Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 77

Văn bản gốc(Tây Tạng)

Trang 21 / 23 (50.000 ký tự/trang)
་ལ་འདུན་པ་དང་། བྱང་ཆུབ་སེམས་དཔའ་ཡང་དག་པར་འཛུད་པ་ལ་ཉམས་པ་མེད་པ་དང་། བརྩོན་འགྲུས་ཆེན་པོ་དང་ལྡན་པ་ལྟར་ཆེ་གེ་མོ་ལ་སོགས་པའི་མཐའ་ཡས་པའི་སེམས་ཅན་འགྲོ་བ་མ་ལུས་པ་རྣམས་ཀྱང་དཀོན་མཆོག་གསུམ་གྱི་གདུང་འཛིན་པ་དང་། དེ་བཞིན་
གཤེགས་པའི་ཡེ་ཤེས་སྔོན་དུ་འགྲོ་བའི་རང་བཞིན་གྱིས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཐམས་ཅད་མཁྱེན་པར་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་སུ་གསོལ་ལོ། །དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ནི་སེམས་ཅན་ཐམས་ཅད་
ཡལ་བར་མི་འདོར་བ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་གཟིགས་པས་གང་ལ་ཡང་ཉམས་པ་མེད་པ་དང་། ལུས་དང་སེམས་ཡང་དག་པར་སྦྱངས་པ་དང་། བརྩོན་འགྲུས་བརྩམས་པ་སྟེ། དེ་ལྟར་མངའ་རིས་ཀྱི་གདུལ་བྱ་རྣམས་ཀྱང་བརྩོན་འགྲུས་ལ་ཡང་དག་པར་རབ་ཏུ་སྦྱོར་བས་སེམས་

ཅན་ཐམས་ཅད་འཕགས་པའི་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བའི་ཕྱིར། སྣ་ཚོགས་པས་བརྩོན་འགྲུས་ཉམས་པ་མེད་པར་འབྱུང་བར་ཅི་གནང་། ཐུབ་པ་ཆེན་པོ་རྣམས་ལ་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་
བའི་སེམས་ཅན་གྱི་རྒྱུད་ལ་རྣམ་པར་བལྟས་ཀྱང་ཕྱིས་བརྗེད་པ་དང་། སེམས་ཅན་གྱི་ཕུང་པོ་ལ་འཇུག་པ་དང་། ཕུང་པོ་གསུམ་དུ་རྣམ་པར་གཞག་པ་དང་། སེམས་ཅན་གྱི་བསམ་པ་ལ་འཇུག་པ་དང་། སྤྱོད་པ་ལ་རྣམ་པར་ལྟ་བས་དྲན་པ་ཉམས་པ་མེད་པ་ལྟར། ཆེ་གེ་མོ་ལ་སོགས་པའི་
འགྲོ་བ་རྣམས་ལ་ཡང་དྲན་པར་བྱ་བ་དང་། བསམ་པར་བྱ་བ་དང་། བརྟག་པར་བྱ་བ་དང་། མི་བརྗེད་པའི་གཟུངས་ཀྱི་མཐུ་ཐོབ་པའི་ཕྲིན་ལས་གྲུབ་པར་མཛོད་ཅིག །དེང་རྒྱལ་བ་སྲས་དང་བཅས་པ་དེ་བཞིན་ཉིད་གང་དང་མཉམ་པ་ཉིད་དང་། ཏིང་འཛིན་ལ་ཞུགས་པས་མཐའ་དང་དབུས་
མི་དམིགས་པ་ལྟར་སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུའི་ཏིང་ངེ་འཛིན་རྙེད་པར་མཁྱེན་པས་གཟིགས་ཤིག །གཞན་གྱི་དྲིང་མི་འཇོག་པ་དང་། སེམས་ཅན་གཞན་དང་། གང་ཟག་གཞན་ལ་ཆོས་གོ་བར་བྱེད་པ་དང་། སོ་སོ་ཡང་དག་པར་རིག་པ་མི་ཟད་པ་ལ་མཁས་པ་དང་།
ཚིག་ཐམས་ཅད་རབ་ཏུ་དབྱེ་བ་དང་། ཚིག་གཅིག་ལ་བསྐལ་པ་བརྒྱ་སྟོང་གི་བར་དུ་སྟོན་ཤེས་པ་དང་། དྲི་བ་ཇི་ལྟ་བ་བཞིན་དུ་ཐེ་ཚོམ་གཅོད་པ་དང་། ཐམས་ཅད་དུ་ཐོགས་པ་མེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཁམས་དང་སྤྱོད་པ་ཤེས་པ་དང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཅི་
རིགས་པ་ལ་ཡང་དག་པར་སྟོན་པར་གྱུར་ཅིག །དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་ཀྱིས་དགོངས་ནས། ཆེ་གེ་མོ་ལ་སོགས་པའི་འགྲོ་བ་མ་ལུས་པ་རྣམས་ལ་ཆགས་པ་དང་། གཉིས་སུ་འཛིན་པ་ཐམས་ཅད་དང་བྲལ་བའི་རྣམ་པར་གྲོལ་བ་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཐོབ་པར་མཛོད་ཅིག །གཞན་ཡང་བདག་ཅག་ལ་སོགས་པའི་མངའ་རིས་རྣམས་ཀྱང་། མིང་དང་གཟུགས་དང་ལོངས་སྤྱོད་དང་། སྤྱོད་ལམ་དང་རིགས་ལ་སོགས་པ་གང་གིས་སེམས་ཅན་མ་ལུས་པ་འདུལ་བར་བྱེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་བརྩེ་བས་ཡོངས་སུ་ཁྱབ་

པར་མཛོད་ཅིག །ཆེ་གེ་མོ་ལ་སོགས་པའི་འགྲོ་བ་མ་ལུས་པ་རྣམས་ཀྱང་ཤིན་ཏུ་ངེས་པའི་ཚིག་དང་ལྡན་ཏེ། འབྲས་བུ་རྒྱ་ཆེན་པོ་སྟོན་པའི་ཆོས་འཆད་པ་དང་ལྡན་པར་གྱུར་ཅིག །ངག་རྣམ་པར་དག་པས་ཀུན་ནས་ཤེས་པར་བྱེད་པ། གྱ་གྱུ་མེད་པ། མི་རྩུབ་པ། མཉེན་ཞིང་ཡིད་དུ་འོང་བ། མི་འཆབ་
པ། མི་འཚེ་བ། ཤིན་ཏུ་སྙན་པའི་དབྱངས་རབ་ཏུ་གསལ་བ། ངེས་པ། འཇམ་པ། ཕན་པ། དགའ་བ། བསྐྱེད་པ། མཛེས་པ། ཐོགས་པ་མེད་པ། ལུས་སེམས་ཚིམ་པར་བྱེད་པ་འདོད་ཆགས་ལ་སོགས་པ་ཞི་བར་བྱེད་པའི་རང་བཞིན་དུ་གྱུར་ཅིག །རྒྱལ་བ་སྲས་དང་བཅས་
པའི་བྱིན་གྱི་རླབས་ཀྱིས་ཆེ་གེ་མོ་ལ་སོགས་པའི་འགྲོ་བ་མ་ལུས་པ་རྣམས་ཀྱི་སེམས་ཀྱི་རྒྱུད་ཡོངས་སུ་དག་པས་དམིགས་པ་ལས་འདས་པ་ནམ་མཁའ་དང་མཚུངས་ཤིང་ཆོས་ཀྱི་དབྱིངས་དང་དབྱེར་མེད་པ་སྟེ། ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པར་མཛོད་ཅིག །དབང་པོ་ལ་སོགས་པའི་
ཕྱོགས་སྐྱོང་བ་རྣམས་ཀྱིས་ཆེ་གེ་མོ་ལ་སོགས་པའི་འགྲོ་བ་མ་ལུས་པ་རྣམས་ཀྱི་བར་དུ་གཅོད་པ་ཐམས་ཅད་ཞི་བར་བྱ་བའི་ཕྱིར། བསམ་པ་ཐམས་ཅད་ཡོངས་སུ་གྲུབ་པ་དང་། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག །དམ་པའི་ཆོས་མི་ནུབ་པའི་རྒྱལ་མཚན་
ཕྱོགས་བཅུར་ཚུགས་ཤིག །དཀྱིལ་འཁོར་ཆེན་པོ་ལ་འཇུག་པ་རྣམས་ཀྱི་ཕྱི་དང་ནང་གི་བར་དུ་གཅོད་པ་ཐམས་ཅད་སོལ་ཞིག །ལམ་དང་སྒྲུབ་པའི་མི་མཐུན་པའི་རྐྱེན་ཐམས་ཅད་ཕྱིར་ཕྱོགས་པར་མཛོད་ཅིག །འཇིག་རྟེན་པ་ལ་བདེ་བ་དང་། ལོ་ལེགས་པ་དང་། ནོར་དང་།
ཕྱུགས་དང་། བང་མཛོད་འཕེལ་བར་མཛོད་ཅིག །གནས་དང་བདག་དང་རྣལ་འབྱོར་བསྲུང་བ་ལ་བརྩོན་པར་མཛོད་ཅིག །སངས་རྒྱས་རྣམས་ཀྱི་བཀའ་དྲིན་དྲན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསུང་ཉན་པ་དང་། སྒྲུབ་པ་པོའི་དམ་ལ་གནས་པར་མཛོད་ཅིག །དཀོན་མཆོག་
གསུམ་གྱི་བདེན་པའི་བྱིན་གྱི་རླབས་ཀྱིས་དེ་བཞིན་དུ་ཕྲིན་ལས་རྒྱས་པར་མཛོད་ཅིག །དེ་ནས་དེ་བཞིན་གཤེགས་པ་རྣམས་དང་། འཇིག་རྟེན་སྐྱོང་བ་ལ་སོགས་པ་རྣམས་ལ་རྫས་མ་ཚོགས་པ་དང་། ཆོ་ག་ལྷག་ཆད་ལ་སོགས་པའི་ཉེས་པ་ཐམས་ཅད་བཤགས་པར་བྱའོ། །ཅི་འདོད་

པའི་དངོས་གྲུབ་ཞུས་ལ་འཁོར་ལོའི་དབང་ཕྱུག་ལ་མེ་ཏོག་གི་ཕྲེང་བ་དབུལ་ལོ། །ཆོ་ག་འདི་ནི་རབ་གནས་དང་། སྦྱིན་སྲེག་དང་། དབང་བསྐུར་བ་ལ་སོགས་པའི་བྱ་བ་ལ་སློབ་དཔོན་དང་སློབ་མར་བཅས་པའི་རྒྱུད་ཡོངས་སུ་དག་པར་བྱེད་པའོ། །དགོས་པའི་
དབང་གིས་མཆོད་པ་དང་། དཀྱིལ་འཁོར་མངོན་པར་འབྱུང་བའམ་བྱ་བ་ལ་ནི་སྔོན་དུ་མཚན་གྱིས་བསྟོད་པའི་དངོས་གཞི་སྟོང་ཕྲག་བརྒྱད་སྒྲོགས་པར་བྱའོ། །ཆོ་ག་དངོས་ལ་ཞུགས་པ་ན་ཡན་ལག་གི་ཁྱད་པར་རེ་རེ་ལ་ཡང་ཅི་ནུས་པའི་ཕྱག་བྱའོ། །ཤིན་ཏུ་རྒྱས་པ་བསྟན་ཟིན་ཏོ། །
མདོར་བསྡུས་པ་ལ་དགའ་བ་རྣམས་ལ་ཕྱག་ལ་སོགས་པ་བྱ་བ་དང་། སྔོན་གྱི་ཚིག་ལེའུར་བྱས་པ། ཕྱོགས་རྣམས་གཙང་ཞིང་མཉེན་པ་དང་། །ཀུན་དུ་དྲི་དང་ལྡན་གྱུར་པ། །བདེ་བ་ཅན་གྱི་ཞིང་ཁམས་ལྟར། །ས་གཞི་བྱིན་གྱིས་བརླབ་པར་བགྱིའོ། །ཕྱི་ནང་མ་བསྒྲིབས་གསལ་བ་དང་། །
རིན་ཆེན་རྣམས་ལས་གྲུབ་པ་ཡི། །ཐུབ་པའི་དབང་པོ་སྲས་བཅས་ཀྱི། །གཞལ་ཡས་ཁང་དུ་བྱིན་བརླབ་བོ། །བླ་མ་དཀྱིལ་འཁོར་ལྷ་ཚོགས་དང་། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་སྲས། །བཀའ་སྡོད་ཕྱོགས་སྐྱོང་མ་ལུས་པ། །དེ་རིང་སྤྱན་འདྲེན་གཤེགས་སུ་གསོལ། །
གཙང་ཞིང་དྲི་ཞིམ་བསིལ་བ་ཡི། །དྲི་ཆབ་བདུད་རྩིའི་རྒྱུན་ལྟ་བུས། །རྒྱལ་བ་སྲས་བཅས་མ་ལུས་པ། །ཆུ་གསུམ་གྱིས་ནི་མཉེས་པར་བགྱིའོ། །དུས་གསུམ་བཞུགས་པའི་བླ་མ་དང་། །རིན་ཆེན་གསུམ་ནི་ནམ་མཁའ་ལ། །ཏིལ་གྱི་གོང་བུ་ལྟར་དམིགས་ནས། །སྒོ་གསུམ་
གུས་པས་ཕྱག་འཚལ་ལོ། །མེ་ཏོག་ལ་སོགས་ཉེར་སྤྱོད་དང་། །རྒྱལ་སྲིད་བདུན་དང་གྲུབ་པའི་རྫས། །མཆོད་སྤྲིན་ནམ་མཁའ་གང་དམིགས་ཏེ། །འགྲོ་བ་བསྒྲལ་ཕྱིར་དབུལ་བར་བགྱིའོ། །བདག་དང་སེམས་ཅན་མཁའ་མཉམ་གྱིས། །ཐོག་མེད་དུས་ནས་ད་ལྟའི་བར། །
མ་ལུས་སྡིག་པ་ཅི་བགྱིས་པ། །ཤིན་ཏུ་འགྱོད་པས་བཤགས་པར་བགྱིའོ། །མངོན་མཐོ་ངེས་ལེགས་རྒྱུར་གྱུར་པའི། །སྐྱེ་བོས་དགེ་བ་གང་བགྱིས་དང་། །འཕགས་པའི་ཚོགས་ཀྱིས་གང་བགྱིས་ལ། །ལྷག་པར་སྤྲོ་བས་ཡི་རང་ངོ་། །སྒོ་གསུམ་བསྡམས་ཤིང་མི་དགེ་བཅོམ། །

