་བཞིན་གཤེགས་པའི་རིགས་ཤེས་པར་འགྱུར་རོ། །ཞེས་བྱ་བ་ནི་སྤྱིའི་དོན་ཡིན་ནོ། །ཐེག་པ་གསུམ་དབྱེར་མེད་པའི་ཕྱོགས་

ལྟར་ན་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གཉིས་ཁས་བླངས་པ་དེ་རིགས་པའི་དཔེས་བྱང་ཆུབ་སེམས་དཔའ་རིགས་སུ་རྣམ་པར་གཞག་པ་གང་ཡིན་པ་དེའི་ཕྱིར་དཔེ་མ་གྲུབ་པའི་དོགས་པ་མི་བྱའོ། །ལན་ཅིག་ཀྱང་ཞེས་བྱ་བ་ལ་སོགས་པ་ལ་
ལན་གཞན་དུ་གསུངས་ཏེ་ཞེས་བྱ་བ་ནི་ཡང་དག་པར་ན་རྟེན་དང་བརྟེན་པ་པོའི་དངོས་པོ་ཡོད་པ་མ་ཡིན་ན་ཡང་ཆོས་ཀྱི་དབྱིངས་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་ཐེག་པ་གསུམ་པོ་མངོན་སུམ་དུ་བྱ་བའི་ཕྱིར་འདོད་ཆགས་དང་བྲལ་བ་ཉིད་ལ་སོགས་པའི་ཡོན་ཏན་བརྟེན་པ་པོ་ཉིད་དུ་ཡོངས་སུ་
བརྟགས་ནས། བྱང་ཆུབ་སེམས་དཔའི་རིགས་ཡིན་པར་རྣམ་པར་གཞག་པའི་སྐབས་སུ་ཐེག་པ་གསུམ་གྱི་རིགས་སུ་རྣམ་པར་གཞག་པ་ཚིགས་སུ་བཅད་པ་ཕྱེད་འོག་མས་ལན་བཏབ་པ་ནི་བརྟེན་པའི་ཆོས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལུང་ལས་
འཕགས་པའི་གང་ཟག་ཐམས་ཅད་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ། །ཞེས་གསུངས་པའི་ཕྱིར་དང་པོ་ཁོ་ནར་རིགས་བརྗོད་པར་བྱ་བ་ཡིན་ཏེ་སེམས་བསྐྱེད་པ་དང་། ཐར་པ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནི་དེ་སྔོན་དུ་འགྲོ་བ་མ་ཡིན་ནམ་ཇི་ལྟར་ན་དེ་ལྟར་
བཤད། བདེན་མོད་ཀྱི་འདི་ནི་དོན་གྱི་གོ་རིམས་ཡིན་ལ་འདི་ཡང་བསྟན་པའི་གོ་རིམས་ཡིན་ཏེ། འབྲས་བུ་གང་ཡིན་པ་བསྟན་ནས་དེའི་འོག་ཏུ་རྒྱུ་བསྟན་པ་ཡིན་པས་ཉེས་པ་མེད་དོ། །ཇི་སྐད་དུ་བཤད་པའི་བསྒྲུབ་པ་སྟེ་སེམས་བསྐྱེད་པ་ལ་སོགས་པར་མི་དམིགས་པའི་
མཚན་ཉིད་དུ་སྔར་བཤད་པའོ། །དེའི་རྟེན་དུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་ནི་རེ་ཞིག་དང་པོར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དང་པོར་སྦྱོར་བ་ཞེས་བྱ་བ་ནི་ཐོག་མར་ཉན་ཐོས་ལ་སོགས་པ་དང་ཐུན་
མོང་དུ་བཤད་པ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་སྟེ་བླང་བར་བྱ་བ་དང་དོར་བར་བྱ་བ་དང་བཏང་སྙོམས་སུ་བྱ་བའི་གནས་རྣམས་སོ། །གང་ཡིན་ཞེ་ན། གོ་རིམས་བཞིན་དུ་དགེ་སྦྱོང་གི་ཚུལ་ཉིད་དང་སྲོག་གཅོད་པ་ཉིད་དང་། ལུང་དུ་མ་བསྟན་པའི་ལུས་ཀྱི་ལས་ལ་སོགས་

པ་ཞེས་བྱ་བ་ལ། དགེ་སྦྱོང་གི་ཚུལ་ནི་དྲི་མ་མེད་པའི་ལམ་དང་། བསམ་བཞིན་དུ་འཁྲུལ་པ་མེད་པར་གཞན་གྱི་སྲོག་གཅོད་པ་དང་ཤེས་བཞིན་མ་ཡིན་པའི་ལུས་ཀྱི་ཉེས་པར་སྤྱོད་པའི་ལས་རྣམས་སོ། །སོགས་པའི་སྒྲ་ནི་རེ་རེ་ཞིང་སྦྱར་ཏེ། ཚུལ་ཁྲིམས་དང་། མ་བྱིན་པར་ལེན་
པ་དང་། ངག་གི་ཉེས་པར་སྤྱོད་པའི་ལས་ལ་སོགས་པ་སྟེ། ཆོས་གསུམ་པོ་དེ་དག་གོ། །དེའི་འོག་ཏུ་དེ་དག་ཉིད་ཅེས་བྱ་བ་སྔར་བཤད་པ་རྣམས་སོ། །ལྷག་མ་རྣམས་ཞེས་བྱ་བ་ས་བོན་རུལ་བ་དང་འདྲ་བ་ཉིད་ཀྱིས་ན་ལུང་དུ་མ་བསྟན་པ་དོར་ལ་གང་དགེ་བ་དང་མི་དགེ་བའི་ཆོས་
