Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 79
Văn bản gốc(Tây Tạng)
Trang 1 / 15 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་མེ་ལ་པ་ན་པྲ་དཱི་པཾ། བོད་སྐད་དུ། ཐེག་པ་ཆེན་པོ་བསྡུས་པའི་སྒྲོན་མ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ ལོ། །ཉེས་པའི་དྲི་མ་མ་ལུས་སྤངས་ཤིང་ཆོས་ཉིད་ཟབ་མོ་རྒྱ་མཚོ་ལྟ་བུ་གཟིགས། །ཐུགས་རྗེས་འཁོར་བ་ཇི་སྲིད་བར་དུ་བཞུགས་ཤིང་གཞན་གྱི་དོན་མཛད་པའི། །ཐུབ་པའི་དབང་པོ་སྲས་དང་ བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མདོ་རྒྱུད་ཀུན་ལས་བཏུས་པའི་ཐེག་ཆེན་བསྡུས་པའི་སྒྲོན་མ་འདི། །མ་རིག་དབང་དུ་སོང་བའི་སེམས་ཅན་རྣམས་ཀྱི་དོན་དུ་བདག་གིས་རབ་གསལ་བྱ། །དེ་ལ་ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རིགས་དང་སྐལ་བ་དང་ལྡན་པ་དེས་སངས་རྒྱས་ཀྱི་བསྟན་པ་ལ་ཇི་ལྟར་འཇུག་པར་བྱ་ཞེ་ན། དེས་ནི་སངས་རྒྱས་ཀྱི་བསྟན་པ་ལ་རིམ་གྱིས་འཇུག་པ་ལ་བསླབ་པར་བྱའི་ ཅིག་ཅར་ནི་མ་ཡིན་ཏེ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པའི་མདོ་ལས་གསུངས་ཏེ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཞུས་པ། བཅོམ་ ལྡན་འདས་རང་གི་སེམས་རིམ་གྱིས་སམ་ཅིག་ཅར་གྱིས་དག་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རང་གི་སེམས་ནི་རིམ་གྱིས་འཇུག་པས་རྣམ་པར་དག་སྟེ་ཅིག་ཅར་ ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ་ཤིང་ཨ་མྲའི་འབྲས་བུ་ནི་རིམ་གྱིས་སྨིན་པར་འགྱུར་གྱི་ཅིག་ཅར་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་སེམས་ཀྱང་རིམ་གྱིས་རྣམ་པར་དག་སྟེ་ཅིག་ཅར་ནི་མ་ ཡིན་ནོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ་རྫ་མཁན་གྱིས་སྣོད་རྣམས་ནི་རིམ་གྱིས་བྱེད་ཀྱི་ཅིག་ཅར་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སེམས་ཅན་རྣམས་ཀྱི་སེམས་རིམ་གྱིས་རྣམ་པར་སྦྱོང་སྟེ་ཅིག་ ཅར་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ་ས་ཆེན་པོ་ལས་རྩ་བ་དང་ཤིང་གེལ་པ་དང་སྨན་དང་ནགས་ཚལ་རྣམས་རིམ་གྱིས་འཇུག་པར་སྐྱེའི་ཅིག་ཅར་ནི་མ་ཡིན་ནོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ཡང་ སེམས་ཅན་རྣམས་ཀྱི་སེམས་རིམ་གྱིས་སྦྱོང་སྟེ་ཅིག་ཅར་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ་བཞད་གད་དང་། རོལ་མོ་དང་། གླུ་དང་པི་ཝང་དང་། སིལ་སྙན་དང་། རོལ་མོ་ལ་མཁས་པ་ནི་རིམ་གྱིས་འབྱུང་གི་ཅིག་ཅར་ནི་མ་ ཡིན་ནོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ཡང་སེམས་ཅན་རྣམས་ཀྱི་སེམས་རིམ་གྱིས་རྣམ་པར་སྦྱོང་སྟེ་ཅིག་ཅར་ནི་མ་ཡིན་ནོ། །རིམ་པ་འདི་གཉིས་ནི་སའི་སྙིང་པོའི་མདོ་ལས་གསུངས་ཏེ། གང་ལ་མཐོ་རིས་ཐེག་པ་ཡོད་མིན། །དེ་ལ་ཉན་ཐོས་ཐེག་པ་མེད་དེ། ། གང་ལ་ཉན་ཐོས་ཐེག་པ་ཡོད་མིན། །དེ་ལ་རང་རྒྱལ་ཐེག་པ་མེད་དེ། །གང་ལ་རང་རྒྱལ་ཐེག་པ་ཡོད་མིན། །དེ་ལ་ཐེག་པ་ཆེན་པོ་མེད་དེ། །ཞེས་གསུངས་སོ། །སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་ཆོས་ལ་འཇུག་པ་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །དེས་ན་སངས་རྒྱས་ཀྱི་བསྟན་པ་ལ་རིམ་གྱིས་བསླབ་པར་བྱའོ། །དེའི་ཕྱིར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དལ་འབྱོར་གྱི་རྟེན་ཐོབ་པ་རིགས་དང་སྐལ་བ་དང་ལྡན་པ་དེས་དང་པོ་དཀོན་མཆོག་གསུམ་ལ་སྐྱབས་སུ་ཕྱིན་ལ། དད་པ་དང་ངོ་ཚ་ ཤེས་པ་དང་ཁྲེལ་ཡོད་པ་དང་ལྡན་པ་དེས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དང་། ཕྲ་མ་དང་། ངག་འཁྱལ་པ་དང་། ཚིག་རྩུབ་མོ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་ལྟ་དང་། ཆང་སྤང་བ་དང་། དྲན་པ་དང་། ཤེས་ བཞིན་དང་། བག་ཡོད་པ་ལ་གནས་པར་བྱའོ། །རིན་པོ་ཆེའི་ཕྲེང་བ་ལས། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྣམ་པར་འཚེ་བ་གནོད་པ་མང་། །རྐུ་བ་ཡིས་ནི་ལོངས་སྤྱོད་ཕོངས། །བྱི་པོ་བྱེད་པ་དགྲ་དང་བཅས། །བརྫུན་དུ་སྨྲ་བས་སྐུར་པ་སྟེ། །ཕྲ་མ་ཡིས་ནི་བཤེས་དང་འབྱེ། །ཚིག་ རྩུབ་ཀྱིས་ནི་མི་སྙན་ཐོས། །མ་འབྲེལ་པ་ཡིས་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བཤད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཆང་འཐུང་བ་ཡིས་བློ་འཁྲུལ་ཏེ། །མ་བྱིན་པས་ནི་དབུལ་བ་ཉིད། །ལོག་པས་འཚོ་ བས་སླུ་བ་སྟེ། །ཁེངས་པ་ཡིས་ནི་རིགས་ངན་ཉིད། །ཕྲག་དོག་གིས་ནི་གཟི་ཆུང་ཉིད། །ཁྲོ་བས་ཁ་དོག་ངན་པ་ཉིད། །མཁས་ལ་མི་འདྲི་བླུན་པ་ཉིད། །མི་ཉིད་ལ་ནི་འབྲས་བུ་འདི། །ཀུན་གྱི་དང་པོར་ངན་འགྲོའོ། །མི་དགེ་ཞེས་བྱ་དེ་དག་གི །རྣམ་སྨིན་གྲགས་པ་གང་ཡིན་པ། ། དགེ་བ་དག་ནི་ཐམས་ཅད་ལ། །འབྲས་བུ་དེ་ནི་བཟློག་སྟེ་འབྱུང་། །ཆགས་དང་ཞེ་སྡང་གཏི་མུག་དང་། །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་ཡིན། །མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་དུ་བདེ་བ་དག །འབྱུང་བ་འདི་ལ་ཐེ་ཚོམ་མེད། །ཡིད་དང་ལུས་དང་ངག་གིས་ནི། །མི་དགེ་ཀུན་ལས་ལྡོག་བྱ་ཞིང་། །དགེ་ལ་རྟག་ཏུ་འཇུག་པར་བྱ། །ཆོས་འདི་རྣམ་པ་གཉིས་སུ་བཤད། །ཆོས་འདིས་ དམྱལ་བ་ཡི་དགས་དང་། །དུད་འགྲོ་དག་ལས་རྣམ་གྲོལ་ཞིང་། །ལྷ་དང་མི་ཡི་ནང་དག་ཏུ། །བདེ་དཔལ་རྒྱལ་སྲིད་རྒྱས་པ་ཐོབ། །བསམ་གཏན་ཚད་མེད་གཟུགས་མེད་ནི། །ཚངས་སོགས་བདེ་བ་མྱོང་བར་བྱེད། །དེ་ལྟར་མཐོ་རིས་ཆོས་འདི་དང་། །དེ་ཡི་འབྲས་བུ་མདོར་ བསྡུས་པའོ། །ཞེས་གསུངས་སོ། །དེས་ནི་མི་དགེ་བ་བཅུ་ལས་ལོག་ཅིང་འཁོར་བ་ལ་ཡིད་སྤྲོ་བ་བཟློག་སྟེ་ཡིད་ཆེས་པའི་དད་པ་དང་དད་པའི་དད་པ་དང་། འདོད་པའི་དད་པ་བརྟན་པོ་བསྐྱེད་ལ་སྲོག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་སྔོན་དུ་འགྲོ་བས་ སེམས་ཅན་ལ་བལྟ་བའི་སེམས་ཀྱིས་དཀོན་མཆོག་གསུམ་ལ་སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དུ་སྐྱབས་སུ་འགྲོ་བ་དང་། དགེ་བའི་བཤེས་གཉེན་མཁས་པ་དང་། བཙུན་པ་དང་། སྙིང་རྗེ་དང་ལྡན་པ་དང་། ཆོས་དང་ཟང་ཟིང་ལ་སེར་སྣ་དང་ཕྲག་དོག་མེད་ཅིང་བྱ་བ་ལ་ཡིད་གཞུངས་པ་ དང་། སྐྱོ་བ་མེད་ཅིང་རིགས་དང་སྤོབས་པ་དང་ཁ་དོག་དང་ལྡན་པ་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱའོ། །དེ་ནས་དད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། དྲན་པ་དང་། ཤེས་བཞིན་དང་། བག་ཡོད་པ་ལ་གནས་ཏེ། བྱང་ཆུབ་ཀྱི་སེམས་དང་། སྡོམ་པ་ དང་འགལ་བའི་ལས་བརྟགས་ཏེ་སྤང་བར་བྱའོ། །སྲོག་གིས་བསྡུས་པའི་སེམས་ཅན་ལ་བྱམས་པ་དང་། སྙིང་རྗེ་སྔོན་དུ་འགྲོ་བས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ཕྱིན་ཅི་ལོག་པ་དང་། བརྫུན་དང་། ཕྲ་མ་དང་། ཚིག་རྩུབ་དང་། ངག་འཁྱལ་པ་དང་། བརྣབ་ སེམས་དང་། གནོད་སེམས་དང་། ལོག་ལྟ་དང་། ཤ་དང་ཉ་དང་ཆང་དང་སྒོག་པ་དང་ལ་ཕུག་དང་། རྒྱ་སྐྱེགས་ཀྱི་ལས་དང་། ཏིལ་གྱི་ལས་དང་། ཞིང་ལས་ལ་སོགས་པ་ནི་རྟག་ཏུ་སྤང་བར་བྱའོ། །དགེ་སློང་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དམ་ཚིག་དང་ལྡན་པ་ལ་གུས་པར་བྱ་ ཞིང་བརྙས་པར་མི་བྱའོ། །སྦྱངས་པའི་ཡོན་ཏན་དང་ལྡན་ཞིང་རང་ལ་རྣམ་པར་འཚེ་བ་ལ་བཟོད་པར་བྱའོ། །བྱང་ཆུབ་ཀྱི་སེམས་རྒྱུན་དུ་བསྒོམ་ཞིང་སྨོན་ལམ་རྒྱ་ཆེན་པོ་གདབ་པར་བྱའོ། །བླ་མ་དང་། དཀོན་མཆོག་དང་། ཕན་འདོགས་པ་དང་། སྡུག་བསྔལ་བ་དང་། ནད་པ་དང་། ནད་ གཡོག་པ་དང་། ཕྲ་མ་དང་། གློ་བུར་གྱི་མགྲོན་པོ་དང་། བྲམ་ཟེ་ལ་ཟས་དང་། གོས་དང་། བཏུང་བ་དང་། སྨན་དང་། རིན་པོ་ཆེ་དང་། མར་མེ་དང་། དྲི་དང་། སྤོས་དང་། ཡོ་བྱད་ཀྱི་དངོས་པོ་སྦྱིན་ཞིང་། ལུས་དང་བསོད་ནམས་ཀྱི་དངོས་པོ་ཐམས་ཅད་གཏོང་བ་དང་། ཆོས་དང་མི་ འཇིགས་པ་སྦྱིན་པ་དང་། གཞན་གྱིས་དགོས་པའི་གྲོགས་དང་ནད་གཡོག་ལ་སོགས་པ་བྱའོ། །རིན་པོ་ཆེའི་ཕྲེང་བ་ལས། གོམ་པ་བདུན་པའི་དུས་སུ་ཡང་། །བདོག་པ་ཀུན་གཏོང་སེམས་འཆང་བ། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །བསོད་ནམས་མཁའ་འདྲ་དཔག་ མེད་སྐྱེ། །གསུང་། རྒྱལ་བའི་ཡུམ་ལས་ཀྱང་། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཤར་ཕྱོགས་ཀྱི་ནམ་མཁའ་ཚད་གཟུང་བར་སླའམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་མི་གནས་པར་སྦྱིན་པ་ ཡོངས་སུ་གཏོང་བ་དེའི་བསོད་ནམས་ཀྱི་ཕུང་པོ་ཡང་ཚད་གཟུང་བར་སླ་བ་མ་ཡིན་ནོ། །ཡང་དེ་ཉིད་ལས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། མིག་དང་ལྡན་པའི་མི་ཞིག་མུན་པར་ཞུགས་ན་ཅི་ཡང་མི་མཐོང་བ་དེ་བཞིན་དུ་གང་དངོས་པོར་ལྟུང་བས་སྦྱིན་པ་ཡོངས་སུ་གཏོང་བའི་བྱང་ཆུབ་སེམས་ དཔར་བལྟའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་ལངས་ཏེ་ཉི་མ་ཤར་ནས་མིག་དང་ལྡན་པའི་མིས་གཟུགས་རྣམ་པ་སྣ་ཚོགས་དག་མཐོང་བ་དེ་བཞིན་དུ་གང་དངོས་པོར་མ་ལྷུང་བས་སྦྱིན་པ་ཡོངས་སུ་གཏོང་བའི་བྱང་ཆུབ་སེམས་དཔར་བལྟའོ་ཞེས་གསུངས་སོ། །དེས་ན་གང་སྦྱིན་པ་དེ་ འཁོར་གསུམ་ཡོངས་སུ་དག་པར་བྱིན་ན་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱིན་ཅི་མ་ལོག་པའི་སྦྱིན་པ་སྟེ་མྱ་ངན་ལས་འདས་པའི་རྒྱུར་འགྱུར་བའོ། །དེ་ཡང་གཏི་མུག་མེད་པའི་དགེ་བའི་རྩ་བའོ། །དེ་བཞིན་དུ་ཐོས་པ་དང་། བསམ་པ་དང་། བསྒོམ་པ་དང་། དཀའ་ཐུབ་ལ་གནས་པ་དང་། གཞན་གྱི་གྲོགས་བྱེད་པའི་ཚེ་ལུས་དང་སེམས་ཀྱི་སྡུག་བསྔལ་བྱུང་བ་དང་དུ་བླང་བ་དང་། དེ་བཞིན་དུ་བདག་གི་པ་ལ་གནོད་པ་མཐོང་བའི་ཚེ་གཉེན་པོ་བསྲན་ཐུབ་པར་བྱ་བ་དང་། གནོད་པ་བྱེད་པ་དང་། གནོད་པའི་དངོས་པོ་དང་། གནོད་བྱ་རྣམས་སྒྱུ་མ་ ལྟ་བུ་དང་སྟོང་པར་ཤེས་ཏེ་བཟོད་པ་ལ་གནས་པར་བྱའོ། །དེ་ལྟར་བཟོད་པ་ལ་གནས་པའི་གང་ཟག་ནི་འདི་ཉིད་ལ་ལུས་དང་སེམས་བདེ་བ་དང་། འཁོར་མང་བ་དང་། ལྷ་ལ་སོགས་པ་སྲུང་བ་དང་། ཚེ་འཕོས་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཁམས་དག་པར་སྐྱེ་བ་དང་། རིགས་བཟང་བ་ དང་། གཟུགས་དང་ཁ་དོག་བཟང་བ་དང་། ནད་མེད་པ་དང་། ཚེ་རིང་བ་དང་། འཁོར་གཡོག་བྱམས་པ་དང་། འབྱོར་པ་ཕུན་སུམ་ཚོགས་པར་སྐྱེ་ཞིང་མཐོ་རིས་ལྷ་དང་མིའི་རྒྱལ་པོར་འགྱུར་བ་དང་། མཐར་ཐུག་མྱ་ངན་ལས་འདས་པའི་རྒྱུར་འགྱུར་རོ། །དེ་ལྟར་བཟོད་པ་དང་ལྡན་པ་ དེས་ལེ་ལོ་དང་སྙོམ་ལས་དང་ཞུམ་པ་བསལ་ཏེ། དགེ་བའི་ལས་ལ་སེམས་སྤྲོ་བ་དང་ཡིད་གཞུངས་པར་བྱའོ། །ལེ་ལོ་དང་སྙོམ་ལས་དང་སེམས་ཞུམ་པ་ལ་གནས་ན་སྦྱིན་པ་ནས་ཤེས་རབ་ཀྱི་བར་དུ་མེད་དོ། །བསྡུ་བའི་དངོས་པོ་བཞི་མེད་དོ། །སྦྱངས་པའི་ཡོན་ཏན་དང་ཚད་མེད་པ་དང་དྲན་པ་ ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་ཐོབ་པ་མེད་དོ། །དཀོན་མཆོག་མཆོད་པ་དང་། གཞན་གྱི་གྲོགས་བྱ་བ་དང་། དགེ་བའི་བཤེས་གཉེན་བསྟེན་པ་ མེད་དོ། །དེའི་ཕྱིར་ན་དགེ་བའི་ལས་ལ་དུས་རྟག་ཏུ་མགོ་དང་གོས་ལ་མེ་འབར་བ་གསོད་པ་བཞིན་དུ་བྱའོ། །དཀོན་མཆོག་གསུམ་དང་བླ་མ་དང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་དང་། བསླབ་པ་ལ་གུས་པ་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ཕ་དང་མ་དང་། མཁན་ པོ་དང་། སློབ་དཔོན་དང་། སྟོན་པའི་འདུ་ཤེས་བསྐྱེད་ལ་མ་གུས་པ་དང་། བརྙས་པ་དང་། ཞེ་སྡང་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། ཁྱད་དུ་གསོད་པ་སྤང་བ་ལ་ནན་ཏན་བྱ་བ་དང་། དེ་ལྟར་དགེ་བ་ལ་ལུས་དང་ངག་དང་སེམས་ལས་སུ་རུང་ན་ལུས་དང་སེམས་ལྡང་བ་ཡང་བ་དང་། དགེ་བའི་ཚོགས་མང་པོ་དང་ལྡན་པར་འགྱུར་རོ། །དེ་ལྟར་དགེ་བ་ལ་གནས་པའི་གང་ཟག་ལ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའི་ལྡིང་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་དགའ་ཞིང་གུས་པ་དང་སྲུང་བ་བྱེད་པར་འགྱུར་རོ། །དེའི་ཕྱིར་འདུན་པ་ དང་དད་པ་ལ་གནས་ཏེ་དགེ་བའི་བཤེས་གཉེན་བསྟེན་པ་དང་དེ་ལ་དམ་པའི་ཆོས་ཉན་པ་དང་ཚུལ་བཞིན་དུ་བསམ་པ་དང་། དེའི་དོན་ཡིད་ལ་བསྒོམ་པ་དང་། བླ་མ་དང་དཀོན་མཆོག་ལ་མཆོད་པ་དང་། བསྡུ་བའི་དངོས་པོ་བཞི་དང་། འཕགས་པའི་བདེན་པ་བཞི་དང་། རྗེས་སུ་དྲན་པ་ དྲུག་དང་། འཕགས་པའི་ནོར་བདུན་ཡིད་ལ་བྱ་བ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ལ་གནས་ཏེ་བསླབ་པ་ལ་གུས་པར་བྱ་བ་དང་། གཞན་གྱི་འཁྲུལ་པ་ལ་མི་བརྟག་པ་དང་། རང་གི་འཁྲུལ་པ་ལ་བརྟག་པ་དང་། ང་རྒྱལ་སྤངས་ཏེ་ཞི་ཞིང་དུལ་བ་ལ་གནས་པར་བྱ་བ་དང་། དྲན་ པ་དང་ཤེས་བཞིན་ལ་གནས་ཏེ། ལུས་དང་ངག་དང་ཡིད་ཀྱི་ལས་དོན་ཡོད་པར་བྱ་བ་དང་། དབེན་པ་ལ་གནས་ཏེ་ཞི་གནས་དང་ལྷག་མཐོང་བསྒོམ་པ་དང་། འཁོར་བའི་སྐྱོན་དང་མྱ་ངན་ལས་འདས་པའི་ཡོན་ཏན་ཡིད་ལ་བྱ་བ་དང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། ཆུ་ཟླ་ལྟ་བུ་དང་། མིག་ ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། བྲག་ཅ་ལྟ་བུ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། མིག་འཕྲུལ་ལྟ་བུ་དང་། འཇའ་ཚོན་ལྟ་བུ་དང་། གློག་ལྟ་བུ་དང་། ཆུའི་ཆུ་བུར་ལྟ་བུ་དང་། མེ་ལོང་གི་གཟུགས་བརྙན་ལྟ་བུ་སྟེ། སྒྱུ་མའི་དཔེ་བཅུ་གཉིས་ལྟ་བུར་ཡིད་ལ་བྱ་བ་དང་། རང་བཞིན་གྱིས་འོད་གསལ་ཞིང་སྐྱེ་བ་མེད་པར་ཡིད་ལ་བྱའོ། །དེ་ལྟར་དགེ་བ་ལ་སྤྲོ་བ་དང་། འདུན་པ་དང་། དད་པར་གྱུར་པའི་གང་ཟག་དེས་འཁོར་བའི་རྩ་བ་འཇིག་རྟེན་གྱི་ཆོས་བརྒྱད་ལ་མེ་དང་། མཚོན་དང་། དུག་དང་། ཟུག་རྔུ་ལྟ་བུའི་འདུ་ཤེས་བསྐྱེད་པ་ཏིང་ངེ་འཛིན་དང་རྗེས་སུ་ མཐུན་པའི་གནས་སུ་ཟས་ཀྱི་ཚོད་རིག་པ་དང་། སྲོད་དང་ཐོ་རངས་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པར་བྱའོ། །དེ་ཡང་ཡིད་དུ་འོང་བའི་སེམས་ཅན་ནས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་རྒྱུན་མ་ཆད་པར་རྟག་ཏུ་གུས་པར་བསྒོམ་པར་ བྱའོ། །བྱམས་པ་དང་སྙིང་རྗེས་རྒྱུད་བརླན་ན་ཞེ་སྡང་དང་ཁོང་ཁྲོ་ཞི་བར་འགྱུར་རོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང་བྱམས་པའི་ཕན་ཡོན་གསུངས་པ། རོ་དང་ལྡན་པའི་ཁ་ཟས་དག །ཉིན་རེ་དུས་གསུམ་བྱིན་པ་བས། །བྱམས་པ་ཡུད་ཙམ་ཐང་ཅིག་གི །བསོད་ནམས་གང་ ལ་ཆར་མི་ཕོད། །ལྷ་མི་བྱམས་པར་འགྱུར་བ་དང་། །དེ་དག་ཀྱང་ནི་བསྲུང་བ་དང་། །ཡིད་བདེ་བ་དང་བདེ་མང་དང་། །དུག་དང་མཚོན་གྱིས་གནོད་མེད་དང་། །འབད་པ་མེད་པར་ལོངས་སྤྱོད་ཐོབ། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང་། །བྱམས་ ཆོས་ཡོན་ཏན་བརྒྱད་ཐོབ་བོ། །ཞེས་གསུངས་སོ། །གཞན་ཡང་བྱམས་པ་དང་སྙིང་རྗེའི་ཕན་ཡོན་ནི་ཟླ་བ་སྒྲོན་མའི་མདོ་དང་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཤེས་པར་བྱའོ། །གཞན་ཡང་རང་དང་གཞན་གྱི་ལུས་མི་གཙང་བའི་འདུ་ཤེས་རྒྱུན་མ་ཆད་པར་དུས་རྟག་ཏུ་ཡིད་ལ་ བྱའོ། །དེ་ལྟར་ཡང་རིན་པོ་ཆེའི་ཕྲེང་བ་ལས་གསུངས་པ། བུད་མེད་ཆགས་པ་ཕལ་ཆེར་ནི། །བུད་མེད་གཟུགས་གཙང་སེམས་ལས་བྱུང་། །བུད་མེད་ལུས་ལ་དོན་དུ་ནི། །གཙང་བ་ཅུང་ཟད་ཡོད་མ་ཡིན། །ཁ་ནི་ཁ་ཆུ་རུལ་བ་དང་། །སོ་རྐྱག་མི་གཙང་སྣོད་ཡིན་ནོ། །སྣ་ནི་ རྣག་སྣབས་སྣ་ཆུའི་སྣོད། །མིག་ནི་མིག་རྡུལ་མཆི་མའི་སྣོད། །ལྟོ་བའི་ཁོང་ནི་བཤང་གཅི་དང་། །གློ་བ་མཆིན་པའི་སྣོད་ཡིན་ནོ། །རྨོངས་པས་བུད་མེད་མ་མཐོང་བ། །དེ་ཡི་ལུས་ལ་ཆགས་པར་བྱེད། །མི་ཤེས་འགའ་ཞིག་མི་གཙང་བའི། །བུམ་པ་བརྒྱན་ལ་ཆགས་པ་ལྟར། ། འཇིག་རྟེན་མི་ཤེས་རྨོངས་པ་ཡིས། །བུད་མེད་རྣམས་ལ་དེ་བཞིན་ནོ། །ལུས་རུལ་ཤིན་ཏུ་དྲི་ང་བ། །ཆགས་བྲལ་རྒྱུ་ནི་གང་ཡིན་པ། །དེ་ལའང་འཇིག་རྟེན་ཆེས་ཆགས་ན། །གང་གིས་འདོད་ཆགས་བྲལ་བར་འགྱུར། །ཇི་ལྟར་བཤང་གཅི་བཅེར་བ་ལ། །ཁྱི་ཕག་རབ་ཏུ་ཆགས་པ་ལྟར། ། དེ་བཞིན་བཤང་གཅི་བཅེར་བ་ལ། །འདོད་ལྡན་རྣམས་ནི་ཆགས་པར་འགྱུར། །ལུས་ཀྱི་གྲོང་ཁྱེར་མི་གཙང་བ། །འབྱུང་བའི་བུ་ག་དོད་པ་གང་། །དེ་ནི་སྐྱེ་བོ་བླུན་པོ་ཡིས། །དགའ་བའི་དོན་དུ་ཉེ་བར་བརྟགས། །ཁྱོད་རང་ཉིད་ཀྱིས་བཤང་གཅི་སོགས། །སོ་སོར་མི་གཙང་ མཐོང་ནས་ནི། །དེ་འདུས་ལུས་ལ་ཇི་ལྟ་བུར། །ཡིད་དུ་འོང་བ་ཉིད་དུ་འགྱུར། །ཁྲག་དང་ཁུ་བ་འདྲེས་པ་ཡི། །ས་བོན་མི་གཙང་སྙིང་པོས་སྐྱེད། །མི་གཙང་གཟུགས་སུ་ཤེས་བཞིན་དུ། །འདི་ལ་འདོད་པ་གང་གིས་ཆགས། །མི་གཙང་ཕུང་པོ་དེའི་རླན་གྱིས། །བརླན་པ་ པགས་པས་གཡོགས་པ་གང་། །ཉལ་བ་དེ་ཉིད་བུད་མེད་དང་། །ལྟོ་བ་སྤྲད་དེ་ཉལ་བར་ཟད། །གཟུགས་བཟང་བའམ་གཟུགས་ངན་ནམ། །རྒན་ནམ་ཡང་ན་གཞོན་ཡང་རུང་། །བུད་མེད་གཟུགས་ཀུན་མི་གཙང་ན། །ཁྱོད་ཆགས་ཁྱད་པར་ག་ལ་སྐྱེ། །གལ་ཏེ་མི་གཙང་ཁ་ དོག་བཟང་། །ཤིན་ཏུ་གསལ་ལ་དབྱིབས་ལེགས་ཀྱང་། །དེ་ལ་ཆགས་པར་མི་འོས་ལྟར། །བུད་མེད་གཟུགས་ལའང་དེ་བཞིན་ནོ། །ཁོང་རུལ་ཕྱི་རོལ་པགས་པས་གཡོགས། །རོ་མྱགས་འདི་ཡི་རང་བཞིན་ནི། །ཤིན་ཏུ་མི་བཟད་སྣང་བཞིན་དུ། །མི་གཙང་བར་ནི་མཐོང་ མ་གྱུར། །མི་གཙང་གང་བའི་བུམ་པ་འདི། །ཕྱི་རོལ་བཀྲ་ཡང་སྨད་པ་ལྟར། །མི་གཙང་བ་ཡི་རང་བཞིན་ལུས། །མི་གཙང་གང་བ་ཅིས་མི་སྨད། །ཇི་ལྟར་བུད་མེད་གཟུགས་མི་གཙང་། །ཁྱོད་ཀྱི་རང་ལུས་དེ་དང་འདྲ། །དེ་བས་ཕྱི་དང་ནང་ཉིད་ལ། །འདོད་ཆགས་བྲལ་བ་ རིགས་མིན་ནམ། །རྨ་དགུ་དག་ནས་འཛག་པ་ཅན། །བདག་ཉིད་མངོན་སུམ་འཁྲུ་བྱེད་ཀྱང་། །ལུས་མི་གཙང་བར་མི་རྟོགས་ནས། །ཁྱོད་ལ་བཤད་པས་ཅི་ཞིག་ཕན། །ཞེས་གསུངས་སོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་དཀོན་མཆོག་སྤྲིན་གྱི་མདོ་ལས་ ཀྱང་ཤེས་པར་བྱའོ། །སཱ་ལུ་ལྗང་པའི་མདོ་ལས་འབྱུང་བ་བཞིན་དུ་ཕྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ནང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་ཤེས་རབ་ཀྱི་མིག་གིས་བལྟ་བར་བྱའོ། །དེ་ལྟར་བྱམས་པ་དང་། སྙིང་རྗེ་དང་། མི་སྡུག་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ ཡིད་ལ་བྱེད་པའོ། །འོག་ནས་ལྷག་མཐོང་བསྒོམ་པའི་དུས་སུ་ཡང་མདོར་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཉེས་པ་དྲུག་ཡོད་དེ། ལེ་ལོ་དང་། དམིགས་པ་བརྗེད་པ་དང་། བྱིང་བ་དང་། རྒོད་པ་དང་། མི་རྩོལ་བ་དང་རྩོལ་བའོ། །དེ་རྣམས་ཀྱི་གཉེན་ པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་མོ། །འདི་ལྟ་སྟེ་དད་པ་དང་། འདུན་པ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་སོ། །དེ་ལ་གོང་མ་བཞི་ནི་ལེ་ལོའི་གཉེན་པོ་ཡིན་ཏེ། འདི་ལྟར་ཏིང་ངེ་འཛིན་གྱི་ཡོན་ ཏན་དག་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་དང་ལྡན་པའི་དད་པས་རྣལ་འབྱོར་པ་རྣམས་དེ་ལ་འདོད་པ་སྐྱེའོ། །དེ་ནས་འདོད་པས་བརྩོན་འགྲུས་རྩོམ་མོ། །དེ་བརྩོན་འགྲུས་ཀྱི་སྟོབས་ཀྱིས་ལུས་དང་སེམས་ལས་སུ་རུང་བ་ཉིད་དུ་བྱེད་དོ། །དེ་ནས་ལུས་དང་སེམས་ཤིན་ཏུ་ སྦྱངས་པར་གྱུར་པས་ལེ་ལོ་ལྡོག་སྟེ། དེ་བས་ན་དད་པ་ལ་སོགས་པ་ནི་ལེ་ལོ་སྤོང་བའི་གཉེན་པོའོ། །དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོའོ། །ཤེས་བཞིན་ནི་བྱིང་བ་དང་རྒོད་པའི་གཉེན་པོ་སྟེ། བྱིང་བ་དང་རྒོད་པ་ཡང་དག་པར་རྟོགས་པའི་ཕྱིར་རོ། །བྱིང་བ་དང་རྒོད་པ་རབ་ ཏུ་མ་ཞི་བའི་དུས་ན་མི་རྩོལ་བའི་གཉེན་པོ་སྟེ། དེའི་གཉེན་པོར་སེམས་པ་བསྒོམ་མོ། །བྱིང་བ་དང་རྒོད་པ་རབ་ཏུ་ཞི་སྟེ་གང་གི་ཚེ་སེམས་རྣལ་དུ་འཇུག་པ་དེའི་ཚེ་རྩོལ་བ་ཉེས་པ་ཡིན་ཏེ། དེའི་གཉེན་པོར་དེའི་ཚེ་བཏང་སྙོམས་བསྒོམ་མོ། །སྤོང་བའི་འདུ་བྱེད་བརྒྱད་པོ་དེ་དག་དང་ ལྡན་ན་ཏིང་ངེ་འཛིན་ཤིན་ཏུ་སྐྱོན་མེད་པར་འགྱུར་རོ། །ཏིང་ངེ་འཛིན་ལ་སྐྱོན་མེད་ན་རྫུ་འཕྲུལ་ལ་སོགས་ཕན་ཡོན་རྣམས་སྒྲུབ་པར་བྱེད་དོ། །དེ་ལྟར་སེམས་ལས་སུ་རུང་བར་གྱུར་པ་དེས་བདེན་པ་གཉིས་ཀྱི་དོན་ལ་འཇུག་པར་བྱ་སྟེ། དབུ་མ་རྩ་བ་ལས་གསུངས་པ། སངས་རྒྱས་ རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དེ་བཞིན་དོན་དམ་བདེན་པའོ། །གང་གིས་བདེན་པ་གཉིས་པོ་ཡི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོ་དེ་དག་རྣམ་མི་ ཤེས། །ཞེས་གསུངས་སོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི་རྣམ་པ་གཉིས་ཏེ། ཡང་དག་པའི་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་བོ། །དེ་ལ་ཡང་དག་པའི་ཀུན་རྫོབ་ནི་མ་བརྟགས་ན་ཉམས་དགའ་བ་དོན་བྱེད་ནུས་པའི་དངོས་པོའོ། །ལོག་པའི་ཀུན་རྫོབ་ན་སྣང་བཞིན་དུ་དོན་ བྱེད་པས་སྟོང་པའི་ཕྱིར་རོ། །དོན་དམ་པའི་བདེན་པ་ནི་རང་བཞིན་གྱིས་རྣམ་པར་དག་པ་སྤྲོས་པའི་མཐའ་དང་བྲལ་བ། སྐྱེ་བ་དང་གནས་པ་དང་འགག་པས་སྟོང་པས་བརྗོད་དུ་མེད་པ་དབྱིབས་དང་བྲལ་བའོ། །དེ་ལྟར་དྲི་མ་མེད་པར་གྲགས་པའི་མདོ་ལས་ཀྱང་། གཟུགས་ཀྱི་རང་ བཞིན་ནི་སྟོང་པ་སྟེ་བཤིག་པས་སྟོང་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་ནས་རྣམ་པར་ཤེས་པའི་བར་དུ་བཤིག་པས་སྟོང་པ་ནི་མ་ཡིན་ཏེ། རང་བཞིན་དང་བྲལ་བའི་ཕྱིར་རོ་ཞེས་གསུངས་སོ། །གསང་བ་འདུས་པའི་རྒྱུད་ལས་ཀྱང་། རང་སེམས་གཟོད་ནས་མ་སྐྱེས་པ། །སྟོང་པ་ ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་གསུངས་ཏེ། ཆོས་ཐམས་ཅད་ནི་དམིགས་པ་མེད་པ་སྟེ་དེ་ལ་རྣམ་པར་ཤེས་པ་མི་འཇུག་གོ། །ཡང་དེ་ཉིད་ལས། བཅོམ་ལྡན་འདས་ཆོས་ཐམས་ཅད་མི་མཐོང་བ་ནི་ཡང་དག་པ་མཐོང་བའོ་ཞེས་ གསུངས་སོ། །དེ་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་ན་འཇིག་རྟེན་མཐའ་དག་ནམ་མཁའི་མེ་ཏོག་དང་འདྲ་བར་འགྱུར་ཏེ། དེའི་ཕྱིར་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། འཕགས་པ་དང་འཕགས་པ་མ་ཡིན་པའི་ཐ་སྙད་ལ་སོགས་པ་མེད་པར་འགྱུར་རོ་ཞེ་ན་ ཀླན་ཀ་འདི་ནི་སྙིང་པོ་ཡོད་པ་མ་ཡིན་ཏེ། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རིགས་པའི་ལམ་གྱི་རྗེས་འབྲང་བར། །གཞན་དག་འདོད་པ་སེལ་བར་བྱེད། །དེ་ཕྱིར་རྒོལ་བ་ངན་གནས་མེད། །ཡོད་དང་མེད་པ་གང་ཡང་རུང་། །ཁས་མི་ལེན་པ་གང་ཡིན་པ། །སུས་ཀྱང་ཀླན་ཀ་ བྱ་མི་ནུས། །བྱིས་པའི་གནས་སྐབས་ནས་བཟུང་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་སྣང་བ་ཉམས་སུ་མྱོང་བ་གང་མ་བརྟགས་ན་ཉམས་དགའ་བའི་དངོས་པོ་ནི་ཁོ་བོས་བཀག་པ་མེད་དེ། སེར་སྐྱ་ལ་སོགས་པས་བརྟགས་པ་གང་ཡིན་པ་དེ་ནི་མེད་དོ། །དེའི་ཕྱིར་ཆོས་ཐམས་ཅད་རང་ བཞིན་མེད་པར་སྨྲ་བ་འདི་ནི་སྟོང་པ་ཉིད་ཀྱི་དོན་ལོག་པར་མཐོང་བ་མ་ཡིན་ནོ། །དེ་ཕྱིར་ཡང་དག་ཉིད་དུ་ན། །དངོས་པོ་གང་ཡང་གྲུབ་པ་མེད། །དེ་ཕྱིར་དེ་བཞིན་གཤེགས་རྣམས་ཀྱིས། །ཆོས་རྣམས་ཐམས་ཅད་མ་སྐྱེས་གསུངས། །དངོས་པོ་རྣམས་ནི་རྣམ་ དཔྱད་ན། །དེ་དང་དེ་ལ་གཅིག་ཉིད་མེད། །གང་ལ་གཅིག་ཉིད་ཡོད་མིན་པ། །དེ་ལ་དུ་མ་ཉིད་ཀྱང་མེད། །ཡང་དག་པར་གྲུབ་པའི་དངོས་པོ་གང་ཡང་མེད་དེ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་རོ། །གཅིག་དང་དུ་མ་མ་གཏོགས་པར། །རྣམ་པ་གཞན་དང་ལྡན་པ་ཡི། ། དངོས་པོ་མི་རུང་འདི་གཉིས་ནི། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །དེའི་ཕྱིར་ན་ཡང་དག་པར་ན་སྐྱེ་བ་དང་གནས་པ་དང་འགག་པ་ཡང་ཡོད་པར་མི་འགྱུར་རོ། །དེ་ལྟ་བས་ན་བློ་གྲོས་རྒྱ་མཚོས་བསྟན་པ་ལས་གསུངས་པ། གང་དག་རྟེན་ཅིང་འབྲེལ་འབྱུང་བ། །དེ་དག་དངོས་ ཉིད་ཅི་ཡང་མིན། །གང་དག་ངོ་བོ་ཉིད་མེད་པ། །དེ་དག་གང་དུའང་འབྱུང་བ་མེད། །ཅེས་གསུངས་སོ། །གླང་པོའི་རྩལ་གྱི་མདོ་ལས་ཀྱང་། གང་ཞིག་སྐྱེས་པར་གྱུར་པ་ཡི། །ཆོས་དེ་གང་ཡང་མི་དམིགས་ན། །འབྱུང་བ་མེད་པའི་ཆོས་རྣམས་ལ། །བྱིས་པ་དག་ནི་འབྱུང་ བར་འདོད། །ཅེས་གསུངས་སོ། །ཡང་སྨྲས་པ། བདག་དང་གཞན་སྨྲས་དངོས་འདི་དག །རང་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ཡང་ནི། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །དེ་ལྟར་མ་སྐྱེས་ངོ་བོ་ལ། །སུས་ཀྱང་ཀླན་ ཀ་བྱ་རུ་མེད། །དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས་ཀྱང་། གང་ལ་རང་བཞིན་ཡོད་པ་མ་ཡིན་ཏེ། །རང་བཞིན་མེད་པས་གཞན་རྐྱེན་ཇི་ལྟར་འགྱུར། །རང་བཞིན་མེད་པས་གཞན་གྱིས་ཇི་ལྟར་བསྐྱེད། །ཅེས་གསུངས་སོ། །ཡབ་དང་སྲས་མཇལ་བའི་མདོ་ལས་ཀྱང་ གསུངས་པ། ཆོས་གང་ལ་རང་བཞིན་མ་མཆིས་པ་དེ་ནི་དངོས་པོ་མ་མཆིས་པའོ། །གང་ལ་དངོས་པོ་མ་མཆིས་པ་དེ་ཡོངས་སུ་མ་གྲུབ་པའོ། །གང་ཡོངས་སུ་མ་གྲུབ་པ་དེ་ནི་མི་སྐྱེད་པའོ། །གང་མི་སྐྱེ་བ་དེ་ནི་མི་འགག་པའོ། །གང་མ་སྐྱེས་མ་འགགས་པ་དེ་ནི་འདས་པ་ཞེས་བགྱི་བར་ གདགས་པ་མ་ལགས། མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་གདགས་པར་བགྱི་བ་མ་ལགས་སོ། །དེ་ལྟར་ན་དོན་དམ་པར་ནི་དངོས་པོ་དང་དངོས་པོ་མེད་པ་དང་། སྐྱེ་བ་དང་མི་སྐྱེ་བ་དང་། སྟོང་པ་དང་མི་སྟོང་པ་ལ་སོགས་པའི་སྤྲོས་པའི་དྲ་བ་མཐའ་དག་དང་བྲལ་བའོ། །དེ་ཕྱིར་ རྟག་ཆད་ལྟ་བ་རྣམས། །གཞུང་འདི་ལ་ནི་རིང་དུ་སྤངས། །དེ་ཡང་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་ནི་རྒྱུ་མཐུན་པའི་འབྲས་བུ་འབྱུང་སྟེ། རྒྱུ་རྣམ་པར་དག་པ་ལས་ནི་འབྲས་བུ་རྣམ་པར་དག་པ་འབྱུང་སྟེ། དད་པ་དང་། འདུན་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། བག་ཡོད་པ་ལ་གནས་ཏེ། སྦྱིན་པ་ནས་ཤེས་རབ་ཀྱི་བར་ལ་སློབ་པ་དང་། བསྡུ་བའི་དངོས་པོ་དང་། ཚད་མེད་པ་དང་། སྦྱངས་པའི་ཡོན་ཏན་ལ་ནན་ཏན་བྱེད་པ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་ལ་སོགས་པ་ལ་ནན་ཏན་བྱེད་པ་ ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ཚངས་པ་དང་། བརྒྱ་བྱིན་དང་། ཉན་ཐོས་ཀྱི་བྱང་ཆུབ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་ཏེ། དཔེར་ན་ས་བོན་གྲུང་པོ་ལ་སོགས་པ་ལས་འབྲས་བུ་འབྱུང་བ་བཞིན་ནོ་ ཞེས་གསུངས་སོ། །རྒྱུ་རྣམ་པར་མ་དག་པ་གང་ཞེ་ན། དེ་ཡང་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཕྲེང་བའི་རྒྱུད་ལས་གསུངས་པ། གསང་བ་པའི་བདག་པོ་ཉོན་ཅིག །ལུས་ཀྱི་ཉེས་པར་སྤྱོད་པ་ནི་རྣམ་པ་གསུམ་མོ། །ངག་གི་ཉེས་པར་སྤྱོད་པ་ནི་རྣམ་པ་བཞིའོ། །ཡིད་ཀྱི་ཉེས་པར་སྤྱོད་པ་ ནི་རྣམ་པ་གསུམ་སྟེ། དེ་དག་གིས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཕྱག་ན་རྡོ་རྗེས་གསོལ་པ། ལུས་ཀྱི་ཉེས་པར་སྤྱོད་པ་དང་། ངག་གི་ཉེས་པར་སྤྱོད་པ་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་དུ་ཞིག་མཆིས་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདེ་བར་ གཤེགས་པ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་ཉེས་པར་སྤྱོད་པ་དེ་ཉིད་ནི་ལྕི་བར་གྱུར་པ་དང་ཐ་མལ་པ་རྣམས་ཏེ། དེ་ལ་ཕ་དང་། མ་དང་། བླ་མར་གྱུར་པ་ལ་སོགས་པ་ལ་གསོད་པ་དང་། བརྡེག་པ་ནི་ཉེས་པར་སྤྱོད་པ་ལྕི་བའོ། ། སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་ཀྱི་ལམ་རྣམས་ནི་ཉེས་པར་སྤྱོད་པ་ཐ་མལ་པའོ། །ངག་གི་ཉེས་པར་སྤྱོད་པ་གང་ཞེ་ན། དམ་པའི་ཆོས་སྤོང་བ་དང་། ལྷ་རྣམས་ལ་ཚིག་རྩུབ་མོ་སྨྲ་བ་དང་། ཕ་མ་དང་བླ་མར་གྱུར་པ་ལ་སོགས་པ་རྣམས་ ལ་ཚིག་ངན་པ་སྨྲ་བ་ནི་ངག་གི་ཉེས་པ་ལྕི་བའོ། །སྐྱེས་བུ་འགའ་ཞིག་གང་ཟག་དད་པས་ནན་ཏན་ཉམས་སུ་ལེན་ཅིང་དགེ་བ་རྩོམ་པའི་གཏམ་གྱི་སྐབས་དེ་ནི་འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བའི་རྒྱ་ཆེ་བའི་ཚིག་འཇིག་རྟེན་ལས་འདས་པའི་བརྫུན་སྨྲ་བས་དགེ་བའི་ལས་ཀྱི་བར་ཆད་ བྱེད་པ་དང་། ཚིག་འཁྱལ་པ་སྨྲ་བ་དང་། ལྐོག་འཕྱས་བྱེད་པ་དང་། མི་དགེ་བའི་ལས་ཀྱི་ལམ་གྱི་གཏམ་རྣམས་ནི་ངག་གི་ཉེས་པར་སྤྱོད་པ་ཐ་མལ་པའོ། །ཡིད་ཀྱི་ཉེས་པར་སྤྱོད་པ་ནི་བླ་མ་དང་། ཕ་དང་མ་དང་ཐེག་པ་ཆེན་པོ་ལ་ཞུགས་པའི་སེམས་ཅན་རྣམས་ཡང་དག་པར་སྤོང་ བ་ལ་ཞུགས་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ངན་སེམས་པ་དང་། གནོད་པར་སེམས་པ་ནི་ཡིད་ཀྱི་ཉེས་པར་སྤྱོད་པ་ལྕི་བའོ། །དུད་འགྲོ་ལ་སོགས་པ་ཐ་མལ་པའི་སེམས་ཅན་རྣམས་ལ་ངན་སེམས་དང་གནོད་པར་སེམས་པ་ནི་ཐ་མལ་པའོ་ཞེས་གསུངས་སོ། ། དེ་ལྟར་འབྲས་བུ་ནི་རྒྱུའི་རྗེས་སུ་འཇུག་པའི་ཕྱིར་ན་དགེ་བ་ལ་འཇུག་ཅིང་མི་དགེ་བ་ལས་ལྡོག་པར་བྱའོ། །ད་ནི་མིང་ལ་མངོན་པར་ཞེན་པ་རྣམས་ཀྱི་འཁྲུལ་པ་བསལ་བའི་ཕྱིར་དོན་དམ་པའི་བདེན་པའི་མིང་གི་རྣམ་གྲངས་འགའ་ཞིག་ལ་འཇུག་པར་བྱ་སྟེ། དེ་ལ་དང་པོ་འོད་གསལ་བ་ དང་། ཐམས་ཅད་སྟོང་པ་དང་། དངོས་པོ་མེད་པ་དང་། སྣང་བ་མེད་པ་དང་། བདག་མེད་པ་དང་། མྱ་ངན་ལས་འདས་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། གསོ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཡི་གེ་མེད་པ་དང་། ཚིག་མེད་པ་དང་། བརྗོད་དུ་མེད་པ་དང་། བསམ་གྱིས་མི་ཁྱབ་པ་དང་། མཐའ་ཡས་པ་དང་། གྲངས་མེད་པ་དང་། དབང་པོ་ལས་འདས་པ་དང་། གནས་མེད་པ་དང་། མཚན་ཉིད་མེད་པ་དང་། འདུས་མ་བྱས་པ་དང་། མཚན་མ་མེད་པ་དང་། ཟད་པ་མེད་པ་དང་། སྒྲིབ་པ་མེད་པ་དང་། ཚུལ་ གཅིག་པ་དང་། ཞི་བ་དང་། ནམ་མཁའ་དང་མཉམ་པ་དང་། རང་བཞིན་གྱིས་དག་པ་དང་། ཐོག་མ་མེད་པ་དང་། དབུས་མེད་པ་དང་། ཐ་མ་མེད་པ་དང་། འགྲོ་བ་མེད་པ་དང་། འོང་བ་མེད་པ་དང་། རིང་པོ་མ་ཡིན་པ་དང་། ཉེ་བ་མ་ཡིན་པ་སྟེ། དེ་ལྟར་རྟོགས་པར་དཀའ་བའི་ གནས་སོ། །དེའི་ཕྱིར་གསང་བ་འདུས་པའི་རྒྱུད་ལས་ཀྱང་། བྱང་ཆུབ་ཀྱི་སེམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བ་མེད་པའི་གནས་ལྟ་བུ་སྟེ། བྱང་ཆུབ་ཀྱི་སེམས་དེ་ཡང་ལུས་ལ་མི་གནས། ངག་ལ་མི་གནས། སེམས་ལ་མི་གནས་སོ། །ཆོས་གང་ ཁམས་གསུམ་ན་མི་གནས་པ་དེ་སྐྱེ་བ་ཡང་མེད། འགག་པ་ཡང་མེད་པ་སྟེ། འདི་ནི་ཡེ་ཤེས་འབྱུང་བའི་གནས་སོ་ཞེས་གསུངས་སོ། །དེ་ལྟར། གཟོད་ནས་ཞི་ཞིང་མ་སྐྱེས་པའི། །རང་བཞིན་དག་པའི་ཆོས་ཉིད་ལ། །བྱིས་པའི་བློ་དང་ལྡན་པ་རྣམས། །ཡོད་དང་མེད་པར་རྟོག་ པར་བྱེད། །ཅེས་གསུངས་སོ། །དེའི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་ཐོག་མ་མེད་པ་ནས་སྒྲོ་འདོགས་པ་དང་སྐུར་པ་འདེབས་པས་དཀྲུགས་ཤིང་ལོག་པའི་ལྟ་བ་ཅན་གྱིས་དག་པའི་ཆོས་ཀྱི་དབྱིངས་འོད་གསལ་བའི་དོན་རྟོགས་པར་དཀའ་བའི་ཕྱིར་ན་སྒྱུ་མ་རྣམ་པར་དག་པ་ཡིད་ལ་བྱའོ། ། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གཟུགས་བརྙན་ལྟ་བུར་ཡོངས་ཤེས་ན། །ཡུལ་གྱི་འདོམ་ལ་མི་ཆགས་སོ། །དེ་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་གསུངས་པ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་ མ་ལྟ་བུར་ང་སྨྲའོ། །མྱ་ངན་ལས་འདས་པ་ལས་ཀྱང་ཆེས་ལྷག་པའི་ཆོས་གཞན་ཞིག་ཡོད་ཀྱང་དེ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་གསུངས་སོ། །དེ་བཞིན་དུ་རྒྱལ་བ་སྐྱེད་མ་ལས་ཀྱང་། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུར་ གསུངས་སོ། །དེ་ལྟར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་གསུངས་པ། སེམས་དང་སེམས་ལས་བྱུང་བའི་རྣལ་འབྱོར་ཆེན་པོ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཏོ། །དེ་ནི་སྒྱུ་མའི་དཔེས་ཉེ་བར་མཚོན་པ་སྟེ། དེ་བས་ན་སངས་རྒྱས་ཀྱི་ཞིང་ གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ནི་སྒྱུ་མ་ལྟ་བུ་དང་། ཆུ་ཟླ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། བྲག་ཅ་ལྟ་བུ་དང་། དྲི་ཟའི་གྲོང་ཁྱེར་དང་། མིག་འཕྲུལ་དང་། འཇའ་ཚོན་དང་། གློག་ དང་། ཆུའི་ཆུ་བུར་དང་། མེ་ལོང་གི་གཟུགས་བརྙན་ཏེ། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཉེ་བར་མཚོན་པར་འགྱུར་བ་ཡིན་ཏེ། དེ་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་འཁོར་བ་ཇི་སྙེད་པའི་བར་དུ་སྒྱུ་མ་ ལྟ་བུའི་ཏིང་ངེ་འཛིན་གྱིས་བཞུགས་ནས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་གྱི་དོན་མཛད་དོ་ཞེས་གསུངས་སོ། །དཔལ་གསང་བ་འདུས་པའི་རྒྱུད་ལས་ཀྱང་གསུངས་པ། ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྨི་ལམ་འདི་ནི་བདག་གིས་ཁམས་ གསུམ་དུ་རྨི་ལམ་མཐོང་བར་བྱའོ་སྙམ་དུ་མི་སེམས་སོ། །རྨི་ལམ་ཡང་བདག་གིས་རྨི་ལམ་མཐོང་ངོ་སྙམ་དུ་མི་སེམས་ཏེ། ཁམས་གསུམ་གྱི་བྱ་བ་དེ་རྣམས་ཀྱང་རྨི་ལམ་ལྟ་བུ་རྨི་ལམ་དང་འདྲ་བ་རྨི་ལམ་ལས་བྱུང་བའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་ སེམས་དཔའ་རྣམས་དང་སེམས་ཅན་ཐམས་ཅད་རྨི་ལམ་ལྟ་བུ་བདག་མེད་པའོ། །སྲོག་མེད་པའོ། །གང་ཟག་མེད་པའོ་ཞེས་གསུངས་སོ། །གླང་པོའི་རྩལ་གྱི་མདོ་ལས་ཀྱང་། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། གང་ཆོས་རྣམས་ཀྱི་ངོ་བོ་ཉིད་ཤེས་པ་དེ་ཡོད་པ་ཡིན་ནམ། འོན་ཏེ་ མེད་པ་ཡིན། གསོལ་པ། བཅོམ་ལྡན་འདས་གང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་འཚལ་བ་དེ་ནི་སྒྱུ་མའི་ངོ་བོ་ཉིད་འཚལ་ལོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སྒྱུ་མ་ངོ་བོ་ཉིད་དོ་ཞེས་བསྟན་པའི་སླད་དུ་སྟེ་ཞེས་གསུངས་སོ། །ཡབ་དང་སྲས་མཇལ་ བའི་མདོ་ལས་ཀྱང་། མེ་ལོང་ཡོངས་སུ་དག་པ་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཞེས་གསུངས་སོ། །རིགས་པ་དྲུག་ཅུ་པ་ལས་ཀྱང་། དངོས་པོ་གཟུགས་བརྙན་ལྟ་བུར་ནི། །ཡེ་ཤེས་མིག་གིས་ རབ་མཐོང་ན། །བདག་ཉིད་ཆེན་པོ་དེ་དག་ནི། །ཡུལ་གྱི་འདམ་ལ་མི་ཆགས་སོ། །ཞེས་གསུངས་སོ། །ཐེག་པ་ཆེན་པོ་ཉི་ཤུ་པ་ལས་ཀྱང་། དངོས་པོ་རྣམས་ཀྱི་རང་བཞིན་ནི། །གཟུགས་བརྙན་དང་ནི་མཚུངས་པར་འདོད། །ཅེས་གསུངས་སོ། །རིན་ཆེན་ཕྲེང་བ་ལས་ཀྱང་ གསུངས་པ། སོ་སོའི་སྐྱེ་བོ་ལ་གསང་བ། །གང་ཡིན་དེ་ནི་ཟབ་པའི་ཆོས། །འཇིག་རྟེན་སྒྱུ་མ་ལྟ་བུ་ཉིད། །སངས་རྒྱས་བསྟན་པ་བདུད་རྩི་ཡིན། །ཇི་ལྟར་སྒྱུ་མའི་གླང་པོ་ལ། །སྐྱེ་དང་འཇིག་པ་ཉིད་སྣང་ཡང་། །དེ་ལ་དོན་གྱིས་ཡང་དག་ཏུ། །སྐྱེ་དང་འཇིག་པ་ཉིད་མེད་ལྟར། །དེ་ བཞིན་སྒྱུ་འདྲའི་འཇིག་རྟེན་ལ། །སྐྱེ་དང་འཇིག་པ་ཉིད་སྣང་ཡང་། །དམ་པའི་དོན་དུ་སྐྱེ་བ་དང་། །འཇིག་པ་ཉིད་ནི་ཡོད་མ་ཡིན། །ཇི་ལྟར་སྒྱུ་མའི་གླང་པོ་ནི། །གང་ནས་མི་འོང་གང་མི་འགྲོ། །སེམས་རྨོངས་ཙམ་དུ་ཟད་པས་ན། །ཡང་དག་ཉིད་དུ་གནས་པ་མེད། །དེ་བཞིན་སྒྱུ་ འདྲའི་འཇིག་རྟེན་ནི། །གང་ནས་མ་འོངས་གར་མི་འགྲོ། །སེམས་རྨོངས་ཙམ་དུ་ཟད་པས་ན། །ཡང་དག་ཉིད་དུ་གནས་པ་མེད། །ཅེས་གསུངས་སོ། །དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ནི་སྒྱུ་མའི་རང་བཞིན་ཏེ། སྒྱུ་མའི་རྣལ་འབྱོར་ཡིད་ལ་བྱེད་པའི་གང་ཟག་ནི་ཉོན་མོངས་པ་ མེད་པ་དང་། ལས་དང་། སྡུག་བསྔལ་ལས་གྲོལ་བར་འགྱུར་ཏེ། རིམ་གྱིས་སྒྱུ་མའི་རང་བཞིན་སྟོང་པར་ཤེས་པ་འབྱུང་སྟེ། དེ་ལྟ་བས་ན་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཡིད་ལ་བྱས་ན་ཡེ་ཤེས་སྒྱུ་མ་ལྟ་བུ་ཉིད་ཐོབ་པར་འགྱུར་རོ། །དེ་ལྟ་བས་ན་ལུས་དང་ངག་དང་སེམས་སྒྱུ་མ་ལྟ་བུས་ཉོན་ མོངས་པ་དང་ལས་དང་སྡུག་བསྔལ་སྒྱུ་མ་ལྟ་བུ་ལས་ལོག་ལ། ཚོགས་གཉིས་སྒྱུ་མ་ལྟ་བུ་ལ་འཇུག་ན་འཁོར་བ་སྒྱུ་མ་ལས་ཐར་བར་བྱེད་པ་འདི་ནི་ཡང་དག་པའི་ལམ་མོ། །དེ་ལྟར་ན་སྒྱུ་མའི་དཔེ་བརྒྱད་དམ་བཅུ་གཉིས་ལ་བརྟེན་ཏེ་འཇུག་པར་བྱའོ། །བྱིས་པ་སོ་སོའི་སྐྱེ་བོ་ཤེས་རབ་ཀྱི་མཐུ་ ཆུང་བ་རྣམས་ཀྱིས་ལམ་མ་ནོར་བར་འཇུག་པའི་རིམ་པ་དང་། ལམ་གྱི་ངོ་བོ་མི་ཤེས་པ་རྣམས་ཀྱི་དོན་དུ་བླ་མ་དང་མདོ་སྡེ་དང་རྒྱུད་སྡེ་ལ་བརྟེན་ནས་གཞུང་དུ་བཀོད་པའོ། །ཐེག་ཆེན་དོན་བསྡུས་སྒྲོན་མ་འདི། །གཞུང་དུ་བཀོད་པའི་བསོད་ནམས་དེས། །འགྲོ་བ་མ་ལུས་ཐམས་ཅད་ དག།།སྐུ་གསུམ་མྱུར་དུ་ཐོབ་པར་ཤོག །ཐེག་པ་ཆེན་པོའི་དོན་བསྡུས་པའི་སྒྲོན་མ་ཞེས་བྱ་བ། སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀྲྀཥྞ་བ་དེ་ཉིད་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་ གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། གུ་རུ་པཉྩ་བིཾ་ཤི་ཀ །བོད་སྐད་དུ། བླ་མ་ལྔ་བཅུ་པ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་སེམས་དཔའི་གནས་ཐོབ་རྒྱུར་གྱུར་པ། །བླ་མའི་ཞབས་ཀྱི་པདྨར་ཇི་བཞིན་ བཏུད་བྱས་ཏེ། །དེ་བསྟན་པ་ནི་དྲི་མེད་རྒྱུད་མང་ལས་གསུངས་པ། །མདོར་བསྡུས་བཤད་པ་འདི་ནི་གུས་པས་མཉན་པར་གྱིས། །དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པས། །དུས་གསུམ་དུ་ ནི་མངོན་ཕྱག་འཚལ། །མཆོག་ཏུ་དད་པས་དུས་གསུམ་དུ། །དཀྱིལ་འཁོར་མེ་ཏོག་བཅས་ཐལ་མོས། །སྟོན་པ་བླ་མ་བསྙེན་བཀུར་ཞིང་། །ཞབས་ལ་སྤྱི་བོས་ཕྱག་བྱའོ། །ཁྱིམ་པའམ་ནི་གསར་བུ་ལ། །འཇིག་རྟེན་སྨོད་པ་སྤང་བའི་ཕྱིར། །དམ་ཆོས་ལ་སོགས་མདུན་ བདར་ཏེ། །བརྟུལ་ཞུགས་འཛིན་པས་བློས་ཕྱག་བྱ། །གདན་བསྟབས་པ་དང་ལྡང་བ་དང་། །དོན་གྱི་བྱ་བ་སོགས་བསྙེན་བཀུར། །བརྟུལ་ཞུགས་ཅན་གྱིས་ཀུན་བྱ་སྟེ། །ཕྱག་བྱ་དམ་པ་མིན་ལས་སྤང་། །བླ་མ་དང་ནི་སློབ་མ་དག །མཚུངས་པར་དམ་ཚིག་ཉམས་འགྱུར་བས། ། དཔའ་བོས་དང་པོར་སློབ་དཔོན་དང་། །སློབ་མའི་འབྲེལ་པ་བརྟག་པར་བྱ། །བློ་ལྡན་སློབ་མས་བླ་མར་ནི། །སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་ཆགས་ལ་མ་བསྡམས་དང་། །སྤྱོམས་དང་བཅས་པར་མི་བྱའོ། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་ སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་འདྲི་བའི་ལས་ལ་མཁས། །སྔགས་བཤད་པ་ཡི་སྦྱོར་བ་ཤེས། །རབ་ཏུ་ཞི་ཞིང་དབང་པོ་དུལ། །དེ་འདྲའི་མགོན་ལ་བསམས་བྱས་ ནས། །སློབ་མར་གྱུར་ནས་བརྙས་ན་ནི། །སངས་རྒྱས་ཐམས་ཅད་བརྙས་པས་ན། །དེས་ནི་རྟག་ཏུ་སྡུག་བསྔལ་འཐོབ། །སློབ་དཔོན་ལ་ནི་སྨོད་པ་དེ། །ཡམས་དང་འཚེ་བའི་ནད་རྣམས་དང་། །གདོན་དང་རིམས་དང་དུག་རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། ། རྒྱལ་པོ་མེ་དང་སྦྲུལ་གདུག་དང་། །ཆུ་དང་མཁའ་འགྲོ་རྐུན་པོ་དང་། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང་། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །ནམ་ཡང་སློབ་དཔོན་དག་གི་ནི། །ཀུན་དུ་སེམས་དཀྲུགས་མི་བྱ་སྟེ། །གལ་ཏེ་རྨོངས་པས་བྱས་གྱུར་ན། །དམྱལ་ བར་ངེས་པར་འཚེད་པར་འགྱུར། །མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་བ་བསྟན་པ་གང་ཡིན་པ། །སློབ་དཔོན་ལ་ནི་སྨོད་པ་རྣམས། །དེར་ནི་གནས་པར་ཡང་དག་བཤད། །དེ་བས་འབད་པ་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་ མི་སྤྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་སུ་མཐུན་པར་སྦྱིན་པར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རང་གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང་། །རང་སྲོག་གིས་ ཀྱང་བརྟེན་བྱ་ན། །ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས། །གང་ཕྱིར་བསྐལ་པ་བྱེ་བ་ནི། །གྲངས་མེད་པར་ཡང་རྙེད་དཀའ་བའི། །སངས་རྒྱས་ཉིད་ཀྱང་བརྩོན་ལྡན་ལ། །ཚེ་འདི་ཉིད་ལ་སྟེར་བར་བྱེད། །རྟག་ཏུ་རང་གི་དམ་ཚིག་བསྲུང་། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། ། རྟག་ཏུ་བླ་མ་ལ་ཡང་འབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །མི་ཟད་དེ་ནི་འདོད་པ་ཡིས། །ཅུང་ཟད་ཡིད་འོང་གང་དང་གང་། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེ་ནི་བླ་མར་སྦྱིན། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །དེ་བས་སློབ་མ་སྙིང་རྗེ་གཏོང་། །ཚུལ་ཁྲིམས་བཟོད་པའི་ཡོན་ཏན་ལྡན། །སློབ་དཔོན་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བརྟག་གོ། །མཆོད་རྟེན་བཤིགས་འདྲའི་སྡིག་འཇིགས་པས། །གྲིབ་མའང་བགོམ་ པར་མི་བྱ་ན། །ལྷམ་དང་སྟན་དང་བཞོན་པ་སོགས། །བགོམ་མི་བྱ་བ་སྨོས་ཅི་དགོས། །བློ་གྲོས་ཆེན་པོ་དགའ་སེམས་ཀྱིས། །བླ་མའི་བཀའ་ནི་འབད་དེ་མཉན། །རིགས་པ་ཡིས་ནི་མི་ནུས་པ། །མི་ནུས་དེ་ལ་ཚིག་གིས་སྦྱང་། །བླ་མ་ལས་ནི་དངོས་གྲུབ་དང་། ། མཐོ་རིས་དང་ནི་བདེ་བ་འཐོབ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མའི་བཀའ་ལས་འདའ་མི་བྱ། །བླ་མའི་རྫས་ནི་སྲོག་ཇི་བཞིན། །བླ་མའི་སྡུག་པའང་བླ་མ་བཞིན། །དེ་ཡི་འཁོར་ནི་གཉེན་བཞིན་དུ། །མཉམ་པར་གཞག་པས་རྟག་ཏུ་བསམ། །མལ་སྟན་འདུག་དང་སྔོན་ འགྲོ་དང་། །གཙུག་ཏོར་དག་དང་དཔྱངས་པ་དང་། །སྟན་ལ་རྐང་འཇོག་རྐེད་པར་ནི། །ལག་གཞག་སྙེ་བར་མི་བྱའོ། །བླ་མ་དག་ནི་ལངས་པ་ན། །ཉལ་དང་འདུག་པར་མི་བྱའོ། །རྟག་ཏུ་དེ་ཡི་བྱ་བ་ལ། །ལྡང་མཁས་ཕུན་སུམ་ཚོགས་པར་བྱ། །མཆིལ་མ་ལ་སོགས་འདོར་ བ་དང་། །སྟན་ལ་རྐང་འཇོག་རྐྱོང་བ་ནི། །འཆག་དང་རྩོད་པར་སྨྲ་བ་དག །བླ་མའི་མདུན་དུ་མི་བྱའོ། །ཡན་ལག་མཉེ་དང་གར་དག་དང་། །གླུ་དང་རོལ་མོ་མི་བྱ་ཞིང་། །གཏམ་གྱི་སྦྱོར་བ་མང་པོ་རྣམས། །ཐོས་པའི་ཉེ་འཁོར་དུ་མི་བྱ། །བཏུད་དེ་སྟན་ལས་ལྡང་བ་དང་། །གུས་ པ་ཡིས་ནི་འདུག་པར་བྱ། །མཚན་ཆུ་འཇིགས་བཅས་ལམ་དུ་ནི། །བསྒོ་བ་ཐོབ་ན་མདུན་འགྲོ་བྱ། །སློབ་དཔོན་གྱིས་ནི་མཐོང་མདུན་དུ། །བློ་དང་ལྡན་པས་ལུས་གཅུ་དང་། །ཀ་བ་ལ་སོགས་བརྟེན་མི་བྱ། །སོར་མོའི་ཚིགས་ནི་དྲང་མི་བྱ། །རྐང་པ་བཀྲུ་དང་ལུས་བཀྲུ་དང་། །དྲིལ་ དང་མཉེ་བ་ལ་སོགས་པ། །ཕྱག་ནི་སྔོན་དུ་འགྲོ་བས་བྱ། །དེ་བཞིན་མཐར་ནི་ཅི་བདེར་བྱ། །དེ་ཡི་མཚན་སྨོས་བརྗོད་ན་ནི། །མིང་མཐར་ཞལ་སྔར་ལྡན་པས་བྱ། །གཞན་དག་གུས་པར་བྱ་བའི་ཕྱིར། །ཁྱད་པར་གྱི་ནི་ཚིག་ཀྱང་བརྗོད། །བླ་མ་ལ་ནི་བཀའ་སྩལ་ཞུ། །བཀའ་ བཞིན་བགྱིད་ཅེས་བརྗོད་བྱས་ལ། །ཐལ་མོ་སྦྱར་ཞིང་མ་ཡེངས་པར། །བླ་མས་བསྒོ་བ་མཉན་པར་བྱ། །དགོད་དང་ལུད་པ་ལ་སོགས་པ། །ལག་པས་ཁ་ནི་དགབ་པར་བྱ། །བྱ་བ་ཟིན་ནས་འཇམ་པ་ཡི། །ཚིག་དག་གིས་ནི་བཟླས་པར་བྱ། །མདུན་དུ་དུལ་བར་འདུག་པ་དང་། ། གོས་སོགས་ཚུལ་བཞིན་བསྡམས་པ་དང་། །པུས་བཙུགས་ཐལ་མོ་སྦྱར་བ་ཡིས། །མཉན་སོགས་འདོད་ལ་གསོལ་གསུམ་གདབ། །བསྙེན་བཀུར་སྤྱོད་པ་ཐམས་ཅད་ལ། །ཡིད་ནི་ང་རྒྱལ་མེད་པར་བྱ། །ངོ་ཚ་འཇིགས་ཤིང་བསྡམས་པ་ཡིས། །བག་མ་གསར་པའི་ཚུལ་ གནས་བྱ། །སྒེག་པ་ལ་སོགས་བྱ་བ་ཀུན། །སྟོན་པའི་མདུན་དུ་སྤང་བར་བྱ། །གཞན་ཡང་དེ་འདྲའི་བྱ་བ་ནི། །རང་གིས་བརྟགས་ལ་དོར་བར་བྱ། །རབ་གནས་དཀྱིལ་འཁོར་སྦྱིན་སྲེག་དང་། །སློབ་མ་སྡུད་དང་འཆད་པ་རྣམས། །ཡུལ་དེར་བླ་མ་གནས་པ་ན། །རྗེས་མ་གནང་ བར་མི་བྱའོ། །སྤྱན་འབྱེ་སོགས་ལས་ཅི་ཐོབ་པ། །དེ་ཀུན་བླ་མ་རྣམས་ལ་དབུལ། །དེ་ཡིས་བསྟབས་པ་བླངས་ནས་ནི། །གཞན་དག་ལ་ནི་ཅི་བདེར་བྱ། །བླ་མའི་སློབ་མ་སློབ་མར་མིན། །སློབ་མའང་བླ་མའི་མདུན་དུ་མིན། །བསྙེན་བཀུར་དག་དང་ལྡང་བ་དང་། །ཕྱག་སོགས་ བྱེད་པ་བཟློག་པར་བྱ། །སློབ་དཔོན་ལ་ནི་གང་འབུལ་དང་། །བླ་མས་ཀྱང་ནི་གང་སྩལ་པ། །དེ་ལ་བཏུད་དེ་ལག་གཉིས་ཀྱིས། །བློ་དང་ལྡན་པས་བླང་བར་བྱ། །དྲན་པ་བརྗེད་མེད་གྱུར་པ་དང་། །རང་གི་ཀུན་སྤྱོད་ལ་བརྩོན་པས། །སྤུན་གྱི་རང་སྤྱོད་ལས་འདས་པ། །དགའ་ བས་ཕན་ཚུན་བཟློག་པར་བྱ། །ན་བས་བླ་མའི་བྱ་བ་ལ། །བཏུད་དེ་རྗེས་མ་གནང་བར་ཡང་། །བཀག་པ་རྣམས་ནི་སྤྱད་བྱས་ཀྱང་། །དགེ་སེམས་ལྡན་ལ་སྡིག་མི་འགྱུར། །འདིར་མང་སྨྲ་བ་ཅི་ཞིག་དགོས། །བླ་མ་དགྱེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་བར་ནི། །དེ་དང་ དེ་ལ་འབད་དེ་སྤྱད། །དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུང་བར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །བསམ་པ་དག་པའི་སློབ་མ་ནི། །དཀོན་མཆོག་གསུམ་ལ་སྐྱབས་སོང་ལ། །བླ་མའི་རྗེས་སུ་འཇུག་པ་ ནི། །ཁ་ཏོན་བྱ་བར་སྦྱིན་པར་བྱ། །དེ་ནས་སྔགས་སོགས་སྦྱིན་པ་ཡིས། །དམ་ཆོས་སྣོད་དུ་བྱས་ནས་སུ། །རྩ་བའི་ལྟུང་བ་བཅུ་བཞི་ནི། །ཀླག་དང་འཛིན་པ་ཉིད་དུ་བྱ། །དེ་ལྟར་བླ་མའི་རྗེས་འཇུག་སློབ་མ་ནི། །མ་ལུས་ཕན་བསྐྱེད་སྐྱོན་མེད་འདི་བྱས་པའི། །དགེ་བ་མཐའ་ ཡས་བདག་གིས་ཅི་བསགས་པ། །དེས་ནི་འགྲོ་ཀུན་མྱུར་དུ་རྒྱལ་གྱུར་ཅིག །བླ་མ་ལྔ་བཅུ་པ་སློབ་དཔོན་ཆེན་པོ་རྟ་དབྱངས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨཱ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་ གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། གུ་རྭཱ་རཱ་དྷ་ན་པཉྩི་ཀ །བོད་སྐད་དུ། བླ་མའི་བསྙེན་བཀུར་གྱི་དཀའ་འགྲེལ། འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་རང་བཞིན་གྱི། །ཡོན་ཏན་རྣམས་ཀྱི་ཡོན་ཏན་ལྡན། །བླར་འོས་བླ་ མར་ཕྱག་བྱས་ནས། །བླ་མའི་བསྙེན་བཀུར་དཀའ་འགྲེལ་བརྗོད། །དེ་ལ་འདོད་པའི་ལྷ་གཞན་དག་གིས་ནི་མངོན་པར་འདོད་པའི་འབྲས་བུ་གྲུབ་པར་མི་འགྱུར་བས། བརྗོད་པར་བྱ་བ་ལ་སོགས་པ་ཉེ་བར་བསྟན་པས་མཆོག་ཏུ་འདོད་པ་སྔོན་དུ་འགྲོ་བའི་སྒྲུབ་པ་ལ་འཇུག་པར་བྱ་སྟེ། མཉན་པར་ བྱ་ཞེས་བྱ་བས་ཡིད་ལ་བྱ་བ་སློབ་དཔོན་གྱི་གདམས་པ་བྱིན་པ་དང་པོར་རེ་ཞིག་དེ་སྟོན་པར་བྱེད་པའི་ཚིགས་སུ་བཅད་པ། དཔལ་ལྡན་རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འདིའི་རྐང་པ་དང་པོས་ནི་དགོས་པ་བསྟན་ཏོ། །གཉིས་པས་ནི་འདོད་པའི་ལྷ་ལ་མཆོད་པ་བསྟན་ཏོ། ། གསུམ་པ་དང་བཞི་པ་དག་གིས་ནི་བརྗོད་པར་བྱ་བ་བསྟན་པ་ཡིན་ལ། བརྗོད་བྱ་དང་རྗོད་བྱེད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ནི་གཞུང་གི་ཁོང་ན་གནས་པ་ཉིད་ཀྱི་ཕྱིར་ལོགས་སུ་མ་གསུངས་སོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །ཡན་ལག་གི་དོན་ཡང་བརྗོད་པར་བྱ་སྟེ། བླ་མའི་ཞབས་ཀྱི་པདྨར་བཏུད་ནས་ ཞེས་སྦྲེལ་ཏེ། བླ་མའི་ཞེས་བྱ་བ་ནི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་མན་ངག་སྦྱིན་པའི་ཕྱིར་དང་། ཕན་པ་དང་བདེ་བ་སྐྱེད་པར་བྱེད་པ་ཉིད་ཀྱིས་ཕར་གྱུར་པའི་ཕྱིར་ན་མཆོད་པ་བཀུར་སྟི་ལ་སོགས་པ་རིགས་པས་ན་བླ་མ་ཡིན་ལ། དེའི་ཞབས་ཀྱང་ཡིན་ལ་པདྨ་ཡང་ཡིན་པས་ཞབས་པད་དོ། །དེ་ ལ་བཏུད་ནས་ནི་ཕྱག་བྱས་ནས་སོ། །ཇི་ལྟར་ཞེ་ན། དེ་ནི་ཇི་བཞིན་ཞེས་བྱ་བས་བཤད་དེ། ཆོ་གའི་རིམ་པ་ལས་མ་འདས་པས་ཇི་ལྟར་རིགས་པ་སྟེ། ལྷག་པར་དགའ་བས་མཎྜལ་སྔོན་དུ་འགྲོ་བས་དུལ་བའི་རྣམ་འགྱུར་ལ་སོགས་པའོ། །དེ་ལ་འདིའི་བླ་མའི་ཞབས་ཀྱི་པདྨ་ཞེས་བྱ་བས་ནི་ བསྟོད་པ་བསྟན་ལ། བཏུད་ནས་ཞེས་བྱ་བས་ནི་ཕྱག་བྱ་བ་བསྟན་ཏོ། །འདི་དག་གིས་ནི་མཆོད་པ་རྣམ་པ་གསུམ་བསྟན་ཏེ། ཕྱག་བྱ་བ་ནི་ལུས་ཀྱི་དང་། བསྟོད་པ་ནི་ངག་གི་ཡིན་ལ། ལུས་དང་ངག་ནི་ཡིད་སྔོན་དུ་བཏང་ནས་འཇུག་པའི་ཕྱིར་ཡིད་ཀྱི་ནི་ཤུགས་ཀྱིས་བསྟན་ཏོ། །འོ་ན་སངས་རྒྱས་ལ་ སོགས་པ་རྣམས་འདོད་པའི་ལྷ་ཡིན་མོད། ཇི་ལྟར་ན་བླ་མ་རང་གི་འདོད་པ་དམ་པ་ཡིན་ཞེ་ན། འདིར་བླ་མ་འདོད་པའི་ལྷ་ཡིན་ཏེ། ལྷག་པར་བྱས་པ་ཉིད་ཀྱི་ཕྱིར་རམ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་སྐུ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འཆད་པར་འགྱུར་བ། དེ་ལྟའི་མགོན་ལ་བསམ་བཅས་པས། །ཞེས་བྱ་བ་ལ་སོགས་པའོ། །དེ་བས་ན་བླ་མ་ལ་མཆོད་པ་ཁོ་ན་གྲོལ་བའི་བྱེད་པ་པོ་ཡིན་ནོ། །དེ་ལྟར་བླ་མའི་ཞབས་ཀྱི་པདྨ་ལ་ཕྱག་བྱས་ནས་ཅི་བྱ་ཞེ་ན། དྲི་མེད་ཅེས་བྱ་བ་གསུངས་ཏེ། དྲི་མེད་ནི་རྣམ་པར་དག་ཅིང་སྐྱོན་མེད་པ་ཉིད་ཀྱི་ཕྱིར་རོ། །ཡང་ན། འདི་ལ་མི་དགེ་བའི་དྲི་མ་ཡོད་པ་མ་ཡིན་པ་སྟེ། དྲི་མ་ཡིན་པ་ནི་དྲི་མ་དང་བྲལ་བའི་རྒྱུའོ་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་འདི་དག་རང་གི་ཡིད་ཀྱི་འདོད་པ་ཁོ་ནས་བརྟགས་པ་མ་ཡིན་ནམ་ཞེ་ན། དེ་མ་ཡིན་པ་ནི་རྒྱུད་མང་ལས་གསུངས་པ་ཞེས་བྱ་བས་བཤད་དེ། རྒྱུད་ནི་རྒྱུན་ཆགས་པ་ཡིན་ལ། དེ་ཡང་རྒྱུ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་སྟེ། རྒྱུ་དང་འབྲས་བུ་དང་ཐབས་ཞེས་བྱ་བའོ། །དེ་ལ་རིགས་ཀྱི་དབྱེ་བ་ནི་རྒྱུའི་རྒྱུད་དེ། རིགས་ཅན་གྱི་སེམས་ཅན་རྣམས་རབ་ཏུ་མང་བ་ཉིད་ཀྱི་ཕྱིར་རྒྱུན་ཆགས་པར་བརྗོད་དོ། །རིགས་ཀྱི་དབྱེ་བ་ལས་འབྲས་བུར་གྱུར་པའི་རྡོ་རྗེ་འཆང་ཆེན་ པོའི་དབྱེ་བ་ནི་འབྲས་བུའི་རྒྱུད་དེ། མཐའ་ཡས་པའི་སངས་རྒྱས་ཀྱི་ཆོས་ཀྱི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་རོ། །རྒྱུ་ལས་འབྲས་བུ་འགྲུབ་པའི་ཆེད་དུ་སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པའི་རྐྱེན་རྣམས་ནི་ཐབས་ཀྱི་རྒྱུད་དེ། སྔགས་དང་ཕྱག་རྒྱ་ལ་སོགས་པའི་ཐབས་ཆེན་པོ་ རྣམས་ཀྱི་ཆོ་ག་དཔག་ཏུ་མེད་པའི་ཕྱིར་རོ། །དེ་ཡང་གཙོ་བོ་ཉིད་ཀྱི་དབྱེ་བས་ཆོ་ག་མང་པོ་སྟེ། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་མ་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཅེས་བྱ་བ་དེ་དག་ཐམས་ཅད་དུ་འབྲེལ་པ་རྣམས་སོ། །རྒྱུད་མང་པོ་དེ་དག་ཏུ་གསུངས་ཤིང་བཤད་ པ་ནི་རྒྱུད་མང་ལས་གསུངས་པའོ། །འོ་ན་བཅོམ་ལྡན་འདས་ཉིད་ཀྱིས་དེ་དང་དེ་ལས་གསུངས་པའི་ཕྱིར་འདི་བརྩམས་པ་ལ་དགོས་པ་མེད་དོ་ཞེས་བྱ་བར་དོགས་པ་ལ། མདོར་བསྡུས་ནས་བཤད་པར་གསུངས་ཏེ། རྒྱུད་མང་པོ་ལྟ་བས་འཇིགས་པའི་སྐྱེ་བོ་རྣམས་ལ་ཕན་ པའི་ཕྱིར་རྒྱུད་མང་པོ་ལས། ལུས་པ་མེད་པར་ཕྱུང་ནས་གཅིག་ཏུ་བསྡུས་ཏེ་འདིར་མངོན་པར་བརྗོད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །འདི་ཞེས་པ་ནི་འདོད་པའི་བླ་མ་བསྟེན་པ་རྒྱས་པར་བཤད་པའོ། །དེ་ལྟར་འདི་ཞེས་པ་ནི་དེ་ཉན་པ་ལ་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་སྦྱར་བར་བྱ་བའི་ ཕྱིར་མཉན་པར་གྱིས་ཞེས་བྱ་བ་གསུངས་ཏེ། མཉན་པར་གྱིས་ནི་རྣ་བ་སྤགས་ལའོ། །དེ་ཞེས་པ་ནི་ལྷག་མའོ། །ཇི་ལྟ་བུ་ཞེ་ན། གུས་པས་ཞེས་བྱ་བ་གསུངས་ཏེ། གུས་པ་ནི་འདིར་ཉན་པའི་ཚུལ་ཏེ། ཕྱིན་ཅི་མ་ལོག་པས་ཡི་གེ་དང་དོན་འཛིན་པ་དང་དད་པས་ཡང་དག་པར་འཛིན་པ་ཡིན་ པས་ཁྱེད་ཅག་གིས་བླ་མ་ལས་མཉན་པར་གྱིས་ཤིག་ཅེས་བྱ་བར་སྦྱར་རོ། །རྣམ་པ་གཞན་དུ་ཁས་སྦུབས་པ་དང་མི་གཙང་བ་དང་རྡོལ་བའི་བུམ་པ་ལ་སོགས་པ་རྣམས་སུ་ཆར་བབ་པ་ལྟ་བུར་དོན་དང་བྲལ་བ་ཉིད་ཡིན་པས་དེའི་གཏམ་མི་བྱ་བའི་ཕྱིར་རོ། །གང་གི་ཆེད་དུ་འདི་གུས་པས་མཉན་པར་ བྱ་ཞེ་ན། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་གསུངས་ཏེ། དཔལ་ནི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བསོད་ནམས་དང་། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པ་ཡེ་ཤེས་ཀྱི་ཚོགས་སོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ ན་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་གསུམ་ནི་བསོད་ནམས་ཀྱི་ཚོགས་ཡིན་ལ། ཤེས་རབ་དང་ཐབས་དང་སྨོན་ལམ་དང་ཡེ་ཤེས་དང་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉི་གར་གཏོགས་སོ། །རྡོ་རྗེ་ སེམས་དཔའ་ཞེས་པ་ལ། མི་ཕྱེད་པ་ཉིད་ཀྱིས་རྡོ་རྗེ་དང་ཆོས་མཐུན་པས་རྡོ་རྗེ་ཡིན་ལ། མི་འཇིག་ཅིང་ཉམས་པར་མི་འགྱུར་བས་སེམས་དཔའོ། །རྡོ་རྗེ་ཡང་འདི་ཡིན་ལ་སེམས་དཔའ་ཡང་ཡིན་པས་རྡོ་རྗེ་སེམས་དཔའ་སྟེ། རང་བཞིན་གྱིས་འོད་གསལ་ཞིང་རང་བཞིན་གྱིས་རྟག་པ་ཉིད་ཀྱིས་ རྟག་པའི་རྡོ་རྗེ་འཛིན་པའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཆོས་ཐམས་ཅད་ལ་ཁྱད་པར་འགྲོ་བའི་ཕྱིར་ན་རྡོ་རྗེ་སྟེ་ཆོས་ཀྱི་དབྱིངས་ཡིན་ལ། དེ་ལ་རྟག་པར་རབ་ཏུ་འཇུག་པ་ཉིད་ཀྱི་ཕྱིར་རྡོ་རྗེ་སེམས་དཔའ་དེ་ཉིད་དོ། །ངེས་པའི་ཚིག་གིས་ཡི་གེ་རྣམས་ཕྱིས་པ་དང་བསྟན་པ་ཡང་ཡིན་ནོ། །དཔལ་དང་ལྡན་ པའི་རྡོ་རྗེ་སེམས་དཔའ་ནི་དཔལ་ལྡན་རྡོ་རྗེ་སེམས་དཔའ་སྟེ། བར་གྱི་ཚིག་ཕྱིས་པའི་བསྡུ་བའོ། །དེའི་གོ་འཕང་ནི་རྡོ་རྗེ་སེམས་དཔའི་གནས་ཏེ་རྡོ་རྗེ་འཆང་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཐོབ་པ་ནི་བརྙེས་པར་གྱུར་པ་སྟེ། དེའི་རྒྱུ་ནི་བྱེད་པ་དེ་ལས་སོ། །འོ་ན་དེ་མཉན་པ་ཙམ་གྱིས་འདོད་པའི་དོན་ གྲུབ་པའི་རྒྱུར་འགྱུར་རམ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་བརྒྱུད་པས་འགྱུར་བ་ཁོ་ན་སྟེ། འདི་ལྟར་དེ་ཐོས་ནས་བྱ་བ་དང་བྱ་བ་མ་ཡིན་པ་ཡོངས་སུ་ཤེས་ལ། དེ་དག་ལས་ནི་ཚོགས་སོ། །དེ་ལས་ཀྱང་འདོད་པའི་དོན་གྲུབ་པའི་རྒྱུར་འགྱུར་བ་ཡིན་ནོ། །དེའི་ཕྱིར་བླ་ན་མེད་པའི་འབྲས་བུའི་དོན་དུ་བླ་ མ་བསྟེན་པ་མཉན་ནས་གུས་པ་དང་བཅས་པས་བརྩོན་པར་བྱ་བ་ཡིན་ལ། དེ་སྟོན་པར་བྱེད་པའི་གཞུང་ལ་ཡང་དེ་སྐད་ཅེས་བྱ་སྟེ། རོལ་རྙེད་མ་འཕྲོགས་པའི་སྙན་ངག་བཞིན་ནོ། །མཆོག་ཏུ་འདོད་པའི་ལྷ་ལ་མཆོད་པ་དང་བརྗོད་པར་བྱ་བ་ལ་སོགས་པའི་དོན་གྱི་ཚིགས་སུ་བཅད་པ་ཉེ་བར་བཀོད་ ནས། དབང་བསྐུར་མཆོག་ཅེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ཆེ་བའི་བདག་ཉིད་བསྟན་པ་གསུངས་ཏེ། རྡོ་རྗེའི་སློབ་དཔོན་ལ་ནི་དེ་བཞིན་གཤེགས། །རྣམས་ལ་ཕྱག་འཚལ་ཞེས་སྦྲེལ་ལོ། །རྡོ་རྗེ་ནི་རྡོ་རྗེ་འཆང་གི་བརྟུལ་ཞུགས་ཡིན་ལ། དེ་ཀུན་དུ་སྤྱོད་པའི་ཕྱིར་རྡོ་རྗེའི་སློབ་དཔོན་ནོ། ། ཡང་ན་གཞན་དག་འབྱེད་པར་བྱེད་ཅིང་གཞན་དག་གིས་དབྱེ་བར་བྱ་བ་མ་ཡིན་པས་རྡོ་རྗེ་དང་ཆོས་མཐུན་པའི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་ནི་རྡོ་རྗེ་ཡིན་ལ། དེ་ལ་སློབ་མ་རྣམས་འཛུད་པར་བྱེད་ཅིང་ཀུན་དུ་སྤྱོད་པར་བྱེད་པས་ན་རྡོ་རྗེའི་སློབ་དཔོན་ནོ། །དེ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། དབང་ བསྐུར་ཞེས་གསུངས་ཏེ། དབང་བསྐུར་ནི་ཁྲུས་ཡིན་ལ། དེ་ཡང་ཕྱི་ལུས་ཀྱི་དྲི་མ་འཁྲུད་པར་བྱེད་པའི་ཕྱིར་དབང་བསྐུར་ཞེས་བརྗོད་པར་བྱའོ། །མཆོག་ནི་གཙོ་བོ་སྟེ་བླ་ན་མེད་པའི་འབྲས་བུ་འཐོབ་པའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དབང་བསྐུར་བ་ཡང་ཡིན་ལ། མཆོག་ཀྱང་འདི་ཡིན་པས་ དབང་བསྐུར་མཆོག་གོ། །ཡང་ན་དབང་བསྐུར་བ་རྣམས་ཀྱི་མཆོག་ནི་རྩེ་མོ་སྟེ་མཐར་ཐུག་པའི་བཞི་པ་ཞེས་བྱ་བ་ནི་དབང་བསྐུར་མཆོག་གོ། །དེ་དག་གིས་ཐོབ་པ་དེ་ནི་དབང་བསྐུར་མཆོག་ཐོབ་བོ། །ནི་ནི་གང་གི་ཕྱིར་གྱི་དོན་ལའོ། །ཡང་ན་ཁོ་ན་དང་རིགས་པ་ལའོ། །དེ་ བཞིན་གཤེགས་པ་ནི་བགྲོད་པར་བྱ་བ་ཇི་ལྟ་བ་དེ་ལྟ་བུ་ཁོ་ནར་གཤེགས་པས་ན་དེ་བཞིན་གཤེགས་པ་སྟེ། དུས་ཐམས་ཅད་དང་། རྣམ་པ་ཐམས་ཅད་དང་། ཤེས་བྱ་ཐམས་ཅད་ཡང་དག་པར་མཁྱེན་པའི་ཕྱིར་རོ། །ངོ་མཚར་ལ་ཁ་ཅིག་ཏུ་ལྡོག་པས་ན། ཏ་ཡིག་ད་ཡིག་སྟེ། བསམ་པ་ ཇི་ལྟ་བ་དང་། རིགས་ཇི་ལྟ་བ་དང་། དུས་ཇི་ལྟ་བར་གདུལ་བྱའི་སྐྱེ་བོ་རྣམས་ལ་ཡང་དག་པའི་ཆོས་སྟོན་པར་མཛད་པའི་ཕྱིར་ཇི་སྐད་དུ་གསུང་བར་འོས་པ་དེ་སྐད་དུ་གསུང་བས་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་སོ། །ཇི་ལྟ་བུར་གྱུར་པ་དེ་རྣམས་ཀྱིས་ཤེ་ན། ཕྱོགས་ བཅུའི་ཞེས་གསུངས་ཏེ། བཅུ་ནི་ཤར་ལ་སོགས་པ་བཞི་དང་། མེ་ལ་སོགས་པ་བཞི་དང་། སྟེང་དང་འོག་གཉིས་ཏེ། དེ་ལྟར་ཕྱོགས་ཀྱང་ཡིན་ལ་བཅུ་ཡང་ཡིན་པས་ཕྱོགས་བཅུའོ། །འཇིག་རྟེན་ཁམས་ཞེས་བྱ་བ་ནི་ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའི་སངས་རྒྱས་ཀྱི་ཞིང་འཕགས་ པ་དང་འཕགས་པ་མ་ཡིན་པ་རྣམས་ཏེ། འཇིག་རྟེན་འཛིན་པར་བྱེད་དོ་ཞེས་བྱས་ནས་སོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དེ་དག་ན་བཞུགས་པ་སྟེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པ་དེ་རྣམས་ཀྱིས་སོ། །དུས་གསུམ་ཞེས་བྱ་བ་ནི་དུས་གསུམ་པོ་རྣམས་ཏེ། སྔ་དྲོ་དང་གུང་ དང་ཕྱི་དྲོའི་དུས་རྣམས་སུ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ནས་བྱོན་ནས་ཕྱག་འཚལ་བ་ནི་མངོན་ཕྱག་འཚལ་བ་སྟེ་འདུད་པ་ཞེས་བྱ་བའི་དོན་ཏོ། །འོ་ན་སློབ་དཔོན་གྱིས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱ་བ་མ་ཡིན་ནམ། དེ་ལ་ཇི་ལྟར་ན་དེ་རྣམས་ཀྱིས་འདི་ལ་ཕྱག་མཛད་ཅེ་ན། རྡོ་རྗེ་འཆང་ གི་སྐུ་ཡིན་པའི་ཕྱིར་དང་། རྡོ་རྗེ་འཆང་དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་ཏེ། སློབ་དཔོན་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བརྟག་གོ། །ཞེས་འཆད་པར་འགྱུར་བ་ཡིན་ནོ། །དཔལ་འདུས་པ་ལས་གསུངས་པ། བྱིས་པས་གསོལ་པ། བཅོམ་ ལྡན་འདས་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསང་བ་འདུས་པར་དབང་བསྐུར་བའི་རྡོ་རྗེའི་སློབ་དཔོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཇི་ལྟར་བལྟ་བར་བགྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་ སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་བདུན་པ་ལས་རྒྱ་ཆེར་གསུངས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་རྡོ་རྗེའི་སློབ་དཔོན་ལ་ཕྱག་མཛད་དོ་ ཞེས་བྱ་བ་འདི་ལ་མཁས་པ་རྣམས་ཀྱིས་སོམ་ཉི་མི་བྱའོ། །དེ་ལྟར་སློབ་དཔོན་མཉེས་པར་བྱེད་པའི་ཆོ་ག་དེ་རབ་ཏུ་བསྡུས་ནས་དུས་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བསྟེན་པ་ཞེས་བྱ་བ་དང་འབྲེལ་ལོ། །དེ་ཞེས་བྱ་བ་ནི་དབང་བསྐུར་བ་མཆོག་ཐོབ་པའི་རྡོ་རྗེའི་སློབ་དཔོན་ ནོ། །བསྟེན་པ་ཞེས་བྱ་བ་ནི་ཡང་དག་པར་མཉེས་པར་བྱེད་པའོ། །དེ་ཅི་འདྲ་བ་ཞིག་ཅེ་ན། སྟོན་པ་བླ་མ་ཞེས་བྱ་བ་སྟེ། སེམས་ཅན་རྣམས་ལ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་གྱི་མན་ངག་སྟོན་པའི་སྒོ་ནས་སྟོན་པ་པོ་ཡིན་པའི་ཕྱིར་སྟོན་པ་སྟེ་སློབ་པ་པོའོ། །ཡོན་ཏན་གཅིག་ པུའི་རང་བཞིན་ཡིན་པའི་ཕྱིར་བླ་མའོ། །ཅི་ཞིག་གིས་ཤེ་ན། དཀྱིལ་འཁོར་མེ་ཏོག་ཐལ་མོས་ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་ནི་སྙིང་པོ་ཡིན་ལ། དེ་ལེན་ཞིང་འཛིན་པས་ན་སྙིང་པོ་ཡང་དག་པར་འཛིན་པའི་མཎྜལ་རྣམས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་བསྡུས་པའི་རང་བཞིན་ཡིན་ པའི་ཕྱིར་ཆུ་དང་བཅས་པའི་བ་བྱུང་སྦྱིན་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟར་རོ། །མཎྜལ་ནི་ཟླུམ་པོའི་རྣམ་པའམ་གྲུ་བཞིའི་རྣམ་པ་གང་ཡང་རུང་བ་ཆུ་དང་བ་བྱུང་ལ་སོགས་པ་རྣམས་བྱུགས་པའོ། །མ་ལླི་ཀ་ལ་སོགས་པའི་མེ་ཏོག་རྣམས་ནི་མེ་ཏོག་ཡིན་ལ། ཐལ་མོ་ནི་ལག་པ་ཁ་ སྦྱར་བ་སྟེ། མེ་ཏོག་རྣམས་ཀྱི་ཐལ་མོ་ནི་མེ་ཏོག་ཐལ་མོའོ། །མེ་ཏོག་ཐལ་མོ་དང་དཀྱིལ་འཁོར་རྣམས་ནི་དཀྱིལ་འཁོར་མེ་ཏོག་ཐལ་མོ་སྟེ་དེ་རྣམས་སོ། །ཡང་ཅི་ཞིག་གིས་ཤེ་ན། ཞབས་ལ་སྟེ་རྐང་པ་དག་ལ་ཕྱག་འཚལ་ཞིང་མངོན་པར་འདུད་པར་བྱ་བ་དེ་རྣམས་ཀྱིས་སོ། །སྤྱི་བོ་ནི་སྤྱི་ གཙུག་སྟེ་ཞབས་ལ་སྤྱི་བོས་སོ། །ཇི་ལྟར་ཞེ་ན། མཆོག་ཏུ་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་རིགས་པ་དེ་ལྟ་བུའི་གུས་པས་བསྟེན་ཞིང་བསྙེན་པ་ན་དམ་པར་ངེས་པ་དང་། རྒྱ་ཆེན་པོ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །ཅི་ནས་གཅིག་གམ་ཞེ་ན། དུས་གསུམ་དུ་ ཞེས་བྱ་བ་གསུངས་ཏེ། ཐུན་མཚམས་གསུམ་མོ། །ཇི་ལྟར་ཞེ་ན། མེ་ཏོག་དང་བཅས་པའི་སྙིམ་པ་བསྐོར་བ་ལས་ཞེས་བྱ་བ་ནི་མེ་ཏོག་དང་བཅས་པའི་ཐལ་མོ་ནི་བྱ་བའི་ཁྱད་པར་སྟེ་མེ་ཏོག་གི་སྙིམ་པ་ཞེས་བྱ་བའི་དོན་ཏོ། །འོ་ན་བསྟན་པའི་རྩ་བ་དགེ་སློང་སྟེ་ཞེས་གསུངས་པའི་ཕྱིར་བཅོམ་ལྡན་ འདས་ཀྱི་བསྟན་པ་ལ་དགེ་སློང་རྣམས་ཚད་མ་མ་ཡིན་ནམ། དེ་ལ་ཅི་ལྟར་ན་སློབ་དཔོན་ལ་བསྙེན་པར་མངོན་པར་བརྗོད་ཅེ་ན། དེ་རྣམས་ཚད་མ་ཡིན་པ་ནི་ཐེག་པ་དམན་པ་ཁོ་ན་ལ་ཡིན་གྱི་ཐེག་པ་ཆེན་པོ་ལ་ནི་མ་ཡིན་ནོ། །དེ་བས་ན་སློབ་དཔོན་ཐམས་ཅད་དུ་མཉེས་པར་བྱས་པ་ཁོ་ནས་བསྟན་པ་ ཡིན་ནོ། །ཡང་དཔུང་བཟང་གི་རྒྱུད་དུ། རྒྱལ་བས་སོ་སོ་ཐར་པར་གང་གསུངས་པའི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལ། །ཁྱིམ་པའི་རྟགས་འཆང་རྣམས་ཀྱིས་རྟགས་དྲུག་གིས། །གཡོགས་པ་སྤངས་ནས་ལྷག་མ་བསྒྲུབ་པར་བྱ། །ཞེས་གསུངས་སོ། །དགེ་སློང་ཚུལ་ ཁྲིམས་སྡོམ་པ་ཀུན། །འཛིན་པས་གོས་དཀར་འཆང་བ་ལ། །ཕྱག་མི་བྱའོ་ཕྱག་གི་འོས། །རྡོ་རྗེ་འཛིན་གཙོ་རང་ཉིད་དོ། །གང་ནས་བརྩམས་ཏེ་དག་པའི་ཡིད་ཀྱིས་ནི། །མ་ཉམས་བྱང་ཆུབ་སེམས་ནི་བཟུང་གྱུར་པ། །དེ་ནས་བཟུང་སྟེ་ལྷ་དང་ལྷ་མིན་བཅས། །འཇིག་རྟེན་ཀུན་གྱི་ཕྱག་བྱའི་ འོས་ཡིན་ནོ། །དེ་བས་བདག་ཉིད་ལེགས་པ་ཡི། །དོན་འདོད་དམ་པ་རྣམས་ཀྱིས་ནི། །མཐའ་ཡས་འབྲས་བུ་རྩོལ་མཛད་པའི། །སློབ་དཔོན་དངོས་པོ་ཀུན་གྱིས་སོ། །རྫོགས་པའི་བྱང་ཆུབ་ངེས་བྱས་པ། །རྣམས་ཀྱིས་ཕྲག་དོག་སེར་སྣ་དང་། །ང་རྒྱལ་ངར་འཛིན་དོར་བྱ་ཞིང་། །གཡོ་ དང་སྒྱུ་ཡང་དེ་བཞིན་ནོ། །རྟག་ཏུ་ངུ་ཡིས་མི་འདར་བའི། །སེམས་ཀྱིས་སློབ་དཔོན་བསྙེན་བཀུར་བས། །འགྲོ་བའི་མགོན་པོ་བླ་མ་ཡིས། །དོན་ཀུན་གྲུབ་པ་སྩལ་བའོ། །དེ་ལྟ་བས་ན་རྡོ་རྗེའི་སློབ་དཔོན་ཞེས་བྱ་བ་ཡང་དག་པར་མཉེས་པར་བྱའོ། །ད་ནི་བླ་མ་བསྟེན་པ་ཐུན་མོང་བ་བསྟན་ནས་ དགེ་སློང་རྣམས་ལ་ཇི་ལྟར་བྱ་བ་དེ། དེ་ལྟ་བུར་བསྟན་པར་བྱ་བའི་ཕྱིར་དམ་ཆོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྟུལ་ཞུགས་འཛིན་པས་ཁྱིམ་པའམ་གསར་བུ་ལ་ཕྱག་བྱ་ཞེས་སྦྲེལ་ཏེ། བསྟན་བཅོས་སུ་རྣམ་པར་བཞག་པའི་སྡོམ་པ་ནི་བརྟུལ་ཞུགས་ཏེ་རབ་ཏུ་བྱུང་བ་ཉིད་དོ། །དེ་ འཛིན་པར་བྱེད་པའི་ཕྱིར་བརྟུལ་ཞུགས་འཛིན་པ་རྣམས་ཏེ། གསོལ་བ་དང་བཞིས་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་པ་བླངས་པ་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་འཇིག་རྟེན་གྱིས་མཆོད་པར་བྱ་བ་ངུར་སྨྲིག་གི་གོས་ཅན་དགེ་སློང་རྣམས་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང་བཤད་ པ། གང་ཞིག་ཚུལ་ཁྲིམས་ལེགས་མཉམ་གཞག །དེ་ལ་ངུར་སྨྲིག་དང་ལྡན་ཏེ། །བདེན་དང་དུལ་བ་དང་ལྡན་པ། །དེ་ཉིད་མཆོད་འོས་ངུར་སྨྲིག་ཡིན། །ཞེས་གསུངས་སོ། །གཞན་དུ་ན་མིང་གི་དགེ་སློང་དང་ཁས་འཆེ་བའི་དགེ་སློང་དང་སློང་བའི་ངང་ཚུལ་གྱི་དགེ་སློང་རྣམས་བརྟུལ་ཞུགས་ འཛིན་པའི་སྒྲས་བརྗོད་པར་མི་བྱའོ། །ཚུལ་ཁྲིམས་ལ་ནི་མཉམ་མ་བཞག །དེ་ལ་ངུར་སྨྲིག་མི་ལྡན་ཏེ། །བདེན་དང་དུལ་དང་མི་ལྡན་པ། །དེ་ནི་མཆོད་འོས་ངུར་སྨྲིག་མིན། །ཞེས་སོ། །གང་ལ་ཕྱག་བྱ་བ་ཡིན་ཞེ་ན། ཁྱིམ་པའམ་ནི་གསར་བུ་ལའང་། །ཞེས་བྱ་བ་གསུངས་ཏེ། འདི་ལ་ཁྱིམ་ཡོད་པའི་ཕྱིར་ཁྱིམ་པ་སྟེ། ཁྱིམ་གྱི་ནང་ན་གནས་ཤིང་ཕྱག་གི་གནས་མ་ཡིན་པ་འདོད་པའི་ཡོན་ཏན་ལ་ཞེན་པ་ཁྱིམ་གྱི་གནས་ཞེས་བྱ་བའི་དོན་ཏོ། །གསར་བུ་ཞེས་བྱ་བ་ནི། རབ་ཏུ་བྱུང་བ་གསར་པ་སྟེ་དགེ་ཚུལ་ལོ། །འམ་གྱི་སྒྲ་ནི་ཕྱོགས་གཞན་པ་གཉིས་ལའོ། །འང་ གི་སྒྲ་ནི་བརྗོད་པའི་དབྱེ་བ་ལའོ། །ཕྱག་བྱ་ཞེས་པ་ནི་འཇིག་རྟེན་གྱིས་མཆོད་པར་འོས་པ་རྣམས་ཀྱིས་ཏེ་བདག་ཅག་རྣམས་ནི་དགེ་སློང་གནས་བརྟན་ནོ་སྙམ་པའི་ང་རྒྱལ་སྤངས་ནས་མངོན་པར་ཕྱག་བྱའོ། །ཇི་ལྟར་བྱས་ནས་ཤེ་ན། དམ་ཆོས་ལ་སོགས་ཞེས་བྱ་སྟེ། སེམས་ཅན་རྣམས་ ངན་འགྲོར་ཕྱོགས་པ་ལས་འཛིན་པར་བྱེད་པའི་ཕྱིར་ཆོས་སོ། །དམ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ནི་དམ་པའི་ཆོས་སོ། །ཡང་ན་འདི་འཇིག་རྟེན་ལས་འདས་པའི་ཕྱིར་དམ་པ་ཡིན་ལ། རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཡིན་པས་དམ་པའི་ཆོས་ཏེ། དེ་ཡང་ལུང་དང་རྟོགས་པ་དང་། ཆོས་ཀྱི་དབྱིངས་ཏེ་རྣམ་པ་གསུམ་མོ། །དེ་ལ་ལུང་ནི་གསུང་རབ་ཡན་ལག་དགུའོ། །རྟོགས་པ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་དག་གོ། །ཆོས་ཀྱི་དབྱིངས་དང་ དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་དོན་དམ་པ་ཞེས་པ་དག་རྣམ་གྲངས་སོ། །དེ་དག་སྟོན་པར་བྱེད་པས་ན་གླེགས་བམ་ལ་དེ་སྐད་ཅེས་བརྗོད་པར་བྱའོ། །དམ་ཆོས་ལ་སོགས་ཏེ་ཐང་ཀ་དང་སྐུ་གཟུགས་གང་གི་དང་པོ་ཡིན་པ་དེ་དག་ནི་དམ་ཆོས་ལ་སོགས་པའོ། །དེ་རྣམས་མདུན་ བདར་ནས་ཞེས་བྱ་བ་ནི་སྔུན་དུ་བཀོད་པ་སྟེ་མདུན་དུ་བཞག་ནས་ཞེས་བྱ་བའི་དོན་ཏོ། །དེ་ནས་ཅི་ཞེ་ན་བློས་ཏེ་བསམ་པའམ་ཤེས་རབ་ཀྱི་སྟོབས་ཀྱིས་སོ། །འོ་ན་དགེ་སློང་གི་ཕྱག་བྱ་བ་ནི་སངས་རྒྱས་དང་སྔར་བསྙེན་པར་རྫོགས་པ་གཉིས་ཁོ་ན་ཡིན་པར། ཕྱག་བྱ་གཉིས་ཏེ་བདེ་གཤེགས་རྒན་ པོའོ། །ཞེས་དེ་སྐད་དུ་གསུངས་པ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི། དེ་སྐད་དུ་གསུངས་པ་ནི་ཉན་ཐོས་ཀྱི་ཚུལ་ལ་ཡིན་གྱི་ཕྱི་ནས་བྱང་ཆུབ་སེམས་དཔའི་ཚུལ་ལ་ནི་མ་ཡིན་ལ། འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཡིན་ཞིང་བྱེ་བྲག་ཏུ་སྔགས་ཀྱི་ཚུལ་ཡིན་ཏེ་དེ་བས་ན་སྐྱོན་མེད་དོ། །ཡང་ན་སངས་ རྒྱས་ཀྱི་སྒྲས་ནི་སངས་རྒྱས་འབའ་ཞིག་བསྡུས་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བསྡུས་ལ། རྒན་པོའི་སྒྲས་ཀྱང་བསྙེན་པར་རྫོགས་པས་རྒན་པ་འགའ་ཞིག་བསྡུས་པ་མ་ཡིན་གྱི། ཡེ་ཤེས་ཀྱིས་རྒན་པ་དང་དཀའ་ཐུབ་ཀྱིས་རྒན་པ་ཡང་བསྡུས་པ་ཡིན་ནོ། །རྣམ་པ་ གཞན་དུ་ན་འཕགས་པ་བྱམས་པ་དང་འཇམ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཁྱིམ་ན་བཞུགས་པའི་རྟགས་ཅན་རྣམས་ཕྱག་བྱ་བའི་འོས་མ་ཡིན་པར་འགྱུར་རོ་སྙམ་དུ་དགོངས་སོ། །དེ་བས་ན་ཚིག་འདི་དག་ནི་ཉན་ཐོས་ཀྱི་ཐེག་པ་དང་ཡང་འགལ་བ་མེད་དོ། །དགོངས་པའི་ སྐད་ནི་མི་ཤེས་པར། །སྒྲ་ཙམ་གྱིས་ནི་རྨོངས་པ་དག །རྒྱལ་དབང་རྣམས་ཀྱི་སོ་ཐར་ལ། །སྨད་པ་བྱས་ནས་ངན་འགྲོར་འགྲོ། །ཞེས་གསུངས་པ་ཡང་ཡིན་ནོ། །དེ་བས་ན་རྡོ་རྗེའི་སློབ་དཔོན་ཁྱིམ་པའམ་གསར་བུ་ལ་དགེ་སློང་གིས་ཀྱང་རྣམ་པ་ཐམས་ཅད་དུ་ཕྱག་བྱ་བ་ཡིན་ནོ། །དེ་ སྐད་དུ་ཀྱེའི་རྡོ་རྗེའི་རྒྱུད་ལས། སློབ་མ་གང་གིས་གྲུབ་ཐོབ་ཀྱང་། །མནར་མེད་སྤང་བའི་རྒྱུ་ཡི་ཕྱིར། །ཡང་དག་ཡེ་ཤེས་སྣང་མཛད་པའི། །བླ་མར་གྲུབ་པས་ཕྱག་བྱའོ། །ཞེས་སོ། །གལ་ཏེ་དེ་ལྟར་ཡིན་ནམ། དམ་པའི་ཆོས་ལ་སོགས་པ་མདུན་དུ་བྱས་པ་ལ་དགོས་པ་ཅི་ཡོད་ཅེ་ ན། །འཇིག་རྟེན་གནོད་པ་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་པ་རྣམས་ལ་གནོད་པ་ནི་འཇིག་རྟེན་གནོད་པ་སྟེ་འགྲོ་བ་སུན་འབྱིན་པར་བྱེད་པ་དེ་དག་སྤོང་ཞིང་ཉམས་པར་བྱེད་པ་དེའི་ཕྱིར་ནི་འཇིག་རྟེན་གནོད་པ་སྤང་བའི་ཕྱིར་རོ། །འོ་ན་རང་གི་བླ་མ་ལ་ཕྱག་བྱ་བ་ལ་འཇུག་པ་རྣམས་ཀྱིས་ འཇིག་རྟེན་ལ་གནོད་པ་ཡོད་དམ་ཞེ་ན་ཡོད་དོ། །ཇི་ལྟར་ཡོད་ཅེ་ན། འཇིག་རྟེན་ཕལ་མོ་ཆེ་འདི་ནི་བསྟན་བཅོས་མ་ཐོས་ཤིང་མ་རིག་པའི་ཕྱིར་དོན་དམ་པའི་ཆོས་ལ་གནས་པ་ཡོངས་སུ་མི་ཤེས་སོ། །དེ་ལས་དེ་རྣམས་ཀྱིས་སློབ་དཔོན་དགེ་སློང་ཉིད་དུ་གྱུར་པ་བསྙེན་བཀུར་པའི་འོས་མ་ ཡིན་པར་ཡིད་ལ་བྱེད་དོ། །དེ་བས་ན་དེ་རྣམས་ཀྱིས་ཁྱིམ་པ་ལ་ཕྱག་བྱས་པས་རབ་ཏུ་བྱུང་བ་རྣམས་སུན་འབྱིན་པར་བྱེད་ལ། སུན་ཕྱུང་བས་འཇིག་རྟེན་རྣམས་ཕྱིར་ཕྱོགས་པར་འགྱུར་རོ། །འཇིག་རྟེན་ཕྱིར་ཕྱོགས་པས་ཀྱང་འཇིག་རྟེན་ལས་རྙེད་པ་དང་བཀུར་སྟི་ཉམས་པར་བྱེད་དོ། །མ་ དད་པ་ན་རྙེད་པ་དང་བཀུར་སྟི་སྡུག་བསྔལ་བས་འཚོ་ལ། སྡུག་བསྔལ་ནི་འཇིག་རྟེན་ན་མཐར་གྱུར་པ་ཡིན་ནོ། །རྙེད་པ་དང་བཀུར་སྟི་དང་མི་ལྡན་པ་ལ་སོགས་པའི་འཇིག་རྟེན་ལ་གནོད་པས་འཇིགས་པས་ཕྱག་བྱེད་པ་ན་དམ་པའི་ཆོས་ལ་སོགས་པ་མདུན་དུ་བདར་བ་ལ་དོན་མེད་པ་མ་ཡིན་ནོ། ། གལ་ཏེ་ན་ཡང་ཅི་བྱ་བ་བསྟན་པའི་ཕྱིར་སྟན་བསྟབས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྟུལ་ཞུགས་ཅན་གྱིས་ཐམས་ཅད་བྱ། །ཞེས་སྦྲེལ་ལོ། །བརྟུལ་ཞུགས་ཅན་ནི་བརྟུལ་ཞུགས་འཛིན་པ་ཡིན་ལ། བྱ་བ་ནི་ཉམས་སུ་བླང་བའོ། །ཐམས་ཅད་ཅེས་བྱ་བ་དེ་དག་གང་ལ་ བྱ་ཞེ་ན། སྟན་བསྟབས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདི་ལ་འདུག་པར་བྱ་བས་ན་སྟན་ཏེ། མ་སཱུ་ར་ཀ་ལ་སོགས་པའི་གདན་ནོ། །དེ་བསྟབས་པ་ནི་དང་པོ་དབུལ་བ་ཡིན་ལ། ལྡང་བ་ནི་དེའི་དོན་དུ་ནན་ཏན་བྱེད་པའོ། །ཡང་ན་ལྡང་བ་ནི་ཡང་དག་པར་ལྡང་བ་སྟེ། འགྲེངས་ ཏེ་འདུག་པ་ཞེས་བྱ་བའི་དོན་ཏོ། །སྟན་ཡང་སྟོབས་ལ་ལྡང་བ་ཡང་ཡིན་པས་སྟན་བསྟབས་པ་དང་ལྡང་བའོ། །ཡང་གསུངས་པ། མ་དང་ཕ་དང་བླ་མ་ལ། །སུ་ཞིག་ལྡང་བར་མི་བྱེད་པ། །འཇིག་རྟེན་ཀུན་གྱིས་སྨོད་འགྱུར་བས། །ཐ་ཤལ་དག་དང་མཚུངས་པར་ འགྱུར། །ཞེས་སོ། །དོན་བྱ་ཞེས་བྱ་བ་ལ་དོན་ཏེ་རྫས་ཀྱི་བྱ་བ་བྱེད་པ་ནི་དོན་བྱ་ཡིན་ལ། སྐྱེད་འཕེལ་ཡང་དོན་ནོ། །དེ་ལ་སྐྱེད་ནི་གཏོང་བ་ལ་སོགས་པས་ཡིན་ལ། འཕེལ་ནི་ཚོང་ལ་སོགས་པས་སོ། །སོགས་པའི་སྒྲས་ནི་བསྲུང་བ་ལ་སོགས་པ་ཡང་ངོ་། །ཡང་ན་དོན་ཞེས་བྱ་བ་ནི་གོས་ དང་སྟན་ལ་བྱ་ལ། བྱ་ཞེས་བྱ་བ་ནི་ནན་ཏན་ནོ། །སོགས་པའི་སྒྲས་ནི་བངས་པ་དང་མཆིལ་མ་དང་སྣབས་འདོར་བ་ལ་སོགས་པ་ལ་སྒྲིབ་པའོ། །བསྙེན་བཀུར་ཞེས་པ་ནི་བླ་མ་ལ་གུས་ཤིང་དད་པས་ཞེས་བྱ་བའི་དོན་ཏེ། དོན་གྱི་བྱ་བ་སོགས་པ་གང་གི་ཡིན་པ་དེ་ནི་དོན་གྱི་བྱ་བ་སོགས་ཏེ། དེ་ནི་ དོན་གྱི་བྱ་བ་སོགས་ཀྱང་ཡིན་ལ་བསྙེན་བཀུར་ཡང་ཡིན་པས་དོན་གྱི་བྱ་བ་སོགས་བསྙེན་བཀུར་རོ། །ཡང་ན་ཚིག་འདི་དག་རིམ་པ་བསྣོར་ནས་སོ། །ཡང་ན་དོན་ཡང་བྱེད་ལ། བསྙེན་ཡང་བཀུར་བས་དོན་གྱི་བྱ་བ་སོགས་བསྙེན་བཀུར་རོ། །ཐམས་ཅད་ཉིད་ནི་མ་ལུས་པར་ཏེ། ཉིད་ཀྱི་སྒྲ་ ནི་ངེས་པར་གཟུང་བའོ། །འདི་དག་ཐམས་ཅད་བྱས་ནས་བརྟུལ་ཞུགས་ཅན་གྱི་ང་རྒྱལ་མེད་པར་བྱའོ་ཞེས་དགོངས་སོ། །ཡང་གསུངས་པ། དེ་བས་ངེས་པ་ཁོ་ནར་ནི། །བརྟུལ་ཞུགས་བརྟེན་པས་འདི་ཀུན་བྱ། །དེ་བཞིན་ནང་དང་ཕྱི་ཡིས་ནི། །རྟག་པར་རྣལ་འབྱོར་མཆོད་ལ་དགའ། ། ཕྱག་སོགས་བྱ་བ་ཐམས་ཅད་དག །དུས་རྣམས་ཀུན་དུ་བྱ་བ་ཡིན། །དེ་ལྟར་ཡོངས་སུ་བརྟགས་ནས་ནི། །བླ་མ་རྣམས་ལ་བསྙེན་བཀུར་བྱ། །འོན་ཀྱང་། གཟུགས་དང་ལང་ཚོ་ཕུན་ཚོགས་དང་། །ལོངས་སྤྱོད་དབང་ཕྱུག་དག་དང་སྟོབས། །སྐྱེ་དང་རིགས་རྒྱུད་མི་བསམ་སྟེ། །ང་ རྒྱལ་དག་ནི་དོར་བར་བྱ། །བཟོ་ཡི་ཆ་ཤས་འདི་ཀུན་ལ། །བློ་དང་ལྡན་ཞིང་མཁས་སྙམ་དང་། །བདག་ནི་ས་སྐྱོང་དགེ་བའོ་ཞེས། །སེམས་ལ་སྦྱར་བར་མི་བྱའོ། །ཞེས་སོ། །ཅི་བྱས་ནས་ཤེ་ན། དམ་པ་མིན་ལས་ཕྱག་སྤོང་ངོ་། །ཞེས་བྱ་བ་གསུངས་ཏེ། སྐུ་དང་གསུང་དང་ ཐུགས་ལ་གནོད་པའི་ལས་ནི་དམ་པ་མིན་པ་ཞེས་བྱ་སྟེ། མི་མཛེས་པའི་ཕྱག་ནི་སྡིག་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་དམ་པ་མིན་པ་ཡང་ཡིན་ལ། ལས་ཀྱང་ཡིན་པས་དམ་པ་མིན་ལས་ཏེ། སྲོག་གཅོད་པ་ལ་སོགས་པའི་མི་དགེ་བ་ཞེས་བྱ་བའི་དོན་ཏོ། །དེ་ལ་སྟན་བསྟབས་པ་ལ་ སོགས་པ་འདི་དག་ཐམས་ཅད་ནམ་གྱི་ཚེ་ན་བྱ་བ་ཡིན་ཞེ་ན། ཕྱག་བྱས་ནས་ཞེས་བྱ་བ་གསུངས་ཏེ། གུས་པར་སྨྲས་ནས་སོ། །དམ་མིན་ཕྱག་གི་ལས་ཞེས་བྱ་བར་འདོན་པ་དེ་ལ་ནི། ལས་ཀྱང་ཡིན་ལ་ཕྱག་ཀྱང་ཡིན་པ་སྟེ། དེ་དམ་པ་མིན་པ་ཡང་ཡིན་ལ་ཕྱག་གི་ལས་ཀྱང་ཡིན་པས་ ན་དམ་མིན་ཕྱག་གི་ལས་སོ། །དམ་པ་མ་ཡིན་པ་ནི་བཤད་ཟིན་ཏེ། དམ་པ་མ་ཡིན་པའི་ཕྱག་ནི་མ་གུས་པ་སྔོན་དུ་སོང་བར་ངེས་པར་མཚོན་པའི་ཐལ་མོ་སྦྱོར་བ་ཙམ་བྱེད་པའོ། །ཡང་ན་དམ་པ་མ་ཡིན་པ་ཐ་མལ་པའི་སྐྱེ་བོ་རྣམས་ཀྱི་ཕྱག་གི་ལ་སྟེ། དེ་ནི་ལོ་མ་རྙིང་པ་ལྷགས་ཤིང་འབྲས་ བུ་འབབ་པའི་ཁུར་གྱིས་དུད་པའི་རྣམ་པར་སྦྱོང་བ་ལ་སོགས་པ་དམ་པ་མ་ཡིན་པའི་ལས་ཏེ། མགོ་བོ་དུད་པ་ཙམ་ནི་དམ་མིན་ཕྱག་གོ། །གཞན་དག་ནི། དམ་མིན་ལས་དང་ཕྱག་ཅེས་བྱ་སྟེ། དམ་པ་མ་ཡིན་པའི་ལས་རྐང་པ་བཀྲུ་བ་ལ་སོགས་པ་དང་། ཡན་ལག་བརྒྱད་ཀྱིས་ བཏུད་པའི་ཕྱག་སྟེ་གཉིས་པོ་འདི་དག་སྤངས་ནས་བྱ་བ་ཐམས་ཅད་བྱའོ་ཞེས་སོ། །དེ་ལྟར་བླ་མའི་རབ་ཏུ་དབྱེ་བ་བཤད་ནས་སློབ་དཔོན་ཞེས་བྱ་བ་ལ་སོགས་པས། བླ་མ་དང་སློབ་མ་དག་ཡོངས