ཆེད་དུ་བྱ་བས་གཞན་དུ་བརྩོན། །ལམ་བདེ་ཚོགས་ཆུང་འཇུག་པ་ཟབ། །སྡོམ་པ་གསུམ་ལ་གནས་པར་བགྱི། །གཏང་བར་དཀའ་བའི་ལུས་འདི་ནི། །མགོན་དང་བདེ་གཤེགས་སྲས་བཅས་ལ། །བྲན་གཡོག་ཉིད་དུ་འབུལ་ལགས་ཀྱི། །དེང་ནས་ཁྱེད་ཀྱི་འབངས་སུ་མཆིས། །
རྒྱལ་སྲིད་བུ་དང་ཆུང་མ་དང་། །འབྲུ་དང་རྟ་གླང་བྲན་དུ་བཅས། །ས་གཞི་གསེར་སོགས་རིན་པོ་ཆེ། །གུས་པས་ཐུབ་མཆོག་རྣམས་ལ་མཆོད། །སྦྱིན་དང་ཚུལ་ཁྲིམས་སྡོམ་པ་དང་། །ཐོས་བསམ་ཚོགས་གཉིས་ཅི་བསགས་པ། །དུས་གསུམ་བསྡུས་པའི་དགེ་བ་གང་། །ཐུབ་པ་
ཆོས་ཀྱི་སྤྱན་ལ་དབུལ། །སྒེག་འཛུམ་ལྡེམ་ཞིང་བརྗིད་པ་དང་། །རྔམ་ཞིང་ཁྲོས་པ་ཁྲོ་བོའི་གཟུགས། །སྲས་བཅས་སྐུ་ཡི་དཀྱིལ་འཁོར་ལ། །དད་པས་མིག་མི་འཛུམས་པར་བལྟའོ། །སངས་རྒྱས་བྱང་ཆུབ་མ་ལུས་པའི། །ཚེ་དང་ཡོན་ཏན་མཐུ་སྟོབས་དང་། །སྐུ་གསུམ་
མཛད་པ་མ་ལུས་ལ། །དབྱངས་སྙན་ངག་གིས་བསྟོད་པར་བགྱིའོ། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཏེ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་གུས་པས་སྐྱབས་སུ་མཆི། །རྒྱལ་བ་བྱང་ཆུབ་མཆོག་བརྙེས་ནས། །ཅུང་ཟད་སྙོམས་པར་བཞུགས་
པ་ལ། །ཚངས་པ་ལྟ་བུས་གུས་པ་ཡིས། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །བྱང་ཆུབ་མཛད་པ་མཐར་ཕྱིན་ནས། །བདེ་གཤེགས་མྱ་ངན་འདའ་བཞེད་པ། །ཇི་སྲིད་འཁོར་བ་མཐའ་ཡོད་པ། །སེམས་ཅན་དོན་དུ་བཞུགས་པར་གསོལ། །ཇི་ལྟར་སྔོན་གྱི་སྐྱོབ་པ་ཡིས། །བྱང་ཆུབ་
སེམས་ནི་བསྐྱེད་པ་ལྟར། །དེ་བཞིན་བདག་ཀྱང་སེམས་ཅན་ཕྱིར། །བྱང་ཆུབ་ཆེན་པོར་སེམས་བསྐྱེད་དོ། །རྒྱལ་སྲས་འཇིག་རྟེན་སྐྱོང་རྣམས་ལ། །སྐུ་གསུམ་གྲུབ་དང་རིག་པ་འཛིན། །ལས་ཚོགས་ཕྲིན་ལས་རྣམ་དབྱེ་སོགས། །ལས་བཅོལ་དེ་ནི་གྲུབ་པར་མཛོད། །འདིར་ནི་ཉེས་པ་གང་བྱས་
པ། །གང་ཡང་ལུས་ཅན་སྐྱབས་གྱུར་པ། །མ་འཚལ་བ་རྣམས་བཤགས་པར་བགྱི། །གཙོ་བོས་ཅི་ནས་བཀའ་གནང་འཚལ། །འབྲས་བུ་མཆོག་དང་ཐུན་མོང་སྟེ། །མ་ནོར་ཚིག་དོན་ཤེས་རབ་དང་། །སྤོབས་པ་མཐུ་རྩལ་ཕུན་ཚོགས་པའི། །དངོས་གྲུབ་དེ་དག་གནང་བར་རིགས། །དུས་

གསུམ་བསགས་པའི་དགེ་བ་ནི། །ཚོགས་གཉིས་བདུད་རྩི་ལྟ་བུ་འདིས། །སྐུ་གསུམ་འབྲས་བུ་གྲུབ་གྱུར་ནས། །གཞན་དོན་འབད་མེད་འབྱུང་བར་ཤོག །དེ་ལྟར་བྱ་བ་མ་ལུས་མཐར་ཕྱིན་ནས་དཀྱིལ་འཁོར་ལ་འཇུག་པའམ། དཀྱིལ་འཁོར་གཤེགས་སུ་གསོལ་བར་
བྱའོ། །ཡི་གེ་བརྒྱ་པ་ཅི་ནུས་པ་བཟླས་པར་བྱའོ། །ཕོངས་པ་རྣམས་མགུ་བ་དང་། གཞི་བདག་ལ་གཏོར་མ་སྦྱིན་པར་བྱའོ། །ལྷ་ཐམས་ཅད་ལ་མཆོད་པ་ལྷ་གྲངས་དང་མཉམ་པར་བྱས་པས་མཆོད་པའོ། །དཀྱིལ་འཁོར་ལ་འཇུག་དྲི་མེད་ཆོ་ག་འདིས། །འགྲོ་རྣམས་མུན་པ་
བསལ་ནས་དཀྱིལ་འཁོར་དུ། །མ་ལུས་ཞུགས་ནས་བདེ་ཆེན་དོན་རྟོགས་ཏེ། །བདེ་བ་ཅན་གྱི་ཞིང་དུ་མྱུར་བགྲོད་ཤོག། །རྗེ་བཙུན་མ་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་ཞེས་བྱ་བ། དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་བྷ་བ་བྷ་ཊས་མཛད་པ་རྫོགས་སོ།། །།
མ་ཧཱ་པཎྜི་ཏ་ཤྲཱི་བི་མ་ལ་ཀཱིརྟིའི་ཞལ་སྔ་ནས་དང་། ལོ་ཙཱ་བ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཞང་གྲུབ་པ་དཔལ་བཟང་པོས་བལ་པོའི་གྲོང་ཁྱེར་ཡམ་བུའི་ནུབ་ཕྱོགས་ཉི་མའི་གཙུག་ལག་ཁང་དུ་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཙིནྟ་མ་ཎི་ཏཱ་རཱ་
སཱ་དྷ་ན་ནཱ་མ། བོད་སྐད་དུ། སྒྲོལ་མ་ཡིད་བཞིན་ནོར་བུ་ཞེས་བྱ་བའི་སྒྲུབ་ཐབས། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཡིད་བཞིན་ནོར་བུ་ཞེས་བྱ་བས། །ཚེ་དང་ལོངས་སྤྱོད་འཕེལ་བ་དང་། །གཞན་ཡང་འདོད་པ་སྒྲུབ་བྱེད་པ། །སྒྲོལ་མ་ལ་བཏུད་སྒྲུབ་ཐབས་བྲི། །
སྔོན་དུ་གསུངས་པའི་རིམ་པས་རང་གི་སེམས་ཉིད་ཏཱཾ་གསེར་བཙོ་མའི་ཁ་དོག་ལྟ་བུར་བལྟ་སྟེ། འོད་ཟེར་སྤྲོས་བསྡུས་ནས་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་ཏཱཾ་གིས་མཚན་པ་བསམ། དེ་ལ་ཡང་སྤྲོ་བསྡུ་བྱས་ཏེ་གྱུར་པ་ལས་བདག་ཉིད་སྒྲོལ་མ་གསེར་བཙོ་མའི་མདོག་ལྟ་བུ་ལ་ཞལ་གཅིག་མ།
ཕྱག་གཉིས་མ་པདྨ་དང་ཉི་མ་ལ་ཞབས་སྒེག་པའི་གར་སྟབས་ཀྱིས་བཞུགས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་ཅན་ཕྱག་གཡས་ཀྱིས་རིན་པོ་ཆེ་བརླའི་ཐད་ཀར་བཟུང་བ། དཔག་བསམ་གྱི་ཤིང་ལ་རྒྱབ་བརྟེན་པའི་ཡལ་ག་ཕྱག་གཡོན་གྱིས་བཟུང་བ། དེའི་ཐུགས་ཀར་རིན་པོ་ཆེ་ཧཱུཾ་གིས་མཚན་པར་

བསམས། ཕྱག་མཚན་དང་ས་བོན་ལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་དབུལ་བའི་སྡུག་བསྔལ་བསལ་ཏེ་ཚུར་འདུས་པས་རང་གི་སྐུ་གསལ་བཏབ་ཅིང་སླར་ཐུགས་ཀ་ནས་འོད་འཕྲོས་པས་ཡེ་ཤེས་པ་གཞུག་པ་དང་། དབང་བསྐུར་བ་བྱ་སྟེ། རིན་ཆེན་འབྱུང་ལྡན་གྱིས་རྒྱས་
གདབ་པོ། །སྔ་མ་ལྟར་འོད་སྤྲོ་ཞིང་བསྡུ་བས་སྐུ་གསལ་བཏབ་ཅིང་མི་བསྐྱོད་པའི་བར་དུ་བསྒོམ་མོ། །སྐྱོ་བར་གྱུར་ན་བཟླས་པ་བྱ་སྟེ་རང་གི་ས་བོན་དང་སྔགས་ལས་འཕྲོས་པའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱུད་བསྐུལ་ཏེ། འབྲུ་དང་རིན་པོ་ཆེ་ལ་སོགས་པ་འདོད་
པའི་ཡོན་ཏན་ཐམས་ཅད་ཀྱི་ཆར་འབབ་པར་བསམ་ཞིང་ངག་ཏུ་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཙིནྟ་མ་ཎི་དྷརྦྷྱ་བིརྦྷྱ་སྭཱ་ཧཱ། དེ་ལས་སྐྱོ་ན་ཡེ་ཤེས་པ་གཤེགས་ཏེ་དམ་ཚིག་པ་མི་དམིགས་པར་བྱའོ། །དགེ་བ་བསྔོའོ། །སྒྲོལ་མ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། དངོས་གྲུབ་བརྙེས་པའི་སློབ་དཔོན་བྷ་བ་
བྷ་ཊས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏཱ་རཱ་ཊོ་བ་བི་དྷིཿ། བོད་སྐད་དུ། སྒྲོལ་མའི་ཁྲུས་ཀྱི་ཆོ་ག །རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཁྲུས་ཀྱི་ཆོ་ག་ལ་གསུམ་སྟེ། སྦྱོར་བ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་ནི་གནས་ཡིད་དང་
མཐུན་པར་ཕྱག་དར་ལ་སོགས་པ་བྱས་ཏེ། བུམ་པ་མཚན་ཉིད་དང་ལྡན་པར་རྫས་གཞན་དང་མཐུན་པར་བསགས་ཏེ། ཤེལ་མེད་དུ་མི་རུང་མཆོད་པ་རྣམས་སྟ་གོན་བྱའོ། །དངོས་གཞི་ནི་སྔོན་དུ་གསུངས་པའི་རིམ་པ་སྟོང་པའི་ངང་ལས་སེམས་ཉིད་ཏཱཾ་དཀར་པོར་བལྟའོ། །དེ་ལས་འོད་
འཕྲོས་བསྡུས་ནས་བདག་ཉིད་སྒྲོལ་མ་མདོག་དཀར་མོ་པདྨ་དང་ཟླ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་བདུད་རྩིའི་བུམ་པ་བསྣམས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་ལྡན་པ་འོད་འཕྲོ་བ་དང་བཅས་པའི་སངས་རྒྱས་ལྔའི་དབུ་རྒྱན་ཅན་དུ་
བསྐྱེད་པར་བྱའོ། །བུམ་པ་ཡང་མི་དམིགས་པ་ལས་ཕྱི་བུམ་པ་ལ་ནང་རིན་པོ་ཆེའི་གཞལ་ཡས་ཁང་བཅུད་བདུད་རྩིའི་རྒྱ་མཚོའི་དབུས་སུ་པདྨའི་པ་དྲའི་སྡོང་པོ་ལ་རང་འདྲ་བའི་དམ་ཚིག་སེམས་དཔའ་བསྐྱེད། དེའི་མདུན་ན་ལས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་པ་དམར་སེར་བཞེངས་པ།

ཞལ་གཅིག་ཕྱག་གཉིས་པའི་ཐལ་མོ་སྦྱར་བའི་དབུས་ན་རིན་པོ་ཆེའི་བུམ་པ་བདུད་རྩི་འབབ་པ་བསྣམས་པ། ཞི་མ་ཁྲོ་གཙོ་མོ་ལ་བལྟ་བ་བསམ་མོ། དེ་དག་ལ་ཡེ་ཤེས་པ་གཞུག་དབང་བསྐུར་རྒྱས་གདབ། དེ་ནས་རྡོ་རྗེ་གཟུངས་ཐག་དང་བཅས་པ་བུམ་པའི་སྟེང་དུ་
བཞག་རང་དང་བུམ་པའི་ལྷ་གཉིས་ཀའི་ཐུགས་ཀར་ཟླ་བ་ལ་ས་བོན་དང་བཟླས་པའི་སྔགས་བསམས་ཏེ། རང་གིས་གཟུངས་ཐག་བཟུང་ནས་ངག་ཏུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། སརྦ་པཱ་པཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་པས་སྔགས་གཟུངས་ཐག་ལ་འཁྲིལ་
ནས་བུམ་པའི་ལྷ་གཉིས་པོའི་ཐུགས་ཀར་ཕོག་དེ་ལས་འོད་འཕྲོས་དེ་བཞིན་གཤེགས་པའི་ཐུགས་བསྐུལ། ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ལྷ་གཉིས་པོའི་བུམ་པ་ལ་ཕོག་བདུད་རྩི་ལུད་འོག་གི་བདུད་རྩི་དང་དབྱེར་མེད་དུ་བསམ་མོ། །དེ་ལྟར་གསོ་སྦྱོང་ལ་གནས་པ་དུས་ནི་ཚེས་
བརྒྱད་ནས་ཕ་རོལ་གྱི་ཚེས་བརྒྱད་ཀྱི་བར་རམ། གྲངས་ནི་སུམ་འབུམ་མོ། །རྟགས་ནི་ཆུ་ཁོལ་བ་ལ་སོགས་པ་དང་ལྷའི་ཞལ་མཐོང་བའོ། །རྗེས་ལ་ཡེ་ཤེས་པ་གཤེགས་ཏེ་དམ་ཚིག་པ་རང་ལ་བསྡུས་ནས་རང་ལྷའི་ང་རྒྱལ་གྱིས་རང་གཞན་ཆུ་དེས་བཀྲུས་ནས་སྡིག་པ་ལ་སོགས་
ཏེ་མི་མཐུན་པ་ཐམས་ཅད་ཞི་བར་འགྱུར་རོ། །ས་ཕྱོགས་ཀུན་དུ་གཏོར་ན་ཡང་ནད་ཞི་བར་འགྱུར་རོ། །ཕྱུགས་ལ་གཏོར་ན་ཕྱུགས་ནད་ཞི་བར་འགྱུར་རོ། །མེ་ལ་སོགས་པའི་འཇིགས་པ་ལ་གཏོར་ན་འཇིགས་པ་ཐམས་ཅད་སྤོང་ངོ་། །སྒྲོལ་མའི་ཁྲུས་ཀྱི་ཆོ་ག་སློབ་དཔོན་ཆེན་པོ་བྷ་ཝ་བྷ་
ཊས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པཽ་ཤ་ཏ་བི་དྷིཿ། བོད་སྐད་དུ། གསོ་སྦྱོང་གི་ཆོ་ག །རྗེ་བཙུན་མ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མའི་སྐུ་གཟུགས་མདུན་དུ་བཞུགས་ལ་སེམས་བསྐྱེད་བྱ། པོ་ཏ་ལ་ནས་སྤྱན་དྲངས་པའི་བཅོམ་ལྡན་འདས་མ་
དང་སྐུ་གཟུགས་གཉིས་སུ་མེད་པར་བསམ། ཡན་ལག་སྨད་ལྔ་ཁྲུས་བྱས་ལ་བཅོམ་ལྡན་འདས་མ་འཁོར་དང་བཅས་པའི་ཞབས་ལ་གཏུགས་པའི་ཕྱག་བྱ། དངོས་སམ་ཡིད་ཀྱིས་མཆོད་པ་འབུལ། བསྟོད་པ་གང་ཡང་རུང་བ་ཚར་གསུམ་བསྒྲགས། །སྐུ་གསུང་ཐུགས་མཉེས་པར་བྱ་བའི་