གང་ཡིན་པ་དེ་དག་ནི་འཇིག་རྟེན་པ་ལ་སོགས་པ་རྣམ་པ་གཉིས་སུ་དབྱེ་བ་བཞི་ཉིད་ཀྱིས་ཞེས་བྱ་བ་དེ་རྣམས་ཉིད་རེ་རེ་ཞིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་དབྱེ་བས་ཕུང་པོ་རྣམ་པ་བཞི་ཉིད་དོ། །དེ་ནི་གྲངས་བཞིན་དུ་ཞེས་བྱ་བ་
འཇིག་རྟེན་པའི་ལམ་གྱིས་བསྡུས་པ་ཡིན་པའི་ཕྱིར་འཇིག་རྟེན་པ་རྣམས་ཏེ། བྱིས་པའི་སྐྱེ་བོ་ཞེས་བྱ་བ་ལ་སོགས་པའོ། །ཡང་དག་པའི་འཕགས་པའི་ལམ་གྱིས་བསྡུས་པའི་ཕྱིར་འཇིག་རྟེན་ལས་འདས་པ་སྟེ། འཕགས་པའི་སྐྱེ་བོ་ཞེས་བྱ་བ་ལ་སོགས་པའོ། །
བདག་ཏུ་ལྟ་བའི་གཉེན་པོ་མ་ཡིན་པ་ཉིད་ཀྱིས་ན་འཇིག་རྟེན་པ་ཉིད་ཡིན་པའི་ཕྱིར་ཟག་པ་དང་བཅས་པ་སྟེ། བདག་ཏུ་ལྟ་བ་ཞེས་བྱ་བ་ལ་སོགས་པའོ། །བདག་ཏུ་ལྟ་བའི་གཉེན་པོ་ཉིད་ཡིན་པས་ན་དེར་ལྟ་བ་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་
འདས་པ་དང་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་སྟེ་བཞིའོ། །རྒྱུའི་ལྷན་ཅིག་བྱེད་པ་ལས་སྐྱེས་པའི་ཕྱིར་རྒྱུ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཉོན་མོངས་པ་ལ་སོགས་པ་བསམ་པས་རང་ཉིད་སྐྱེ་བའི་ཕྱིར་རྒྱུ་ལ་མི་ལྟོས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་འདུས་བྱས་
དང་འདུས་མ་བྱས་གཉིས་སོ། །འཕགས་པའི་སྐྱེ་བོ་དང་ཞེས་བྱ་བ་སྨོས་པ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཀྱི་རྒྱུད་ལས་བྱུང་བ་ཉིད་ཡིན་པའི་ཕྱིར། ཐུན་མོང་མ་ཡིན་པའི་བདག་ཉིད་ཅན་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྒྱུད་ལས་བྱུང་བའི་ཆོས་

ཅན་ནོ། །སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཏེ་དེ་ལྟར་གཅིག་ཡིན་ནོ། །དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བའི་སོགས་པའི་སྒྲ་ནི་ཕུང་པོ་ལ་སོགས་པ་རེ་རེ་ཞིང་སྦྱར་བར་བྱ་སྟེ། སྐྱེ་མཆེད་དང་གཟུགས་མེད་པའི་སྐྱེ་མཆེད་
རྣམས་དང་། ཡང་དག་པར་སྤོང་བ་དང་། གཟུགས་ལ་སོགས་པའི་ཁམས་དང་། སྟོང་པ་ཉིད་དང་། གཟུགས་མེད་པ་དང་། མི་འཇིགས་པ་ལ་སོགས་པའོ། །ཡང་དག་པར་རྫོགས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །འཕགས་པ་རྣམ་པར་གྲོལ་བའི་སྡེས་རྟེན་
དང་དམིགས་པ་དག་གི་མཚན་ཉིད་ཀྱི་དབྱེ་བ་ནི་རང་བཞིན་གཙོ་བོར་གྱུར་པ་ནི་རིགས་ཡིན་ལ། འགྱུར་བ་གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་ནོ་ཞེས་བཤད་དོ། །དང་པོ་ཡུལ་གྱི་ཤེས་པ་རྟོགས་ནས་དེའི་འོག་ཏུ་དེ་བསྟན་པས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བར་བསྐྱེད་
