Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 77
Văn bản gốc(Tây Tạng)
Trang 22 / 23 (50.000 ký tự/trang)
ོམ། །བསྙེན་བཀུར་དམན་ཞིང་བླ་མ་རྣམས་ལ་མྱུར་དུ་མན་ངག་འདོད། །འདི་འདྲའི་མི་ཡིས་གངྒཱའི་བྱེ་མ་མཉམ་པར་རབ་བསྒྲུབས་ཀྱང་། །དངོས་གྲུབ་མི་འབྱུང་དེ་དག་ཕུང་པོ་རྣམ་པར་ཉམས་པར་འགྱུར། །འདི་ནི་སྒྲུབ་པ་པོའི་སྐྱོན་གྱི་རབ་ཏུ་དབྱེ་བའོ།། །། གང་གིས་སྔར་བཤད་སྐྱོན་སྤངས་དེ་ནི་དངོས་གྲུབ་སྣོད་ཡིན་ཏེ། །དེ་ལ་བླ་མས་མན་ངག་མ་ལུས་སྦྱིན་པས་ཕན་གདགས་བྱ། །དེས་ནི་དངོས་གྲུབ་མ་ལུས་མྱུར་དུ་འགྲུབ་པར་འགྱུར་བའོ། །དེ་ནི་བློ་ལྡན་རྒྱལ་བའི་མྱུ་གུ་རིག་འཛིན་རྣམས་ཀྱི་གྲོགས། །འཁོར་བར་ གནས་ཀྱང་པདྨ་བཞིན་དུ་དྲི་མས་ཉམས་མི་འགྱུར། །འདི་ནི་དངོས་གྲུབ་སྣོད་ཀྱི་རབ་ཏུ་དབྱེ་བའོ།། །།གང་ཚེ་སྒྲོལ་མའི་རྣལ་འབྱོར་པ་ནི་ན་བར་གྱུར་པ་ན། །ཕྱི་ནང་འཆི་བའི་མཚན་མ་དག་ནི་ལེགས་པར་བརྟག་པར་བྱ། །འཆི་བའི་མཚན་མ་བྱུང་གྱུར་སྒྲོལ་མ་འབྱུང་བ་ ལས་གསུངས་པའི། །ཕྱི་ནང་སླུ་བས་འཆི་བདག་བསྲུང་ཕྱིར་རབ་ཏུ་བརྩོན་པར་བྱ། །འཆི་བའི་མཚན་མ་སྣང་མིན་དེ་ཚེ་སྨན་མཆོག་དག་ལ་ནི། །རྩ་བའི་གསང་སྔགས་ནད་ཞི་བ་དང་སྤེལ་བ་བཏབ་ནས་ནི། །བཟའ་དང་ལུས་བྱུག་བྱ་ཞིང་ལྷ་མོ་སྐུ་མདོག་རྣམ་དཀར་བས། །བདུད་རྩིས་ ཡོངས་བཀང་རིན་ཆེན་བུམ་པས་སྤྱི་བོར་དབང་བསྐུར་བས། །ཤིན་ཏུ་བདེ་བས་ལུས་ཁྱབ་ནད་རྣམས་རབ་ཏུ་ཞི་བར་བསམ། །སྨན་པའི་དཔྱད་རྣམས་སྤང་བར་མི་བྱ་འོན་ཀྱང་སྔགས་མཆོག་དང་། །དབང་བསྐུར་བ་ནི་ནད་རྣམས་རབ་ཏུ་ཞི་བར་བྱེད་པའི་མཆོག །འདི་ནི་འཆི་བའི་དུས་ ལས་སླུ་བ་དང་ནད་གསོ་བའི་རྣམ་པར་དབྱེ་བའོ།། །།དེ་ནས་སྦྱིན་སྲེག་ཆོ་གས་ཞི་དང་རྒྱས་དང་དབང་དང་ནི། །གསང་དང་དགུག་པར་འདོད་དང་རྩ་བའི་རྒྱུད་ལ་གསུངས་པ་ཡི། །ཆོ་གས་སྦྱིན་སྲེག་རབ་ཏུ་བརྩམ་བྱ་འདི་ནི་རྟོགས་པར་སླ། །ཚར་བཅད་པ་དང་དབབ་དང་ དེ་བཞིན་འཚེ་བ་ཐམས་ཅད་ནི། །ཞི་བར་བྱ་བ་རྩ་བའི་རྒྱུད་ལས་གསུངས་པ་སྔགས་པས་དཔྱད། །འདི་ནི་ལས་ཐམས་ཅད་རབ་ཏུ་དབྱེ་བའི་རྣམ་པར་དབྱེ་བའོ།། །།དེ་ལྟར་སྒྲོལ་མ་ལ་གུས་རྣལ་འབྱོར་པའི། །བསྒོམ་པའི་ཆོ་ག་རྣམ་པར་རྒྱས་བཤད་པས། །འགྲོ་རྣམས་སྲིད་མཚོ་ལས་ བརྒལ་སྒྲོལ་མ་ཡི། །གོ་འཕང་ལ་ནི་མྱུར་དུ་གནས་པར་ཤོག །འཕགས་མ་ལྷ་མོ་སྒྲོལ་མ་བསྒོམ་པའི་ཆོ་ག་རྒྱས་པ་སློབ་དཔོན་ཆེན་པོ་མར་མེ་མཛད་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དུལ་བའི་ལྷ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄། །འཇིགས་པ་བརྒྱད་ལས་སྐྱོབ་པ་བཞུགས།། ༄༅༅། །བཅོམ་ལྡན་འདས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པའི་དབང་ཕྱུག་བསམ་གཏན་གྱི་ཁང་པར་ཞུགས་ཏེ། སྟན་བདེ་བ་ལ་འདུག་ཅིང་། སྙིང་རྗེ་ཆེན་པོས་འགྲོ་བ་ཐམས་ཅད་གདོན་པར་བྱའོ་ཞེས་དམ་བཅས་ནས། ལྷ་མོ་སྒྲོལ་མ་བསྒོམ་པར་བྱའོ། །དེ་ཡང་རིམ་པ་འདི་ལྟར་བྱ་སྟེ། རྣལ་འབྱོར་པ་རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཏཱཾ་བསམས་ལ། དེ་ལས་འོད་ཟེར་ལྕགས་ཀྱུ་འདྲ་བ་སྤྲོས་པས། ལྷ་མོ་དང་རང་གི་བླ་མ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མདུན་གྱི་ནམ་མཁའ་ལ་གསལ་བར་བལྟས་ཏེ། དེ་ལ་ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། དགེ་བའི་རྩ་བ་བསྔོ་བ་དང་། ལུས་དབུལ་བ་དང་། སྨོན་ ལམ་གདབ་པ་རྣམས་བྱས་ལ། དེ་ནས་དོན་དམ་པར་བདག་དང་ལྷ་ལ་སོགས་པ་རང་བཞིན་མེད་ཅིང་གདོད་མ་ནས་མ་སྐྱེས་པར་བསམ་ཞིང་། དེ་བརྟན་པར་བྱ་བའི་ཕྱིར་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པས་སྟོང་པ་ཉིད་དུ་བསྒོམ་མོ། །དེ་ནས་པཾ་ལས་པདྨ་འདབ་མ་བརྒྱད་པའི་ དབུས་སུ། རང་གི་སེམས་ཉིད་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཡི་གེ་ཏཱཾ་ལས་ལྷ་མོ་སྒྲོལ་མ་བསྐྱེད་པར་བྱ་སྟེ། དེ་ཡང་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱས་གནས་པ། གཡོན་པ་ཨུཏྤལ་བསྣམས་པ། དོན་ཡོད་གྲུབ་པའི་དབུ་རྒྱན་ ཅན། སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། ཇི་སྲིད་མི་སྐྱོ་བའི་བར་དུ་བསྒོམས་ལ། སྐྱོན་བཟླས་པ་ལ་འཇུག་པར་བྱའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱི་ཕྲེང་བ་རང་གི་སྙིང་ག་ནས་ཕྱུང་སྟེ། ཡང་རང་གི་ཞལ་དུ་ཞུགས་ཡང་རང་གི་ཁ་ནས་འབྱུང་བའི་རིམ་པ་ སྔགས་ཀྱི་ཁ་དོག་དཀར་པོ་དལ་བུས་འཁོར་བར་བསམ་ཞིང་བཟླས་པར་བྱའོ། །བཟླས་པས་ཀྱང་སྐྱོ་ན་མཆོད་པ་དང་གཏོར་མ་བཏང་སྟེ་སྨོན་ལམ་བཏབ་པ། ལྷ་མོའི་ང་རྒྱལ་གྱིས་སྤྱོད་ལམ་ཐམས་ཅད་ལ་གནས་པར་བྱའོ། །ཉལ་བའི་ཚེ་སྟོང་པ་ཉིད་དུ་ཞུགས་ཏེ་ཉལ་བར་བྱའོ། ། ཡང་ལངས་པའི་ཚེ་སྐད་ཅིག་ཙམ་གྱིས་ལྷ་མོའི་ང་རྒྱལ་གྱིས་ལྡང་བར་བྱའོ། །འཇིགས་པ་བརྒྱད་ལས་སྐྱོབ་པ་སློབ་དཔོན་མཁས་པ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་རཱ་སྟོ་ཏྲ། བོད་སྐད་དུ། འཕགས་མ་སྒྲོལ་མ་ལ་བསྟོད་པ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་ཅིང་། །སྒྲོལ་མ་ལ་ནི་ཕྱག་འཚལ་ལོ། །རབ་འབར་དྲ་བས་ཁྱབ་པ་ཡི། །མནར་ མེད་མེ་ཡིས་གདུངས་པ་ལ། །ཐུགས་རྗེས་བདུད་རྩིའི་ཆར་འབེབས་མ། །སྒྲོལ་མ་ལ་ཡང་ཕྱག་འཚལ་ལོ། །འགྲོ་དྲུག་གནས་སུ་ཡུན་རིང་དུ། །ཡང་དང་ཡང་དུ་འཁོར་བ་ཡིས། །དུབ་པ་དག་ལ་བདེ་ཆེན་གྱི། །བདེ་བ་མཆོག་གི་ངལ་སོ་མཛད། །གཞན་དོན་མཛད་པའི་ལྷ་ མོ་ཁྱོད། །དྲན་པ་ཙམ་གྱིས་ཕོངས་སེལ་མ། །ཐུགས་རྗེ་བརྩེ་ལྡན་ཁྱོད་ཀྱིས་ནི། །སྲིད་པའི་འཆིང་བ་ལས་གྲོལ་མཛོད། །དུས་རྣམས་རྟག་ཏུ་སེམས་ཅན་ལ། །བུ་བཞིན་སྙོམས་པའི་ལྷ་མོ་ཁྱོད། །འགྲོ་བའི་ལོ་ཏོག་ཐམས་ཅད་ལ། །ཆར་རྒྱུན་འབེབས་ལ་ཕྱག་འཚལ་ལོ། ། ཉི་མ་ཟླ་བ་ཇི་བཞིན་དུ། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །མུན་པའི་གདུང་བ་སེལ་མཛད་མ། །ལྷ་མོ་མཆོག་ལ་ཕྱག་འཚལ་ལོ། །པདྨ་ཟླ་བ་ཨུཏྤ་ལ། །དེ་བཞིན་དྲི་མེད་གདན་སྟེངས་སུ། །སྐུ་མདོག་སྔོ་ལྗང་འགྱིང་བག་ཅན། །ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། ། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། །བར་དུ་གཅོད་པའི་སྒྲིབ་པ་ཀུན་སྤངས་ནས། །བསྡུ་དངོས་བཞི་ཡིས་འགྲོ་རྣམས་སྡུད་མཛད་མ། །ཐུགས་རྗེ་དང་ལྡན་མ་ལ་ཕྱག་འཚལ་ལོ། །སྐུ་ཡི་སྐྱོན་སྤངས་མཚན་དང་དཔེ་བྱད་ལྡན། །གསུང་གི་སྐྱོན་སྤངས་ཀ་ལ་པིང་ ཀའི་དབྱངས། །ཐུགས་ཀྱི་སྐྱོན་སྤངས་ཤེས་བྱ་མཐའ་དག་མཁྱེན། །བཀྲ་ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ། །ཇི་ལྟར་ནོར་བུ་ཆུ་འདང་ལྟར། །ལྷ་མོ་ཁྱོད་ཀྱིས་རྟག་པར་ནི། །འགྲོ་བའི་སེམས་རྙོག་སེལ་མཛད་ཅིང་། །འགྲོ་དོན་བརྩོན་ལ་ཕྱག་འཚལ་ལོ། །གང་ གིས་ཁྱོད་ཀྱི་མཚན་བཟུང་ཅིང་། །བསྟོད་དང་བསྒྲུབ་པ་བྱས་པ་རྣམས། །རྟག་ཏུ་འབྲས་བུ་ཡོད་པར་མཛད། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ། །རྗེ་བཙུན་མ་སྒྲོལ་མ་ལ་བསྟོད་པ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་ བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་སྒྲོལ་མའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་མགོན་ཡུམ་གྱུར་སྤྱན་ཡངས་མ། །སྒྲོལ་མའི་ཞབས་ཀྱི་ པདྨོར་རབ་བཏུད་ནས། །ཡུན་རིངས་བླ་མ་བསྟེན་ལས་གང་འོངས་པའི། །སྒྲུབ་ཐབས་ཆོ་ག་བསྡུས་པ་བཤད་པར་བྱ། །ཡིད་འོང་གནས་ནི་གང་ཡང་རུང་། །མེ་ཏོག་དྲི་ཞིམ་གཅལ་བཀྲམ་སྟེ། །སྤོས་ཀྱིས་ཉམས་དགར་བྱས་ནས་ནི། །དེ་དབུས་སྟན་བཟང་བདེ་བ་ལ། །སྲིད་ པའི་བདེ་བ་ཡོངས་སྤངས་པའི། །རྣལ་འབྱོར་ཅན་གྱིས་ཉེར་འདུག་ནས། །སྙིང་གའི་ས་བོན་ལས་བྱུང་བའི། །འོད་ཟེར་ཚོགས་ཀྱིས་བླ་མ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །སྤྱན་དྲངས་དེ་བདག་མདུན་ཉིད་དུ། །མཆོད་པས་ཡང་དག་རབ་མཆོད་ནས། །དཀོན་ མཆོག་གསུམ་སོགས་རྗེས་དྲན་བྱ། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་བརྟན་པ་དང་གཡོ་བ་ཐམས་ཅད་སྟོང་པ་ཉིད་དུ་རྣམ་པར་བསམ་མོ། །དེ་ནས་པཾ་ལས་བྱུང་བའི་པདྨ་ཚད་ཆེན་པོའི་དབུས་སུ་རབ་ཏུ་རྫོགས་ པའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཏཱཾ་ལྗང་གུ་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ཡི་དམ་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། གཡས་པ་མཆོག་སྦྱིན་པ། གཡོན་པ་ཨུཏྤལ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལོ་བཅུ་དྲུག་ལོན་པ་ལྟ་བུ། གཟི་བརྗིད་ བཟོད་པར་དཀའ་བ་དང་ལྡན་པ། ཞལ་ཅུང་ཟད་འཛུམ་པ་དང་ལྡན་པ། སྐྲའི་ཚོགས་ལྷག་པར་བཅིངས་ཤིང་ཟླ་བའི་འོད་ཅན། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ཟླ་བའི་དཀྱིལ་འཁོར་མནན་པ། སྤྱན་པདྨ་གཞོན་ནུའི་འདབ་མ་ལྟ་བུ། ཅུང་ཟད་འཛུམ་པ་མདུན་ཉིད་དུ་གཟིགས་པའི་འཕགས་ མ་སྒྲོལ་མ་ནུ་མའི་དཀྱིལ་འཁོར་མཁྲེགས་པ་དང་ལྡན་པ་རྣམ་པར་བསམ་མོ། །དེ་ནས་རང་གི་སྙིང་གའི་ཏཱཾ་ལས་འོད་ཟེར་བྱུང་བ་རྣམས་ཀྱིས་རྗེ་བཙུན་མ་ཡང་དག་པར་བསྐུལ་ལ། ས་བོན་ལས་བྱུང་བའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་ཨུཏྤ་ལའི་ ཕྱག་རྒྱས་རང་གི་ལུས་ལ་བསྟིམ་པར་བྱའོ། །དེ་ནས་གནས་ཇི་ལྟ་བ་རྣམས་སུ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་བསམ་ཞིང་། དེ་བཞིན་གཤེགས་པ་རྣམས་དབང་བསྐུར་བ་དོན་དུ་གཉེར་ཏེ། བདག་གི་དབུ་རྒྱན་ལ་གསུང་རྡོ་རྗེས་རྒྱས་གདབ་པར་བྱའོ། །དེའི་འོག་ ཏུ་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཏཱཾ་ལ་སོགས་པ་རྣམ་པར་བཀོད་པར་བྱ། སྤྲོ་བ་དང་བསྡུ་པའི་རིམ་པས་བསྒོམ་པར་བྱའོ། །གང་གི་ཚེ་སྐྱོ་བ་ན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་བཟླས་སོ། །དེ་ནས་གང་གི་ཚེ་ལྡང་བར་འདོད་པ་ན་རང་གི་ སྙིང་གར་གནས་པའི་ས་བོན་ལས་འོད་ཟེར་འཕྲོས་ཏེ། དེས་སེམས་ཅན་ཐམས་ཅད་ལ་ཕོག་སླར་ཡང་འོད་ཟེར་སྤྲོས་པས་དེ་དག་གི་སྙིང་གར་ཞུགས་པར་བལྟ་ཞིང་། དེ་ཉིད་ཀྱིས་དེ་དག་ཐམས་ཅད་ལྷ་མོའི་སྐུར་གྱུར་པར་ལྷག་པར་མོས་པར་བྱའོ། །དེ་ནས་སླར་ཡང་ས་བོན་ལས་བྱུང་བའི་ འོད་ཟེར་བདུད་རྩིའི་རང་བཞིན་རྣམས་ཀྱི་གཏོར་མའི་སྣོད་ཡོངས་སུ་བཀང་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བས་བྱིན་གྱིས་བརླབས་ལ་ཕུལ་ལ། དེ་ནས་ཡེ་ཤེས་སེམས་དཔའ་མདུན་དུ་བཞུགས་པ་ལ་དམིགས་པས་ཡི་གེ་བརྒྱ་པ་ ཡོངས་སུ་བཟླས་ནས། ལེགས་པར་མཆོད་དེ། མངོན་པར་འདོད་པའི་དངོས་གྲུབ་གསོལ་བ་བཏབ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མུཿཞེས་པས་གཤེགས་སུ་གསོལ་ལོ། །རིམ་པ་འདིས་ཐུན་མཚམས་བཞིར་བསྒོམས་ན་མྱུར་བར་དངོས་གྲུབ་ཐོབ་པར་འགྱུར་རོ། །ད་ནི་བསྲུང་བའི་ སྦྱོར་བ་ཅུང་ཟད་བཤད་པར་བྱ་སྟེ། སྔར་བཤད་པའི་ཚུལ་གྱིས་རྩ་བའི་སྔགས་འབུམ་ཕྲག་བཅུ་བཟླས་ཤིང་སྒྲོལ་མའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས་བཟླས་པའི་ཆོ་ག་སྔ་མ་ལྟ་བུ་ཉིད་ལས་ཁྱད་པར་དུ་བསྒྲུབ་བྱའི་མིང་སྔགས་ཀྱི་དབུས་ན་གནས་པར་བསམ་ ལ་བཟླས་པ་ཇི་སྲིད་འདོད་ཀྱི་བར་དུ་བྱའོ། །དེ་ནས་ས་བོན་གྱི་ཡི་གེ་ལས་འོད་ཟེར་བྱུང་བས་བསྒྲུབ་བྱའི་ལུས་ཐམས་ཅད་ཁྱབ་པར་བལྟས་ཏེ། དེས་ལུས་རབ་ཏུ་ཚིམ་པར་གྱུར་ཅིང་ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་བར་མོས་པར་བྱའོ། །འདི་ནི་ཞི་བའི་སྲུང་བའོ། ། དེ་ནས་ཕྱིར་བཟློག་པའི་སྲུང་བ་བཤད་པ། ཆོ་ག་སྔ་མ་དང་ལྡན་པའི་རྣལ་འབྱོར་པས་རང་གི་སྙིང་གར་ཏཱཾ་ལྗང་གུ་འོད་ཟེར་གྱི་ཕྲེང་བ་འཁྲུགས་པར་བསམས་ལ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་འབར་བས་གདུག་པའི་ལུས་གཅེར་བུ་སྐྲ་གྲོལ་བ་འདར་ཞིང་སྐྱབས་ དང་བྲལ་བའི་སྙིང་གར་ཞུགས་པས་དེ་རེངས་པ་དང་མནན་པ་དང་། རྨོངས་པ་དང་། བཅིངས་པར་རྣམ་པར་བསམ་མོ། །གང་གི་ཚེ་དེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྐྱོ་བ་ན་ས་བོན་གྱི་ཡི་གེ་ལ་དམིགས་པས་གསང་སྔགས་བཟླས་པ་བྱ་སྟེ། ན་མཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱན། པྲ་དུཥྚཱ་ན། མ་མ་ཀྲྀ་ཏེ་ཛཾ་བྷ་ཡ། སྟཾ་བྷ་ཡ། མོ་ཧ་ཡ། བནྡྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། སརྦྦ་དུཥྚཱན་སྟཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། སྲུང་བ་འདི་དག་ཀྱང་ཐུན་མཚམས་བཞིར་བསྒོམ་ པར་བྱའོ། །དེ་བཞིན་དུ་ལམ་དུ་འགྲོ་བས་ཏིང་ངེ་འཛིན་དང་བཅས་པས་མདུད་པ་དོར་ནས་སྔགས་དྲན་པ་དང་ལྡན་པར་ཕྱིན་ན་ཆོམ་རྐུན་དང་། སྟག་དང་། དོམ་དང་། དྲེད་དང་། སྦྲུལ་དང་། ནགས་ཀྱི་བ་མེན་དང་། ཆུ་ལ་སྤྱོད་པ་རྣམས་ཀྱིས་བརྫི་བར་མི་ནུས་ཏེ། གང་གི་ཚེ་འཇིགས་ པ་དང་བྲལ་བ་ན་མདུད་པ་སླར་དགྲོལ་བར་བྱའོ། །དེ་ལྟར་ཡུན་རིང་བླ་མ་བསྟེན་ལས་གང་ཐོབ་པའི། །སྒྲུབ་ཐབས་ཆོ་ག་འདི་ནི་ལེགས་བཀོད་པས། །སྒྲོལ་མ་ཞེས་གྲགས་སྲས་བཅས་བཞུགས་པའི་གནས། །གྲུ་འཛིན་དཔལ་དུ་འགྲོ་རྣམས་མྱུར་འགྲོ་ཤོག །འཕགས་ མ་སྒྲོལ་མའི་སྒྲུབ་ཐབས་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བུདྡྷ་ཀཱ་ར་བརྨ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཙཽ་རཱ་ བནྡྷ། བོད་སྐད་དུ། ཆོམ་རྐུན་བཅིང་བ། རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །ལམ་དུ་འགྲོ་བ་ལ་ཆོམ་རྐུན་མི་འོང་བར་བྱ་བའི་ཕྱིར་ཐེམ་པ་ནས་གོམ་པ་བདུན་གཞལ་བའི་ས་ནས་ལག་པ་གཡས་པས་ས་སྦར་བ་གང་བླངས་ལ། དེ་ནས་རང་སྐད་ཅིག་ གིས་རྗེ་བཙུན་མར་བསྐྱེད་ལ། སྐྱབས་འགྲོ་དང་སེམས་བསྐྱེད་ཚུལ་བཞིན་དུ་བྱས་ལ། ལག་པ་གཡས་པའི་ས་དེ་ལཾ་ལས་རི་རབ་ཙམ་དུ་བསྐྱེད་དེ། ལག་པ་གཡོན་དུ་བཾ་ལས་རྒྱ་མཚོ་ཆེན་པོར་བསྐྱེད་ལ། དམིགས་པ་དེ་རིང་བདག་ལ་གནོད་པར་བྱེད་པའི་ཆོམ་རྐུན་ཐམས་ཅད་མདུན་ དུ་བཀུག་སྟེ། མིའི་ཚིག་གིས་བར་མ་ཆོད་པར་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ཏེ། ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་ཨསྨ་ཨ་པ་ཀ་ར་སརྦ་ཙཽ་རཱ་བནྡྷ་བནྡྷ་སྭཱ་ཧཱ། ཞེས་བྱའོ། །མདུན་གྱི་ཆོམ་རྐུན་པ་ཐམས་ཅད་རྒྱ་མཚོ་ཆེན་པོར་བླུགས་ལ། གཡས་ཀྱི་ས་དེ་གཡོན་དུ་སྤོས་ལ་རི་རབ་ཀྱིས་མནན་པར་ བསམ་མོ། །དེ་ནས་ས་དེ་ཐུ་བ་གཡོན་པར་བཅིངས་ཏེ་འཇིགས་པ་དང་བྲལ་བའི་གནས་སུ་དགྲོལ་བར་བྱའོ། །འགྲོ་བའི་དུས་སུ་སྒྲོལ་མའི་བསྟོད་པ་ལ་སོགས་པ་སྒྲོགས་ཤིང་འགྲོའོ། །ཆོམ་རྐུན་བཅིང་བ་ཞེས་བྱ་བའི་རིམ་པ་རྫོགས་སོ།། །།མ་ཧཱ་པཎྜི་ཏ་ཤྲཱི་རཏྣ་རཀྵི་ཏ་དང་། ལོ་ཙཱ་བ་ཞང་གྲུབ་པ་དཔལ་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་རཱ་ནུ་ཙརྱ་ཡཀྵི་ཎི་མ་དྲཱ་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་སྒྲོལ་མའི་རྗེས་སུ་སྤྱོད་པའི་གནོད་སྦྱིན་མོའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཨོཾ་ཛོ་ཡཀྵི་ཎཱི་ བི་ར་ཛེ་སྭཱ་ཧཱ་མེ་ལྷའི་བུ་མོ་གནོད་སྦྱིན་མོའི་ཆོ་ག་ནི་འདི་ཡིན་ཏེ། དུར་ཁྲོད་ཀྱི་སྤང་ལེབ་ལ་བྲིས་ཏེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཅེར་བུ་རས་ཀྱི་གོས་བསྣམས་པ། མགོ་སྐྱེས་ལི་བ། གཞོན་ནུ་མ། རྒྱན་གྱིས་མཛེས་པ། ཤིང་མྱ་ངན་མེད་པ་དང་བཅས་པ་ལག་པ་གཡོན་པས་བཟུང་ བ། ལག་པ་གཡས་པས་རས་བསྣམས་པ། སྤྱན་ས་བོན་གྱི་གྲོང་ཁྱེར་གྱི་འབྲས་བུ་ལ་གཟིགས་པ། ཞལ་ཅུང་ཟད་དཔངས་མཐོ་བ། བཞད་པ། འཁྲིག་པ་ལ་སྲེད་པ། འདི་འདྲ་བ་སྤང་ལེབ་ལ་བྲིས་ལ། དབེན་པའི་གནས་སུ་རང་གཅིག་པུར་ཁྲུས་བྱས་ཤིང་བཀུག་པས་ཐུན་མཚམས་སུ་ མཆོད་དོ། །བའི་ལྕི་བས་མཎྜལ་བྱས་ལ། གཙང་སྦྲ་ཐོབ་པས་དབེན་པར་ཟས་གཙང་མ་ཟ་ཞིང་ཐུན་མཚམས་གསུམ་དུ་བྷ་གར་སོར་མོ་བཅུག་ལ་དེའི་མདུན་དུ་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་ན་འབྱོན་ནོ། །བྱོན་ནས་ཙནྡན་དཀར་པོ་དང་། མེ་ཏོག་དྲི་ཞིམ་པོས་སྤྲས་པའི་མཆོད་ཡོན་དབུལ་ ལོ། །ཁོ་མོས་ཅི་བགྱི་ཞེས་སྨྲ་བར་འགྱུར་རོ། །དེ་ནས་སྒྲུབ་པ་པོས་སྨྲས་པ། ཁོ་བོའི་སྲིང་མོའམ་མར་མཛོད་ཅིག །དེ་ནས་སྲིང་མོའམ་མར་འགྱུར་རོ། །བདག་ཉིད་དང་བཅས་པའི་སྐྱེ་བོ་བཅུ་དྲུག་གི་ཟས་གོས་སྦྱོར་བར་འགྱུར་རོ། །ལུས་ཀྱི་ཁུར་གྱིས་དཔལ་གྱི་རི་པོ་ཏ་ལར་ཁྲིད་ པར་བྱེད་དོ། །དེར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་མཐོང་ནས་ཆོས་ཉན་ཅིང་བྱང་ཆུབ་ཀྱི་སེམས་མ་རྨོངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ། །གལ་ཏེ་འདོད་ན་སླར་འཛམ་བུ་གླིང་ནས་འོངས་ཤིང་དེ་དང་རོལ་པར་འགྱུར་རོ། །གལ་ཏེ་དང་པོ་ཉི་མ་བདུན་གྱིས་མ་གྲུབ་ ན་དེའི་ཚེ་བདུན་ཕྲག་གཉིས་པ་ལ་ཚངས་པ་བསད་ཀྱང་འགྲུབ་པོ། །དེ་ནས་སླར་མ་གྲུབ་ན་ཁྲོ་བོའི་རྒྱལ་པོའི་སྔགས་བཟླས་ཏེ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཨོཾ་ཛོ་ཡཀྵི་ཎཱི་བི་ར་ཛེ་སྭཱ་ཧཱ། །གནོད་སྦྱིན་མོའི་སྔགས་ནང་དུ་བཅུག་ནས་བཟླས་ན་འགྲུབ་བོ། །དེ་ནས་གལ་ཏེ་དེས་ཀྱང་མ་གྲུབ་ ན་སྐམས་པའམ་འཆི་བར་འགྱུར་རོ། །སྔོན་གྱི་བསྙེན་པ་གོང་དང་དེ་རུ་གནས་པའམ་འབུམ་ཕྲག་གསུམ་བཟླས་སོ། །འཕགས་མ་སྒྲོལ་མའི་རྗེས་སུ་སྤྱོད་པའི་གནོད་སྦྱིན་མོའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཻ་རོ་ཙ་ནའི་ཞལ་སྔ་ནས་ ཀྱི་དང་། བོད་ཀྱི་ལོ་ཙཱ་བ་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སྲ་ག་དྷཱ་ར་སཱ་དྷ་ནཾ་སསྟུ་ཏི། བོད་སྐད་དུ། མེ་ཏོག་ཕྲེང་འཛིན་གྱི་སྒྲུབ་པ་བསྟོད་པ་དང་བཅས་པ། བཅོམ་ལྡན་འདས་མ་སྒྲོལ་མ་ལ་ ཕྱག་འཚལ་ལོ། །མི་ཤེས་པ་རྣམས་འཇོམས་པའི་ཕྱིར། །བཅོམ་ལྡན་སྒྲོལ་མ་ཕྲེང་འཛིན་གྱི། །སྒྲུབ་པའི་ཐབས་ཀྱི་རིམ་པ་འདི། །དེ་ཉིད་འདོད་པས་རྒྱུན་དུ་བྱ། །ཡིད་འཕྲོག་གཙང་མའི་གནས་སུ་འདུག །དངོས་སམ་སྔགས་ཀྱིས་རྣལ་འབྱོར་བཀྲུ། །མཐུན་ རྐྱེན་མཆོད་པའི་རྫས་རྣམས་ནི། །དངོས་སམ་ཡིད་ཀྱིས་བརྟེན་པར་བྱ། །ཤར་དུ་ཁ་བལྟས་རྣལ་འབྱོར་པས། །གཞན་ཕན་སེམས་ཀྱིས་ལྷ་མོ་བསྒོམ། །མདངས་དཀར་ཟླ་གནས་བཞེངས་པ་ཡི། །དཔག་མེད་ཡོན་ཏན་རྒྱན་གྱིས་སྤྲས། །སྟོན་ཀའི་དབང་ པོ་ལྟ་བུར་དཀར། །རང་བཞིན་གསར་དུ་ཤར་བས་བརྒྱན། །ཨུཏྤལ་འདབ་ལྟར་སྤྱན་མཛེས་ཤིང་། །དཔྲལ་བར་སིནྡྷུ་ར་ཡིས་བསྐུས། །རྣ་བ་མགུལ་རྒྱན་ཕྱག་གདུབ་དང་། །དོ་ཤལ་རྐེད་པ་རྐང་པ་ལ། །གཡེར་ཁ་སིལ་སིལ་རབ་ཏུ་མཛེས། །དགྱེས་པའི་སྐུ་ཅན་སྒེག་ པར་མཛད། །ནུ་མར་མུ་ཏིག་དོ་ཤལ་ལྡན། །ཤམ་ཐབས་ཟ་འོག་རྒྱན་གྱིས་བརྒྱན། །སྨིན་མས་ཨུཏྤལ་མདངས་འཕྲོག་པ། །རིན་ཆེན་གྱིས་སྤྲས་ཅོད་པན་ནི། །འཛམ་བུའི་གསེར་གྱི་སྟེང་ན་བཅིངས། །རལ་པར་འོད་དཔག་མེད་པས་བརྒྱན། །འདི་ཉིད་ ཡིད་འོང་མཛེས་པ་སྟེ། །མཐོང་དང་བརྗོད་དང་དྲན་པ་ཡིས། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །སྙིང་གི་སྡིག་པ་ཐམས་ཅད་འཇོམས། །གང་ཞིག་བཅོམ་ལྡན་འདས་མ་རུ། །སྐད་ཅིག་མ་ཡིས་རྣལ་འབྱོར་གྱིས། །བཅོམ་ལྡན་འདས་མའི་ང་རྒྱལ་ དུ། །རྒྱུན་དུ་བསྐྱེད་པར་བྱ་བའོ། །མཆོད་པའི་ཆོ་ག་ཐམས་ཅད་ལ། །སྔགས་ཀྱི་བྱིན་གྱིས་བརླབ་པར་བྱ། །ལས་ཀུན་བྱེད་པའི་སྔགས་ཀྱིས་ནི། །རྣལ་འབྱོར་པས་ནི་བྱ་བའོ། །རྟག་ཏུའམ་ནི་ཐུན་གསུམ་དུ། །འདིར་ནི་གཙང་མའི་ཁྲུས་བྱའོ། །ཚངས་པར་སྤྱོད་ པ་གཟུང་བར་བྱ། །གོས་ནི་ཐུན་གྱི་དུས་སུ་སྤོ། །མི་དགེ་བཅུ་པོ་འཇོམས་པར་བྱ། །མི་དགེའི་ལས་ནི་ཐམས་ཅད་ལ། །ཡིད་ནི་སྦྱར་བར་མི་བྱའོ། །དེ་བཞིན་སྒྲུབ་པ་པོ་ཡིས་ནི། །བཅོམ་ལྡན་འདས་མར་རང་ཉིད་ནི། །མངོན་སུམ་མ་བྱས་བར་དུ་བསྒོམ། །དེ་ལ་ སྔོན་དུ་བྱེད་པ་ཡིས། །མན་ངག་དམ་པ་བཤད་པར་བྱ། །སྲོག་འཛིན་མ་རིག་ལིང་ཏོག་ནི། །འཇོམས་པར་བྱེད་པ་ཁོ་ནའོ། །འདི་ལྟར་ཨཱ་ལིའི་སྦྱོར་བ་ཡིས། །གཉིས་མེད་ཆུ་ཡི་དཀྱིལ་འཁོར་ལ། །སྒྱུ་མའི་ས་བོན་འཛག་པ་ཡི། །རྒྱུན་དང་བཅས་པ་བལྟ་བར་ བྱ། །དག་པར་མི་བྱེད་དེ་འོག་ཏུ། །དཀྱིལ་འཁོར་སྤྲུལ་པའི་རང་བཞིན་ལ། །ཁོ་ན་ཉིད་ཀྱི་ས་བོན་ནི། །ཉི་མ་ཕྱེད་པའི་འོད་དང་མཚུངས། །སྒྲོལ་མའི་རྣམ་པ་ཐམས་ཅད་ཀྱིས། །མི་ཤེས་སྲེག་པར་མཛད་པ་སྟེ། །ཕྱོགས་བཅུ་པོ་ཡང་སྦྱོང་བར་མཛད། །སྟེང་གི་ས་བོན་ འཛག་པ་ཅན། །བདུད་རྩིའི་རྒྱུན་དུ་ཡིད་ཀྱིས་ནི། །ཡུན་རིང་དུས་སུ་བསྒོམས་པའོ། །དེ་ལས་སྐྱོ་བར་གྱུར་པ་ན། །ལྕེ་ནི་ཆུ་སྐྱེས་འདབ་མ་ལ། །བླ་མའི་མན་ངག་བསམ་པར་བྱ། །དེ་ནས་སྔགས་ཀྱི་ཕྲེང་བ་ནི། །རྫ་མཁན་འཁོར་ལོ་ལྟ་བུར་བསྐོར། །ནོར་བུ་སྔགས་ཀྱི་སྟོབས་ཀྱིས་ནི། ། དེ་བཞིན་གཤེགས་པའི་ཡེ་ཤེས་དང་། །བདུད་རྩི་གཞན་ཡང་ཡོན་ཏན་སྟོབས། །རྫ་བ་ཁྲོན་པར་གཞུག་པར་བྱ། །རྒྱུན་མི་འཆད་པའི་བསམ་གཏན་དུ། །རྣལ་འབྱོར་པས་ནི་བཟླས་པ་ཉིད། །གང་ཞིག་དེ་ལྟར་ཡིད་ཀྱིས་ནི། །བྱ་བ་འདི་ནི་གོམས་པ་ན། །བདེ་བ་ཆེན་པོའི་ཏིང་ངེ་ འཛིན། །རྒྱུན་མི་འཆད་པར་སྐྱེ་བར་འགྱུར། །འདིར་ནི་འདི་ཡི་བསམ་གཏན་གྱིས། །ཉི་མ་བདུན་དུ་བྱས་པ་ན། །ཤེས་རབ་ཆེ་དང་ངག་དབང་རྣོ། །རྐང་དྲུག་ཚོགས་ཀྱི་བདག་པོར་འགྱུར། །ཚིགས་སུ་བཅད་དང་ལྷུག་པ་དང་། །འདྲེས་པ་དང་ནི་ལྷ་ཡི་སྐད། །ཚེགས་མེད་ ངག་གི་དབང་ཕྱུག་ནི། །འབད་པ་མེད་པར་འགྲུབ་པ་སྟེ། །འདི་ལ་ཐེ་ཚོམ་མ་བྱེད་ཅིག །དེ་ནས་བསྟོད་པ་བརྗོད་པ་ཡང་། །མེ་ཏོག་ཕྲེང་བ་ཉིད་ཡིན་ནོ། །དེ་དང་དེ་ནི་ཞལ་ལས་ཤེས། །ཤེས་རབ་ཕ་རོལ་ཕྱིན་མ་ནི། །དངོས་སུ་གྲུབ་པར་འདོད་པ་ཡིས། །རྣལ་འབྱོར་པས་ནི་རིག་པ་ འདི། །རི་བོང་ཕྱེད་ལ་དུས་གསུམ་དུ། །གོང་དུ་བཤད་པའི་ཆོ་ག་ཡིས། །སྔོན་གྱི་བརྟུལ་ཞུགས་སྤྱད་ནས་ནི། །དབེན་པའི་གནས་སུ་སེམས་གཅིག་ཏུ། །བཅོམ་ལྡན་འདས་མའི་བསྟོད་པ་ནི། །རྒྱུན་ཆད་མེད་པར་བརྗོད་པར་བྱ། །དེ་ནས་ཀློག་པའི་མན་ངག་ནི། །བརྗོད་མ་ཐག་ཏུ་ ཡིད་ལ་ནི། །རྩ་བ་ནས་ནི་རྩེ་མོའི་བར། །ཇི་ལྟར་རིམ་པས་རྗེས་སུ་ནི། །ཁོ་ན་ཉིད་ཀྱི་ས་བོན་དང་། །ནུས་པའི་ས་བོན་བྱེད་པར་ལྡན། །སྒྱུ་མའི་ས་བོན་བརྗོད་པ་ཉིད། །རིམ་པས་བཅོམ་ལྡན་འདས་མ་ཡི། །ཡོན་ཏན་བརྗོད་པའི་འོད་ཟེར་གྱིས། །གཡེང་བ་མེད་པར་བདག་ ཉིད་ནི། །ཡིད་ནི་བརྟན་པར་ཀློག་པ་ཉིད། །དེ་ཉིད་ཤར་ཁའི་ཉི་མ་སྟེ། །དེ་ཡི་གདན་ལ་བསམ་པར་བྱ། །སྒྱུ་མ་ཕྱེད་པའི་ཉི་མ་སྟེ། །ཟླ་བའི་དཀྱིལ་འཁོར་ཉིད་དུ་གནས། །ནུས་པ་སྟོན་ཀའི་ཟླ་བ་སྟེ། །པདྨའི་རྩེ་ལ་བསམ་པ་ཉིད། །བཟླས་པའི་དུས་སུ་འཁོར་ བ་སྟེ། །ཀློག་པའི་དུས་སུ་མཆོད་པ་ཉིད། །རྨོངས་དང་འཇིགས་དང་དུག་མེད་དང་། །མི་མཐུན་ཕྱོགས་ལས་རྒྱལ་བར་འགྱུར། །འདོད་པ་གཞན་ཡང་སྒྲུབ་བྱེད་པ། །འཁོར་ལོ་འདི་ལ་རབ་ཏུ་འབྱུང་། །ནོར་བུས་དགོས་འདོད་འབྱུང་བ་ལྟར། །འདིར་ནི་འབད་པ་བསྒྲུབ་པར་བྱ། །སྒྲོལ་མ་ མེ་ཏོག་ཕྲེང་འཛིན་གྱི། །མངོན་པར་རབ་བརྟན་ཆོ་ག་བྱ། །དགེ་བས་མཉམ་པར་འགྲོ་བ་ཀུན། །མྱུར་དུ་སྒྲོལ་མ་ཉིད་མཚུངས་ཤོག །མེ་ཏོག་ཕྲེང་འཛིན་སྒྲོལ་མའི་བསྟོད་པ་དང་བཅས་པའི་སྒྲུབ་པ་རྫོགས་སོ།། །།མ་ཧཱ་པཎྜི་ཏ་རཏྣ་རཀྵི་ཏ་པཱ་དའི་ཞལ་སྔ་ནས། ཞང་ལོ་ ཙཱ་བ་གྲུབ་པ་དཔལ་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་རཱ་སྟོ་ཏྲ། བོད་སྐད་དུ། འཕགས་མ་སྒྲོལ་མ་ལ་བསྟོད་པ། བཅོམ་ལྡན་འདས་ངག་གི་དབང་པོ་ལ་ཕྱག་འཚལ་ལོ། །དད་པའི་ལྟེང་ཀ་རབ་ཏུ་རྒྱས་པ་ལ། །འདུན་པ་པདྨའི་ རྩ་བ་རབ་ཏུ་བརྟན། །རྩོལ་བ་དྲག་པོ་པདྨའི་གདན་ལ་བཞུགས། །རྗེ་བཙུན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །འགྲོ་བ་ཉོན་མོངས་ཚད་པས་གདུངས་པ་ལ། །ཐུགས་རྗེས་བསིལ་མཛད་ཟླ་བའི་གདན་ལ་བཞུགས། །འགྲོ་བ་ཉམ་ཐག་སྒྲོལ་བའི་ལྷ་མོ་སྟེ། །རྗེ་བཙུན་སྒྲོལ་ མ་ཁྱོད་ལ་ཕྱག་འཚལ་ལོ། །ཚོགས་གཉིས་ཤིང་རྟའི་འཁོར་ལོ་ལྟ་བུ་ཡིས། །སྒྲིབ་གཉིས་བཅོམ་ནས་ས་བཅུར་རབ་གནས་ཏེ། །ལྷ་མོའི་ཚུལ་དུ་འཁོར་བ་མ་སྟོངས་བཞུགས། །རྗེ་བཙུན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཉོན་མོངས་མི་གཡོ་རི་ལྟར་བརྟན་པའི་སྐུ། ། ཡོན་ཏན་རབ་རྫོགས་ཤ་ལུས་ཤིན་ཏུ་རྒྱས། །བྱམས་པས་ཐུགས་གཡོས་ནུ་འབུར་རྒྱས་པ་ཅན། །རྗེ་བཙུན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བས་མ་གོས་སྐུ་མདོག་འགྱིང་བག་ཅན། །སྒེག་པའི་ཆ་ལུགས་རིན་ཆེན་རྒྱན་ཆ་ཅན། །དབུ་སྐྲ་སྔོ་ལྗང་རིགས་ལྔའི་ ཅོད་པན་ཅན། །རྗེ་བཙུན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཟག་མེད་བདེ་རྒྱས་ཞལ་རས་འཛུམ་བག་ཅན། །རྣམ་སྣང་ལས་བྱུང་ཕྲིན་ལས་ཐུགས་རྗེ་ཅན། །བདུད་འཇོམས་མདའ་གཞུ་ཐབས་དང་ཤེས་རབ་ཅན། །རྗེ་བཙུན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །འཇིགས་པ་སྐྱོབ་ མཛད་ཕྱག་གཡས་སྐྱབས་སྦྱིན་ཚུལ། །འགྲོ་བའི་ཡིད་འཕྲོག་ན་ཚོད་བཅུ་དྲུག་ཚུལ། །ལས་ཀྱི་རིགས་ཚོགས་ཨུཏྤལ་སྔོན་པོའི་ཚུལ། །རྗེ་བཙུན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །སྐྱེ་རྒས་ན་འཆིའི་ཆུ་བོ་བཞི་པོ་ལས། །སྒྲོལ་བའི་གཉེན་པོ་མཁས་པ་ཁྱོད་ལགས་ ཏེ། །བྱམས་པའི་གྲུ་འཛིན་སྙིང་རྗེའི་སྐྱ་བ་ཅན། །རྗེ་བཙུན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ལྟར་ཚིགས་སུ་བཅད་པ་བརྒྱད་ཀྱིས་ནི། །ལྷ་མོ་ཉིད་ལ་དད་པས་བསྟོད་པ་ལས། །དེས་ནི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །མྱུར་དུ་སངས་རྒྱས་གོ་འཕང་ཐོབ་པར་ ཤོག །རྗེ་བཙུན་མ་སྒྲོལ་མ་ལ་བསྟོད་པ། སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་རེ་སྟོ་ཏྲ། བོད་སྐད་དུ། འཕགས་མ་སྒྲོལ་མ་ལ་བསྟོད་པ། རྗེ་བཙུན་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འོད་དཔག་ མེད་ཀྱི་སྨོན་ལམ་མ། །མེ་ཏོག་ཟླ་མཛེས་སེམས་བསྐྱེད་མ། །འཇིག་རྟེན་མགོན་གྱི་ཆུ་སྐྱེས་མ། །ཕྱག་གི་མཐིལ་ན་བཞིན་བཟངས་མ། །སྟོད་རྒྱས་མེ་ཏོག་ཕྲེང་འཛིན་མ། །བགྲེས་མོ་བགྱིང་བག་དྲང་པོ་མ། །གཤེགས་ཤིང་བཞུགས་པ་ལྡེམ་ལྡེམ་མ། །ཕྲག་རྒྱས་སྐུ་ ནི་ཡིད་འོང་མ། །གསུང་གི་དབང་ཕྱུག་དབྱངས་སྙན་མ། །དྲན་པ་ཙམ་གྱིས་བྱིན་རློབ་མ། །ཡུམ་ནི་འདོད་པའི་སྐུ་མངའ་མ། །བདེ་གཤེགས་དབུ་ཡི་གཙུག་ཏོར་མ། །རྒྱལ་བས་དབང་བསྐུར་ཅོད་པན་མ། །ཕོ་ཉས་དུས་མིན་འཆི་སླུ་མ། །སྤྱན་ནས་ཐུགས་རྗེའི་ཆུ་ འཛག་མ། །དགེ་སློང་སྡོམ་བརྩོན་དམ་ཚིག་མ། །བདག་མེད་བརྩེ་བས་མཐར་ཕྱིན་མ། །ས་དགུ་འདས་པའི་ཕ་རོལ་མ། །མ་བྱོན་སྔ་དྲོ་གཞོན་ནུ་མ། །ད་ལྟ་ཉིན་གུང་དར་བབ་མ། །འདས་སོ་བགྲེས་མོ་དགོངས་ཀ་མ། །དུས་གསུམ་འགྱུར་བའི་མི་རྟག་མ། །འཇིགས་ ཆེན་བརྒྱད་ལས་སྐྱོབ་མཛད་མ། །ཕྲ་མོ་ཆེན་མོ་སྒྲུབ་སྩོལ་མ། །མཆོག་འདོད་མ་ལ་མཆོད་སྦྱིན་མ། །སེམས་ཅན་གསོ་བའི་འོ་རྒྱུན་མ། །དུག་སེལ་སྨན་མཆོག་མ་གི་མ། །སྡིག་སྤོང་དགེ་བའི་བདུད་རྩི་མ། །སངས་རྒྱས་བསྐྱེད་པའི་རྒྱལ་ཡུམ་མ། ། བདག་ལ་ཐུགས་རྗེས་ཞལ་སྟོན་མ། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་བསྟོད་པ་ཆོས་ཀྱི་རྗེ་པཎྜི་ཏ་འབུམ་ཕྲག་གསུམ་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་རཱ་དེ་བཱི་སྟོ་ཏྲ། བོད་སྐད་དུ། འཕགས་མ་ལྷ་མོ་སྒྲོལ་མ་ལ་ བསྟོད་པ། རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ལྷ་མོ་སྒྲོལ་མ་ལྷ་ཡི་ལྷ། །འཇིག་རྟེན་གསུམ་ན་མཆོག་གྱུར་པ། །ཐུགས་རྗེ་ཆེན་པོའི་དབང་གྱུར་པས། །ཁམས་གསུམ་འགྲོ་བ་སྒྲོལ་ལ་མཁས། །ཚོར་བ་བཏང་སྙོམས་ངོ་བོ་ ཉིད། །མི་མཐུན་ཚོར་བ་བདེ་སྡུག་ལྡན། །ཕྲག་དོག་འཇོམས་པའི་ཕྲིན་ལས་ཅན། །མཁའ་ལྟར་དངས་པ་བླ་ན་མེད། །གཟུང་བ་དང་ནི་འཛིན་པ་ཡི། །རྣམ་རྟོག་སྤངས་པའི་བདེ་བ་ཅན། །པདྨ་ཆུས་མི་ཆགས་པ་བཞིན། །འཁོར་བའི་སྐྱོན་གྱིས་མ་གོས་པ། །རང་བཞིན་གྱིས་ དག་བླ་ན་མེད། །རྒོལ་བ་དག་ནི་ཚར་གཅོད་པ། །འགྲོ་བ་ཡིད་འོང་ཕུན་ཚོགས་པ། །སྐུ་མདོག་མཚན་དང་དཔེ་བྱད་ལྡན། །སྒྲོལ་མ་སྣ་ཚོགས་མདོག་ཅན་ནི། །འབྱུང་པོ་ལས་བྱུང་གདོན་ཆེན་དང་། །འདུ་བ་ལས་བྱུང་ནད་རྣམས་དང་། །བཀྲ་མི་ཤིས་ནི་སྣ་ཚོགས་དང་། །མཚོན་དང་ དུག་དང་རིག་སྔགས་དང་། །ཕྲ་མེན་ལས་བྱུང་སྦྱོར་བ་ཡིས། །ཤིན་ཏུ་མི་བཟད་ཐབས་ལྡན་པའི། །སྟོབས་ནི་སྣ་ཚོགས་འཇོམས་པ་དང་། །སེང་གེ་གླང་པོ་སྟག་དང་སྦྲུལ། །ཆོམ་རྐུན་མེ་ཆུ་ཤ་ཟ་ཡི། །འཇིགས་པ་ཆེན་པོ་དེ་རྣམས་ལས། །སྐྱོབ་མཛད་དེ་ལ་བསྟོད་ཕྱག་འཚལ། ། འཕགས་མ་ལྷ་མོ་སྒྲོལ་མ་ལ་བསྟོད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་སྒྲོལ་མ་སྒྲུབ་པའི་ཐབས། དང་པོ་རེ་ཞིག་སྔགས་པས་ཁ་ལ་སོགས་པ་དག་པར་བྱས་ནས། ས་ཕྱོགས་དབེན་པར་འདུག་སྟེ། བྱང་ཆུབ་མཆོག་ ཏུ་སེམས་བསྐྱེད་ལ། རང་གི་སྙིང་གར་ཨ་ལས་བྱུང་བའི་ཟླ་བའི་སྟེང་དུ་ཡི་གེ་ཏཱཾ་ལྗང་གུ་འོད་ཟེར་དང་ལྡན་པར་བསམས་ནས། དེའི་འོད་ཟེར་གྱིས་མ་རིག་པའི་མུན་པ་བསལ་ནས་ཁམས་གསུམ་དུ་སྤྲོས་ཏེ། འགྲོ་བའི་དོན་བྱས་ནས་ཕྱོགས་བཅུ་ན་བཞུགས་པའི་སྒྲོལ་མ་སྤྱན་དྲངས་ ཏེ། མདུན་དུ་བལྟས་ལ། ཕྱག་དང་། མཆོད་པ་དང་། སྡིག་པ་བཤགས་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བསྐུལ་མ་གདབ་པ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ཞེས་བྱ་བ་བླ་ན་མེད་པའི་ཡན་ལག་བདུན་ པའི་མཆོད་པ་བྱས་ནས་བྱམས་པ་ལ་སོགས་པ་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་བྱིན་གྱིས་བརླབ་པའི་སྔགས་བརྗོད་ཅིང་ཐམས་ཅད་སྟོང་པ་ཉིད་བསྒོམ་པར་བྱའོ། །དེ་ནས་པདྨ་དང་ཟླ་བའི་སྟེང་དུ་ཏཱཾ་ཡོངས་སུ་ གྱུར་པ་ལས། ཨུཏྤལ་སྔོན་པོ་ཏཱཾ་གིས་མཚན་པ་བསམ་དེ་རྣམས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མ་སྒྲོལ་མ་ཞལ་གཅིག་ཕྱག་གཉིས་མ། སྐུ་མདོག་ལྗང་གུ་ལང་ཚོ་དང་ལྡན་པ། སྟོད་གཡོགས་དང་སྨད་གཡོགས་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་ མཆོག་སྦྱིན་དང་། གཡོན་གྱིས་ཨུཏྤལ་བསྣམས་པ་པདྨ་དང་ཟླ་བའི་སྟེང་དུ་གཡོན་བསྐུམ་པའི་ཕྱེད་སྐྱིལ་གྱིས་བཞུགས་པར་བདག་ཉིད་བསྒོམས་ལ། དེའི་ཐུགས་ཀའི་ཟླ་བ་ལ་དམ་ཚིག་སེམས་མ་ཇི་ལྟ་བའི་ཡེ་ཤེས་སེམས་མ་དང་། དེའི་ཐུགས་ཀའི་ཟླ་བ་ལ་ཡི་གེ་ཏཱཾ་ཏིང་ངེ་འཛིན་ སེམས་མའི་ཚུལ་དུ་བསམ། དེའི་འོད་ཟེར་གྱིས་ཡེ་ཤེས་སེམས་མ་སྤྱན་དྲངས་པ་ལ་སོགས་པ་དང་། དབང་བསྐུར་བ་དང་། བདུད་རྩི་ལྷག་མས་དོན་ཡོད་གྲུབ་པས་སྤྱི་གཙུག་ཏུ་རྒྱས་བཏབ་སྟེ། འོད་ཟེར་འཕྲོས་འདུས་འགྲོ་བའི་དོན་མཛད་པར་མི་སྐྱོའི་བར་དུ་བསྒོམ་པར་བྱའོ། །སྐྱོ་ན་སྔགས་ བཟླས་པར་བྱ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་བྱ་བ་འབུམ་ཕྲག་བཅུ་བཟླས་ནས་སྟོང་ཕྲག་བཅུས་སྦྱིན་སྲེག་བྱའོ། །འགྱུར་བ་མེད་པར་ཕ་རོལ་ལ། །མི་ཟད་དགའ་བས་བདུད་རྩིའི་རོས། །སྲིད་པའི་སྡུག་བསྔལ་འཇོམས་མཛད་མ། །སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་ བས་བཟླས་པའི་རྗེས་ལ་བསྟོད་ནས། ཡི་གེ་བརྒྱ་པ་བརྗོད་དེ་བསོད་ནམས་བསྔོས་ལ། ཨོཾ་བཛྲ་མུཿཞེས་པས་གཤེགས་སུ་གསོལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ་ཞེས་བྱ་བས་གཏོར་མའི་སྔགས་སོ། །ཟླ་བ་དྲུག་གི་བར་དུ་ཞག་རེ་རེ་ཞིང་ཐུན་གསུམ་དུ་འདི་དག་ བྱའོ། །བླ་མ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ་རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཛཱ་ག་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲས་རང་འགྱུར་དུ་མཛད་པའོ།། ༄༅༅། །རྒྱ་གར་སྐད་དུ། སྭ་ར་སྭ་ཏཱི་སཱ་དྷ་ནཾ། བོད་སྐད་དུ། དབྱངས་ ཅན་མའི་སྒྲུབ་ཐབས། ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །རང་གི་སྙིང་གའི་སྲོག་གི་འོད་ཟེར་གྱིས། །དབྱངས་ཅན་མ་ཡི་འཁོར་ལོ་མདུན་དུ་དགུག །མེ་ཏོག་བདུག་པ་མར་མེ་བྱུག་པས་མཆོད། །འཇུག་པའི་རླུང་གིས་སྙིང་གི་སྲོག་རྩར་གཞུག །དབུས་སུ་ཧྲཱིཾ་གིས་ རྣམ་བརྒྱན་ཟླ་བས་ལྟེ་བར་རྣམ་པར་མཛེས། །མཆོག་ཏུ་དཀར་ཞིང་འོད་གསལ་སྒྲོན་མེ་ལྟ་བུའི་ཆས། །ཉི་མའི་ཟེར་གྱིས་ཟེའུ་འབྲུའི་མཚམས་ནས་ཤིན་ཏུ་རྒྱས་པ་ཡི། །དྲི་མེད་འཇམ་ཞིང་དཀར་བའི་འདབ་མ་རེ་རེར་གཉིས་གཉིས་གནས། །འོད་ཟེར་དཀར་པོ་འཕྲོ་བས་སྙིང་གི་མུན་པ་ རྣམ་པར་སེལ་བའོ། །སྔོན་དུ་རིག་པ་འབུམ་ཕྲག་གཅིག །ཉི་ཁྲི་ལྔ་སྟོང་བསྙེན་པ་བྱས། །དེ་ནས་རྩོད་པ་སྨྲ་བ་ན། །འཁོར་ལོ་ལྕེ་ལ་རྣམ་པར་དགོད། །བསྒྲུབ་བྱའི་དཔྲལ་བར་འཁོར་ལོ་མཆོག །བཀོད་ནས་དབང་དུ་བྱེད་པར་བཤད། །དབྱངས་ཅན་མའི་སྒྲུབ་ཐབས་ བྲམ་ཟེ་ཕུར་བུས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བྲཧྨ་པུ་ཏྲཱི་སྭ་ར་ས་ཏྱཻ་སྟོ་ཏྲེ་ཎ་སིདྡྷཾ་ཝཱཀ་པྲ་བྷ་ནཱ་མ། བོད་སྐད་དུ། ཚངས་པའི་བུ་མོ་དབྱངས་ཅན་མ་ལ་བསྟོད་པས་གྲུབ་པ་ངག་གི་འོད་ཟེར་ཞེས་བྱ་བ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྤྱན་ རས་གཟིགས་དབང་ཞལ་གྱི་མཆེ་བའི་རྩེ་ལས་མངོན་སྤྲུལ་ཞིང་། །ཐུགས་རྗེའི་རྣམ་འཕྲུལ་མཐའ་ཡས་ཕ་རོལ་རྗེས་སུ་གཟུང་བའི་ཕྱིར། །ཚངས་པའི་བུ་མོ་མཛེས་མ་ཁྱོད་སྐུ་གསལ་བའི་རྣམ་འགྱུར་ཅན། །བིཥྞུའི་གཟུགས་ཅན་ཏམྦུ་ར་ལ་དགའ་བསྐྱེད་ཚུལ་འཛིན་མ། ། རྗེས་སུ་ཆགས་བཅས་རོལ་པའི་ལོ་ནི་བཅུ་དྲུག་ལོན་པའི་ཉམས། །ཆུ་གཏེར་འགྲམ་ངོགས་ལྦུ་བའི་ཕྲེང་བས་རྩེ་བར་དགའ་བ་ཅན། །དྲི་ཟའི་བུ་མོ་མངོན་བསྟོད་ཉིད་ཀྱི་རྣམ་ཐར་ཕུལ་བྱུང་རྣམས། །གང་གིས་ཡིད་ལ་དྲན་བྱེད་དེ་ལ་ངག་གི་དབང་ཕྱུག་སྩོལ། །ཁོ་ བོས་ཁྱོད་དྲན་བ་སྤུ་ཤས་ཆེར་གཡོ་བའི་ལག་པ་གཉིས། །ཐལ་སྦྱར་མེ་ཏོག་གཞོན་ནུ་ཁ་འབུས་ལྟ་བུ་སྤྱི་བོའི་སྟེང་། །རབ་བཞག་སྙིང་ནས་རབ་ཏུ་གུས་པ་ལྷུར་བྱེད་ཁྱོད་ཀྱི་ཡོན་ཏན་ནི། །མཐའ་དག་རྟོགས་མིན་ཅུང་ཟད་རྙེད་འདི་སྡེབ་ལེགས་ཕྲེང་བས་མཆོད། །ཁྱོད་སྐུ་འོ་མའི་ མཚོ་འདྲ་ཀུནྡ་ཀུ་མུད་ཟླ་ཟེར་མཚུངས། །རབ་དཀར་འོད་ཀྱི་ཕྲེང་བས་ཀུན་ནས་བསྐོར་བའི་གཟི་བརྗིད་ཀྱིས། །ལྷ་དབང་ཡིད་འཕྲོག་དགའ་བའི་ང་རོས་ཁྱོད་ལ་རྟག་ཏུ་བསྟོད་བྱེད་ན། །བློ་གྲོས་དོན་གསལ་དོན་གཉེར་ལྷ་ལ་གུས་པ་སྨོས་ཅི་དགོས། །ཆུ་སྐྱེས་དཀར་པོ་དྲི་མེད་སྟེང་ གནས་གེ་སར་གཡོ་བའི་རྩེར། །རི་བོང་འཛིན་པའི་གདན་སྟེང་ཙོག་པུའི་ཚུལ་བཞུགས་བགྱིང་བག་ཅན། །ཞལ་གཅིག་ཕྱག་གཉིས་དྲི་ཟའི་པི་ཝང་བསྒྲེངས་པའི་སྒྲ་དབྱངས་དང་། །རྗེས་མཐུན་གསུང་གིས་ས་གསུམ་སྐྱེ་དགུའི་བསམ་པ་ཚིམ་མཛད་མ། །འཇམ་མཉེན་འཁྲིལ་ཞིང་རིང་བ་བུང་བ་ ལྟ་བུར་གནག་པའི་སྐྲ། །གཡས་གཡོན་རྒྱབ་ཏུ་འཕྱང་ཞིང་ཅུང་ཟད་ལི་བའི་ཐོར་ཅོག་ལ། །མེ་ཏོག་དཀར་པོའི་ཕྲེང་བས་ཐོད་བཅིངས་སྤྱི་གཙུག་ཟླ་བས་སྤུད། །གསེར་གྱི་རྣ་ཆ་འཕྱང་ཞིང་མཁུར་ཚོས་མཛེས་པ་འཛུམ་པའི་ཞལ། །ཀ་ཙ་ལིནྡའི་སྨད་གཡོགས་ཚོམ་བུའི་སྤྲས་པས་སྒེག་ པའི་ཉམས། །པུཎྜ་རཱི་ཀའི་ཕྲེང་བ་ཆུན་འཕྱང་མགུལ་རྒྱན་དོ་ཤལ་ཅན། །ཕྱག་ཞབས་རིན་ཆེན་ཕྲེང་བ་སིལ་སིལ་སྒྲ་ལྡན་བརྒྱུས་པ་ཡིས། །ཁྱེད་སྐུ་ལྷ་དང་རིག་འཛིན་བུ་མོའི་ཚོགས་ཀུན་ངོ་མཚར་གྱུར། །ལྷ་མོ་གཞོན་སྒེག་ལང་ཚོར་ལྡན་པ་སྐྱེ་དགུའི་ཡིད་འཕྲོག་མ། །ཡིད་ འོང་འཛུམ་པའི་བཞིན་ཅན་མིག་དཀྱུས་རིང་པོའི་ཟུར་གྱིས་ནི། །སྨིན་མ་གཡོ་བའི་གར་ཅན་ཁྱོད་སྐུ་རྟག་ཏུ་དྲན་བྱེད་ལ། །རབ་ཏུ་དགྱེས་པའི་ཉམས་ཀྱིས་གཟིགས་ཤིང་ཁོ་བོ་རྗེས་སུ་བཟུང་། །མཛད་སྤྱོད་བགས་ཀྱིས་དལ་ཞིང་གསོང་པོར་སྨྲ་བའི་ངང་ཚུལ་ཅན། །མཱ་ལི་སར་ པའི་དྲི་ལྡན་ནུ་ཞོ་ནུ་བར་འདོད་པ་ལ། །རེག་པས་དགའ་བའི་ནུ་ཞོ་སྟོབ་བྱེད་ཁྱེད་ལ་རྟག་ཏུ་བསྟོད་པའི་བུ། །སྙིང་ནས་ཡུས་ཆེ་ཤས་ཆེར་ངུ་བའི་གདུང་བ་ཚིམ་མཛད་མ། །དེ་ཡི་ཡིད་ལ་བསྟོད་པའི་ཟོལ་ཚིག་ཅ་ཅོར་མ་ངེས་པ་ཡི་སྒྲ། །སྨྲ་བའི་ག་ཞས་འདིར་ སྤེལ་ཉིད་ཀྱི་ཐུགས་ལ་བས་གྱུར་མོད། །འོན་ཀྱང་ཁོ་བོའི་བློ་ནི་འདིར་ཟད་བུ་ཡི་ཉེས་པ་རྣམས། །མ་ཡིས་བཟོད་མཛོད་བརྩེ་བས་སླར་ཡང་བུ་ནི་རབ་ཏུ་སྐྱོངས། །སྙིང་གི་ཆུ་སྐྱེས་འདབ་བརྒྱད་དཀར་པོ་ཟེའུ་འབྲུའི་ཕྲེང་བ་ཅན། །དམར་སེར་མཛེས་པའི་མཚམས་ནས་འོད་ཀྱི་དྲ་བ་ རབ་ཏུ་དགྱེ། །གེ་སར་འཇམ་པའི་རྩེ་མོར་བསིལ་ཟེར་ཅན་ནི་རབ་གནས་པའི། །དབུས་སུ་ཆུ་ཤེལ་མདོག་འཛིན་ཧྲཱིཾ་གི་ཕྲེང་བས་སྒྲིབ་གཉིས་འཇོམས། །འདབ་མ་རེ་རེར་གཉིས་གཉིས་བཞུགས་པའི་ཨ་ཨཱ་ལ་སོགས་དབྱངས་ཡིག་རྣམས། །གཡས་སུ་བསྐོར་བའི་རིམ་པས་མར་ མེའི་ཕྲེང་བ་འབར་བ་ལྟར། །ཀུན་ནས་འོད་ཟེར་འཕྲོ་བའི་རྒྱན་ལྡན་རྩེ་མོའི་རང་བཞིན་གྱིས། །ཡིད་ཀྱི་དྲི་མ་མུན་ནག་རྣམ་བསལ་བློ་གྲོས་མཆོག་སྩོལ་མཛོད། །སྲོག་གི་འོད་ཟེར་སྐྲ་ཡི་ཁྱོད་ཙམ་ཕྲ་བའི་ཆ་ཤས་ཀྱིས། །རྩོལ་བའི་སྒོ་ནས་མྱུར་བར་ལྷ་མོའི་ཐུགས་ལ་རེག་གྱུར་པས། ། འཁོར་ལོ་གཉིས་པ་བསྐོར་བས་རྣམ་པ་བདུན་པའི་མཆོད་སྤྲིན་ཅན། །འཇུག་པའི་རླུང་ཞོན་རང་སེམས་ཡེ་ཤེས་རྒྱས་མཛད་དེ་ལ་འདུད། །དེ་རྗེས་ཧྲཱིཾ་གི་ཕྲེང་བ་མུ་ཏིག་དོ་ཤལ་མགལ་མེ་ཡི། །འཁོར་བའི་ཚུལ་དུ་འཁོར་བ་ཞལ་གྱི་སྒོ་ནས་འཐོན་གྱུར་ཅིང་། །ལྟེ་བའི་དཀྱིལ་ འཁོར་ནས་ཞུགས་སླར་ཡང་ས་བོན་ཚ་ཟེར་རྩེར། །འབར་བའི་མོད་ལ་དབྱངས་ཅན་ངག་སྟེར་ཁྱོད་ཞབས་སྤྱི་བོས་བླང་། །ལྷ་མོ་གཙང་སྦྲ་ལ་དགའ་བརྫུན་སྤངས་འབྱུང་པོའི་ཟས་དོར་ཞིང་། །ཚངས་སྤྱོད་བརྟུལ་ཞུགས་ཅན་གྱིས་ཉིན་རེ་དྲན་བྱས་ཡུམ་བོས་ན། །སླར་ཡང་ངག་ གི་དབང་ཕྱུག་ཅི་བཞེད་གསུངས་པའི་གད་མོ་ཡིས། །དཀར་གསུམ་ཟས་ཀྱི་དགའ་སྟོན་ཚུལ་གྱིས་དངོས་གྲུབ་སྩོལ་ལ་འདུད། །དེ་ལྟར་ཁྱོད་བསྟོད་ལྷུར་ལེན་གང་ཡིན་དེ་ནི་ཡོན་ཏན་གྱིས། །དབུལ་གྱུར་སྣ་ཚོགས་རིགས་པའི་གཞུང་ལུགས་རྣམས་ལས་ངེས་པའི་དོན། །མྱུར་ རྟོགས་ས་གསུམ་སྐྱེ་བོའི་གཞུང་སྒྲོན་གཏི་མུག་མུན་པ་རྣམས། །རབ་བསལ་རྒྱལ་བའི་དབང་པོ་འོད་དཔག་མེད་འདྲ་ཐོབ་པར་ཤོག །འདིར་ནི་འཕགས་དང་མཁས་པའི་སྐྱེ་བོ་ཕུལ་བྱུང་ཚོགས་རྣམས་སྟོན། །བདག་འདྲ་ཁུམས་ཤིང་མུ་ཅོར་སྒྲོགས་པ་དང་ཚུལ་མི་ཤེས་མོད། ། ཁྱོད་ཀྱི་རྗེས་ཞུགས་ལན་ཅིག་མ་ཡིན་ཚིག་དོན་གོམས་བྱའི་ཕྱིར། །སྡེབ་སྦྱོར་གཙོར་བྱས་བྲག་ཅའི་སྒྲ་མཚུངས་འདི་ནི་བསྟོད་པར་རིགས། །ཚིག་འདི་གང་གིས་མཐོང་ངམ་ཐོས་སམ་རྟག་ཏུ་དྲན་བྱེད་དམ། །ཀློག་དང་ཁ་དོན་བྱེད་དང་བསམ་དོན་ཆུབ་བྱེད་པ། །ཡི་གེར་བྲིའམ་ གཞན་ལ་རྒྱ་ཆེར་རབ་ཏུ་སྟོན་ཀྱང་རུང་། །དེ་ཡི་སེམས་དང་ངག་ལ་དཔལ་ལྡན་ལྷ་མོ་དབྱངས་ཅན་མྱུར་འཇུག་ཤོག །ཚངས་པའི་བུ་མོ་དབྱངས་ཅན་མ་ལ་བསྟོད་པས་གྲུབ་པ་ངག་གི་འོད་ཟེར་ཞེས་བྱ་བ། །ལྷ་མོ་ཉིད་ཀྱིས་དངོས་སུ་བྱིན་གྱིས་བརླབས་པའི་བྲམ་ཟེ་ཕུར་བུས་ མཛད་པ་རྫོགས་སོ།། །།སུམ་པ་ལོ་ཙཱ་བ་དར་མ་ཡོན་ཏན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་སྭ་ར་སྭ་ཏཱི་དེ་ཝཱི་ནོ་པི་ཀཾ། བོད་སྐད་དུ། དཔལ་ལྷ་མོ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། རྡོ་རྗེ་དབྱངས་སྙན་མ་ལ་ཕྱག་འཚལ་ལོ། །གངས་ རི་ལྟར་དཀར་ཟླ་རྒྱས་ཞལ་མངའ་དྲི་མེད་བསིལ་ཞིང་གསལ་བའི་འོད་ཟེར་ཕྲེང་བ་ཅན། །སྒེག་ཆགས་འགྱིང་དུལ་འཛུམ་པའི་མདངས་དཀར་ལྷ་ཡི་ལྷ་མོ་ཀུན་ནས་མཛེས་པའི་གཟི་ལྡན་མ། །སྟོང་ཕྲག་དྲུག་ཅུའི་ཡན་ལག་དབྱངས་སྙན་རྒྱུད་མངས་རོལ་མོ་ཨུཏྤལ་རལ་གྲིས་ཕྱག་མཚན་ ཅིང་། །འཇིག་རྟེན་གསུམ་སྐྱབས་མཁའ་དང་རྒྱ་མཚོའི་རྒྱན་གྱུར་བློ་གྲོས་ལྷ་མོ་རྒྱལ་གྱུར་ཅིག །ཕ་རོལ་རྒོལ་བ་ཚར་གཅད་དང་། །མཐའ་ཡས་སྤོབས་པ་ཀུན་བསྐྱེད་དང་། །སྣ་ཚོགས་ཕྲིན་ལས་བདེ་བསྒྲུབ་ཕྱིར། །དབྱངས་ཅན་ལྷ་མོ་བསྒྲུབ་པར་བྱ། །འཕགས་མ་དེ་རྟག་ མགོན་བཟུང་ནས། །འགྲོ་སྐྱབས་དོན་ཀུན་མྱུར་བརྩོན་པས། །སྨན་ལྗོངས་རབ་དགར་བྲག་རིར་ནི། །རྣམ་གཡེང་སྤངས་ཏེ་ཚོགས་བསག་དང་། །དུས་སྙིགས་བར་ཆད་ཀུན་བསལ་ཕྱིར། །སྔོན་དུ་སྔགས་པས་རྡོ་རྗེ་འཛིན། །མཉེས་བྱས་དེ་རྗེས་སྙིང་རྗེའི་ཡིད། །རབ་སྦྱངས་རྡོ་རྗེ་ལྷ་ མོ་བསྒོམ། །སྔགས་བདག་ང་རྒྱལ་ལ་བརྟན་སྲོག །རྩ་བའི་ཡི་གེ་སྒྲོན་འདྲ་ཡི། །ཟེར་སྤྲོས་ནས་ནི་རྒྱ་མཚོ་ནས། །དབྱངས་ཅན་འཁོར་ལོ་མདུན་དུ་དགུག །ཨོཾ་ཨེ་ཧྱེ་ཧི་བཛྲ་དེ་ཝཱི་མ་ཧཱ་ཙཀྲ་ས་མ་ཡ་སྟྭཾ་ས་མ་ཡ་ཛཿ། གཞལ་མེད་སྲོག་གི་འོད་ཟེར་གྱིས། །འཁོར་ལོ་སྐུ་ དང་ཐུགས་འཁོར་ལོ། །སྣ་ཚོགས་འོད་འབར་དྲི་མེད་མཛེས། །མཁའ་ལྟར་ཟླ་རྒྱས་ལྟར་དྲངས་ཏེ། །རབ་དང་ཀུན་དགས་ཁྲུས་སོགས་དབུལ། །མེ་ཏོག་བདུག་པ་མར་མེ་དྲི། །ཞལ་ཟས་རོལ་མོ་རྒྱན་ཕྲེང་དག །པི་ཝང་ལྷན་ཅིག་སྔགས་བཅས་མཆོད། །འབྲུ་གསུམ་གླུ་ གར་ལྡན་བྱས་བསྟོད། །ཕྱག་མཆོད་ལ་སོགས་རྒྱུད་ཀུན་གྱིས། །མཉེས་བྱ་གསོལ་བྱ་བསྟིམ་པར་བྱ། །གནས་ལ་གནས་དང་ལུས་ལ་སྐུ། །སྙིང་དཀྱིལ་འཁོར་ལོ་ཕྱག་རྒྱས་གདབ། །ཤེལ་དང་བཻཌཱུར་རཱ་ག་དང་། །གསེར་བཟང་ལས་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་ བཞི་རྟ་བབས་མཛེས། །སྣ་ཚོགས་རྒྱན་རྣམས་ཀུན་གྱིས་སྤྲས། །དེ་དབུས་རྡོ་རྗེ་ལྷ་མོ་ནི། །པད་ཟླ་རྡོ་རྗེ་སྐྱིལ་ཀྲུང་མནན། །བརྒྱད་གཉིས་ན་ཚོད་ཡིད་འོང་མ། །འཇིག་རྟེན་གསུམ་ན་མཚུངས་མེད་པའོ། །དེ་སྐུ་ལྡེམ་སྒེག་ཞལ་འཛུམ་ཕྱག །བཞི་ལྡན་རལ་གྲི་ཨུཏྤལ་དང་། །རྒྱུད་ མངས་པི་ཝང་སྦྲེང་མཛད་བརྩོན། །ཉི་ཤར་གངས་རི་ལྟར་དཀར་བལྟ། །ཐུགས་ཀར་རབ་དཀར་ཤེས་རབ་ཀྱི། །སྙིང་པོ་དཀར་མཛེས་ཧྲཱིཾ་ཡིག་གི། །འོད་ཚོགས་རབ་འཇམ་དཀར་སྐྱེ་བས། །བུམ་ནང་སྒྲོན་མ་འབར་བ་བཞིན། །སྤྲིན་མེད་མཁའ་དཀྱིལ་ཟླ་སྐར་ལྟར། །རྣམ་དག་འཁོར་ལོ་ འོད་མཛད་གཟི། །རིམ་པས་དབུས་ནས་མཐར་སྣང་བྱ། །ཉི་ཟེར་ཁ་ཕྱེ་པད་འདབ་ཚུལ། །རྩ་བའི་འབྲུ་འདི་སྙིང་འདབ་ཀྱི། །དབུས་བཞུགས་བཞི་གཉིས་ཁ་ཕྱེ་ནས། །གཉིས་གཉིས་ང་རོ་བཅུ་དྲུག་རྒྱས། །དེ་སྤྲོས་གེ་སར་ཟེའུ་འབྲུ་ཕྱེ། །འདབ་བཅས་ཡི་གེ་འོད་འབར་བས། །སླར་ཡང་ བདུད་རྩིའི་ཟིལ་མངར་བླང་། །དཀར་འཇམ་སྣུམ་མཉེན་མཁྲེགས་དང་སྲབ། །ཡིད་འོང་དྲི་མས་མ་གོས་པའོ། །ཟིལ་མངར་སྙིང་གི་མུན་སེལ་ལ། །སྙིང་འདབ་སྙིང་པོས་སླར་ཡང་དེའི། །ཟིལ་མངར་རྒྱས་བྱེད་ཡང་ཚུར་འོད། །རབ་སྤྲོས་ཕྱི་ནང་ཀུན་དག་བྱེད། །ཇི་སྲིད་མ་ཡེངས་མི་ སྐྱོ་བར། །བདག་གཞན་མཁའ་ཁྱབ་ཀུན་བཀང་ལ། །སྡིག་སྡུག་ཡིད་ཀྱི་མུན་པ་རྣམས། །ཉི་མས་མུན་བསལ་ཇི་བཞིན་ནོ། །རྩ་བའི་ཡི་གེ་མཆོག་གཅིག་ལ། །གཡེང་མེད་འབུམ་ཕྲག་བཅོ་ལྔ་བཟླས། །དངོས་དང་རྨི་ལམ་བརྡ་གཟུགས་ཀྱི། །ལྟས་གསུམ་ཕྱི་རོལ་ མཐོང་བར་འགྱུར། །དེ་འོག་པདྨ་འཁོར་ལོ་སྒྱུར། །དབྱངས་ཡིག་རལ་གྲི་ཕྱེད་མཚན་པར། །སྐད་ཅིག་རྣམ་པས་བསྒྱུར་ཞིང་བསྐོར། །གསང་སྔགས་འབུམ་ཕྲག་བཟླས་པར་བྱ། །ཨོཾ་བཛྲ་དེ་ཝཱི་པི་ཙུ་པི་ཙུ་པྲཛྙཱ་བཌྜྷ་ཧྲཱིཾ་ཧཱུཾ། རང་སྙིང་མུན་སེལ་བརྟན་པ་དང་། །གཞན་ ཡིད་མུན་སེལ་གཡོ་བ་ཡིས། །འབུམ་ཕྲག་གསུམ་ནི་རྩེ་གཅིག་བཟླས། །ལྐུགས་པའང་ངག་གི་དབང་ཕྱུག་འགྱུར། །ནང་སྐྱེ་ཟླ་རྒྱས་པ་ཝ་སངས། །གསུང་བ་སྒྲོན་མ་འབར་བ་མཐོང་། །བརྡ་གསུམ་གཟུགས་སྒྲ་ཡིད་ཤེས་ཏེ། མཚོན་ཆའི་འཁོར་ལོ་རྟགས་ གཞན་ཡིན། །དེ་ལ་སྦྱིན་སྲེག་སྔོན་སོང་བས། །བརྒྱ་རྩ་བརྒྱད་མཆོད་བློ་གྲོས་སྤེལ། །དེ་ཡིས་ཚར་གཅད་རྗེས་གཟུང་ལས། །ལྔ་ཕྲག་གཉིས་འགྲུབ་ཐེ་ཚོམ་མེད། །རྩོད་དང་དགྲ་འདུལ་དུག་གཞིལ་དང་། །འཆི་བདག་བཟློག་པ་དང་པོ་སྟེ། །བློ་གྲོས་སྔགས་རིག་སྙན་དངགས་ དང་། །ཀློག་དང་སྔགས་འགྲུབ་གཉིས་པ་ཡིན། །ཡང་ན་ཐོག་མ་གཉིས་རྩེ་མོས། །ལྷག་མ་བཞི་བཞི་ལྷ་མོ་གཞན། །འཁོར་ཡིན་ལྔ་གཉིས་དཀྱིལ་འཁོར་མཛེས། །དེ་བཞིན་གཉིས་གཙོ་གཞན་བརྒྱད་འཁོར། །རྡོ་རྗེ་ལྷ་མོ་ལ་གནས་ལྕེ། །འཁོར་ལ་དབྱངས་ལྡན་རལ་ གྲི་བསྐོར། །ཕ་རོལ་སྲོག་དང་ལྕེ་བསྐུམ་ནས། །གསལ་བྱེད་མགྲིན་བཀང་རྩོད་ལས་རྒྱལ། །མཚན་ངན་ཐོད་པ་དགྲ་བོའི་གཟུགས། །མཱ་ར་ཡ་ནན་ལ་འབུམ་བཟླས། །གྲི་མཚོན་གྱིས་གཏུབས་རོ་རས་དཀྲིས། །འདྲེ་གནས་སར་མནན་ངེས་པར་འཆི། །ལྷག་པའི་ ལྷས་བརྒྱན་ལྷ་མོ་ཉིད། །ཁྲོ་མོ་ཞལ་བརྒྱ་ཕྲག་སྟོང་ཅན། །ལྕགས་ཀྱུ་ཞགས་པ་རལ་གྲི་ཡིས། །བཀུག་ཅིང་བསྣུན་ན་ཤིན་ཏུ་འཇོམས། །དམ་ཚིག་ལྷ་མོས་ཡེ་ཤེས་ཀྱི། །ལྷ་དྲངས་བུམ་པར་བདུད་རྩི་བསྒྲུབ། །སྨིན་མཚམས་པདྨོའི་ཧྲཱིཾ་ཐིག་ལེ། །རྒྱུན་འཛག་ དུག་གཞིལ་འབྱུང་བར་བྱ། །སྙིང་དཀྱིལ་སྲོག་ཡིག་རིན་ཆེན་སྒྲོན། །རྡོ་རྗེ་འབར་བའི་མེ་འོད་གསལ། །ཨ་ཕྲེང་ཀ་ཕྲེང་སྤེལ་བསྐོར་གཟིགས། །གུར་ཕུབ་རྒྱུན་འབེབས་འཆི་མེད་འགྱུར། །ཇི་སྐད་སྔར་བཤད་ལྷ་མོ་ཉིད། །དེ་བཞིན་ལྷ་མོ་ལྔ་ལྔ་དགུ། །སྣ་གསུམ་ བདག་གི་སྙིང་ལ་བསྒོམ། །བློ་གྲོས་རབ་འཕེལ་གདོན་མི་ཟ། །དཔལ་མོའི་མགྲིན་པར་ཆུ་སྐྱེས་དབུས། །དུང་དཀར་གཡས་འཁྱིལ་སྦུབས་ལྟར་བ། །ང་རོ་བཅུ་དྲུག་གསང་བསྟོད་སྒྲོགས། །དེ་མྱུར་ཚངས་དབྱངས་ངག་ཐོབ་འགྱུར། །གཙང་ཞིང་རབ་གཙང་པད་སྙིང་དབུས། །གཞའ་རིས་དཔལ་བེའུ་འོད་ཟེར་ གསལ། །གློག་ཕྲེང་རྒྱུན་འདྲ་རྡོ་རྗེའི་ལྕེ། །རྣམ་བསྐྱོད་སྙན་དངགས་མཁན་འདྲར་འགྱུར། །འདམ་སྐྱེས་རི་བོང་རྡོ་རྗེ་ཡིས། །སྦྱོར་བས་ལྕེ་རྩེར་ཚངས་ཡིད་བསྐྱེད། །ལྷ་མོའི་ལྗགས་སྐྱེས་རྡོ་རྗེ་ལྟུང་། །དེ་བླངས་ཀ་ལ་པིང་ག་མཚུངས། །རྗེ་བཙུན་ལྗགས་པད་ཟླ་སྟེང་དུ། །དབྱངས་གསལ་རྡོ་རྗེ་རལ་གྲིས་མཚན། །བྲོ་ གར་འགྱུ་བཀླགས་ཡེ་ཤེས་བཀུག །དེ་རྒྱུན་སུས་འཐུངས་འགྲུབ་པར་འགྱུར། །ཐུན་མཚམས་གཙང་ཞིང་རབ་དཀར་ཟས། །མངར་བསིལ་སྣ་ཚོགས་བཏུང་བར་བྱས། །འབྲུ་གསུམ་རང་སྔགས་བྱིན་བརླབས་ལ། །བདུད་རྩིའི་སྦྱོར་བས་གཏོར་མ་སྦྱིན། །ཨོཾ་ཨཱཿབཛྲྀ་ཤྲཱི་དེ་ཝཱི་ས་པ་རི་ཝཱ་ར་ཨ་མྲྀ་ཏེ་བ་ ལིཾ་ཏ་ཁཱ་ཧི་ཁཱ་ཧི། མ་མ་སརྦ་སིདྡྷི་ཧཱུཾ་ཕཊ་སྭཱ་ཧཱ། འཇམ་དབྱངས་ལྷ་མོ་དབྱངས་སྙན་མ། །རབ་མཛེས་ཚངས་དབྱངས་བློ་བཟངས་མ། །མཚུངས་མེད་སྙིང་དབུས་མགྲིན་སྐྱོང་མ། །འདོད་དགུར་བསྒྱུར་ལ་ཕྱག་འཚལ་ལོ། །བདེ་ལྡན་ངག་གི་དབང་ཕྱུག་མ། །མི་འཚེ་མི་སླུ་ཚེ་འཛིན་མ། །བག་ཡོད་ཡིད་འོང་ ནོར་སྟེར་མ། །ཚངས་སྤྱོད་ཚངས་རིགས་མ་ཁྱོད་འདུད། །དཔལ་ལྡན་དབྱངས་ཅན་བརྟག་པའི་དེ་ཉིད་རྒྱ་མཚོ་མཁའ་དང་གཏེར་ལྟར་ཟབ་ཅིང་རྒྱ་ཆེ་སྦས་པ་ལས། །རྡོ་རྗེ་ལྷ་མོ་རི་དབང་ཕུང་པོ་སངས་རྒྱས་ཁང་བཟངས་ལྔ་ཕྲག་གཉིས་སྒྲུབ་ཉེས་ཚོགས་དྲི་མ་ཀུན་བསལ་འདི། །ཟླ་ཟེར་བསིལ་བས་ཀུ་ མུད་ལྟར་ཕྱེ་དེ་ཡི་ལམ་ནས་དགེ་འོད་རིན་ཆེན་འབར་བའི་སྒྲོན་མཐུས་གང་ཐོབ་དེས། །མ་ལུས་ལུས་ཅན་རྡོ་རྗེ་ལྷ་མོའི་དབྱངས་སྙན་མྱུར་ཐོབ་ཚངས་ཆེན་ང་རོས་ས་གསུམ་རྣམ་པར་རོལ་བར་ཤོག །དཔལ་རྡོ་རྗེ་དབྱངས་སྙན་མའི་སྒྲུབ་ཐབས་སྙན་ངག་མཁན་ཆེན་པོ་སློབ་དཔོན་ཟླ་བ་གཞོན་ནུས་མཛད་པ་ རྫོགས་སོ།། །།རྣམ་པར་བཤད་པའི་པཎྜི་ཏ་མཁས་པ་ཆེན་པོ་བུདྡྷ་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བ་སུ་དྷ་རཱ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ནོར་རྒྱུན་ མའི་སྒྲུབ་ཐབས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་ཀུན་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །དབུལ་བ་ཀུན་ལས་སྒྲོལ་མཛད་ཅིང་། །ཆོས་མིན་སེལ་བར་མཛད་པ་མོ། །ཕུན་ཚོགས་ཡང་དག་སྩོལ་མཛད་མ། ། ནོར་རྒྱུན་མ་ལ་རྟག་ཕྱག་འཚལ། །སྦྱིན་བྱ་དང་སྦྱིན་པ་པོ་སྟེ་གསུམ་པོ་མི་དམིགས་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་དག་པ་ཆོས་རྣམས་ཐམས་ཅད་རང་བཞིན་གྱིས་དག་པ་དེ་ཉིད་དོ། །སྟོང་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་ངའོ། །དེ་ལས་ལངས་ནས་རང་གི་སྙིང་ཁར་པཾ་ཡིག་ གིས་པདྨ་དང་དེའི་སྟེང་དུ་ཨ་ཡིག་གིས་ཟླ་བའི་དཀྱིལ་འཁོར་ཏེ། དེའི་སྟེང་དུ་ཙླུཾ་གི་ཡི་གེས་བདག་ཉིད་བཅོམ་ལྡན་འདས་མ་ནོར་རྒྱུན་མར་བསྒོམ་པར་བྱ་སྟེ། ཕྱག་གཉིས་མ་རིན་པོ་ཆེའི་ཅོད་པན་ཅན། སྐུ་མདོག་སེར་མོ་ཞལ་གཅིག་མ། །རོལ་པའི་སྟབས་ཀྱིས་བཞུགས་པ། ། ཕྱག་མཆོག་སྦྱིན་དང་། བུམ་པ་བཟང་པོ་ཅན་ནོ། །ཨོཾ་ཤྲཱི་བ་སུ་དྷ་རོ྅ཧཾ། ཨ་ཡིག་གིས་ཟླ་བའི་དཀྱིལ་འཁོར་ཏེ། ཨཱ་ཡིག་གིས་ཉི་མའི་དཀྱིལ་འཁོར་རོ། །ཨོཾ་བཛྲ་པདྨ་ཧ་སྟྭཾ་ཧཾ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། གསུམ་མོ། །ཨོཾ་བཛྲོ་པ་མེ་ཊ་ཋ་ཀེ་ཧཱུཾ་སྭཱ་ཧཱ། གསུམ་མོ། ཨོཾ་བཛྲ་ཡཀྵེ་ཧཱུཾ། གསུམ་མོ། །ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། བཛྲ་དཱི་པེ་ཧཱུཾ། བཛྲ་གནྡྷེ་ཧཱུཾ། བཛྲ་ནཻ་བི་དྱེ་ཧཱུཾ། ཏིཥྛ་བཛྲ་ཧཱུཾ། བཛྲ་བྷཱུ་མེ་ཧཱུཾ། བཛྲ་ཡཀྵེ་ཧཱུཾ། བ་སུ་དྷ་རེ་སྭཱ་ཧཱ། དེ་ནས་རང་གི་སྙིང་གར་གནས་པའི་ཙླུཾ་གི་ཡི་གེའི་འོད་ཟེར་སྟེང་ཕྱོགས་ཡང་དག་པར་བཀང་ནས་འོག་མིན་གྱི་སྲིད་པར་གནས་ པའི་ཐོག་མ་མེད་པ་ནས་གྲུབ་པའི་བཅོམ་ལྡན་འདས་མ་ནོར་རྒྱུན་མ་སྤྱན་དྲང་བར་བྱ་སྟེ། ཨོཾ་ཤྲཱི་ཀ་རི་དྷཱ་ནྱ་ཀ་རི་ཨཱ་གཙྪ་ཨཱ་གཙྪ་བྲཱི་སྭཱ་ཧཱ། གསུམ་མོ། །ཨུ་ཀེ་བྷུ་ཀེ་ཝཪྵ་ཎི་པྲ་ཝཪྵ་ཎི། ནིཥྤ་ད་ནི་བ་སུ་དྷ་རཱ་བྷཱཊྚཱ་ར་ཀཱ་ཡེ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། པྲོཀྵ་ཎཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨཉྩ་ མཱ་ཎཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཛཿཧཱུཾ་བཾ་ཧོཿ། རང་རང་གི་གདན་ལ་བཞུགས་པར་བསམས་ནས་མེ་ཏོག་བཀོད་པར་བྱའོ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་ཤྲཱི་བ་སུ་དྷ་རེ་སྭཱ་ཧཱ། ཨོཾ་བ་སུ་དྷ་རེ་བ་སུ་བིཥྚི་པཱ་ཏ་ཡ་བ་སུ་དྷ་རེ་སྭཱ་ཧཱ། ཛླུཾ་ཙླུཾ་བ་སུ་དྷ་རེ་སྭཱ་ཧཱ། ལཀྵི་བྷཱུ་ཏ་ལ་ནི་བཱ་ས་ནཱི་ཡེ་སྭཱ་ཧཱ། བཛྲ་དྷ་ར་སཱ་ག་ར་ཎི་གྷོ་ཥ་ཏཱ་ཡ་སྭཱ་ཧཱ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་སྭཱ་ཧཱ། བཛྲ་པཱ་ཎི་ཡཀྵ་སེ་ནཱ་དྷི་པ་ཏ་ཡེ་སྭཱ་ཧཱ། ཨི་ལ་དེ་ཝཱི་ཡེ་སྭཱ་ཧཱ། ཛཾ་བྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། པི་ཙི་ཀུཎྜ་ལཱི་ནེ་སྭཱ་ཧཱ། ཀི་ལི་མཱ་ལཱི་ནེ་སྭཱ་ཧཱ། མུ་ཁེནྡྲཱ་ཡ་སྭཱ་ཧཱ། ཙ་རེནྡྲཱ་ཡ་སྭཱ་ཧཱ། གུཔྟ་དེ་ཝཱི་ཡེ་སྭཱ་ཧཱ། སུ་གུཔྟ་དེ་ཝཱི་ཡེ་སྭཱ་ཧཱ། ཤ་ར་སྭ་སྟྭི་དེ་ཝཱི་ཡེ་སྭཱ་ཧཱ། ཙནྡྲ་ཀནྟཱ་དེ་ཝཱི་ཡེ་སྭཱ་ཧཱ། མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། པཱུརྞ་བྷ་དྲཱ་ཡ་སྭཱ་ཧཱ། དྷ་ན་དཱ་ཡ་སྭཱ་ཧཱ། བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། བ་རུ་ཎ་ནཱ་ག་རཱ་ཛཱ་ ཡེ་སྭཱ་ཧཱ། ཨིནྡྲཱ་ཡ་སྭཱ་ཧཱ། ཡ་མཱ་ཡ་སྭཱ་ཧཱ། བ་རུ་ཎཱ་ཡ་སྭཱ་ཧཱ། ཀུ་བེ་རཱ་ཡེ་སྭ་ཧཱ། ཨགྣ་ཡེ་སྭཱ་ཧཱ། ནཻ་ཪྼྀ་ཏྱེ་སྭཱ་ཧཱ། བཱ་ཡ་བེ་སྭཱ་ཧཱ། ཨཱི་ཤ་ནཱ་དྷི་པ་ཏ་ཡེ་སྭཱ་ཧཱ། ཨེ་ཏེ་ཥཱཾ་མ་མ་སརྦ་སཏྭཱ་ནཱཾ་སརྦ་སཱ་དྷ་ནཱཾ་ཧི་ར་ཎྱ་སུ་བརྞྞ་ནི་དྷ་ནཱ་ནཱཾ་དེ་ཧི་མཾ་ད་དཱ་བ་ཡེ་སྭཱ་ཧཱ། བ་སུ་དྷ་ རཱི་ཡེ་སྭཱ་ཧཱ། པུཥྤེ་བ་སུནྡྷ་རཱི་ཡེ་སྭཱ་ཧཱ། དྷཱུ་པ་བ་སུ་དྷ་རཱི་ཡེ་སྭཱ་ཧཱ། དཱི་པ་བ་སུ་མ་ཏི་པྲི་ཡཱ་ཡེ་སྭཱ་ཧཱ། གནྡྷ་བ་སུ་དྷཱ་ར་དྷཱ་ར་ཎཱི་ཡེ་སྭཱ་ཧཱ། ནཻ་བི་དྱེ་བཛྲ་པུཥྤེ་སྭཱ་ཧཱ། བཛྲ་བཱ་ཡེ་སྭཱ་ཧཱ། བཛྲ་དཪྴ་ན་ཕ་ལཱ་ཡ་སྭཱ་ཧཱ། བཛྲ་ཏཾ་བུ་ཡཻ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། བཛྲ་སཏྭཱ་སཾ་ གྲ་ཧ། བཛྲ་རཏྣ་མ་ནུཏྟར། བཛྲ་ཀརྨ་ཀ་རོཏྦྷ་བ། བཛྲ་དྷརྨ་གཱ་ཡ་སྭཱ་ཧཱ། བཛྲ་ལཱ་སྱེ་ཧཱུཾ། བཛྲ་མཱ་ལེ་ཏྲཱཾ། བཛྲ་གཱི་ཏི་ཧྲཱིཿབཛྲ་ནྲྀ་ཏྱེ་ཨཿ བཛྲ་པུཥྤེ་ཧཱུཾ། བཛྲ་དྷཱུ་པེ་ཏྲཱཾ། བཛྲ་ཨཱ་ལོ་ཀེ་ཧྲཱིཿ། བཛྲ་གནྡྷེ་ཨཱཿ། ན་མ་སྟེ་ཧཱུཾ། ན་མཿམི་ཧཱུཾ། ན་མོ་ན་མ་ཧཱུཾ་སྭཱ་ཧཱ། རྟོག་ པར་གསུངས་པ་ཞེས་བྱ་བ་ལ་སོགས་པས་བསྟོད་དེ། དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །ཡང་ན་བགྱིད་སྩལ་རྗེས་སུ་ཡི་རང་གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་ད་ལྟ་སོ་སོར་བཤགས་པར་བགྱི། །བདེ་གཤེགས་སྲས་ ཀྱི་ཚོགས་གཉིས་ཟབ་པ་དང་། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་པ་ལ། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཏེ་བྱམས་པ་ནི་བུ་གཅིག་པ་ལྟར་མཉེས་གཤིན་པའི་རྣམ་པ་ ཅན་གྱི་མཚན་ཉིད་དོ། །སྙིང་རྗེ་ནི་སྡུག་བསྔལ་ལམ་སྡུག་བསྔལ་གྱི་རྒྱུ་ལས་ཡང་དག་པར་འདོན་པར་འདོད་པ་ཉིད་དོ། །དགའ་བ་ནི་སྣ་ཚོགས་རྣམས་ཀྱི་དགེ་བ་དང་དེ་རྣམས་ཀྱི་ལོངས་སྤྱོད་དང་དབང་ཕྱུག་རྣམས་ལ་སེམས་མགུ་བ་ཉིད་དོ། །བཏང་སྙོམས་ནི་རྙེད་པ་ དང་མ་རྙེད་པ་དང་གྲགས་པ་དང་མ་གྲགས་པ་དང་། བསྟོད་པ་དང་སྨད་པ་དང་བདེ་བ་དང་སྡུག་བསྔལ་ཞེས་པ་འཇིག་རྟེན་གྱི་ཆོས་བརྒྱད་ལ་སོགས་པ་ལས་ཕྱིར་ཕྱོགས་པ་ཉིད་དོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུད་དྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ ཀོ྅ཧཾ། དེ་ནས་སྔོན་གྱི་སྨོན་ལམ་གྱི་ནུས་པས་ཡཾ་གིས་རླུང་གི་དཀྱིལ་འཁོར་ཁ་དོག་སྔོན་པོ་གཞུ་དང་འདྲ་བ་གཡོ་བའི་བ་དན་གྱིས་མཚན་པར་བྱས་པ་ཡཾ་ཡིག་བྱིན་གྱིས་བརླབ་པའོ། །དེའི་སྟེང་དུ་རཾ་ཡིག་གིས་མེའི་དཀྱིལ་འཁོར་ཟུར་གསུམ་པ་འབར་བས་མཚན་ པར་བྱས་པ་རཾ་ཡིག་གིས་བྱིན་གྱིས་བརླབ་པའོ། །བཾ་ཡིག་གིས་ཆུའི་དཀྱིལ་འཁོར་ཟླུམ་པོ་ཁ་དོག་དཀར་པོ་བུམ་པས་མཚན་པས་བཾ་ཡིག་གིས་བྱིན་གྱིས་བརླབ་པའོ། །ལཾ་ཡིག་གིས་སའི་དཀྱིལ་འཁོར་གྲུ་བཞི་པ་ཁ་དོག་སེར་པོ་རྡོ་རྗེས་མཚན་པ་ལཾ་ ཡིག་གིས་བྱིན་གྱིས་བརླབ་པའོ། །སུཾ་ཡིག་གིས་རི་རབ་གྲུ་བཞི་པ་རིན་པོ་ཆེ་བཞིའི་རང་བཞིན་རྩེ་མོ་བརྒྱད་ཀྱིས་ཉེ་བར་མཛེས་པའོ། །ཧཱུཾ་ཡིག་གིས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཧཱུཾ་ཡིག་གིས་ཁང་པ་བརྩེགས་པ་བསྒོམ་པར་བྱ་སྟེ། གྲུ་བཞི་ པ་སྒོ་བཞི་པ་རྟ་བབས་བཞིས་མཛེས་པ་དྲ་བ་དང་དྲ་བ་ཕྱེད་པས་སྤྲས་པ། ནོར་བུ་དང་རྡོ་རྗེ་ཕྱེད་པ་དང་ཟླ་ཚེས་དང་། རྡོ་རྗེ་རིན་པོ་ཆེ་རྣམས་ཀྱིས་སྒོ་དང་སྒོ་ཁྱུད་ཀྱི་མཚམས་རྣམས་སུ་སྤྲས་པ། བུམ་པ་དང་ཀ་བ་དང་རྡོ་རྗེ་ཆེན་པོ་དང་། ཕྱོགས་ཅན་གྱི་ མདའ་ཡབ་ཅན། དྲིལ་བུ་དང་བ་དན་གྱིས་མཛེས་པ། རྔ་ཡབ་ལ་སོགས་པས་རྣམ་པར་བརྒྱན་པའོ། །དེའི་ནང་དུ་པཾ་ཡིག་འདབ་མ་སྣ་ཚོགས་པའི་པདྨ་འདབ་མ་བརྒྱད་དང་། ཟེའུ་འབྲུ་དང་གེ་སར་དང་ལྡན་པའོ། །དེའི་ སྟེང་དུ་ཨ་ཡིག་གིས་ཟླ་བའི་དཀྱིལ་འཁོར་ཏེ། དེའི་དབུས་སུ་ཙླུཾ་གི་ཡི་གེས་བུམ་པ་བཟང་པོའོ། །བུམ་པ་བཟང་པོ་ཡོངས་སུ་གྱུར་པས་བཅོམ་ལྡན་འདས་མ་ནོར་རྒྱུན་མ་སྐུ་མདོག་སེར་མོ་ཞལ་གཅིག་མ། ཕྱག་དྲུག་མ། རིན་པོ་ཆེའི་ཅོད་པན་ ཅན། རོལ་སྟབས་ཀྱིས་བཞུགས་པ། གཡས་པའི་ཕྱག་དང་པོ་གཏེར་སྟོན་པ། ཕྱག་གཉིས་པས་རིན་པོ་ཆེའི་ཆར་འབེབས་པ། ཕྱག་གསུམ་པས་དེ་བཞིན་གཤེགས་པ་རྡོ་རྗེ་འཆང་རྒྱ་མཚོའི་དབྱངས་ལ་ཕྱག་མཛད་པ། གཡོན་པའི་ཕྱག་ དང་པོས་བུམ་པ་བཟང་པོ། ཕྱག་གཉིས་པས་འབྲས་ཀྱི་སྙེ་མ། ཕྱག་གསུམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེ་བཞིན་གཤེགས་པ་རྡོ་རྗེ་འཆང་རྒྱ་མཚོའི་དབྱངས་ནི་སྐུ་མདོག་ སེར་པོ་ཆོས་གོས་ཀྱི་གྲྭ་འཛིན་པའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི་སྐུ་མདོག་དམར་པོ་ཕྱག་ན་རྔ་ཡབ་ཅན་ནོ། །གནོད་སྦྱིན་གྱི་སྡེའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་ལྗང་གུ་ཕྱག་ན་རྔ་ཡབ་ཅན་ནོ། །ལྷ་མོ་ཨི་དྲ་ལི་མདོག་ སེར་མོ་རིན་པོ་ཆེའི་སྙེ་མ་འཛིན་པའོ། །ཆུའི་དབང་པོ་ཛཾ་བྷ་ལ་སྐུ་མདོག་སྔོན་པོ་ནེའུ་ལེ་དང་། ཤིང་ཐོག་པཱི་ཛ་པཱུ་ར་ཀ་འཛིན་པའོ། །ཙི་པི་ཀུཎྜ་ལི་མདོག་དམར་པོ་ལག་ན་མེ་ཏོག་ཅན་ནོ། །ཀེ་ལི་མཱ་ལི་མདོག་དམར་པོ་ལག་ན་བདུག་སྤོས་ ཅན་ནོ། །སྒོའི་དབང་པོ་མདོག་སེར་པོ་ལག་ན་མར་མེ་ཅན་ནོ། །སྤྱོད་པའི་དབང་པོ་མདོག་དམར་པོ་ལག་ན་དྲི་ཆབ་ཅན་ནོ། །སྦས་མ་མདོག་སྔོ་བསངས་ལག་ན་རྔ་ཡབ་ཅན་ནོ། །ལེགས་སྦས་མ་མདོག་དམར་མོ་ལག་ན་གདུགས་ཅན་ནོ། །དབྱངས་ ཅན་མ་མདོག་སེར་མོ་ལག་ན་རྒྱལ་མཚན་ཅན་ནོ། །ཟླ་ཚེས་མ་མདོག་དཀར་མོ་ལག་ན་བ་དན་ཅན་ནོ། །ནོར་བུ་བཟང་པོ་མདོག་དཀར་པོ་ནེའུ་ལེ་དང་ཤིང་ཐོག་གི་བཱི་ཛ་པཱུ་ར་ཀ་འཛིན་པའོ། །གང་བ་བཟང་པོ་མདོག་སྔོན་པོ་རིན་པོ་ཆེའི་སྙེ་མ་དང་། བཱི་ཛ་ པཱུ་ར་ཀ་འཛིན་པའོ། །ནོར་སྦྱིན་མདོག་དམར་མོ་བུམ་པ་བཟང་པོ་དང་བཱི་ཛ་པཱུ་ར་ཀ་འཛིན་པའོ། །རྣམ་ཐོས་སྲས་མདོག་སེར་པོ་རིན་པོ་ཆེའི་མྱུ་གུ་དང་བཱི་ཛ་པཱུ་ར་ཀ་འཛིན་པའོ། །ཀླུའི་རྒྱལ་པོ་ཆུ་ལྷ་མདོག་དཀར་པོ་སྦྲུལ་ཞགས་འཛིན་པའོ། །ཨོཾ་ཨཱཿ ཧཱུཾ་རང་གི་སྙིང་གར་གནས་པའི་ཙླུཾ་གི་ཡི་གེའི་འོད་ཟེར་གྱིས་སྟེང་ཡང་དག་པར་བཀང་ནས་འོག་མིན་གྱི་སྲིད་པ་ན་བཞུགས་པའི་ཡེ་ཤེས་སེམས་དཔའ་སྤྱན་དྲང་བར་བྱ་ཞིང་། ས་མ་ཡ་ས་མྱ་ས་མ་ཡཾ་ཀ་རི་མ་ཧཱ་ས་མ་ཡེ་སྭཱ་ཧཱ། ལན་གསུམ། ཞབས་བསིལ་ ལ་སོགས་པས་མཆོད་ཅིང་། ཛཿཧཱུཾ་བཾ་ཧོཿ། དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་དག་རོ་གཅིག་ཏུ་གྱུར་པར་བསམ་པར་བྱའོ། །ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་ པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །མཆོད་པའི་འདྲེན་པའི་ཅོད་པན་ཏེ། །རིགས་ལྔ་ལས་ནི་བྱུང་བའོ། །སངས་རྒྱས་ཀུན་གྱི་ཅོད་པན་ཆེ། །མ་ཧཱ་མུ་ཀུ་ཊ་པྲ་ ཏཱིཙྪ་སྭཱ་ཧཱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་ཨཱཿཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱ་ཧཱ། སླར་ཡང་ཞབས་བསིལ་ལ་སོགས་པས་མཆོད་ དོ། །སླར་ཡང་མེ་ཏོག་དགོད་ཅིང་སྒེག་མོ་བརྒྱད་ཀྱིས་སོ། །བཅོམ་ལྡན་འདས་མ་ནོར་རྒྱུན་མ་ཡེ་ཤེས་ཀྱི་སྐུ་ཅན་ལ་བདག་ཕྱག་འཚལ་ལོ། །ནམ་མཁའ་དང་མཉམ་པའི་ཡོན་ཏན་ཡིད་ཀྱི་ཤིང་རྟ་གསང་བ་མོ་སྔགས་སྒྲོགས་པ་དང་ལྡན་པ་ལའོ། །འདིའི་ ཡོན་ཏན་གྱི་གཏེར་དང་གསེར་རིན་པོ་ཆེའི་ཆར་པ་དང་སྐྱེ་བོ་མང་པོའི་ནོར་འཕེལ་བ་དང་རྒྱ་མཚོའི་རིན་པོ་ཆེའི་ཕུང་པོ་དཀྱིལ་འཁོར་དང་བཅས་པ་རང་གི་ལུས་ལ་རབ་ཏུ་གཞུག་པར་བྱའོ། །ཨོཾ་ཛླུཾ་ཙླུཾ་སྭཱ་ཧཱ། སྣ་ལ་ནོར་བུ་བཟང་པོའོ། །དཔྲལ་ བ་ལ་གང་བ་བཟང་པོའོ། །ཁ་ལ་ནོར་སྦྱིན་ནོ། །བརླ་ཟུང་དག་ལ་རྣམ་ཐོས་སྲས་སོ། །རྐང་པ་གཉིས་ལ་ཙི་པི་ཀུཎྜ་ལིའོ། །གསང་བ་ལ་ཀེ་ལི་མཱ་ལི་ནིའོ། །སྙིང་གར་ཞལ་གྱི་དབང་པོའོ། །ཡན་ལག་ཐམས་ཅད་ལ་སྤྱོད་པའི་དབང་པོའོ། །ཞབས་ བསིལ་ལ་སོགས་པས་མཆོད་པ་དང་། མེ་ཏོག་དགོད་པ་དང་སྒེག་མོ་བརྒྱད་དོ། །བསམ་གྱིས་མི་ཁྱབ་རྫས་ནི་འཕེལ་ཆེད་དང་། །རིན་ཆེན་དུ་མ་གསེར་ནི་འཕེལ་ཆེད་དུ། །ཁང་པ་འདིར་ནི་དཀྱིལ་འཁོར་ཡོངས་རྫོགས་ལ། །དཔལ་ལྡན་ནོར་རྒྱུན་མ་ལ་རྟག་ཕྱག་ འཚལ། །བཟླས་པ་དང་གཏོར་མའོ། །ཨོཾ་བ་སུ་དྷ་རེ་སརྦ་བྷ་ཡ་ཧ་རེ་བིགྷྣཱན་ཤཱནྟི་ཀ་རེ་པྲ་ཀྲྀ་ཏི་པྲ་བྷཱ་སྭཱ་རེ་ཨི་མཾ་བ་ལིཾ་གྲྀཧྣ་གྲྀཧྣ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ། ཨཉྩ་མ་ཎཾ་པྲ་ཏཱིཙྪ་སྭཱ་ཧཱ། མེ་ཏོག་ལ་སོགས་པ་མཆོད་པར་བྱའོ། ། རྫོགས་སོ།། ༄། །ནོར་རྒྱུན་མའི་མཚན་བརྒྱ་རྩ་བརྒྱད་བཞུགས།། ༄༅༅། །འཕགས་མ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །གཟུགས་བཟང་གཟུགས་མཛེས་མཆོག་སྟེར་མ། །ནོར་འཛིན་བྱེད་མ་ནོར་རྒྱུན་མ། །ནོར་དཔལ་དཔལ་ མཛད་མཆོག་གྱུར་མ། །འཛིན་མ་འཛིན་བྱེད་སྐྱོང་བྱེད་མ། །སྐྱབས་གྱུར་གུས་ལ་མཉེས་གཤིན་པ། །ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །ཤེས་རབ་དཔལ་དང་བློ་འཕེལ་མ། །རིག་འཛིན་ཞི་བ་ཕྲ་མོ་སྟེ། །ཞི་བ་ཀུན་འགྲོ་རྗེས་འགྲོ་མ། །སྒྲོལ་མ་སྒྲོལ་འཇུག་ ལྷ་མོ་སྟེ། །རིགས་སྦྱིན་དབང་ཕྱུག་དབང་ཕྱུག་མ། །རྒྱན་མ་འབྱུང་པོའི་ཡུམ་གྱུར་མ། །རྒྱན་རྣམས་ཀུན་གྱིས་བརྒྱན་བྱེད་མ། །གདུལ་དཀའ་སྒྲུབ་མཛད་འཇིགས་བྱེད་མ། །དྲག་མོ་དྲག་པོ་མཆོག་ཏུ་གནོན། །ལྷ་མོ་སྦྱིན་པའི་ཕ་རོལ་ཕྱིན། །ཆར་འབེབས་ བཟང་པོའི་གཟུགས་ཅན་མ། །གཏེར་དང་བཀྲ་ཤིས་ཐམས་ཅད་དང་། །གྲགས་དང་དཔལ་དང་སྙན་མཛད་དགེ། །སྲེག་མ་གསོད་མ་གཏུམ་མོ་སྟེ། །འཚེ་བྱེད་མ་མོ་ཐམས་ཅད་མ། །གཤིན་རྗེ་སྐྲག་མཛད་དྲག་ཉིད་མ། །གཞོན་ནུ་མ་དང་སྣ་ཚོགས་གཟུགས། ། ལྷ་མོ་བརྩོན་འགྲུས་ཕ་རོལ་ཕྱིན། །འགྲོ་བ་དགའ་མཛད་ཅན་མ་སྟེ། །དཀའ་ཐུབ་མ་དང་དྲག་གཟུགས་མ། །རྫུ་འཕྲུལ་གྲུབ་པ་མཆོག་སྟེར་མ། །སྐལ་བཟང་བསོད་ནམས་སྐལ་བ་ཆེ། །མི་ཐུབ་ཐུབ་པ་ཕ་རོལ་གནོན། །འགྲོ་ལ་གཅིག་ཏུ་ཕན་བརྩོན་ མ། །གཡུལ་ལས་སྒྲོལ་བྱེད་དགེ་བ་མོ། །ལྷ་མོ་བཟོད་པའི་ཕ་རོལ་ཕྱིན། །ཚུལ་ཁྲིམས་བསམ་གཏན་སྒོམ་མཛད་མ། །པདྨ་ཅན་དང་པདྨ་འཛིན། །པདྨའི་གདན་ལ་བཞུགས་པ་མོ། །དག་པའི་གཟུགས་ཅན་གཟི་བརྗིད་ཆེ། །གསེར་གྱི་མདོག་ ཅན་འོད་མཛད་མ། །ཡིད་བཞིན་ནོར་བུ་འཛིན་ལྷ་མོ། །ཤེས་རབ་གླེགས་བམ་འཛིན་པ་མོ། །གཏེར་གྱི་ཕུང་པོར་བཞུགས་མཛད་མ། །ནོར་དང་ལྡན་མཛད་ནོར་དགའ་མ། །ཁམས་གསུམ་དབང་ཕྱུག་ཆེན་མོ་སྟེ། །ལྷ་ཡི་རྒྱན་གྱིས་བརྒྱན་པ་མོ། །སངས་རྒྱས་ ཀུན་གྱི་ཡུམ་གྱུར་མ། །རིན་ཆེན་ཁམས་ཀྱི་དབང་ཕྱུག་མ། །དངོས་པོ་སྟོང་ཉིད་བསྒོམ་ལྷ་མོ། །དངོས་དང་དངོས་མེད་རྣམ་སྤང་མོ། །གདུལ་བར་བྱ་བ་འདུལ་མཛད་མ། །སྒྲོལ་མ་ཉོན་མོངས་སྤྱོད་པ་མོ། །བདུད་རྣམས་ཐམས་ཅད་འཇོམས་པ་མོ། །ས་འོག་ བདུན་པོ་སྐྱོང་མཛད་མ། །བྲམ་ཟེ་མ་དང་རིགས་བྱེད་ཡུམ། །སྦས་མ་ཕུག་ཏུ་གནས་པ་མོ། །དབྱངས་ཅན་མ་དང་སྤྱན་ཡངས་མ། །ཚངས་པའི་གནས་བཞི་ལྡན་པ་མོ། །དེ་བཞིན་གཤེགས་པ་དགྱེས་ཆེན་མ། །རྡོ་རྗེ་ཅན་མ་རྡོ་རྗེ་འཆང་། །ལས་འཛིན་འཇུག་ཅིང་ལས་ འཛིན་མ། །སྣ་ཚོགས་དབང་ཕྱུག་སྣ་ཚོགས་འབར། །སྤྲིན་གྱི་དཀྱིལ་འཁོར་ལྡན་པ་མོ། །སེམས་ཅན་ཀུན་གྱིས་རྟོགས་མཛད་མ། །བྱང་ཆུབ་ཡང་དག་ཐོབ་མཛད་མ། །བསམ་གཏན་མོས་པ་ཕུན་ཚོགས་མ། །གཉིས་མེད་གཉིས་མེད་སྒོམ་མཛད་མ། །དོན་ཀུན་ སྒྲུབ་མཛད་བཟང་མོ་སྟེ། །བུད་མེད་གཟུགས་ཅན་དཀར་མོ་གནོན། །སངས་རྒྱས་ལས་རྣམས་སྟོན་མཛད་མ། །ངག་གི་དབང་མོ་སྟོན་མ་ཆེ། །སྲུང་མཛད་འཛིན་མཛོད་ནོར་སྟེར་མ། །བུད་མེད་གཟུགས་འཛིན་གྲུབ་པ་མོ། །རྣལ་འབྱོར་དབང་ཕྱུག་རྣལ་འབྱོར་མ། །ཡིད་ འཕྲོག་མ་དང་གཟུགས་མཛེས་མ། །སྐལ་བཟང་དགའ་བ་སྟོན་པ་མོ། །དེད་དཔོན་མ་དང་བརྩེ་ལྡན་མ། །དེ་བཞིན་གཤེགས་ཀུན་བདག་ཉིད་མ། །ནོར་རྒྱུན་ལྷ་མོ་ཁྱོད་ལ་འདུད། །སེམས་ཅན་ཀུན་གྱི་དོན་སྟེར་མ། །བཟང་པོའི་གཟུགས་ཅན་ཁྱོད་ལ་འདུད། །ནོར་རྒྱུན་མ་ཁྱོད་ལ་ ཕྱག་འཚལ། །མཚན་ནི་བརྒྱད་ལྷག་བརྒྱ་པ་ནི། །གང་ཞིག་དུས་གསུམ་ཀློག་བྱེད་པ། །ཡིད་ཀྱི་ཤིང་རྟས་འདོད་བྱེད་པ། །ཐམས་ཅད་ངེས་པར་ཐོབ་པར་འགྱུར། །མཚམས་མེད་པ་དང་ཆ་མཐུན་གང་། །ཤིན་ཏུ་མི་བཟད་ལས་རྣམས་ནི། །དེ་རྣམས་ཐམས་ཅད་མཚན་བཟང་པོ། །རྗེས་སུ་དྲན་ ལས་ཟད་པར་འགྱུར། །ཡང་ན་ཚུལ་ཁྲིམས་ཕུན་སུམ་ཚོགས། །སྐྱེ་བ་བདུན་ནི་དྲན་པ་དང་། །དགའ་དང་ཚིག་བཙུན་གཟུགས་བཟང་ལྡན། །མཐོང་དགའ་བྲམ་ཟེ་རྒྱལ་རིགས་ཀྱི། །རིགས་ནི་ཕྱུག་པོར་སྐྱེ་བར་འགྱུར། །མཐར་ནི་ས་ཡི་དབང་ཐོབ་ནས། །བདེ་བ་ཅན་དུ་འགྲོ་བར་འགྱུར། །མིང་བརྒྱ་རྩ་བརྒྱད་ བཀླགས་པ་ཡིས། །ལྷ་མོ་མྱུར་དུ་འགུགས་པར་འགྱུར། །འཕགས་མ་ནོར་རྒྱུན་མའི་མཚན་བརྒྱ་རྩ་བརྒྱད་པ་རྫོགས་སོ།། ༄། །ནོར་རྒྱུན་མའི་སྨོན་ལམ་བཞུགས།། ༄༅༅། །སངས་རྒྱས་ལ་གུས་རང་བཞིན་གཡོ་སྒྱུ་མེད། །སེམས་ཅན་ཀུན་ལ་བྱམས་ཤིང་སྟོང་པར་གོམས། །རྣམ་གྲོལ་ འབྲས་བུར་ལྡན་ལ་ཀུན་ནས་ཆགས། །བྱང་ཆུབ་སེམས་དཔའི་ཤེས་རབ་རྣོ་བ་ཅན། །ཤིན་ཏུ་ཆེ་བའི་རིགས་སྐྱེས་གཟུགས་མཛེས་པ། །བདག་ནི་སྐྱེ་བ་སྐྱེ་བར་བདེ་གཤེགས་ཀྱི། །སྙན་དངགས་མཁན་པོ་མཉམ་མེད་རྒྱ་ཆེན་དང་། །ཚེ་རིང་རིགས་སྐྱེ་སྐྱེས་བུ་བློ་གྲོས་གསལ། །མཁས་ཤིང་བློ་གྲོས་མི་དམན་ བཅོམ་ལྡན་གྱི། །གསུང་རབ་ལ་མཁས་བདེ་ལྡན་སྙིང་རྗེ་ཅན། །རབ་ཏུ་དང་འགྱུར་སྙན་དངགས་མཁན་པོ་དང་། །མར་ཤེས་ཕ་མ་ལ་གུས་ཉིད་དང་ནི། །རྟག་ཏུ་སྐྱེ་བ་དྲན་ཞིང་ཚུལ་ཁྲིམས་ལྡན། །ཆོས་ཀྱི་བདག་ཉིད་ནོར་ལྡན་རབ་སྟེར་དང་། །བླ་མེད་མཁས་པའི་གྲོགས་དང་ལྡན་པ་དང་། །སྤྲོ་ལྡན་སྟོབས་ ལྡན་དགའ་ཞིང་མང་པོས་བཀུར། །ནད་རྣམས་སྤངས་ཤིང་སེམས་ཅན་ཐམས་ཅད་ལ། །རྗེས་སུ་འཛིན་ཞིང་ཐོས་པ་འཛིན་པ་དང་། །བསམ་པ་དག་ཅིང་བཟོད་པ་ལྡན་པ་དེ། །ཇི་སྲིད་འཇིག་རྟེན་ཕན་པ་འབྱུང་ཆེད་དུ། །སངས་རྒྱས་བཅོམ་ལྡན་གོ་འཕང་བགྲོད་གྱུར་པ། །དེ་སྲིད་རྟག་ཏུ་ཡོན་ཏན་ འདི་རྣམས་ནི། །ཀུན་གྱིས་བརྒྱན་པ་བདག་གིས་ཐོབ་གྱུར་ཅིག །བཅོམ་ལྡན་འདས་མ་འཕགས་མ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །རྟོག་པར་གསུངས་པའི་ཆོ་གས་ཡོངས་སུ་བཀླགས་བྱས་ཤིང་། །འཛིན་ན་རྣམ་པ་སྣ་ཚོགས་རིན་ཆེན་གསེར་གྱི་རང་བཞིན་གྱིས། །ཁང་པ་སྟོང་ཕྲག་ཐམས་ ཅད་གང་བ་ཉིད་དུ་མཛད་པ་ཡི། །འཇིག་རྟེན་ཀུན་གྱི་ཡུམ་གྱུར་དེ་ལ་གུས་པས་ཕྱག་འཚལ་ལོ། །ལྷ་མོ་ཁྱོད་ནི་ཡོན་ཏན་རིན་ཆེན་ཀུན་གྱི་གཏེར་ཆེན་ཏེ། །སེམས་ཅན་དོན་མཛད་ནོར་དང་འབྲུ་རྣམས་ཕུན་སུམ་ཚོགས་པའི་རྒྱུ། །དོ་ཤལ་ཅོད་པན་ལྡན་ཞིང་ནོར་བུ་དཔག་བསམ་ཤིང་རྣམས་ཀྱིས། ། འཇིག་རྟེན་གསུམ་གྱི་མགོན་མཛད་ནོར་འཛིན་ནོར་རྒྱུན་མ་ལ་འདུད། །ནད་དང་འཇིགས་པའི་འཆི་བའི་སྐྱོན་མང་སྒྲོལ། །དབུལ་བའི་སྡུག་བསྔལ་རྨ་ཡི་འཚོ་བྱེད་སྨན། །སྐལ་བཟང་གཟུགས་ཀྱི་ཡོན་ཏན་རིགས་དང་རུས། །ཐམས་ཅད་སྦྱིན་མཛད་ཁྱོད་ཀྱི་ཞབས་ལ་འདུད། །གང་ཞིག་ཡང་ དག་བླ་མའི་ཆོ་གས་ཡོངས་སུ་ཀློག་བྱེད་ན། །ཕུན་ཚོགས་ཡངས་པ་བདེ་འགྲོ་ཉེ་བར་སྟེར་བྱེད་པ། །ནོར་རྒྱུན་ཞེས་པའི་མིང་ཅན་གཟུགས་དེ་ལ་ནི་དུས་རྟག་ཏུ། །མཐའ་དག་སེམས་ཅན་ཕན་པར་སེམས་པས་གུས་པས་ཕྱག་འཚལ་ལོ། །གང་ཞིག་ཡང་དག་དྲན་ལས་མི་རྣམས་ལོངས་ སྤྱོད་ཡུན་རིང་དུ། །རབ་ཏུ་འཕེལ་ཞིང་དབུལ་དང་ནད་དང་སྡིག་པ་སེལ་མཛད་ཅིང་། །དཔག་བསམ་ཤིང་དང་མཚུངས་པ་ནོར་རྒྱུན་མིང་ཅན་དེ་ལའོ། །འགྲོ་ལ་ཕན་པའི་ཆེད་དུ་གུས་པས་སྤྱི་བོས་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་ནོར་རྒྱུན་མའི་སྒྲུབ་ཐབས་དང་མཚན་བརྒྱ་རྩ་བརྒྱད་པ་དང་། སྨོན་ལམ་ དང་བསྟོད་པ་རྣམས་རྫོགས་སོ།། །།ཚུལ་འདི་ནི་དཔང་ལོ་ཙཱ་བ་དཔལ་ལྡན་བློ་གྲོས་བརྟན་པས་ཞོལ་ཕུག་ཏུ། རྒྱ་དཔེ་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་དང་བསྐུལ་བ་པོ་ནི་དགེ་བའི་བཤེས་གཉེན་རིན་ཆེན་མཐའ་ཅན་ཡིན་ནོ།། །། ༄༅༅། །རྒྱ་གར་སྐད་དུ། སིདྡྷ་ག་རུ་ཌ་ཤཱསྟྲ། བོད་སྐད་དུ། མཁའ་ལྡིང་གྲུབ་པའི་བསྟན་བཅོས། དཔལ་རྡོ་རྗེ་མཁའ་ལྡིང་ལ་ཕྱག་འཚལ་ལོ། །ཁ་སྦྱར་མཆུ་བར་སྦྲུལ་ནི་བསྡམས་པ་ཡིས། །གདེངས་ཀའི་ནོར་བུ་མཁའ་ལྡིང་མེ་ལོང་སྟེ། །རང་བཞིན་འོད་ གསལ་གཉུག་མའི་གཟུགས་མཐོང་ངོ་། །ཁྲོ་བ་སྤངས་པ་དེ་ནི་རྒྱལ་གྱུར་ཅིག །མཁའ་ལྡིང་བསྟན་བཅོས་སྐྱེད་མོས་ཚལ་ནས་ནི། །མེ་ཏོག་རྩི་ཡི་སྦྲང་རྩི་དེ་ཉིད་ནི། །སེམས་ཅན་དོན་དུ་སྦྲང་རྩི་བྱེད་པ་ཡི། །དཔལ་ལྡན་ཤང་ཀུ་བདག་གིས་འདིར་དེ་བསྡུ། །གང་ཞིག་བརྟན་པའི་ སེམས་ཀྱིས་བླ་མ་ཡི། །རྗེས་འཇུག་དག་པའི་ལམ་ལ་ཡང་དག་གནས། །མི་དེ་ཕྲིན་ལས་མ་ལུས་པ་ཡི་ནི། །དངོས་གྲུབ་ཐམས་ཅད་ཀྱི་ནི་སྣོད་དུ་འགྱུར། །བཟོད་དཀའི་དུག་ལས་བྱུང་བའི་ཚོར་བ་ཡིས། །འཁྲུགས་པའི་འགྲོ་བའི་སྲོག་ནི་འཛིན་བྱེད་ཅིང་། །ཆོས་ དང་ནོར་དང་འདོད་དང་ཐར་པ་ནི། །བསོད་ནམས་བྱས་པའི་འགྲོ་བ་དེ་ཡིས་འཐོབ། །འགྲོ་བའི་དོན་ཕྱིར་མཁའ་ལྡིང་བསྟན་བཅོས་ནི། །དམ་པའི་སྐྱེ་བོ་དེ་ཡིས་བསྔགས་པར་བྱེད། །འདོད་པ་ཅན་ནི་ནོར་གྱིས་དགའ་བ་ལྟར། །སྔགས་པས་སྦྲུལ་གདུག་མི་བཟད་པ་ཡིས་ སོ། །དེ་ནས་གདེངས་ཀ་ཅན་དང་ཙི་ཏི་རྣམས། །རཱ་ཡི་དཀྱིལ་འཁོར་ཅན་དང་འདྲེན་གཟུགས་སོགས། །རླུང་གི་ཡོན་ཏན་དུས་དང་དུས་མིན་དང་། །ཨ་མ་རཏྟ་སྦྱོར་རླུང་བུས་པའོ། །མཁའ་ལྡིང་གིས་བཤད་སྨན་གྱི་ནུས་པ་དང་། །ཇི་ལྟར་དུག་འཇོམས་པ་ཡི་རིམ་པ་དག །གུས་པས་དེ་ ནི་རྩེ་གཅིག་སེམས་ཀྱིས་ཉོན། །གཞན་དག་ཀྱང་ནི་ཐོས་པ་ལས་བྱུང་བའི། །མཚོན་པས་སོ། །ཏྲི་ན་ཨིནྡྲ་ནཱི་ལ་ལྟ་བུའི་ལུས། །འདབ་བརྒྱ་རྒྱས་འདྲའི་མཚན་པ་ལྷག་མ་ཅན། །ནོར་རྒྱས་ལུས་ནི་ཁ་དོག་དཀར་པོ་ལ། །མཚན་པ་པདྨ་རྒྱས་འདྲ་སྔོན་པོ་ཡིན། །ཤར་ཐོགས་ཉི་ མའི་འོད་ཟེར་ལྟ་བུ་ལ། །མགོ་ལ་གཡུང་དྲུང་དུང་ཆེན་འཇོག་པའོ། །ཀརྐོ་ཊ་ནི་མུན་པ་ལྟ་བུ་ཡི། །རི་མོ་གསུམ་ནི་མགྲིན་པར་ཡོད་པ་ཡིན། །པདྨའི་ལུས་ནི་ཁ་དོག་ལྗང་གུ་ལ། །སྐར་ཚོགས་ལྟ་བུའི་ཐིག་ལེས་གདེངས་ཀ་མཛེས། །པད་ཆེན་ཟླ་འོད་བསྐུས་པ་ལྟ་བུ་ལ། །མདུང་རྩེ་ གསུམ་པ་ལྟ་བུ་གདེངས་ཀ་ཡིན། །དུང་སྐྱོང་ཀ་ནི་ཡ་རའི་མེ་ཏོག་འདྲ། །མགྲིན་པར་ཟླ་བའི་ཆ་ཡིས་མཚན་པ་ཡིན། །རིགས་ལྡན་གྱི་ནི་སྤྱི་བོའི་གདེངས་ཀ་དག །དུ་བ་ལྟ་བུའི་ཟླ་བ་ཕྱེད་པ་ཡིན། །དབྱིག་པ་ཡིས་ནི་བརྡེགས་པ་མཆོག་ཡིན་ཏེ། །ཀླུ་རྣམས་ བཟུང་ནས་སྐྲོད་པ་དེ་ལྟར་མིན། །སྡང་བས་གླགས་ནི་ཚོལ་བར་བྱེད་པ་ན། །སྔགས་པ་དག་ནི་གང་གིས་ཐར་བར་བྱེད། །ས་འོག་གནས་ན་ཡོངས་སུ་གནས་པ་ཡི། །དབང་ཆེན་འོག་ནི་ཀླུ་རྣམས་ཤིན་ཏུ་དཀོན། །གདེངས་ཀའི་ནོར་བུས་མཛེས་པར་བྱས་པ་ཡི། །ཁོལ་པོ་ཡང་ ནི་གློག་གི་ཟེར་མ་འདྲ། །ལྕེ་གཉིས་གདེངས་ཅན་ཕུད་ཅེས་འཇིགས་པའི་སྒྲ། །རིན་པོ་ཆེ་ནི་མེད་པར་གྱུར་པ་སྟེ། །ཁོལ་པོ་ཡི་ཡང་ཁོལ་པོའི་གནས་སུ་ནི། །གུས་པ་མེད་པའི་ལྟོ་འཕྱེ་དག་ཡིན་ནོ། །ཨ་ཀུ་བ་སཾ་གཉིས་གཉིས་བྲམ་ཟེ་རྒྱལ། །མེ་ཏོག་དང་ནི་སཱ་ལའི་དྲི་ཡིན་ནོ། ། དེ་བཞིན་སྟ་མ་ཀ་པ་རྗེའུ་དང་དམངས། །མར་དང་ཉ་ཡི་དྲི་ནི་བྲོ་བ་ཡིན། །དུང་འཆང་མཆེ་བའི་རྩ་ན་ལེགས་གནས་པ། །སྦྲང་རྩིའི་མེ་ཏོག་ཕྲེང་བ་ལྟ་བུ་ཡིན། །དེ་ནི་འགྲོ་བ་རྣམས་ཀྱི་རྨོངས་བྱེད་ཀྱི། །དུག་སྟེ་ཡོངས་སུ་འཛག་པར་གྱུར་པས་སོ། །གདེངས་ཀ་ཅན་ནི་རང་གི་ངོ་བོའོ། ། གནྡ་ཡ་ནའི་ཡིན་པར་གྱུར་ན་ནི། །མགོ་མཇུག་ལུས་ལ་རི་མོ་ཀྱོག་པོ་ཡོད། །གདེངས་ཀས་དམན་ནོ་འཇིག་རྟེན་གནྡ་ཡ། །ཙི་ཏི་ཞེས་ནི་ཡོངས་སུ་གྲགས་པ་ཡིན། །དེ་ཡིས་བཟུང་ན་གཡོ་མེད་སྐད་ཅིག་གིས། །དེ་ནི་འགྱུར་བ་མེད་པའི་རང་བཞིན་ཡིན། །དེ་ཉིད་གྲུབ་པ་ཐོབ་པས་ གལ་ཏེ་ན། །སད་པར་བྱེད་ན་དྲན་པ་འབྱུང་བར་འགྱུར། །ཙི་ཏིའི་རང་བཞིན་ནོ། །ཐིག་བཏབ་ལྟ་བུའི་རི་མོ་རིང་མོ་ཅན། །བནྡ་ཡ་རུ་རྣམ་པར་ཤེས་པར་བྱ། །ཤིང་དང་ལྕུག་འཁྱིལ་རྩས་གཏུགས་ཡོད་པར་ནི། །ངེས་པར་ཤིན་ཏུ་ལེགས་གནས་རཱ་ཡིལ་ལ། །ཁ་སྐོམ་ མིག་དམར་ཟས་དང་སྟན་མི་འདོད། །ཚ་དང་འཁྲུ་བ་ཡི་ནི་རྗེས་ལ་བརྒྱལ། །དཀར་དང་དམར་དང་ནག་དང་ལྗང་གུ་ཡི། །རི་མོ་མེད་པ་ཡིན་ནོ་རཱ་ཡིལ་ལ། །བཙོ་མའི་གསེར་འདྲའི་ལུས་ལྡན་དེ་ཡིས་ནི། །འགྲོ་བ་རྣམས་ཀྱི་སྲོག་ནི་འཕྲོག་བྱེད་ཡིན། །རཱ་ཡིལ་གྱིས་ནི་བཟུང་ན་ངེས་པར་ནི། །རིལ་གྱིས་ ཁྱབ་པར་སྐྲངས་པ་ཁོ་ནར་འགྱུར། །གསེར་མདོག་ལུས་དེ་རྒྱུ་བའི་ཚེ་ན་ནི། །འབར་བའི་མེ་ལྕེ་ཆད་པས་འོད་མ་བསྲེག །འོད་མའི་རང་བཞིན་ཡང་ནི་དེས་བསྲེག་ན། །དེ་ཡིས་བཟུང་ན་ཇི་ལྟར་འཚོ་བར་འགྱུར། །རཱ་ཡིལ་ལའི་རང་བཞིན་ནོ།། །།ཆུ་དང་རླུང་མེ་ས་ ཡི་རང་བཞིན་གྱི། །ཀོ་ཊ་རྣམས་ཀྱི་གང་ཞིག་མཚན་པ་ནི། །གོ་མེད་ས་རྣམས་སུ་ནི་ཤེས་པར་བྱ། །དུག་ཆེན་སྐྲངས་འབུར་ཡང་དག་སྐྱེད་པ་པོ། །ཆུ་ཡི་དཀྱིལ་འཁོར་ཅན་ནི་དུག་འཛིན་གྱིས། །ཟིན་པའི་མཚན་ཉིད་ལུས་ནི་འདྲུལ་བ་ཡིན། །ཚ་དང་འདར་དང་སྐམ་དང་ སྐྲང་བ་ནི། །རླུང་གི་ལུས་ཅན་གྱིས་ནི་སྐྱེད་པར་བྱེད། །ལུས་ཀུན་གྱི་ནི་སྤུ་ཡི་རྩ་བ་ནས། །སེ་བ་གནག་འདྲའི་བྲག་གི་ཐིགས་པ་འབྱུང་། །མེ་ཡིས་རེག་པ