ཕྱིར། རྩ་བའི་སྙིང་པོ་བརྒྱ་རྩ་བརྒྱད་བགྲང་། སྡིག་པ་ལ་སོགས་བཤགས་པའི་ཡན་ལག་གཞན་ཡང་བྱས་ལ། ལུས་ཙོག་ཙོག་པོར་འདུག་ལ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ། ཆོ་ག་འདི་ལན་གསུམ་བརྗོད་པས་གསོ་སྦྱོང་རང་གིས་བླངས་པར་འགྱུར་ཏེ། ཕྱོགས་བཅུ་ན་བཞུགས་
པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་བདག་ལ་དགོངས་སུ་གསོལ། བཅོམ་ལྡན་འདས་མ་སྒྲོལ་མ་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་དང་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང་། བདེ་བར་བྱ་བའི་ཕྱིར་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་
པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ངེས་པར་བྱ་སྟེ། ཡང་དག་པར་བླངས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བྱ་བས་ཀྱང་། དུས་ད་ནས་བཟུང་ནས་གདུགས་རྩེ་ཤར་གྱི་བར་དུ།
སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང་། བདེ་བར་བྱ་བའི་ཕྱིར་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གསོ་
སྦྱོང་ངེས་པར་བྱ་སྟེ། ཡང་དག་པར་བླང་བར་བགྱིའོ། །དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་དེ། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་མཉམ་བསྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་མཐོན་པོ་
མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་པ། །དེ་ལྟར་སྲོག་གཅོད་ལ་སོགས་སྤོང་། །བླ་མེད་བྱང་ཆུབ་ཐོབ་པར་ཤོག། །སྡུག་བསྔལ་མང་དཀྲུགས་སེམས་

ཅན་རྣམས། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་བརྗོད་དོ། །བའི་ལྕི་བའི་དཀྱིལ་འཁོར་དབུས་སུ་བཅོམ་ལྡན་འདས་མ་ལ་མཆོད་ཅིང་སྨྱུང་བར་གནས་པས་བསྒྲུབ་པ་དང་བསྟོད་པ་ལ་སོགས་པ་བྱས་ན་མཚམས་མེད་པ་ལྔའི་ལས་བྱས་པ་ཡང་ངེས་པར་བྱང་བར་
འགྱུར་རོ། །སྐུ་དངོས་སུ་མཐོང་བ་ལ་སོགས་པའི་ཡོན་ཏན་མཐའ་མེད་པ་ལ་སོགས་པ་འཛིན་པར་འགྱུར་རོ། །དུས་ནི་ཡར་ངོའི་ཚེས་བརྒྱད་ཡིན་ནོ། །དཀར་གསུམ་དང་དུས་ཅུང་ཟད་ཐུང་བ་ལ་སོགས་པ་ཅི་རིགས་པས་ཀྱང་བཏུབ་བོ། །གསོ་སྦྱོང་རང་གིས་བླང་བའི་ཆོ་ག་རྫོགས་སོ།། །།
སྒྲོལ་མའི་དངོས་གྲུབ་བརྙེས་པའི་སློབ་དཔོན་བྷ་ཝ་བྷ་ཊས་མཛད་པའོ། །མ་ཧཱ་པཎྜི་ཏ་ཤྲཱི་རཏྣ་རཀྵི་ཏ་དང་། ལོ་ཙཱ་བ་ཞང་གྲུབ་པ་དཔལ་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཏཱ་ར་མཎྜ་ལ་བི་དྷིཿ། བོད་སྐད་དུ། སྒྲོལ་མའི་མཎྜལ་གྱི་ཆོ་ག །རྗེ་བཙུན་མ་སྒྲོལ་
མ་ལ་ཕྱག་འཚལ་ལོ། །སྔགས་ཡོངས་སུ་དག་པ་དང་། སྒྲིབ་པ་ཟད་པར་འགྱུར་བ་དང་། དངོས་གྲུབ་མྱུར་དུ་ཐོབ་པར་འདོད་པས་མཎྜལ་གྱི་ཆོ་ག་ལ་བརྩོན་པར་བྱའོ། །སྔགས་པས་ཡན་ལག་ལྔ་བཀྲུས་ཏེ་ཁྱོར་བར་ཆུ་ཅུང་ཟད་བླུགས་ལ་ངག་ཏུ་ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་
ཡེ་ཧཱུཾ་ཞེས་བརྗོད་ནས་རང་གི་སྤྱི་བོར་བླུགས་པས་རང་ལྷ་དང་སྤྱི་གཙུག་གི་དབང་རྟགས་དྲན་པར་བྱའོ། །དེ་ནས་མེ་ཏོག་ལ་ལག་པ་བཀབ་སྟེ་ངག་ཏུ། ཨོཾ་ན་མོ་བྷ་ག་བ་ཏེ་པུཥྤེ་ཀེ་ཏུ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ་པུཥྤེ་མ་ཧཱ་པུཥྤེ། སུ་པུཥྤེ་པུཥྤོཏྦྷ་བེ། པུཥྤེ་བཱ་ཀཱིརྞྞ་
སྭཱ་ཧཱ། ཞེས་བརྗོད་པས་མེ་ཏོག་བྱིན་གྱིས་བརླབ་པོ། །དེ་ནས་ཆུ་ཅུང་ཟད་བླངས་ཏེ་ངག་ཏུ་ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཅེས་པས་གནས་དང་བདག་བསྲུང་བར་བྱའོ། །དེ་ནས་ཨོཾ་ཨཱཿབཛྲ་བྷཱུ་མེ་ཧཱུཾ་འདིས་མཎྜལ་བསྲུང་བར་བྱའོ། །ཨོཾ་ཨཱཿབཛྲ་རེ་ཁེ་ཧཱུཾ་འདིས་མཎྜལ་བྱུག་པར་བྱའོ། །ལག་པ་དེའི་རྒྱབ་ཏུ་
མེ་ཏོག་བཟུང་སྟེ་མཎྜལ་གྱི་དབུས་སུ་བཞག་པས་བསྲུང་བར་བྱའོ། །དེ་ནས་ཨོཾ་ཨཱཿཧཱུཾ་གིས་མེ་ཏོག་དང་བཅས་པའི་ལག་པས་རང་གི་གནས་གསུམ་བྱིན་གྱིས་བརླབ་བོ། །དེ་ནས་མེ་ཏོག་གཅིག་བཟུང་སྟེ་ཨོཾ་སརྦ་བིགྷྣཱཾ་སོ་ར་ཡ་ཧཱུཾ་སྭཱ་ཧཱ། ཞེས་པ་མཎྜལ་ལ་བསྐོར་ཞིང་བོར་བས་བགེགས་དང་བྲལ་བར་

བྱའོ། །དེ་ནས་སྐད་ཅིག་ལ་མཎྜལ་མི་དམིགས་པ་ལས་རིན་པོ་ཆེའི་གཞལ་ཡས་ཁང་དུ་བསམ་པའི་ནང་དུ་མེ་ཏོག་བཟུང་སྟེ། ཨོཾ་ཙནྡྲ་ཨརྐ་བི་མ་ཎི་བྷྱ་སྭཱ་ཧཱ། ཞེས་མེ་ཏོག་མཎྜལ་གྱི་དབུས་སུ་བཞག་པས་སྐད་ཅིག་ལ་སྒྲོལ་མ་ལྷ་བཅུ་གསུམ་མམ་བཅོ་ལྔ་ལ་སོགས་པ་བསྐྱེད་པར་བྱའོ། །དེ་
རྣམས་ལ་ཨོཾ་ཨཱཿཧཱུཾ་ཞེས་མེ་ཏོག་བླངས་ཏེ་གཏོར་བས་ཡེ་ཤེས་པ་དབང་དུ་བྱས་པར་བསྒོམ། དེ་ནས་ཞབས་བསིལ་དང་། བསང་ཆུ་གསུམ་ནི་ཨོཾ་པྲ་བ་ར་སཏྐཱ་ར་པྲ་ཏཱིཙྪ་ཡེ་དང་། ཨོཾ་ཨཉྩ་མཱ་ནཾ་དང་། ཨོཾ་བྲོ་ཀྵ་ཎཾ་སྭཱ་ཧཱ། ཞེས་པས་རིམ་པ་ལྟར་དབུལ་དེ་ནས་ཕྱག་བྱའོ། །དེ་ནས་ལག་པ་གཉིས་
ཀྱིས་མེ་ཏོག་བཟུང་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་པུཥྤེ་སྭཱ་ཧཱ། ཞེས་པས་གཙོ་མོའི་དབུ་ལ་དབུལ་ལོ། །ཨོཾ་བཛྲ་ཏཱ་རེ་པུཥྤེ་སྭཱ་ཧཱ། ཤར་དུའོ། །ཨོཾ་རཏྣ་ཏཱ་རེ་པུཥྤེ་སྭཱ་ཧཱ། ལྷོ་རུའོ། །ཨོཾ་པདྨ་ཏཱ་རེ་པུཥྤེ་སྭཱ་ཧཱ། ནུབ་ཏུའོ། །ཨོཾ་ཀརྨ་ཏཱ་རེ་པུཥྤེ་སྭཱ་ཧཱ། བྱང་དུའོ། །ཨོཾ་པུཥྤེ་ཏཱ་རེ་པུཥྤེ་སྭཱ་ཧཱ། ཤར་ལྷོར་རོ། །ཨོཾ་
དྷཱུ་པ་ཏཱ་རེ་པུཥྤེ་སྭཱ་ཧཱ། ལྷོ་ནུབ་ཏུའོ། །ཨོཾ་དཱི་པ་ཏཱ་རེ་པུཥྤེ་སྭཱ་ཧཱ། ནུབ་བྱང་དུའོ། །ཨོཾ་གནྡྷ་ཏཱ་རེ་པུཥྤེ་སྭཱ་ཧཱ། བྱང་ཤར་དུའོ། །ཨོཾ་ཨཾ་ཀུ་ཤ་ཏཱ་རེ་པུཥྤེ་སྭཱ་ཧཱ། ཤར་སྒོར་རོ། །ཨོཾ་པཱ་ཤ་ཏཱ་རེ་པུཥྤེ་སྭཱ་ཧཱ། ལྷོའི་སྒོར་རོ། །ཨོཾ་སྥོ་ཊ་ཏཱ་རེ་པུཥྤེ་སྭཱ་ཧཱ། ནུབ་སྒོར་རོ། །ཨོཾ་གྷཎྜ་ཏཱ་རེ་པུཥྤེ་སྭཱ་ཧཱ། བྱང་སྒོར་རོ། །ལྷ་
མོ་བཅོ་ལྔར་བྱེད་ན། ཨོཾ་ཨུཥྞཱི་ཥ་ཏཱ་རེ་པུཥྤེ་སྭཱ་ཧཱ། ཤར་སྒོའི་དེའི་རྒྱབ་ཏུའོ། །ཨོཾ་སུམྦྷ་ཏཱ་རེ་པུཥྤེ་སྭཱ་ཧཱ། ནུབ་སྒོའི་དེའི་རྒྱབ་ཏུའོ། །དེ་བཞིན་དུ་ལྷའི་རིགས་གཞན་ཡང་ཤེས་པར་བྱའོ། །དེ་ནས་གོང་མ་ལྟར་རང་རང་གི་སྔགས་ཀྱིས་བདུག་སྤོས་ཤངས་ལ། དྲི་ཐུགས་ཀར་མར་མེ་སྤྱན་ལ། ལྷ་བཤོས་
ལྗགས་ལ། རོལ་མོ་སྙན་ལ་དབུལ་ལོ། །གཞན་ཡང་ཉེ་བར་མཁོ་བ་དང་སྤྱད་པའི་དགོས་པ་དབུལ་བར་བྱ་སྟེ། བཀུར་སྟིས་མཆོད་པ་ལ་བསྟོད་པ་ཅི་རིགས་པར་བསྒྲགས་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་གཞན་རྣམས་ཀྱང་བྱས་ལ་འདོད་པའི་དོན་ལ་གསོལ་བ་
གདབ་སྟེ། ལྷག་ཆད་བསྐང་བ་ལ་ཡི་གེ་བརྒྱ་པ་ཅི་རིགས་པར་བརྗོད་དོ། །དེ་ནས་ལྷ་དེ་རྣམས་ཀྱི་ཡེ་ཤེས་པ་གཤེགས་ཏེ། དམ་ཚིག་པ་རང་ལ་བསྡུས་ནས་དགེ་བ་བསྔོ་བར་བྱའོ། །འདི་ནི་བྱ་བ་གཞན་ཐམས་ཅད་དང་འབྲེལ་པར་ཤེས་པར་བྱའོ། །སྒྲོལ་མའི་མཎྜལ་གྱི་ཆོ་ག་སྙན་དངགས་མཁན་