པར་བྱའོ་ཞེས་བྱ་བའི་སེམས་ཆེན་པོ་དང་ལྡན་པས་སེམས་ཅན་ཀུན་མཆོག་ཉིད་དེ་སེམས་ཆེན་པོ་ཉིད་དོ། །གདུལ་བྱ་རྣམས་ཀྱི་སེམས་ཅན་ལ་སོགས་པར་ལྟ་བ་བག་ཆགས་དང་བཅས་པ་སྤང་བར་བྱ་བའི་ཕྱིར་ཆོས་སྟོན་པས་སྤོང་བ་ཆེན་པོ་ཉིད་དོ། །འདོད་ཆགས་ལ་སོགས་པ་
མ་ལུས་པ་སྤངས་ནས་ཀྱང་བྱང་ཆུབ་རྟོགས་པར་བྱེད་པས་རྟོགས་པ་ཆེན་པོ་ཉིད་དོ། །གསུམ་པོ་དེ་དག་སྟེ་ཆེན་པོ་ཉིད་གསུམ་གང་ཡིན་པའི་བདག་ཉིད་ཆེན་པོ་གང་ཡིན་པ་རྣམས་ཆེད་དུ་བྱས་ཤིང་ཐོབ་པར་བྱ་བའི་སྒྲུབ་པ་ལ་འཇུག་པར་འགྱུར་བ་དེས་རང་འབྱུང་གི་ཡེ་ཤེས་
ཙམ་གོང་ནས་གོང་དུ་སྐྱེས་པ་རྫོགས་པའི་སངས་རྒྱས་ལ་སོགས་པའི་ཆེད་དུ་བྱ་བ་རྣམ་པ་གསུམ་དུ་ཤེས་པར་བྱའོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་དུ་འགྲོ་བ་མི་དམིགས་པར་རྟོགས་པའི་སེམས་དང་ཉོན་མོངས་པ་བག་ཆགས་དང་
བཅས་པར་སྤངས་པ་དང་། ཡུལ་དང་དུས་ཀྱིས་ཆོད་པ་དང་དངོས་པོ་པྲ་བ་ཡང་ཤེས་པ་མི་སྲིད་པས་ཉན་ཐོས་ལ་སོགས་པ་ལ་བདག་ཉིད་ཆེ་བ་གསུམ་པོ་འདི་དག་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་ཏེ། འདོད་པ་ཙམ་གྱི་ཉོན་མོངས་པ་སྤོང་བ་མ་ཡིན་པའི་ཕྱིར་རོ། །

སངས་རྒྱས་ལས་བྱང་ཆུབ་སེམས་དཔའ་རྣམས་ཁྱད་པར་ཡང་དག་པར་ན་ཡོད་པ་མ་ཡིན་ཏེ། སངས་རྒྱས་ཀྱི་ཡོན་ཏན་ཐོབ་པའི་སྐལ་བ་ཡོད་པའི་ཕྱིར་རོ། །ཞེས་བྱ་བའི་དགོངས་པ་དང་ལྡན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རང་འབྱུང་བ་ཡིན་ནོ་ཞེས་བཤད་
པ་ཉེས་པ་མེད་དོ། །དམིགས་པ་ལས་ཆེད་དུ་བྱ་བ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། ད་ལྟར་གྱི་ནི་དམིགས་པ་སྟེ་ཉེ་བ་ན་གནས་པའོ། །མ་འོངས་པ་ནི་ཆེད་དུ་བྱ་བ་སྟེ་རྒྱང་རིང་བ་ཡིན་པ་ནི་འཕགས་པ་རྣམ་པར་གྲོལ་བའི་སྡེས་མདའ་ལྟོང་སྦྱོར་བ་དང་འབེན་ལ་ཕོག་པ་དང་ཆོས་མཐུན་པ་
ཡིན་ནོ་ཞེས་བཤད་དོ། །སྒྲུབ་པའི་རྟེན་དུ་གྱུར་པ་ལ་སོགས་པ་རྟེན་དང་དམིགས་པ་དང་ཆེད་དུ་བྱ་བ་བརྗོད་ནས་སྒྲུབ་པ་དེའི་རང་གི་ངོ་བོ་གང་ཡིན་ཞེ་ན། ཞེས་འདྲི་བ་ལ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ལ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་ལ་སོགས་པའོ། །སྤྱིར་ཏེ་
ཐམས་ཅད་ལ་མངོན་པར་ཁྱབ་པ་དགེ་བའི་ཆོས་ཀྱི་རྟེན་ཅན་ཏེ་ཆོས་ཀྱི་དབྱིངས་ལ་གནས་པའོ། །རྣམ་པ་ཀུན་མངོན་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་རྣམ་པ་བཞི་ལ་མངོན་པར་རྟོགས་པ་རེ་རེ་ཞིང་ཞེས་བྱ་བ་རེ་རེའི་བསྒོམ་པར་བྱ་བའི་རྟོགས་པ་ལ་སོགས་པའོ། །ཕ་རོལ་
ཏུ་ཕྱིན་པ་དྲུག་གི་རྟེན་ཅན་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ལ་བརྟེན་པའི་བྱ་བ་ཉམས་སུ་ལེན་པ་ནི་སྒྲུབ་པ་ཡིན་ནོ། །ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་ནི་རང་བཞིན་གྱིས་དཀར་པོ་ཉིད་ཡིན་ཞིང་གནས་མེད་པ་ཉིད་ཡིན་པའི་ཕྱིར་མ་བཤད་དོ། །དེ་ལྟར་བསྒྲུབ་པ་རྣམ་པར་
གཞག་ནས་སོ་སོའི་མཚན་ཉིད་བརྗོད་པར་བྱ་བ་ཡིན་པས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་འོག་ནས་བཤད་པའི་རིམ་པས་སྦྱོར་བ་དང་མཐོང་བ་དང་། བསྒོམ་པ་དང་ཁྱད་པར་གྱི་ལམ་སྟེ། བཞི་པོ་དེའི་ངོ་བོ་ཉིད་ཀྱིས་བསྒྲུབ་པའི་མཚན་ཉིད་གོ་ཆ་ལ་སོགས་པ་འོག་ནས་བཤད་པ་དེ་
རྣམས་<གྱི་‚ཀྱི་>ནང་ནས་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཡིན་ཞིང་དགེ་བའི་ལས་ལ་སྤྲོ་བའི་བདག་ཉིད་ཅན་ཡིན་པ་དེ་ཉིད་ཀྱིས་ན་དང་པོ་གོ་ཆའི་བསྒྲུབ་པ་གསུངས་པ་ཡིན་ནོ། །སྦྱིན་པ་ལ་སོགས་པ་སྟེ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའོ། །རྣམ་པ་དྲུག་ལ། དེ་དག་སོ་སོར་བསྡུས་

པ་ཡིས། །ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་དེ་རྣམས་ཉིད་སོ་སོའི་ཁོངས་སུ་གཏོགས་པའི་ཕྱིར་རོ། །གོ་ཆའི་བསྒྲུབ་པ་གང་ཡིན་པ་ནི་ཐོག་མ་ཁོ་ནར་བྱང་ཆུབ་པའི་བར་དུ་དོན་གྱི་བྱ་བ་དམ་བཅས་པ་ཉམས་སུ་ལེན་པའོ། །དེ་ནི་ཇི་སྐད་དུ་བཤད་པའི་
འཁོར་གསུམ་རྣམ་པར་དག་པ་ལ་སོགས་པས་ཡུམ་གསུམ་ཅར་ལས་དྲུག་ཚན་དྲུག་གིས་ཏེ། རྣམ་པ་སུམ་ཅུ་རྩ་དྲུག་ཇི་ལྟ་བ་བཞིན་དུ་གསུངས་པར་ཤེས་པར་བྱའོ། །ཚིག་ལེའུར་བྱས་པའི་དོན་ནི་ཆོས་ཀྱི་སྦྱིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ལོངས་
སྤྱོད་ལ་ལྟོས་པ་མེད་པས་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་དོ། །ཚུལ་ཁྲིམས་རྗེས་སུ་བསྲུང་བས་ནི་བཟོད་པ་དང་ལྡན་པར་འགྱུར་རོ། །སྐྱོ་བ་བརྣག་པར་ནུས་ན་བརྩོན་འགྲུས་རྩོམ་མོ། །ལེ་ལོ་དང་བྲལ་ན་བསམ་གཏན་རྫོགས་པར་བྱེད་དོ། །བསམ་གཏན་ཕུན་སུམ་
ཚོགས་པ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་པར་བྱ་བ་ཡིན་པས་དེ་ལྟར་སྦྱིན་པ་ལ་སོགས་པར་རྟོགས་པའི་གོ་རིམས་ཀྱིས་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྦྱིན་པ་ལ་སོགས་པ་ལ་ཆོས་དང་ཟང་ཟིང་གི་སྦྱིན་པ་རབ་ཏུ་སྦྱིན་པར་བྱེད་པ་དང་།
བདག་ཉིད་གཅིག་པུ་དུལ་བར་བྱའོ་ཞེས་བྱ་བ་ལ་སོགས་པའི་སེམས་ནི་ཉན་ཐོས་ཀྱི་ཡིད་ལ་བྱེད་པའོ། །སོགས་པའི་སྒྲས་ནི་དངོས་པོ་མི་རྟག་པ་ལ་སོགས་པའི་ཡིད་ལ་བྱེད་པ་སྟེ། དེ་སྤང་བ་ནི་ཚུལ་ཁྲིམས་སོ། །སྐྱེ་བོ་ཐམས་ཅད་ཀྱིས་མི་སྙན་པར་སྨྲ་བ་ནི་གཤེ་བ་ལ་
སོགས་པ་བརྗོད་པའོ། །དེ་བཟོད་པ་ནི་བཟོད་པའོ། །འདུན་པ་ནི་དགེ་བ་མངོན་པར་འདོད་པའོ། །དེས་བསྐྱེད་པ་ནི་བརྩོན་འགྲུས་སོ། །ཐེག་པ་གཞན་དང་མ་འདྲེས་པའི་སེམས་རྩེ་གཅིག་པ་ཉིད་ནི་ཉན་ཐོས་ལ་སོགས་པའི་ལམ་དང་ཐ་དད་པར་ཆོས་ཐམས་ཅད་མི་
དམིགས་པ་ལ་དམིགས་པ་ནི་བསམ་གཏན་ནོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་པ་ནི་སྦྱིན་པ་ལ་སོགས་པའི་བསོད་ནམས་སེམས་ཅན་ཐམས་ཅད་འཚང་རྒྱ་བ་ཉིད་དུ་ཡོངས་སུ་བསྔོ་ཞིང་སྟོབས་པ་ནི་ཤེས་རབ་བོ། །འདི་རྣམས་ལ་སྦྱིན་