པོ་སྙིང་རྗེ་ཆེན་པོས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏཱ་རཱ་ཨ་གྲཱ་པྲཱཔྟི་ནཱ་མ། བོད་སྐད་དུ། སྒྲོལ་མ་མཆོག་ཐོབ་པ་ཞེས་བྱ་བ། རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་རིམ་པས་སྟོང་པ་ཉིད་ཀྱི་བར་
བསྒོམས་ཏེ། སྐད་ཅིག་ལ་རང་སྒྲོལ་མར་བསྒོམས་པའི་ཐུགས་ཀར་ཏཱཾ་ཨིནྡྲ་ནཱི་ལའི་མདོག་ལྟ་བུ་བལྟ་བར་བྱའོ། །ལུས་སྐྱིལ་ཀྲུང་ལ་ཚིགས་དྲང་པོར་བསྲང་སྟེ་མཉམ་གཞག་གི་ཕྱག་རྒྱ་ལ་སོགས་ཏེ་ལུས་གནད་ལྔ་དང་ལྡན་པས་རླུང་རྒྱུ་བ་སྤངས་ཏེ་ལྟེ་བ་ལས་མེ་རབ་ཏུ་སྦར་ནས།
སྤྱི་གཙུག་ནས་ཐིག་ལེ་ཕབ་སྟེ་ཏཱཾ་ལ་ཕོག །ཏཱཾ་ལས་བྱང་ཆུབ་ཀྱི་སེམས་ཞུན་ཚུལ་དུ་ལུས་ཐམས་ཅད་ལ་ཁྱབ་པས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་སྐྱེས་པར་བསམ་ཞིང་སྲོག་རྩོལ་ལ་འབད་ན་ཞག་བདུན་གྱིས་དངོས་སུ་སྐྱེ་བར་འགྱུར་ཏེ། བྱང་སེམས་འཛག་ན་གདམས་
ངག་དྲན་པར་བྱ། དེ་ནས་ཏཱཾ་ལས་འོད་འཕྲོས་ཏེ་སྣོད་བཅུད་ཐམས་ཅད་རང་ལ་བསྡུས་རང་ཡང་ཏཱཾ་ལས་བསྡུས་ཏེ་ཏཱཾ་ཡང་རིམ་གྱིས་མི་དམིགས་པར་བྱས་ལ་ཡོད་པ་དང་མེད་པའི་རྟོག་པ་སྤངས་ལ། སྟོང་པ་ཉིད་ཀྱི་བདེ་བ་ལ་རྒྱས་གདབ་པོ། །རྟོག་པ་ལ་ཤེས་པ་
འཕྲོ་ན་སྔ་མ་ལྟར་བདེ་བ་བསྒོམ། བདེ་བ་ཤས་ཆེ་ན་ཕྱི་མ་ལྟར་སྟོང་པ་བསྒོམ། རྟོག་པ་གཞན་འབྲེལ་པ་སྤང་སྟེ་ཟླ་བ་དྲུག་ཏུ་བསྒོམས་ན་མཆོག་ཐོབ་པར་འགྱུར་རོ། །སྒྲོལ་མ་མཆོག་སྒྲུབ་པ་ཞེས་བྱ་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་བསོད་སྙོམས་པས་མཛད་པ་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཨཥྚ་བྷ་ཡ་ཏྲ་ཎཱ་སྟཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། འཇིགས་པ་བརྒྱད་ལས་སྐྱོབ་པའི་སྒྲོལ་མའི་སྒྲུབ་ཐབས། བཅོམ་ལྡན་འདས་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོ་ཁོ་ནར་ཚངས་པའི་གནས་བཞི་བསྒོམས་ནས། སྐྱབས་སུ་འགྲོ་བ་དང་། བྱང་
ཆུབ་ཀྱི་སེམས་བསྐྱེད་པ་དང་། ལམ་ལ་གནས་པར་ཁས་འཆེ་བ་དང་། ཡོངས་སུ་བསྔོ་བ་སྟེ་བསོད་ནམས་ཀྱི་ཚོགས་བསག་གོ། །དེ་ནས་ཆོས་ཐམས་ཅད་བདག་མེད་པར་ལྷག་པར་མོས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་དང་། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་

ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པས་སྟོང་པ་ཉིད་དུ་བསྒོམས་པས་ཡེ་ཤེས་ཀྱི་ཚོགས་བསག་གོ། །སྟོང་པ་ཉིད་ཀྱི་ངང་ལས་ནམ་མཁའི་དབྱིངས་དེ་ཉིད་དུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རང་གི་སེམས་ཉིད་ཏཱཾ་གི་རྣམ་པ་ཡོངས་སུ་གྱུར་པ་ལས་བྱུང་བའི་སྒྲོལ་མ་སྐུ་
མདོག་ལྗང་གུ་ཞལ་གཅིག་མ་ཕྱག་བརྒྱད་མ། ཕྱག་གཡས་པ་རྣམས་ཀྱིས་བགྲང་ཕྲེང་དང་མཆོག་སྦྱིན་དང་། མི་འཇིགས་པ་སྦྱིན་པ་དང་། རིན་པོ་ཆེ་འཛིན་པ། གཡོན་པ་རྣམས་ཀྱིས་ཨུཏྤ་ལ་དང་། བུམ་པ་དང་། སྐྱབས་སྦྱིན་པའི་ཕྱག་རྒྱ་དང་། པོ་ཏི་འཛིན་པ་
རབ་ཏུ་ཞི་ཞིང་ལང་ཚོ་རྒྱས་པའི་ལུས་ཤིན་ཏུ་མཛེས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་མངོན་པར་སྤྲས་ཤིང་སྨད་གཡོགས་ཁ་དོག་སྣ་ཚོགས་ཅན་དུ་བསྒོམ་པར་བྱའོ། །དེ་ནས་ཨོཾ་ཨེ་ཧྱེ་ཧི་བྷ་ག་བ་ཏཱི་པྲཱ་སཱ་དྷཾ་ཀུ་རུ་པཱུ་ཛ་གྲྀཧྞ་ཨ་ཏྲ་སནྣི་ཧི་ཏོ་བྷ་ཝ་ཞེས་པའི་སྔགས་ཀྱིས་
བཅོམ་ལྡན་འདས་མ་སྤྱན་དྲངས་པ་མདུན་ན་གནས་པ་ལ་མངོན་པར་མཆོད་དེ། ཨོཾ་བྷ་ག་ཝ་ཏཱི་ས་མ་ཡེ་ཤྭ་རི་སརྦཱ་ནུདྡྷརྨཱ་ཏེ་ཏཱ་རེ་ཨ་དྷིཥྛཱ་ནཾ་མེ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་གསོལ་བ་བཏབ་པས་བདག་ཉིད་ལ་ཉེ་བར་ཞུགས་པས་སྙིང་གར་བདག་ཅི་འདྲ་བའི་ཡེ་ཤེས་
སེམས་དཔའ་དང་། དེའི་ཡང་ཐུགས་ཀར་ཏཱཾ་གི་རྣམ་པའི་ཏིང་ངེ་འཛིན་སེམས་དཔའ་གནས་པར་བལྟ་ཞིང་དེ་ཉིད་ཀྱི་ཚེ་འཇིགས་པ་བརྒྱད་ལས་སྐྱོབ་པར་བྱེད་པའི་སྒྲོལ་མ་རྣམས་མངོན་པར་འཕྲོས་པ་ནི་གཡས་ཕྱོགས་སུ་སེང་གེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་སེང་གེའི་
གདོང་པ་ཅན་མཆེ་བ་རྣམ་པར་གཙིགས་ཤིང་། ལྕེ་གློག་ལྟར་འཁྱུག་པ། སྤྱན་སེར་མོ། ཕྱག་གཉིས་པ། མདོག་དམར་མོ། སྐྲ་སེར་པོ། ཐུགས་ཀར་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་མཛད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་ཅན་རྣམས་སེང་གེའི་འཇིགས་པ་ལས་
སྒྲོལ་བར་བསྒོམ་པར་བྱའོ། །བཅོམ་ལྡན་འདས་མའི་གཡོན་ཕྱོགས་སུ་གླང་ཆེན་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་གླང་པོ་ཆེའི་གདོང་པ་ཅན་ཞལ་གཅིག་ཕྱག་གཉིས་མ། ཤངས་མཐོ་ཞིང་མཆེ་བ་གཙིགས་པ་གསུས་པ་འཕྱང་བ་དུ་བའི་མདོག་ཅན། མཐེ་བོང་མངོན་

པར་བརྐྱང་བའི་ཕྱག་གཉིས་ཀྱིས་བསྡིགས་པར་མཛད་པའི་ཕྱག་རྒྱ་ཅན། སེམས་ཅན་རྣམས་གླང་པོ་ཆེའི་འཇིགས་པ་ལས་སྒྲོལ་བར་མཛད་པར་བསྒོམ་པར་བྱའོ། །གཡས་ཕྱོགས་ཀྱི་འོག་ཏུ་མེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དམར་མོ་
འབར་བའི་གདོང་པ་ཅན། ཞལ་བདུན་མ། ལྗགས་བདུན་མ། སྐྲ་གྱེན་དུ་འབར་བ་ཕྱག་གཉིས་མ། ཕྱག་གཉིས་ཀྱིས་པདྨའི་ཕྱག་རྒྱ་མཛད་ཅིང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་ཅན་རྣམས་མེའི་འཇིགས་པ་ལས་སྒྲོལ་བར་བསྒོམ་པར་བྱའོ། །
གཡོན་ཕྱོགས་ཀྱི་འོག་གི་ཆར། སྦྲུལ་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ཞལ་གཅིག་ཕྱག་གཉིས་མ། ཁ་དོག་ནག་མོ། སྦྲུལ་མགོའི་གདེངས་ཀ་བཅུ་དང་ལྡན་ཞིང་སྐྲ་གྲོལ་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ལུས། ཕྱག་གཉིས་ཀྱིས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་མཛད་
ཅིང་། སེམས་ཅན་རྣམས་སྦྲུལ་གྱི་འཇིགས་པ་ལས་སྒྲོལ་བ་བསྒོམ་པར་བྱའོ། །གཡས་ཕྱོགས་ཀྱི་འོག་གི་ཆར་ཆོམ་རྐུན་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ཞལ་གཅིག་ཕྱག་གཉིས་མ། སྐུ་མདོག་ལྗང་གུ། ཞལ་ཁྲོ་གཉེར་བསྡུས་པ། སྐྲ་གྱེན་དུ་མཛེས་པ།
ཕྱག་གཡས་པས་རལ་གྲི་འཕྱར་ཞིང་གཡོན་པས་སྡིགས་མཛུབ་མཛད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ལུས་བཞེངས་པ་སེམས་ཅན་རྣམས་ཆོམ་རྐུན་གྱི་འཇིགས་པ་ལས་སྒྲོལ་བ་བསྒོམ་པར་བྱའོ། །གཡོན་ཕྱོགས་ཀྱི་འོག་གི་ཆར་ལྕགས་སྒྲོག་གི་འཇིགས་པ་ལས་
སྐྱོབ་པའི་སྒྲོལ་མ་ཞལ་གཅིག་ཕྱག་གཉིས་མ་སྐུ་མདོག་དམར་མོ། གཡས་པ་དང་གཡོན་པས་ལྕགས་ཀྱུ་དང་ཞགས་པ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ལུས་བཞེངས་པ། སེམས་ཅན་རྣམས་ལྕགས་སྒྲོག་གི་འཇིགས་པ་ལས་སྒྲོལ་བ་བསྒོམ་པར་བྱའོ། །
གཡས་ཕྱོགས་ཀྱི་འོག་གི་ཆར་ཆུའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ཞལ་གཅིག་ཕྱག་གཉིས་མ་སྐུ་མདོག་དཀར་མོ་གཡས་ལྕགས་ཀྱུ་དང་གཡོན་པས་སྡིགས་མཛུབ་མཛད་པ་ཞི་བའི་སྐུ་བཞེངས་པ། སེམས་ཅན་རྣམས་ཆུའི་འཇིགས་པ་ལས་སྒྲོལ་བ་བསྒོམ་པར་བྱའོ། །

གཡོན་ཕྱོགས་ཀྱི་འོག་གི་ཆར། ཤ་ཟའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ཞལ་གཅིག་ཕྱག་གཉིས་མ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཀུནྡ་དང་ཟླ་བའི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ལུས་ཕྱག་གཡས་པ་དང་གཡོན་པས་མཆོག་
སྦྱིན་དང་། མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་མཛད་ཅིང་སེམས་ཅན་རྣམས་ཤ་ཟའི་འཇིགས་པ་ལས་སྒྲོལ་བ་བསྒོམ་པར་བྱའོ། །ཡང་སྙིང་གའི་ཏཱཾ་གི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རིགས་ལྔ་སྤྱན་དྲངས་པ་ལ་མངོན་པར་མཆོད་པ་ནས་གསོལ་བ་བཏབ་པས་སངས་
རྒྱས་རྣམས་ཀྱིས་དབང་བསྐུར་ནས་ཐམས་ཅད་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་བསྒོམ་པར་བྱའོ། །སྔགས་ཀྱི་ཚིག་འདི་དག་ཡིན་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་བྷ་ཡ་ཤ་མ་ནི་སརྦ་དུརྒ་ཏི་ཏཱ་རེ་ཎི་ཏུ་རེ་སྭཱ་ཧཱ། གཙོ་མོའི་སྔགས་སོ། །ཨོཾ་སིཾ་ཧ་པ་དཱ་ནི་མ་ཧ་དཾ་ཥྚྲཱིཾ། བི་
དྱུད་ཛི་ཧཱི་པཱིཾ་གལ། ནེ་ཏྲ། གརྫ་གརྫ་ཡ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སེང་གེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། །ཨོཾ་དྭི་ར་དཾ་བ་དཱ་ནི། ཨེ་ཀ་དཾ་ཥྚྲཱིཾ་མ་ཧཱ་ན་སེ་ལམྦོ་དྷ་རི་ཀརྡྷ་ཀརྡྷ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཤོ་ཥ་ཡ་ཤོ་ཥ་ཡ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གླང་པོ་ཆེའི་
འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། །ཨོཾ་ཤི་ཁི་བ་དཱ་ནེ་མ་ཧཱ་ཨུ་སྐཱ་མུ་ཁི་ཛྭ་ལཱ་མཱ་ལཱ་ནི་སཔྟ་ཛི་ཧི། སཔྟ་མུ་ཁིཾ་ཝི་ཤྭཱ་ན་རེ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། མེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། །ཨོཾ་ཕ་ཎི་མ་ཧཱ་ཕ་ཎི་ཀྲྀཥྞ་བ་དཱ་ནེ་ཀྲྀཥྞ་བ་དཱ་ནེ་ཏྲེ་ཨེ་ཀཱ་ད་ཤ་ཛི་ཧེ།
ཀཱ་རེ་ཎ་ཙ་ལཱ་ཡ། ཙ་ལཱ་ཡ། མ་ཧཱ་བྷི་ཥ་བྷཀྵ་ཎི། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སྦྲུལ་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། །ཨོཾ་ཁརྒ་ཧསྟི་བྷི་ཀུ་ཊི་མུ་ཁི་ཨུརྡྷ་ཀེ་ཥ་མ་ཧཱ་ན་དཱི་ཀྲྀཥྞ་ཨཉྫ་ན་ཝརྞེ་ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཨུཏྟཱ་ར་ཡ་ཨུཏྟཱ་ར་ཡ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།
ཆོམ་རྐུན་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། །ཨོཾ་རཀྵ་ཝརྞེ་པཱ་ཤ་ཨཱཾ་ཀུ་ཤ་ཧ་སྟི་མ་ཧཱ་ར་ཝི་མ་ཧཱ་བ་ལ་ས་ར་ས་ར། བི་ས་ར་བི་ས་ར། གྲྀཧྞ་གྲྀཧྞ། ཀདྡྷ་ཀདྡྷ་མ་ཧཱ་དུརྒ་ན། མཱུ་ཙ་ཡ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ལྕགས་སྒྲོག་གི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་