པར་བྱེད་པ་ལ་སོགས་པ་ཞེས་བྱ་བ་སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་ལ་སོགས་པ་དེར་གང་མི་དམིགས་པ་སྟེ། དེར་གོ་ཆ་བགོས་པ་ཉིད་ཀྱིས་བྱང་ཆུབ་པའི་བར་དུ་བརྩོན་འགྲུས་བརྩམས་པས་སོ། །སྦྱིན་པའི་ཕྱོགས་ལ་ཉན་ཐོས་ཀྱི་ཡིད་ལ་བྱེད་པ་སྤངས་པས་འདིར་
གཞན་གྱི་དོན་ལ་དམ་འཆའ་བ་ནི་ཚུལ་ཁྲིམས་སོ། །དེ་མེད་ན་མི་འབྱུང་བའི་སྦྱིན་པ་དང་། བཟོད་པ་ལ་སོགས་པ་ཡོད་པ་ནི་སྦྱིན་པ་ལ་སོགས་པ་མེད་པར་གཞན་གྱི་དོན་བྱ་བར་མི་འཐད་པའི་ཕྱིར་རོ། །དེ་བཞིན་དུ་བཟོད་པ་དང་ལྡན་ན་སེམས་ཅན་དབང་དུ་འགྱུར་རོ། །
འདིར་ཡང་དེ་བཞིན་དུ་སྦྱིན་པ་དང་ཚུལ་ཁྲིམས་དང་བརྩོན་འགྲུས་ལ་སོགས་པ་ཡོད་པ་ཡིན་ནོ། །ཁོན་མེད་ན་དགྲ་བོ་ཞི་བར་འགྱུར་བས་སེམས་ཅན་རྣམས་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་སྦྱིན་པ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་བརྩོན་འགྲུས་ནི་དགེ་བའི་
ལས་ལ་སྤྲོ་བ་ཉིད་ཀྱིས་དེ་དང་ལྡན་པ་ལ་སྦྱིན་པ་ལ་སོགས་པ་དང་བསམ་གཏན་དང་ཤེས་རབ་ཡོད་པ་ཡིན་ཏེ། བརྩོན་འགྲུས་དང་བྲལ་བ་ལ་སྦྱིན་པ་ལ་སོགས་པ་མི་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་བསམ་གཏན་དང་ལྡན་པ་ནི་འཁོར་གསུམ་རྣམ་པར་དག་པའི་སྦྱིན་པ་
ལ་སོགས་པ་དང་ཤེས་རབ་ནི་ཡོད་ལ་རྣམ་པར་གཡེངས་པ་ལ་དེ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ཤེས་རབ་དང་ལྡན་པ་ལ་དེ་བཞིན་དུ་སྦྱིན་པ་ལ་སོགས་པ་ཡོད་དེ། སྦྱིན་པ་ལ་སོགས་པ་མེད་པར་སེམས་ཅན་རྣམས་བྱང་ཆུབ་པར་ཡོངས་སུ་བསྔོ་བའི་དགེ་བ་མི་སྲིད་པའི་ཕྱིར་རོ། །
དེ་ལྟར་ན་སྦྱིན་པ་ལ་སོགས་པ་རེ་རེ་ཞིང་ཚུལ་ཁྲིམས་ལ་སོགས་པ་ཁོང་དུ་ཆུད་པ་ཡིན་པའི་ཕྱིར། སྦྱིན་པ་ལ་སོགས་པ་སྨོས་པ་ནི་རྣམ་པ་དྲུག་ཉིད་ཡིན་ནོ། །དེ་ལྟར་སྦྱིན་པ་ལ་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ལ་མི་དམིགས་པ་ལ་སོགས་པའི་གོ་ཆ་ཉིད་ཀྱི་ཞེས་བྱ་བ་ལ་
སོགས་པ་ལ་ཡང་སྦྱར་བར་བྱའོ། །དེ་ནི་དེ་ལྟར་ཚུལ་ཁྲིམས་བསྲུང་། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་ནི་བསམ་གཏན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དང་པོ་ལ་སོགས་པ་བཞི་ནི་བསམ་གཏན་

ནོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པའོ། །སྦྱིན་སོགས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཁམས་གསུམ་པའི་སེམས་ཅན་ལ་ཁྱབ་པར་དམིགས་པའི་བྱམས་པ་དང་། སྙིང་རྗེ་ལ་
སོགས་པའི་ཚད་མེད་པ་རྣམས་སོ། །དམིགས་པ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཡང་དག་པར་གནས་པ་ནི་སྨོན་པའི་སེམས་དང་ཉམས་སུ་ལེན་པའི་སེམས་ཀྱི་མཐར་ཐུག་པའི་སེམས་སོ། །དེའི་མཚན་ཉིད་ནི་དེའི་ངོ་བོ་ཉིད་དོ། །དེ་ཉིད་ཀྱིས་ན་ཐེག་
པ་ཆེན་པོའི་ཆོས་མཐའ་དག་ཅེས་བྱ་བ་སེམས་བསྐྱེད་པ་ལ་སོགས་པའོ། །དེ་གནོན་པ་ནི་རིམ་གྱིས་མི་ལྡོག་པའི་སེམས་ཀྱིས་བགྲོད་པ་སྟེ། དེའི་ངོ་བོ་ཉིད་ཡིན་པས་སོ། །འཇུག་པའི་སྒྲུབ་པ་ཐེག་ཆེན་ལ་འཛེག་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །འདིར་ཡང་
རྟོགས་པའི་རིམ་པས་བསམ་གཏན་ལ་སོགས་པའི་རིམ་པ་ཡིན་ནོ། །དེ་ནི་རྣམ་པ་དགུའོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །སྙིང་རྗེ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་བརྩེ་བ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་བཤད་པ་ཡིན་ཏེ། ཟུང་དུ་འབྲེལ་
བའི་ལམ་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་དག་ནི་མཐའ་གཉིས་སུ་མི་ལྟུང་བ་དང་འབྲེལ་པ་ཡིན་པའི་ཕྱིར་ཏེ། ཐབས་དང་ཤེས་རབ་ཀྱི་ཏིང་ངེ་འཛིན་ཏོ། །ཐབས་ལ་མཁས་པ་ནི་སེམས་མ་ཞུམ་པ་ལ་སོགས་པའོ། །ས་དང་གཉེན་པོ་རྣམས་ནི་འོག་ནས་སྟོན་
ཏོ། །ཚོགས་ཞེས་བྱ་བའི་མིང་དོན་དང་ལྡན་པ་ནི་ཀུན་རྫོབ་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བར་ཞེས་བྱ་བ་ནི་དོན་དམ་པ་དང་མི་འབྱོར་པས་ཀུན་རྫོབ་ཏུ་བསྒོམ་པར་བྱ་བ་ལ་སོགས་པ་ཡོངས་སུ་བརྟགས་པའོ། །ཐེག་
པ་ཆེན་པོའི་དོན་མཐའ་དག་ཅེས་བྱ་བ་སེམས་བསྐྱེད་པ་ལ་སོགས་པའོ། །དེ་བསྒྲུབ་པ་ནི་ཉམས་སུ་བླངས་པས་སོ། །འདི་དག་གིས་ཡང་དག་པར་འཇུག་པའི་ངོ་བོར་ཐོབ་པའི་སྒོ་ནས་ལེགས་པར་བརྟགས་ཤིང་འཛིན་པས་བྱང་ཆུབ་ཆེན་པོ་སྟེ། ཁྱབ་པའི་སངས་

རྒྱས་ཉིད་དུ་འགྱུར་བའི་ཕྱིར་རོ། །སྙིང་རྗེ་ལ་སོགས་པའི་དོན་བཤད་ཟིན་པའི་ཕྱིར་བོར་ནས་ཡེ་ཤེས་ཀྱི་ཚོགས་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ནང་དང་ཞེས་བྱ་བ་ལ་སོགས་པ་ནང་དང་ཕྱི་རོལ་ཞེས་བྱ་བ་ལ་སོགས་པར་སྦྱར་ནས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་
བརྗོད་པར་བྱ་སྟེ། ནང་གི་བདག་ཉིད་ཅན་གྱི་མིག་ལ་སོགས་པ་ནི་དེ་ཁོ་ན་ཉིད་དུ་ན་མེད་པ་ཡིན་པའི་ཕྱིར་ནང་སྟོང་པ་ཉིད་དོ། །དེ་བཞིན་དུ་ཕྱིའི་གཟུགས་ལ་སོགས་པ་ནི་ཕྱི་སྟོང་པ་ཉིད་དོ། །དེས་བསྐྱེད་པ་ཡིན་པའི་ཕྱིར་དབང་པོས་བསྡུས་པ་ཡིན་པའི་ཕྱིར་གཉི་ག་སྟེ། ཕྱི་དང་ནང་
གཉིས་ནི་ཕྱི་ནང་སྟོང་པ་ཉིད་དོ། །གང་ཟག་ལ་སོགས་པར་བརྟགས་པའི་དངོས་པོའི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ཞིང་སྟོང་པ་ཉིད་ཀྱིས་ནང་གི་བདག་ཉིད་ལ་སོགས་པ་སྟོང་པ་ཉིད་དུ་དམིགས་པའི་ཤེས་པའི་བདག་ཉིད་ཅན་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །ཕྱོགས་ནི་ཕྱོགས་