མའི་སྔགས་སོ། །ཨོཾ་ཛ་ལེ་ཛ་ལེ་མ་ཧཱ་ཛ་ལེ། ཏཱ་ར་ཡ་ཏཱ་ར་ཡ། ཨུཏྟཱ་ར་ཡ། ཤྲིཾ་ཁ་ལ་ཧ་སྟི། མ་ཧཱ་ཛ་ཝེ་ཨེ་ཀཱ་བཱི་རི་མ་ཧཱ་ཀཱ་རུ་ཎེ་ཀེ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཆུའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། །ཨོཾ་མ་ཧཱ་གམྦྷཱི་རྱེ་མ་ཧཱ་ཀཱ་རུ་
ཎེ་ཀེ་བྷ་ག་ཝཏྶ་ལེ། བ་ར་དྷ་ཨ་བྷ་ཡ་ཧསྟི། མ་ཧཱ་ཀུ་ན་ཨིནྡུ་ད་ཝ་ལི་པྲ་ཧཱ་སི་ཏ་བ་དཱ་ནེ། མ་ཧཱ་ཝ་སྟྲ་པྲ་བྲྀཏྟ་ཤ་རཱི་རེ་དྷྱ་ནཱ། ཝ་སྠི་ཏི་ཏཱ་ར་ཡ་ཏཱ་ར་ཡ་མ་ཧཱ་བྷ་ཡ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཤ་ཟའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་སྔགས་སོ། །གང་གི་ཚེ་
བཟླས་པས་ཡིད་སྐྱོ་བར་གྱུར་པ་དེའི་ཚེ་ཡེ་ཤེས་པ་མདུན་དུ་ཕྱུང་བ་ལ་མཆོད་ནས་གཤེགས་སུ་གསོལ་ལ། རང་ཉིད་དམ་ཚིག་པའི་ང་རྒྱལ་གྱིས་གནས་པར་བྱའོ། །འཇིགས་པ་བརྒྱད་ལས་སྐྱོབ་པའི་སྒྲོལ་མའི་སྒྲུབ་ཐབས། སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་
མཛད་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཏ་ཐཱ་ག་ཏ་བྷ་དྲ་དང་། དགེ་སློང་འཕགས་པས་རྒྱའི་ཡུལ་ཅོད་ཏོའི་མཁར་དུ་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་སཱི་ཏ་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། དཔལ་སྒྲོལ་མ་དཀར་མོའི་སྒྲུབ་
ཐབས། དཔལ་སྒྲོལ་མ་དཀར་མོ་ལ་ཕྱག་འཚལ་ལོ། །འཆི་བའི་སྐྱོན་གྱིས་གོས་མིན་ལ། །ཟླ་བ་དྲུག་གི་མཐར་ཐུག་པར། །སྒྲོལ་མའི་ཐུགས་ཀྱི་འཁོར་ལོ་ནི། །བསྒྲིམས་བསྒོམས་དངོས་གྲུབ་ཐམས་ཅད་རྙེད། །ངག་གི་དབང་ཕྱུག་གིས་བྱས་པའི། །འཆི་བ་སླུ་
བ་ཀུན་བསྡུས་ལས། །སྒྲོལ་མ་དཀར་མོ་ཕྱུང་འདི་ནི། །བསྒོམས་པས་འཇིགས་པ་སྤོང་བར་བྱེད། །བཞི་པའི་སྡེ་ཚན་གཉིས་པ་ཨཱ། །འོད་ཟེར་རྣམ་འཕྲོས་ནམ་མཁའ་ནི། །པདྨ་དཀར་དང་ཟླ་གདན་ལ། །མདུན་བལྟས་གསུམ་ལ་སྐྱབས་འགྲོ་བརྗོད། །ཡུད་
ཙམ་སྟོང་པ་ཉིད་བསྒོམས་ནས། །སོ་སོ་སྐྱེ་བོའི་འཁྲུལ་བཅོམ་སྟེ། །རྡོ་རྗེས་སྨོན་ལམ་མཐུ་ཉིད་ཀྱིས། །བྱང་ཆུབ་སེམས་ཀྱི་ཡི་གེ་བསྒོམ། །པདྨ་དཀར་པོའི་དབུས་གནས་པ། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེ་སྐྱིལ་ཀྲུང་རབ་བཅིངས་ཤིང་། །

མཆོག་སྦྱིན་ཨུཏྤལ་འཛིན་པ་མོ། །སྟོན་ཀའི་འོད་ལྟར་དཀར་བའི་མདོག །རྒྱབ་ཏུ་ཟླ་བ་ཡང་དག་བརྟེན། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །བཅུ་དྲུག་ལོ་ལོན་སྐུ་མངའ་བའོ། །རྫོགས་སངས་རྒྱས་རྣམས་དེ་ཡི་སྲས། །ཡུམ་གྱུར་འདོད་པའི་གཟུགས་
འཛིན་མ། །དེ་ཡི་སྙིང་དབུས་འཁོར་ལོའི་འོད། །དཀར་མདངས་འཕགས་མ་སྒྲོལ་མ་བསྒོམ། །བརྒྱད་ཀྱི་རྩིབས་ཅན་བརྒྱད་རྣམས་ཀྱིས། །ཡི་གེས་ཡོངས་སུ་གང་བ་ཉིད། །ཨོཾ་ཧཱ་ཡི་གེའི་དབུས་གནས་པ། །བསྒྲུབ་བྱའི་མིང་ལྡན་ལྟེ་བར་རོ། །ཟླ་བ་དྲུག་ཏུ་ངེས་
བརྟེན་པར། །མི་བདེ་མེད་པའི་སེམས་ཡིན་པས། །རྩེ་གཅིག་སེམས་ཀྱིས་བསྒོམ་བྱ་ཞིང་། །ཡི་གེ་བཅུ་པའི་སྔགས་འདི་བཟླས། །ཨོཾ་ཡིག་ཐོག་མར་བྱིན་བྱས་ནས། །ཕྱིས་ནི་ཏཱ་རེ་རབ་ཏུ་སྦྱར། །ཏུཏྟཱ་རེ་འདིས་ཏུ་རེ་ཕྱིས། །སྭཱ་ཧཱ་མཐའ་ཡིན་ལས་ཀུན་
ལའོ། །ཚངས་དབང་ཁྱབ་འཇུག་ཟླ་ཉི་དང་། །དྲག་པོ་ཕྱོགས་སྐྱོང་འདོད་པའི་ལྷས། །སྤུ་ཡི་རྩེ་ཡང་བསྐྱོད་མི་ནུས། །འཆི་བ་ལས་རྒྱལ་སྒྲོལ་མ་བཞིན། །གཉེར་མ་སྐྲ་དཀར་སྐལ་ངན་དང་། །ནད་དང་དབུལ་པོ་ཉམས་པར་བྱེད། །སེང་གེ་ལ་སོགས་འཇིགས་
ཆེན་བརྒྱད། །སྡུག་བསྔལ་ཚོགས་རྣམས་སེལ་བར་བྱེད། །བཟའ་དང་བཏུང་བ་གོས་དང་ནི། །ཁང་བཟངས་རིན་ཆེན་ལྡན་མི་སློང་། །རལ་གྲི་མིག་སྨན་རྐང་བྱུག་དང་། །བུམ་པ་བཟང་སོགས་དངོས་གྲུབ་འགྱུར། །སྙན་དངགས་རྩོད་དང་མི་བརྗེད་དང་། །
ཤེས་རབ་གཅིག་ཏུ་དྲི་མ་མེད། །འདོད་པ་གཞན་ཡང་གྲུབ་བྱེད་པ། །འཁོར་ལོ་འདི་ལས་རབ་ཏུ་འབྱུང་། །སྒྲོལ་མ་དཀར་མོ་སྒྲུབ་པའི་ཐབས། །འཆི་དང་ནད་རྣམས་འཇོམས་བྱེད་པ། །ཕྱུང་བའི་དགེ་བ་གང་ཐོབ་དེས། །འགྲོ་ཀུན་སྒྲོལ་མའི་བདག་ཉིད་ཤོག། །
སྒྲོལ་མ་དཀར་མོ་འཆི་བ་སླུ་བའི་སྒྲུབ་ཐབས། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ་རྫོགས་སོ།། །།དཔལ་ཆོས་ཀྱི་རྗེ་སའི་སྟེང་ན་འགྲན་ཟླ་དང་བྲལ་བའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་གྱིས་བསྒྱུར་པའོ།། །།

༄༅། །སྒྲོལ་མའི་སྒྲུབ་ཐབས་བཞུགས། ༄༅༅། །ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔར་བསྟན་པའི་ཆོ་གས་བདུད་རྩིའི་དཀྱིལ་འཁོར་དུ་ས་བོན་ལྔ་པའི་སྡེ་ཚན་གྱི་དང་པོ་ལ། དང་པོའི་གཉིས་པས་མནན་པ། ཟླ་ཚེས་ཕྱེད་པའི་ཐིག་ལེས་བརྒྱན་པའོ། །དེ་ལས་གྲུབ་པའི་
སྒྲོལ་མ་བསྒོམ་པར་བྱའོ། །ལྗང་གུ་ཕྱག་གཉིས་པ། གཡས་མཆོག་སྦྱིན། གཡོན་ཨུཏྤ་ལ་འཛིན་པའོ། །པདྨ་དང་ཟླ་བ་ལ་གནས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་མོ། །ལག་པ་གཉིས་ཐལ་མོ་སྦྱར་ལ། མཛུབ་མོ་གཉིས་ཀྱིས་གུང་མོའི་སེན་མོ་བཀབ་ལ། སྲིན་
ལག་ནང་དུ་བཅུག་སྟེ་མཐེབ་མོས་མནན་པ་ནི། ཨུཏྤ་ལ་ཁ་ཕྱེ་བའི་ཕྱག་རྒྱའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏཱ་ར་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས་ཞེས་བྱ་བ། རྗེ་བཙུན་མ་
སྒྲོལ་མ་ལ་ཕྱག་འཚལ་ལོ། །དེ་ལ་དང་པོར་འདི་བསྒྲུབ་པར་འདོད་པའི་རྣལ་འབྱོར་པས། དབེན་པའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ། མཆོད་པའི་རྣམ་པ་ཚད་མེད་པ་བཤམ་ཞིང་། གཏོར་མ་གཅིག་ཀྱང་བཤམས་ལ། ཨོཾ་ཨཱཿཧཱུཾ་ཞེས་བྱིན་གྱིས་བརླབས། ཨོཾ་ཨ་ཀཱ་
རོ་མུ་ཁཾ་སརྦྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལ་བཏང་ངོ་། །དེ་ནས་རང་ཉིད་སྒྲོལ་མར་མོས་པར་བྱས་ལ། དེའི་སྙིང་གར་པདྨ་སྣ་ཚོགས་སུ་ཡོད་པ། དབུས་ཀྱི་ལྟེ་བ་ལ་ཨ་ལས་ཟླ་བ་ལ་ཏཱཾ་ལྗང་གུ། དེའི་འོད་ཀྱིས་རང་བཞིན་གྱི་གནས་ནས་རྡོ་རྗེའི་སྒྲོལ་མ་
མདུན་གྱི་ནམ་མཁར་སྤྱན་དྲངས་ལ། ཕྱག་འཚལ། ཡོན་ཆབ་དབུལ། དེ་ནས་མེ་ཏོག་ལ་སོགས་པ་ལྔ་དབུལ། སྡིག་པ་བཤགས། རྗེས་སུ་ཡི་རང་བ་དང་བསྔོ་བ་བྱ་གསུམ་ལ་སྐྱབས་སུ་འགྲོ། དེ་ནས་བདག་རྗེ་བཙུན་མ་སྒྲོལ་མ་དང་མི་འབྲལ་བར་གྱུར་ཅིག་
པར་བསམ། དེ་ནས་སླར་གཤེགས་སུ་གསོལ། སེམས་ཅན་གྱི་དོན་བྱ་སྙམ་པའི་བྱམས་པ། འཁོར་བ་ནས་སེམས་ཅན་རང་རང་གི་སྡུག་བསྔལ་ཡོད་པ་ལ་སྙིང་རྗེ་བསྒོམ། དེ་རྣམས་སྡུག་བསྔལ་ལས་ཐར་ནས་སངས་རྒྱས་ཀྱི་བར་ལ་དགའ་བ་བསྒོམ། དེ་ཡང་སེམས་ཅན་དེ་དག་ཀུན་

སྟོང་པ་དང་རང་བཞིན་མེད་པར་བཏང་སྙོམས་བསྒོམ། དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་མི་རྟོག་པ་ཅིག་བསྒོམ། དེ་ནས་རྟོག་པ་འཕྲོ་བའམ་བྱིང་ན་སྟོང་པ་མི་རྟོག་པའི་ངང་ལས། པཾ་ལས་སྣ་ཚོགས་པདྨ་དེའི་ལྟེ་བ་ལ་ཨ་ལས་ཟླ་བ་དེའི་སྟེང་དུ་ཏཱཾ་ལྗང་
གུ་དེ་ལས་ཨུཏྤལ། དེ་ལྟར་ཨུཏྤལ་ཏཱཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་བདག་ཉིད་སྒྲོལ་མ་སྐུ་མདོག་ལྗང་གུ་པདྨ་དང་ཟླ་བའི་གདན་ལ་ཕྱེད་ཀྲུང་གིས་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཞབས་གཡས་བརྐྱང་བ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ། གཡོན་ཨུཏྤལ་སྙན་གྱི་
ཐད་ཀར་བཟུང་བ། དབུ་རྒྱན་དང་སྙན་ཆ་དང་མགུལ་རྒྱན་དང་། ཕྱག་གདུབ་དང་། དཔུང་རྒྱན་དང་། ཞབས་གདུབ་དང་། རིན་པོ་ཆེས་བརྒྱན་པ། བག་ཙམ་གཡས་སུ་འགྱིང་བ་འོད་ཟེར་སྔོ་ལྗང་དང་བཅས་པར་བསྒོམས་ལ། ཐུགས་ཀའི་ཏཱཾ་ལས་འོད་ཟེར་འཕྲོས་ཏེ་ཡེ་
ཤེས་ཀྱི་སྒྲོལ་མ་སྤྱན་དྲངས་ལམ་དུ་བཞུགས་པ་ལ་སྔར་བསྟན་པའི་མཆོད་པ་རྣམས་ཡིད་ཀྱིས་ཕུལ། དེ་ནས་བདག་ལ་གཞུག །ཡང་ཏཱཾ་གི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། མདུན་གྱི་ནམ་མཁའ་ལ་བཞུགས་སུ་གསོལ་
ལ། སྔར་གྱི་མཆོད་པ་ཡིད་ཀྱིས་ཕུལ་ལ། དེ་རྣམས་བདག་ལ་དབང་སྩོལ་ཅིག་པར་བསྒོམ། དེ་ཡང་བུམ་པ་ལྔ་བཅུད་དང་བཅས་པ་ལྷ་མོ་ལྔས་དབང་བསྐུར་ནས། བུམ་པའི་ཆུ་དེ་མར་བླུགས་པས་སྒྲིབ་པ་བྱང་། ཡར་འཁྱིལ་བས་སྤྱི་བོར་དོན་ཡོད་གྲུབ་པ་བཞུགས་པར་བསམ།
དེ་ནས་མི་རྟོག་པ་ཅུང་ཟད་བསྒོམ། ཤེས་པ་འཕྲོ་བའམ་བྱིང་བ་ན་ལྷའི་སྐུ་རིམ་གྱིས་བསམ། དེ་ནས་སྙིང་པདྨ་འདབ་མ་བརྒྱད་ལ། དབུས་ཀྱི་ཟླ་བ་ལ་ཨོཾ། ཤར་གྱི་འདབ་མ་ལ་ཏཱ། ལྷོའི་འདབ་མ་ལ་རེ། ནུབ་ཀྱི་འདབ་མ་ལ་ཏུཏ། བྱང་གི་འདབ་མ་ལ་ཏཱ། བྱང་ཤར་དུ་
རེ། ཤར་ལྷོར་ཏུ། ལྷོ་ནུབ་ཏུ་རེ། ནུབ་བྱང་དུ་སྭཱ་ཧཱ་བཀོད་ལ་རིམ་པས་བཟླས་སོ། །ལག་པ་ཨུཏྤལའི་ཕྲེང་བ་བགྲང་ངོ་། །བརྒྱའམ་སྟོང་བཟླས་ལ་འཕྲོ་གཅོད་ཙམ་ན། ཡེ་ཤེས་པ་ནམ་མཁའ་ལ་བཏོན་ལ། བདག་ཐལ་མོ་སྦྱར་ལ། བདག་གི་དགེ་བའི་རྩ་བ་

འདིས་བདག་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་གྱུར་ཅིག །བདག་སངས་རྒྱས་མ་ཐོབ་བར་ལ་ཐེག་པ་ཆེན་པོའི་ཆོས་སྤྱོད་ཅིང་། སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག་ཅེས་བརྗོད་ལ། གཤེགས་སུ་གསལ་ལོ། །
སྒྲོལ་མའི་སྒྲུབ་ཐབས་དྷ་བྱང་ཆུབ་སེམས་དཔའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཏ་ཐཱ་ག་ཏ་རཀྵི་ཏ་དང་། བོད་ཀྱི་ལོ་ཙཱ་བ་རིན་ཆེན་གྲགས་པས་བསྒྱུར་བའོ།། ༄། །སྒྲོལ་མའི་སྒྲུབ་ཐབས་བཞུགས།། ༄༅༅། །རྗེ་བཙུན་མ་སྒྲོལ་མ་ལ་
ཕྱག་འཚལ་ལོ། །དེ་ལ་དང་པོར་སྔགས་པས་གདོང་བཀྲུ་བ་ལ་སོགས་པ་བྱས་ཏེ། ཡིད་དང་མཐུན་པར་བསམ་གཏན་གྱི་གནས་གཙང་ཞིང་དྲི་ཞིམ་པོ་གཅལ་དུ་བཀྲམ་པར་སྟན་གཙང་མ་ལ་བདེ་བར་སྐྱིལ་མོ་ཀྲུང་གིས་འདུག་སྟེ་འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་ཀྱིས་
གཏོར་མ་བྱིན་གྱིས་བརླབས་ལ། ཨོཾ་ཨཱ་བི་གྷྣཱནྟ་ཀྲྀཏ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ལན་བཅུའི་བར་དུ་བརྗོད་དེ། ཕྱོགས་བཅུ་ན་གནས་པའི་བགེགས་ཐམས་ཅད་བསྐྲད་པར་བྱའོ། །དེ་ནས་རང་གི་སྙིང་གར་ཆོས་ཐམས་ཅད་ཆོས་དབྱིངས་ཀྱི་རང་བཞིན་སྐྱེ་བ་མེད་པར་སྟོན་པར་བྱེད་པ་སྟོན་
ཀའི་ཟླ་བ་ལྟར་དཀར་བ་འོད་ཟེར་དཀར་པོ་འཕྲོ་བས་རང་གི་ལུས་གསལ་བར་བྱེད་པ་ཤིན་ཏུ་འཕྲོ་བ་བསམས་ལ། དེ་ཡོངས་སུ་གྱུར་པའི་འོད་ཟེར་དཀར་པོའི་ཐིག་ལེ་ཤེལ་སྒོང་དག་པ་ལྟ་བུ་དེ་རིམ་གྱིས་འཕེལ་བར་གྱུར་པའི་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་སུ་བསམ་ཞིང་། དེའི་
སྟེང་དུ་ཡི་གེ་ཏཱཾ་འོད་ཟེར་གྱི་ཚོགས་འཕྲོ་བའི་རིན་པོ་ཆེའི་སྒྲོན་མ་ལྟར་དཀར་བ་རྣམ་པར་བསམ་མོ། །དེ་ནས་ཡི་གེ་ཏཱཾ་དེ་འོད་ཟེར་ཤིན་ཏུ་དཀར་བའི་ཚོགས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་གསལ་བར་བྱས་པ་སྔོན་དུ་འགྲོ་བས་ལྷ་མོ་སྒྲོལ་མ་ལ་སོགས་པ་སངས་རྒྱས་དང་བྱང་
ཆུབ་སེམས་དཔའ་དང་བླ་མ་རྣམས་བསྐུལ་ཏེ། སྤྱན་དྲངས་པ་མདུན་གྱི་ནམ་མཁའི་ཕྱོགས་ལ་རྣམ་པར་བསམ་པར་བྱའོ། །དེའི་སྟེང་དུ་ཡིད་ཀྱིས་རང་བཞིན་གྱི་མཆོད་པར་བྱ་བ་ཡིན་ལ། དེ་ལ་མཆོད་པའི་ཆོ་གའི་རིམ་པ་ནི་འདི་ཡིན་ཏེ། ཨོཾ་བཛྲ་པུཥྤེ་ཧཱུཾ་ཞེས་བྱ་བའི་སྔགས་བརྗོད་

ལ་ཡི་གེ་ཏཱཾ་ལས་བྱུང་བའི་མེ་ཏོག་གི་མཆོད་པའི་ཚོགས་ཀྱིས་མཆོད་པར་བྱའོ། །དེ་ནས་ཨོཾ་བཛྲ་དྷཱུ་པེ་ཧཱུཾ་ཞེས་བྱ་བའི་སྔགས་བརྗོད་ལ་ཡི་གེ་ཏཱཾ་དེ་ཉིད་ལས་ཡང་དག་པར་སྤྲོས་པའི་བདུག་པའི་མཆོད་པའི་ཚོགས་ཀྱིས་མཆོད་པར་བྱའོ། །དེའི་འོག་ཏུ་ཨོཾ་བཛྲ་དཱི་པེ་ཧཱུཾ་ཞེས་བྱ་བའི་
སྔགས་བརྗོད་ལ་ཡི་གེ་ཏཱཾ་དེ་ཉིད་ལས་རིན་པོ་ཆེའི་སྒྲོན་མ་སྤྲོས་ལ་མཆོད་པར་བྱའོ། །དེ་ནས་ཨོཾ་བཛྲ་གནྡྷེ་ཧཱུཾ་ཞེས་བྱ་བའི་སྔགས་བརྗོད་ལ་ཡི་གེ་ཏཱཾ་དེ་ཉིད་ལས་བྱུང་བའི་དྲིའི་མཆོད་པའི་སྤྲིན་ཡང་དག་པར་སྤྲོས་པས་མཆོད་པར་བྱའོ། །དེ་ནས་ཨོཾ་བཛྲ་ནཻ་བི་དྱེ་ཧཱུཾ་ཞེས་བྱ་
བའི་སྔགས་བརྗོད་ལ་ཡི་གེ་ཏཱཾ་དེ་ཉིད་ལས་རིན་པོ་ཆེ་སྣ་ཚོགས་བཅུག་པའི་ལྷའི་ཞལ་ཟས་རོ་མཆོག་དང་ལྡན་པའི་མཆོད་པའི་སྤྲིན་རྣམ་པ་སྣ་ཚོགས་ཡང་དག་པར་སྤྲོས་པས་མཆོད་པར་བྱའོ། །དེ་ནས་ཨོཾ་སརྦྦ་བི་ཤིཥྚ་པཱུ་ཛ་མེ་གྷ་པྲ་ས་ར་ས་མུ་དྲ་ཨཱཿཧཱུཾ།
ཞེས་བྱ་བའི་སྔགས་བརྗོད་ལ་ཡི་གེ་ཏཱཾ་དེ་ཉིད་ལས་རིན་པོ་ཆེ་སྣ་བདུན་གྱི་གདུགས་དང་། རྒྱལ་མཚན་དང་། དྲིལ་བུ་དང་། བ་དན་དང་། བླ་རེ་ལ་སོགས་པ་དང་། འཁོར་ལོས་སྒྱུར་བའི་རིན་པོ་ཆེ་སྣ་བདུན་གྱིས་མཆོད་པར་བྱའོ། །དེ་ལྟར་མཆོད་པ་བྱས་ནས།
དེ་དག་གི་སྤྱན་སྔར་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་བསྐུལ་བ་དང་། གསོལ་བ་གདབ་པ་དང་། བསོད་ནམས་ཡོངས་སུ་བསྔོ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་བྱས་ལ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་
སྙོམས་ཏེ་ཚངས་པའི་གནས་བཞི་བསྒོམས་ནས་བྱང་ཆུབ་ཀྱི་སེམས་བརྟན་པོར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བྱ་བའི་སྔགས་ལན་གསུམ་བརྗོད་ལ། འགྲོ་བ་ཐམས་ཅད་རྨི་ལམ་དང་སྒྱུ་མ་དང་སྨིག་རྒྱུ་ལྟ་བུར་སྟོང་པ་ཉིད་ཀྱི་རང་བཞིན་
དུ་དམིགས་པར་བྱའོ། །དེ་ནས་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དུ་བསམ། དེའི་སྟེང་དུ་ཡི་གེ་ཏཱཾ་དཀར་པོ་ལས་འོད་ཟེར་དཀར་པོ་འཁྲིགས་པར་བསམ། དེ་ཡོངས་སུ་གྱུར་པ་ལས་ཨུཏྤ་ལ་སྔོན་པོ། དེའི་དབུས་སུ་ཟླ་བའི་དཀྱིལ་

འཁོར་གྱི་སྟེང་ན་ཡི་གེ་ཏཱཾ་དཀར་པོ་བསམ། དེ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པ་དེས་སེམས་ཅན་ཐམས་ཅད་སྦྱངས་ནས་ལྷ་མོ་སྒྲོལ་མའི་སྐུར་གྱུར་པ་འོད་ཟེར་དེ་ཉིད་ཀྱིས་བཀུག །ཨུཏྤལ་དང་ཡི་གེ་ཏཱཾ་ལ་བསྟིམས་
པས། པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་ནི། །མཆོག་སྦྱིན་མ་དང་ཨུཏྤལ་བསྣམས། །སྟོན་ཀའི་ཟླ་བའི་མདངས་འདྲ་བའི། །ཟླ་བ་ལ་ནི་རྒྱབ་བརྟེན་པ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །བཅུ་དྲུག་
ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་དང་དེ་འདྲའི་སྲས། །ཀུན་གྱི་ཡུམ་གྱུར་འདོད་དགུ་འཆང་། །འཕགས་མ་སྒྲོལ་མ་དེའི་སྙིང་གར་ཟླ་བའི་སྟེང་གི་ཏཱཾ་དཀར་པོ་ཡོངས་སུ་གྱུར་པ་ལས། འཁོར་ལོ་འོད་ཟེར་དཀར་པོ་བསྒོམ། །རྩིབས་བརྒྱད་པ་ལ་ཡི་གེ་ནི། །བརྒྱད་ཀྱིས་
ཡོངས་སུ་བསྐོར་བ་ལ། །ལྟེ་བར་ཨོཾ་ཏཱའི་ཡི་གེ་ཡི། །དབུས་གནས་བསྒྲུབ་བྱའི་མིང་དང་ལྡན། །ཟླ་དྲུག་བསྟེན་ཞིང་ངེས་པས་ནི། །རྩེ་གཅིག་པ་ཡི་སེམས་ཀྱིས་བསྒོམ། །ཡི་གེ་བཅུ་པོའི་སྔགས་འདི་ནི། །སྐྱོ་བར་མ་གྱུར་སེམས་ཀྱིས་བཟླས། །དང་པོར་ཨོཾ་ནི་བཞག་ནས་སུ། །
དེ་འོག་ཏཱ་རེ་རབ་ཏུ་སྦྱར། །དེ་འོག་ཏཱ་རེ་ཏུཏྟཱ་རེ། །སྭཱ་ཧཱའི་མཐའ་ཅན་ལས་ཀུན་བྱེད། །ཐུགས་ཀའི་འཁོར་ལོ་དེ་ལས་འོད་ཟེར་དཀར་པོ་འཕྲོས་པས་དམ་ཚིག་སེམས་དཔའ་འདྲ་བའི་ཡེ་ཤེས་སེམས་དཔའ་རང་བཞིན་གྱིས་གྲུབ་པ་ཀུན་ནས་སྤྱན་དྲངས་པ་མདུན་གྱི་ནམ་མཁའ་ལ་
རྣམ་པར་བསམས་ནས། སྔ་མ་བཞིན་དུ་ཡང་དག་པར་མཆོད་དེ། དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱ་སྟེ། ཐལ་མོ་ཁོང་སྟོང་དུ་སྦྱར་ནས་མཛུབ་མོ་གཉིས་གུང་མོ་གཉིས་ཀྱི་རྒྱབ་ཏུ་སྦྱར་ལ་མཐེ་བོང་གཉིས་ནང་དུ་བཀུག་པ་ནི། ཨུཏྤལའི་ཕྱག་རྒྱའོ། །དེའི་དབུས་སུ་ཡི་གེ་ཏཱཾ་
དཀར་པོ་བསམས་ཏེ། དེ་ལས་འོད་ཟེར་དཀར་པོ་འཕྲོས་པ་དེས་ཡེ་ཤེས་སེམས་དཔའ་ལ་བསྐོར་བར་བྱས་ལ། དེ་ནས་ཛཿཧཱུཾ་བཾ་ཧོཿཞེས་བྱ་བའི་ཡི་གེ་བཞིས་སྤྱན་དྲངས་ནས་དམ་ཚིག་སེམས་དཔའ་བདག་ཉིད་ལ་གཞུག་པ་དང་བཅིང་བ་དང་། དགྱེས་པ་བྱས་ལ། ཨོཾ་དྷརྨ་དྷཱ་