རྣམས་དང་ས་ལ་སོགས་པའི་སྣོད་དང་འགྲོ་བ་རྣམས་ཀྱི་སྟོང་པ་ཉིད་ནི་ཆེན་པོ་སྟོང་པ་ཉིད་དོ། །མྱ་ངན་ལས་འདས་པའི་ལམ་ནི་མྱ་ངན་ལས་འདས་པ་དང་དེའི་ལམ་ནི་དོན་དམ་པ་སྟོང་པ་ཉིད་དོ། །རྐྱེན་ལས་སྐྱེས་དང་ཅིག་ཤོས་དང་། །ཞེས་བྱ་བ་ཁམས་གསུམ་པ་ནི་འདུས་
བྱས་སྟོང་པ་ཉིད་དོ། །མ་སྐྱེས་པ་ལ་སོགས་པ་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །མཐའ་ལ་སོགས་པ་དོར་མེད་དང་། །ཞེས་བྱ་བ་ལ་རྟག་པ་དང་ཆད་པ་དང་བྲལ་བ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །ཐོག་མ་དང་ཐ་མ་དང་དབུས་དང་བྲལ་བ་ནི་ཐོག་མ་དང་ཐ་མ་མེད་པ་
སྟོང་པ་ཉིད་དོ། །དོར་བ་མེད་པ་ནི་གང་དུ་ཡང་གཡེང་བ་མེད་པ་ཉིད་ཀྱི་ཕྱིར་གནས་མེད་པར་བསྒོམ་པའི་ལམ་ནི། དོར་བ་མེད་པ་སྟོང་པ་ཉིད་དོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་རང་བཞིན་སྟོང་པ་ཉིད་དོ། །དངོས་པོ་ཐམས་ཅད་ཀྱི་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་
ཉིད་དོ། །ཆོས་སྐྱེ་ལ་སོགས་འདས་སོགས་དང་། །ཞེས་བྱ་བ་ནི་གཟུགས་ལ་སོགས་པ་སྐྱེ་བ་དང་འགག་པ་ལ་སོགས་པ་ནི་མཚན་ཉིད་སྟོང་པ་ཉིད་དོ། །འདས་པ་ལ་སོགས་པའི་ཆོས་རྣམས་མི་དམིགས་པ་ནི་མི་དམིགས་པ་སྟོང་པ་ཉིད་དོ། །ལྡན་དང་ཅིག་ཤོས་ངོ་བོ་དང་། །

ཞེས་བྱ་བ་ལྡན་པའི་ཆོས་རྣམས་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་དངོས་པོའི་སྟོང་པ་ཉིད་དོ། །ནམ་མཁའ་སྟོང་ཞེས་བྱ་བ་དང་། །ཞེས་བྱ་བ་ནི་འདུས་མ་བྱས་ནམ་མཁའ་ལ་སོགས་པ་ནི་དངོས་པོ་མེད་པའི་སྟོང་པ་
ཉིད་དོ། །རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་ནི་རང་གི་ངོ་བོ་ཉིད་སྟོང་པ་ཉིད་དོ། །ཆོས་གཞན་དངོས་པོ་མེད་པ་ཉིད། །ཅེས་བྱ་བ་ནི་གཞན་གྱི་ངོ་བོའི་བྱེད་པ་པོ་སྟོང་པ་ཉིད་ཡིན་པའི་ཕྱིར་གཞན་གྱི་ངོ་བོ་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱི་བྱེ་བྲག་གིས། །ཞེས་བྱ་བ་ནི་དེ་ལྟར་ན་སྟོང་པ་
རྣམས་ཀྱི་ཁྱད་པར་རྣམ་པ་ཉི་ཤུ་ནི་སྟོང་པ་ཉིད་ཀྱི་རྣམ་པ་ཡིན་ནོ། །སྟོང་པ་ཉིད་དང་རྣམ་པ་ཉི་ཤུ་ཡིན་པའི་རྒྱུ་ནི་རང་རང་ངོ་བོས་སྟོང་པའི་ཕྱིར། ཞེས་སྨོས་པ་ཡིན་ཏེ། མིག་ལ་སོགས་པའི་ངོ་བོ་ཉིད་ཇི་སྲིད་གཞན་རྣམས་ཀྱིས་བརྟགས་པ་དེ་རྣམས་ནི་རང་གི་ངོ་བོ་ཉིད་སྟོང་པ་ཡིན་
པའི་ཕྱིར་དང་། དེ་དང་དེར་ཀུན་རྫོབ་དང་དོན་དམ་པ་དང་གཉི་ག་དག་གིས་ཅི་རིགས་པར་རྣམ་པར་དཔྱད་ཅིང་བརྟག་པ་མི་བཟོད་པ་ཉིད་ཀྱིས་ན་སྟོང་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཚོགས་སོ། །སའི་ཞེས་བྱ་བ་ལ་སོགས་པ་ནི་སའི་ཚོགས་ཡིན་ཏེ། ཡོངས་སུ་
སྦྱོང་བ་ནི་འདུས་བྱས་པའི་ཁྱད་པར་རྣམས་སོ། །དེ་དག་ཀྱང་བསམ་པ་ལ་སོགས་པ་བཅུ་པོ་འདི་དག་རང་བཞིན་མི་དམིགས་པ་ཡིན་པར་ཤེས་པར་བྱའོ། །འདི་དག་རང་བཞིན་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དོན་འདི་ཉིད་ནི་དེ་ལྟ་བུའི་མཚན་ཉིད་ཀྱི་ཆོས་