ཏུ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་ང་རྒྱལ་བྱའོ། །དེའི་རྗེས་ལ་འཁོར་ལོ་ཡི་གེར་བཅས་པ་ལས་འོད་ཟེར་སྤྲོ་བ་བྱས་ལ། དེ་བཞིན་གཤེགས་པ་ལྔ་མདུན་གྱི་ནམ་མཁའ་ལ་རྣམ་པར་བསམས་ལ། དབང་བསྐུར་བའི་ཚིགས་སུ་བཅད་པ་འདིས་དོན་དུ་གཉེར་བར་བྱ་བ་སྟེ།
བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོག་ཆེན་སྩོལ་མཛད་པ། །བདག་ལ་བསྲུང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་གི་སྐུ་ལས་བྱུང་བའི་ལོ་ཙཱ་ན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། ཏཱ་ར་རིན་པོ་ཆེའི་
བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་བཀང་བ་ཕྱག་ན་བསྣམས་པས། རྡོ་རྗེ་ཆེན་པོའི་དབང་བསྐུར་བ། །ཁམས་གསུམ་པོ་ཡིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང་། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་བྱ་བ་འདོན་ཅིང་དབང་བསྐུར་བར་བསམ་མོ། །དབང་
བསྐུར་བ་རྫོགས་མ་ཐག་ཏུ་རིན་པོ་ཆེའི་ཅོད་པན་གྱི་སྟེང་དུ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་བསམ་མོ། །ལུས་དང་ངག་དང་ཡིད་གསུམ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། སྤྱི་བོར་ཡི་གེ་ཨོཾ་དཀར་
པོ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་དང་། ལྐོག་མར་ཡི་གེ་ཨཱཿདམར་པོ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་དང་། སྙིང་གར་ཡི་གེ་ཧཱུཾ་ནག་པོ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་རྣམ་པར་བཀོད་དོ། །ཡི་གེ་བཅུ་པོ་ལས་འོད་ཟེར་དཀར་པོ་སྤྲོས་པས་འགྲོ་བ་ཀུན་སྦྱངས་ནས་
སངས་རྒྱས་སུ་བསྒྲུབས་ནས་སླར་བཀུག་སྟེ། འཁོར་ལོ་དང་ཡི་གེ་ལ་བསྟིམས་ཏེ་གསལ་བར་བསྒོམ་ཞིང་བཟླས་བརྗོད་བྱའོ། །ཇི་སྲིད་མི་སྐྱོ་བའི་བར་དུ་བསྒོམ་པ་དང་བཟླས་པར་བྱས་ནས་དེ་ལས་ལྡང་བར་འདོད་ན་ཆོ་ག་ཉམས་པ་བསྐང་བར་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའི་
སྙིང་པོ། ཡི་གེ་བརྒྱ་པ་ཞེས་བྱ་བ་བཟླས་ནས་ཡེ་ཤེས་སེམས་དཔའ་ཡང་དག་པར་མཆོད་བསོད་ནམས་ཡོངས་སུ་བསྔོས་ལ་གཤེགས་སུ་གསོལ་ལོ། །དེ་ལ་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བའི་ཚིགས་སུ་བཅད་པ་ནི། ཨོཾ་ཁྱེད་ཀྱིས་སེམས་ཅན་

དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་འབྱོན་པར་མཛད་དུ་གསོལ། །མུཿཞེས་བྱ་བ་འདི་ཡིན་ནོ། །དེ་ལ་བཟླས་པའི་སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། དེ་ལ་རྡོ་རྗེ་སེམས་དཔའི་
སྙིང་པོ་ཡི་གེ་བརྒྱ་པའི་སྔགས་ནི། ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ།
བྷ་ག་ཝཱན་སརྦྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱིབྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ། ཞེས་བྱ་བ་འདི་ཡིན་ནོ། །བསོད་ནམས་འདི་ཡིས་འགྲོ་བ་ཀུན། །རྗེ་བཙུན་སྒྲོལ་མ་འདྲ་བར་ཤོག །བདག་ཀྱང་ཏིང་འཛིན་འདི་བསྒྲུབས་ནས། །འགྲོ་བའི་དོན་དུ་སངས་རྒྱས་ཤོག །
རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།
 ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་དེ་ཝཱི་བྷ་བ་ན་བི་དྷི་སྟ་ར། བོད་སྐད་དུ། འཕགས་མ་ལྷ་མོ་སྒྲོལ་མ་བསྒོམ་པའི་ཆོ་ག་རྒྱས་པ། ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དོན་མེད་བདག་ལ་གནོད་པ་སྲིད་པའི་བྱ་བ་རྣམས་སྤངས་ཏེ། །རང་བཞིན་བརྟན་པས་རྣམ་པར་
དབེན་པའི་ས་ཕྱོགས་སོང་ནས་ནི། །གནས་དེར་བདག་གི་བསམ་གཏན་ཁང་པ་ཤིན་ཏུ་ཡིད་འཐད་པ། །ཤར་དུ་སྒོ་བཏོད་ཡང་ན་ནུབ་ཏུ་བཀྲ་ཤིས་སྒོ་ལྡན་པ། །ལེགས་བརྩིགས་དེ་ཡང་དུམ་བུ་བཞི་པས་མཛེས་པར་བྱས་པ་སྟེ། །ཤིན་ཏུ་མཉམ་ཞིང་ལོགས་དང་སྟེང་འོག་ཐམས་ཅད་
ལེགས་བྱུགས་ཤིང་། །རབ་འཇམ་གཟུགས་བརྙན་འཆར་བ་ལྟ་བུར་འཚེར་བའི་རྫས་རྣམས་བྱུགས། །དེ་རྗེས་དྲི་ཞིམ་ལྡན་པའི་ཚོན་རྣམས་ལྗང་གུས་ཁྱབ་པར་བྱུགས། །འདི་ནི་སྟེང་ལོགས་ས་གཞིའི་བྱི་དོར་རྒྱུད་རྣམས་ལས་བསྔགས་པའོ། །འོག་གི་ཕྱོགས་ནི་རབ་ཏུ་འཐས་

པར་བརྡུངས་པ་ཁོ་ན་ལ། །ས་ལ་མ་ལྷུང་བ་ཡི་ལྕི་བ་དྲི་བཟངས་རྣམས་དང་ནི། །བསྲེས་པ་ཡང་ཡང་བྱུགས་པས་གཟུགས་བརྙན་འཆར་བ་ལྟ་བུར་འགྱུར། །དེ་ལ་དྲི་ཞིམ་མེ་ཏོག་རྣམས་ཀྱིས་ཀུན་དུ་གཏོར་ནས་ནི། །ཇི་ལྟར་འབྱོར་པའི་བླ་རེ་ལ་སོགས་རྒྱན་རྣམས་བྲི་བར་བྱ། །དེ་འདྲའི་
དབུས་སམ་ཤར་གྱི་རྩིག་ངོས་ཆ་ལ་སྲད་བུ་ཡིས། །བྲིས་སྐུ་ཡིད་འོང་མཐོང་བས་དགའ་བར་འགྱུར་བ་སྦྱར་བར་བྱ། །དེ་མདུན་མེ་ཏོག་ལ་སོགས་མཆོད་པ་འབྱོར་ཚད་དགོད་པར་བྱའོ། །དེ་བཞིན་དེ་དབུས་སྟན་བཟང་རབ་ཏུ་འཇམ་ཞིང་བདེ་བ་ནི། །བྲིས་སྐུ་ལ་བལྟས་ལེགས་པར་
བཏིང་བས་ཡིད་དང་མཐུན་པར་བཞག །དེ་ཡི་སྒོ་གླེགས་རབ་ཏུ་སྦྱར་བས་རླུང་དང་སྲོག་ཆགས་ནི། །ཤིན་ཏུ་ཕྲ་བའང་འཇུག་པར་མི་ནུས་འདི་འདྲར་རབ་འགྲིག་བྱ། །དེ་ལ་ལོགས་ཀྱི་སྐར་ཁུང་སྒོ་དང་བཅས་པ་བཏོད་པ་སྟེ། །ཆེ་བ་མིན་ཞིང་སྟེང་ནས་གདོད་དང་དམའ་བ་རབ་ཏུ་
སྨད། །འདི་ནི་བསམ་གཏན་ཁང་པ་མཆོད་རྟེན་ལྟ་བུར་འགྲོ་རྣམས་ཀྱིས། །མཆོད་པར་བྱ་བ་ལྷ་མོའི་བཞུགས་གནས་ལྷ་ཚོགས་འདུ་བའི་སའོ། །དེ་བཞིན་དེ་ལ་སྒོ་བལྟས་པ་ཡི་ཁང་པ་གཉིས་པ་ནི། །སྲིད་དུ་ཁྲུ་རྣམས་བཅུ་བདུན་ཞེང་དུ་དེའི་ཕྱེད་ཡོད་པ་ཞིག །སྔགས་པའི་འཆག་
ས་སྔོན་དུ་ཁོ་ནར་བརྟག་ཅིང་བྱི་དོར་སྔ་མ་བཞིན། །དེར་ནི་འཇུ་སའི་ཐག་གུ་ཆང་པར་གཟུང་བ་འཚམ་པ་ལ། །རེག་ན་བདེ་བའི་སྦུ་གུ་རྣམས་དང་ལྡན་པར་གདགས་པར་བྱ། །འོག་ཏུ་འབྱོར་པས་སྟན་ནམ་རྩ་རྣམས་སྙོམས་པར་དགྲམ་པར་བྱ། །འདི་ནི་ཁང་པ་དུམ་བུ་གཉིས་པ་འཆག་
ས་བཀྲ་ཤིས་པའོ། །དེ་གཉིས་དབུས་སུ་སྒོ་བཏོད་ཁང་པ་ཕྱོགས་སྙོམས་ཡིད་འོང་བ། །སྔ་མ་ལྟ་བུར་བྱི་དོར་བྱས་ཤིང་དོན་དང་ལྡན་པ་ཡི། །ཁྲུས་ཀྱི་ཁང་པ་སྒོ་དང་བཅས་པ་དུམ་བུ་གསུམ་པའོ། །དེར་ཡང་དེ་ལ་སྒོ་བལྟས་པ་ཡི་ཁང་པ་དུམ་བུ་ནི། །བཞི་པ་བརྩིགས་ཏེ་དེར་ཡང་
བཀྲ་ཤིས་སྒོ་མཆོག་གདོད་པར་བྱ། །ཁང་པ་དེར་ནི་བདག་གི་ཡོ་བྱད་རྣམས་དང་མཚོན་ཆའི་ཚོགས། །མི་ཟད་པ་དང་སྔགས་གཡོག་བློ་གྲོས་ལྡན་པ་མཁས་པས་གཞག །ཟས་ཀྱི་བྱ་བ་རྣམས་ནི་ཁང་པ་དེར་ཡང་ནི། །བྱི་དོར་ལྡན་པར་བརྟག་ཅིང་རྟག་ཏུ་ཉི་ཟླ་ལྡན་པར་བཅང་། །དེ་

ལྟར་དུམ་བུ་བཞི་པའི་ཁང་པ་ཀུན་ནས་གྲུ་བཞི་པར། །བསྒྲུབས་ནས་རིམ་པ་མང་པོར་བརྩེགས་པས་ཤིན་ཏུ་མཐོ་བ་ལ། །རྡོ་ལེབ་ལྷག་པར་སྣང་བ་ཡིས་དང་ཕྱིར་མཐོ་སོགས་ཀྱིས། །རྒྱལ་པོ་ཆོམ་རྐུན་ལ་སོགས་འཚེ་བ་ཕྱིར་ཕྱོགས་འགྱུར་བར་བྱ། །སྐྱེ་བོ་རྣམས་དང་
བརྟེན་པས་སྡུག་བསྔལ་ཁོ་ན་འབྱུང་འགྱུར་གྱི། །བདེ་བ་འབྱུང་བར་ཐུབ་པས་མ་གསུངས་དེ་ཕྱིར་མཁས་མཆོག་གིས། །སྔགས་གཡོག་དང་ནི་སྒྲུབ་པའི་གྲོགས་མཆོག་གཉིས་ལས་མ་གཏོགས་པ། །སྐྱེ་བོ་འགའ་ཡང་འཇུག་དང་ཕྲད་དང་སྦྱིན་པ་འདུ་འཛི་སྤངས། །སྙིང་རྗེས་
མཚོན་ཆའི་ཚོགས་རྣམས་ལེགས་པར་བཤམས་ཤིང་གཞག་པར་བྱ། །དེ་བཞིན་སྒོ་ནི་ཤིན་ཏུ་གཏན་བཅད་རྒྱ་དང་བཅས་པར་གཞག །འདི་ནི་གནས་ཀྱི་རབ་ཏུ་དབྱེ་བའོ།། །།གནས་དེར་སྔགས་པས་མཆོད་པའི་དོན་ཕྱིར་མེ་ཏོག་དག་དང་ནི། །སྤོས་དང་ཏིལ་མར་དྲི་
ཞིམ་རྣམས་དང་དེ་བཞིན་རོལ་མོ་ཡི། །ཉེར་སྤྱོད་རྣམས་དང་བགྲང་ཕྲེང་ཡིད་དུ་འོང་བའི་རྔ་ཡབ་དང་། །མེ་ལོང་སེན་མོའི་བཟོ་དང་སྤུ་གྲི་ཐ་མལ་དྲི་དང་ནི། །མཆོད་དང་གཏོར་མའི་དོན་དུ་ཤ་དང་ཉ་ཤ་འབྲུ་རྣམས་དང་། །བཟའ་བ་རྣམས་དང་སྨན་རྣམས་ཐམས་ཅད་ལེགས་པར་
གཞག་པར་བྱ། །མདོར་ན་གནས་དེར་གཞན་གྱི་ངོར་བལྟ་མི་འགྱུར་ལོངས་སྤྱོད་རྣམས། །མཐུན་པར་གཞག་བྱ་འོན་ཀྱང་ཆང་གི་སྦྱོར་བ་རིང་དུ་སྤང་། །འབྱུང་པོའི་གདོན་དང་སྔགས་གྲུབ་འདོད་པས་གཞན་ནས་བླང་བར་བྱ། །དངོས་གྲུབ་དོན་དུ་བཀུག་པ་མ་ཡིན་བུད་མེད་རྣམས་
དང་ནི། །དཀྱིལ་འཁོར་མ་མཐོང་མི་རྣམས་མཐུ་ཡིས་རྒྱང་གྲགས་ཉིད་ནས་བཟློག །སྔགས་གཡོག་དང་ནི་སྒྲུབ་པའི་གྲོགས་མཆོག་དཀྱིལ་འཁོར་ཆེ་མཆོག་ཏུ། །དབང་བསྐུར་ཐོབ་ཅིང་སྙིང་རྗེ་ཆེ་དང་ལྡན་པ་བརྩོན་འགྲུས་ཅན། །ཤེས་རབ་དང་ལྡན་དཔའ་ཞིང་འཇིགས་བྲལ་
ཁྲོ་མེད་ང་རྒྱལ་བྲལ། །བློ་བརྟན་དད་པར་གནས་ཤིང་བདག་ལ་དགའ་འཛིན་གུས་པར་བཅས། །བསྒོམ་དང་དགེ་ལ་བརྩོན་པ་འདི་འདྲ་གཉིས་ནི་རྟག་པར་གཞག །འདི་ནི་རྫས་དང་གཡོག་གི་རབ་ཏུ་དབྱེ་བའོ།། །།བློ་ལྡན་གྱིས་ནི་སྔར་བཤད་སྟན་ལ་རྡོ་རྗེ་སྐྱིལ་ཀྲུང་