བཅུས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་རྣམ་པ་ཀུན་གྱིས་སོ། །བསྐྱེད་པའི་བྱ་བ་ཡིན་པའི་ཕྱིར། །ཞེས་བྱ་བ་ནི་ས་རབ་ཏུ་དགའ་བ་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །ཡོངས་སུ་ནི་ཀུན་ནས་ཏེ་ས་རབ་ཏུ་དགའ་བ་ཡོངས་སུ་སྦྱོང་བའི་རྒྱུ་
ཉིད་ཡིན་པའི་ཕྱིར་ཡོངས་སུ་སྦྱོང་བའི་རྒྱུའི་ཁྱད་པར་བཅུ་པོ་འདི་དག་གིས་སོ། །ཡང་ཇི་ལྟ་བུ་ཞེ་ན། ངོ་བོ་ཉིད་མི་དམིགས་པས་ཞེས་བྱ་བ་གང་ལ་ལ་ཞིག་གིས་འབྱུང་བ་ཆེན་པོ་ལ་སོགས་པའི་རང་བཞིན་གཞན་གྱིས་བརྟགས་པ་དེ་ཡང་དག་པ་ཉིད་དུ་ན་སྟོང་པ་ཉིད་ཡིན་

པས་མ་མཐོང་བའི་ཕྱིར་རོ། །དེས་ཁྱད་པར་དུ་བྱས་པའི་མཚན་ཉིད་མི་དམིགས་པས་གང་ལ་ཡོངས་སུ་སྦྱང་བ་སྟེ། འདུས་བྱས་པའི་ཁྱད་པར་ཁོ་ནས་བྱའི། དེ་ལས་གོ་བཟློག་པ་གྱ་གྱུའི་བསམ་པ་ལ་སོགས་པ་ཉེས་པ་གཞན་གྱིས་ནི་མ་ཡིན་ནོ། །རབ་ཏུ་དགའ་བའི་ས་ལ་བཤད་པའི་
ལས་བཅུས་བྱས་པ་ཡིན་ཏེ། ཆོས་དེ་རྣམས་ཀྱང་སྟོང་པ་ཉིད་དུ་དམིགས་པ་ན་བྱེད་པ་པོ་ཡིན་གྱི་གཞན་དུ་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེ་ལྟ་བུའི་ཡོངས་སུ་སྦྱོང་བ་རྣམ་པ་བརྒྱད་པོ་ས་དྲི་མ་མེད་པའི་རྒྱུར་གྱུར་པའི་ཚུལ་ཁྲིམས་ལ་སོགས་པ་ཡོངས་སུ་སྦྱོང་བ་བྱས་པའི་རྒྱུའི་ཁྱད་པར་སྔ་
མ་བཞིན་དུ་ངོ་བོ་ཉིད་མི་དམིགས་པས་ཁྱད་པར་དུ་བྱས་པའི་འདུས་བྱས་པ་ཡིན་ཏེ་ཞེས་འོག་ནས་འབྱུང་བའི་ཚིག་ལེའུར་བྱས་པ་རྣམས་ལ་ཡང་དེ་བཞིན་དུ་བཤད་པར་བྱའོ། །ཉོན་མོངས་པ་རྣམས་སྲབ་མོར་བྱེད་པས་ན་སྦྱངས་པའོ། །དེ་ཉིད་ནི་ཡང་དག་པར་སྡོམ་པ་སྟེ། དེ་
རྣམས་རྟེན་པའོ། །བདག་དང་སེམས་ཅན་ཞེས་བྱ་བ་ལ་སོགས་པ་དང་། །རྣམ་ཐར་སྒོ་གསུམ་ཞེས་བྱ་བ་ལ་སོགས་པ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་སྦྱར་བར་བྱ་སྟེ། བདག་ལས་གོ་བཟློག་པ་ནི་རྣམ་པར་ཐར་པའི་སྒོ་གསུམ་ཤེས་པ་ཡིན་ནོ། །དེ་བཞིན་དུ་སེམས་ཅན་
གྱི་འཁོར་གསུམ་རྣམ་པར་དག་པ་ཉིད་དོ། །གང་ཟག་གི་ནི་སྙིང་རྗེའོ། །ཆད་པའི་ནི་རློམ་པ་མེད་པའོ། །རྟག་པའི་ནི་ཆོས་མཉམ་པ་ཉིད་དོ། །མཚན་མའི་ནི་ཚུལ་གཅིག་ཤེས་པ་ཉིད་དོ། །རྒྱུ་དང་ཕུང་པོའི་ནི་མི་སྐྱེ་བ་ཤེས་པའོ། །ཁམས་ཀྱི་ནི་ཟག་པ་ཤེས་པའོ། །སྐྱེ་
མཆེད་ཀྱི་ནི་ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན་པའོ། །ཁམས་གསུམ་པ་ལ་གནས་པའི་ནི་རྟོག་པ་ཀུན་ཏུ་འཇམ་པའོ། །ཆགས་པ་དང་སེམས་ཀུན་ཏུ་ཞུམ་པའི་ནི་འདུ་ཤེས་སུ་ལྟ་བའོ། །སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་བདག་ཉིད་ཅན་ནི་དཀོན་མཆོག་གསུམ་དང་
དེའི་ཚུལ་ཁྲིམས་ཀྱི་ནི་ཉོན་མོངས་པ་སྤོང་བའོ། །ལྟ་བ་ལ་མངོན་པར་ཞེན་པའི་ནི་ཞི་གནས་ངེས་པར་སེམས་པ་དང་། ལྷག་མ