གིས། །ལེགས་པར་གནས་ཏེ་བདག་ལ་མྱུར་དུ་བསྐུལ་པའི་བསམ་པ་བསྐྱེད། །བདག་ནི་ཤིན་ཏུ་རིང་ནས་རང་གིས་རྣམ་པར་བསླུས་པ་སྟེ། །སྔོན་ཆད་དོན་མེད་སྤངས་ནས་ཏིང་འཛིན་བསྒྲུབས་ན་འདི་འདྲ་བའི། །སྲིད་མཚོར་འཁྱམས་པར་མི་འགྱུར་བདེ་མཐའ་གཅིག་པུ་ཉིད་
གང་ཡིན། །འགྲོ་བའི་སྐྱབས་སུ་བདག་འགྱུར་འདི་ལ་འཁྲུལ་པ་ཡོད་མ་ཡིན། །ད་ནི་བདག་གིས་རང་ལ་བསླུས་པ་སྤངས་ཏེ་བརྩོན་པ་ཡིས། །དམ་པའི་གནས་འདིར་ངེས་པར་ལྷ་མོའི་མཆོག་གྱུར་སྒྲོལ་མ་གང་། །ཕོངས་པ་ལ་བྱམས་མ་འདྲ་དེ་ཉིད་ངེས་པར་མཐོང་བར་བྱ། །
བདག་ནི་བསྟོད་པས་དགའ་བར་མི་བྱ་སྨོད་པ་གཞན་མང་གནས། །སྨད་པས་མི་དགའ་མི་བྱར་བསྟོད་པའང་གཞན་མང་གནས་པའི་ཕྱིར། །དེ་བཞིན་འཇིག་རྟེན་ཆོས་བརྒྱད་མ་ལུས་བདག་གིས་མནན་པར་བྱ། །ལུས་ཀྱིས་ཇི་ལྟར་བཟོད་པས་སྐད་ཅིག་ཙམ་ཡང་དམན་པ་ཡི། །
བྱ་བ་རྣམས་ལ་གནས་པར་མི་བྱ་ཇི་སྲིད་བདག་གིས་ནི། །ལྷ་མོ་མཐོང་གྱུར་དེ་སྲིད་མཉམ་དང་བསམ་དང་འདུས་པར་འགྲོ། །དེ་བཞིན་ཚོང་དང་དམག་དང་ལས་ཀྱི་མཐའ་རྣམས་སྤང་བར་བྱ། །ཡང་དག་གདམས་ངག་བདག་གིས་ལྷ་མོ་མཆོག་ལས་བླང་བར་བྱ། །གཞན་གྱིས་ཉེར་
བསྟན་མུན་པའི་འདབ་འདྲས་བདག་ལ་ཅི་ཞིག་དགོས། །ཇི་སྲིད་ལྷ་མོ་མཐོང་བར་མ་གྱུར་དེ་སྲིད་གནས་འདི་ནས། །འགྲོ་བར་མི་བྱ་དེ་ཕྱིར་འདི་ལ་ལྷ་རྣམས་མཁྱེན་པར་མཛོད། །དེ་ནས་སྔགས་གཡོག་དང་ནི་སྒྲུབ་པའི་གྲོགས་མཆོག་བློ་ཅན་གཉིས། །སྔགས་པས་བོས་ཏེ་
འདི་འདྲའི་བསྒོ་བ་གསལ་བར་བརྗོད་པར་བྱ། །བདག་གི་འདོད་པ་ཡོངས་སུ་མ་རྫོགས་བར་དུ་གནས་འདི་ལས། །འགྲོ་བར་མི་བྱ་ལྷ་རྣམས་དཔང་བཙུགས་ཁྱོད་ཀྱིས་འདི་ཤེས་བྱོས། །དེ་སྲིད་བདག་གི་ཡིད་དང་མཐུན་པའི་བྱ་བ་ཁྱེད་ཀྱིས་བྱོས། །དངོས་གྲུབ་ཆ་ལས་ཁྱེད་ལ་
འགོད་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ཉིད་ཀྱིས་ནི་ཐལ་མོ་སྦྱར་བས་ལེགས་པར་སྨྲས་པ་གཟུང་། །ལྷ་རྣམས་དཔང་དུ་གནས་པས་བདག་ཅག་ཁྱོད་ཀྱིས་འདོད་བཞིན་བགྱིད། །དངོས་གྲུབ་ཆ་ལ་བདག་ཅག་དྲན་པར་མཛོད་ལ་སྤང་མི་བྱ། །དེ་སྐད་བརྗོད་དེ་ཇི་ལྟར་འདོད་

པས་རང་གི་བྱ་བ་བརྩམ། །འདི་ནི་སྒྲུབ་པ་པོ་དང་གཡོག་དང་གྲོགས་དང་དམ་བཅའ་བའི་རབ་ཏུ་དབྱེ་བའོ།། །།དེ་ནས་སྔགས་པས་སྟན་བདེ་ཉིད་ལ་འདུག་བཞིན་རབ་རྒྱས་པའི། །གཏོར་མ་མདུན་དུ་བཞག་སྟེ་དེ་བཞིན་མཆོད་པ་རྣམས་ཀྱང་ངོ་། །དེ་ནས་
རང་སྙིང་པཾ་བསྐྱེད་པདྨའི་དབུས་སུ་ཟླ་འདྲ་བའི། །ཡི་གེ་ཨོཾ་ལས་བྱུང་བའི་ཟླ་བ་རྣམ་བསམ་དེ་སྟེང་དུ། །གསལ་བྱའི་བཅུ་དྲུག་པ་ཉིད་དབྱངས་ཀྱི་ཡི་གེ་གཉིས་པས་བརྒྱན། །ཟླ་བའི་དུམ་བུའི་སྟེང་ན་ནམ་མཁས་མནན་ཅིང་མདོག་ལྗང་གུ། །སྟོང་ཕྲག་དུ་མའི་སྣང་བ་ལྡན་བསམ་
དེ་ལས་བྱུང་བའི་འོད། །མཚོན་ཆའི་དབྱིབས་ཅན་འཕྲོས་པས་བླ་མ་དང་ནི་རྒྱལ་སྲས་བཅས། །སྒྲོལ་མ་བཀུག་སྟེ་མདུན་བཞུགས་དེ་དག་མཆོད་པ་གཉིས་ཀྱིས་མཆོད། །ཡན་ལག་བདུན་ལྡན་བྱ་བ་བསྒྲུབས་ནས་སླར་ཡང་གཤེགས་པར་བྱ། །དེ་མཐར་ཆོས་ཀུན་སྟོང་ཞིང་
བདག་མེད་ལྟ་བས་གསང་སྔགས་ནི། །ཐེག་ཆེན་མངོན་པར་རྟོགས་བྱེད་ལན་གསུམ་བར་དུ་བཟླ་བར་བྱ། །སླར་ཡང་མཁས་པས་ས་བོན་མཆོག་བསམ་དེ་ལས་བྱུང་བའི་འོད། །སྒྲོལ་མར་གྱུར་པས་འགྲོ་རྣམས་དག་བྱས་སླར་འདུས་ཞུགས་པ་ཡི། །ཡི་གེ་ཡོངས་གྱུར་ཨུཏྤལ་
ལྗང་གུ་སྙིང་པོ་ས་བོན་ལྡན། །སྐད་ཅིག་ཉིད་གྱུར་ས་བོན་ལས་བྱུང་ལྷ་མོ་མ་ལུས་བསྡུས། །རང་གི་གནས་སུ་ཐིམ་གྱུར་དེ་ལས་ལེགས་བྱུང་ལྷ་མོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་གུ་སྤྱན་ཡངས་རྒྱན་ཀུན་འཛིན། །ཕྱག་གཡས་མཆོག་སྦྱིན་གཡོན་པས་ཡུ་བ་དང་བཅས་
ཨུཏྤལ་འཛིན། །བཅུ་དྲུག་ལོ་ལོན་རབ་སྒེག་གཟི་ལྡན་པདྨ་ཟླ་བའི་གདན། །ཅུང་ཟད་འཛུམ་བཅས་སྒྲུབ་པ་པོ་ལ་མངོན་དགྱེས་ཐུགས་རྗེ་ཅན། །མ་ལུས་བུད་མེད་རྒྱན་དང་ཆ་ལུགས་འཛིན་པ་འདི་འདྲ་བསམ། །སླར་ཡང་ས་བོན་ལས་བྱུང་ཡེ་ཤེས་ལྷ་མོ་སྤྱན་དྲངས་ཏེ། །
འཆད་འགྱུར་ཕྱག་རྒྱའི་སྟེང་གནས་ཟླ་བའི་ས་བོན་ལས་བྱུང་བའི། །མཆོད་པས་ལེགས་མཆོད་མན་ངག་ཇི་བཞིན་རང་ལ་བསྟིམ་པར་བྱ། །སྐུ་གསུང་ཐུགས་ལ་གནས་པའི་ལྷ་རྣམས་ལེགས་པར་བྱིན་གྱིས་བརླབས། །དེ་བཞིན་བློ་ལྡན་བུ་ཡིས་གུས་པས་དབང་བསྐུར་དོན་

གཉེར་བྱ། །རྩོད་པ་མི་མངའ་བའམ་དམ་ཚིག་རྡོ་རྗེ་སྤྱི་བོར་བྱུང་། །དེ་ལྟར་ཆོ་གས་ལེགས་བསྒྲུབས་རང་ཉིད་པདྨ་ཟླ་བ་ལ། །རྣམ་བཞུགས་ལྷ་མོའི་ཐུགས་ཀར་སེན་ཟླུམ་མཉམ་པའི་ཟླ་བ་ནི། །རྗེས་མཐུན་པདྨ་ལ་གནས་ལྷ་ཉིད་མཐེ་བོང་ཚོན་དང་མཚུངས། །ཟླ་སྟེང་བཅུ་ཡི་ཡི་གེས་
ཡོངས་བསྐོར་དབུས་ན་སྔར་བཤད་ཉིད། །ལྗང་གུའི་འོད་ཟེར་དང་བཅས་མགོ་རྣམས་གྱེན་ཕྱོགས་གསལ་བསམས་ཏེ། །དབུས་མ་དང་ནི་བཅུ་པའི་བདག་ཉིད་འོད་ཟེར་དང་བཅས་བྱུང་། །སྙིང་ག་ནས་སོང་ཕྱི་རོལ་ལྷ་མོ་ཉིད་གྱུར་འགྲོ་རྣམས་ཀྱི། །སྡུག་བསྔལ་ཞི་བྱས་
མཐུན་གྱུར་སྒོ་དེ་ཉིད་ནས་སླར་བསྡུ་བྱ། །འདི་ནི་སྤྲོ་བསྡུའི་ཏིང་འཛིན་ཉོན་མོངས་གཡུལ་ལས་རྒྱལ་བྱེད་པའོ། །དེ་འདྲ་ཏིང་འཛིན་མང་དུ་བྱས་པས་སྔགས་པའི་ཡིད་སྐྱོ་ན། །སྙིང་ཟླའི་རྣམ་འཕྲུལ་ལ་དམིགས་གཞན་སེམས་རབ་ཏུ་སྤངས་ནས་ནི། །དང་པོར་རྣམ་པར་སྣང་
མཛད་དེ་རྗེས་གསལ་བྱའི་བཅུ་དྲུག་པ། །འོག་ཏུ་དབྱངས་ཡིག་གཉིས་པས་ལེགས་བསྟེན་པ་སྟེ་དེ་རྗེས་སུ། །ཉི་མའི་བུ་ལ་སྟེང་དུ་ཨེ་ཡིས་མཚན་ཅིང་གནས་པའོ། །དེ་ནས་གསལ་བྱའི་བཅུ་དྲུག་པ་ཉིད་ཨུ་ཡིས་བཅིངས་པ་ལ། །ཕྱེད་ཆའི་ཏ་ཡིས་མཐའ་མ་བསྟེན་
པའོ་དེ་རྗེས་སྔར་བཞིན་ལས། །སླར་ཡང་བཅུ་དྲུག་པ་ནི་ཨུས་བཅིངས་མེ་བུ་ཨེ་དང་ལྡན། །སླར་ཡང་ཨུཥྨའི་གསུམ་པ་མཐར་གནས་པ་ཡི་གཉིས་པར་ལྡན། །དེ་ཉིད་དབྱངས་ཡིག་གཉིས་པས་བརྒྱན་བྱས་རྗེས་སུ་ཨུཥྨ་ཡི། །བཞི་པ་ང་རོ་གཉིས་པས་སྤྲས་བྱས་འདི་
འདྲའི་གསང་སྔགས་ནི། །ཤིན་ཏུ་གསལ་མིན་དེ་བཞིན་མི་གསལ་མ་ཡིན་སྒྲ་ཆེ་དང་། །ཤིན་ཏུ་ཆུང་མིན་སེམས་གཞན་རྣམ་པར་གཡེངས་བ་སྤངས་པ་ཡིས། །བརྒྱ་རྩ་བརྒྱད་ལས་ལྷག་པའམ་དེ་བཞིན་ནོར་བུར་བཟུང་སྟེ་བཟླས། །གང་ཚེ་དེ་ཡི་ཡིད་ནི་བཟླས་པས་སྐྱོ་ན་
ས་བོན་ལས་བྱུང་བའི། །འོད་ཟེར་ཚོགས་ཀྱིས་འགྲོ་རྣམས་བཀུག་སྟེ་མན་ངག་ཇི་ལྟ་བར། །སྔགས་འདིས་འབྱུང་པོ་རྣམས་ལ་གཏོར་མ་སྦྱིན་བྱ་ཕྱག་རྒྱ་ནི། །ལག་གཉིས་ཐལ་སྦྱར་མཛུབ་མོ་དག་གིས་གུང་མོ་འཁྱུད་བྱས་ཏེ། །མཐེ་བོང་གཉིས་ཀྱིས་སྙིང་པོར་བྱས་པ་འདི་ཡི་

གསང་སྔགས་མཆོག །བཟླས་དང་གཏོར་མ་སྦྱིན་དང་བསྟིམ་སོགས་ཕལ་ཆེར་སྦྱར་བར་བྱ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། གཏོར་མ་ཕུལ་ནས་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ནས་ནི། །བཟོད་པར་གསོལ་ཞིང་
ཡོངས་བསྔོ་མངོན་འདོད་དངོས་གྲུབ་གསོལ་བཏབ་ནས། །དེ་ཉིད་གསུམ་མཐར་མུཿཡིས་བསྐུལ་བས་ལྷ་རྣམས་བཞུད་པར་བྱ། །དེ་ནས་ཡེ་ཤེས་སེམས་དཔའ་མདུན་དུ་རབ་གསལ་ལེགས་མཆོད་ནས། །ཡི་གེ་བརྒྱ་པ་རང་གི་ཕྱག་རྒྱ་འཛིན་པས་ལེགས་བཟླས་ཏེ། །བཟོད་
མཛོད་བདག་བློ་འཁྲུལ་བས་ཏིང་འཛིན་མཆོག་ལས་ཉམས་པ་དང་། །མཆོད་དང་གཏོར་མ་དམན་ཞིང་སྔགས་དང་ཕྱག་རྒྱ་འཁྲུགས་པ་དང་། །བརྩོན་པ་དམན་ཞིང་སེམས་ནི་དམ་པ་མ་ལགས་གང་སྐྱེས་པ། །ཐམས་ཅད་ཁྱེད་ཀྱིས་བཟོད་མཛོད་གྲུབ་པར་བྱིན་གྱིས་བརླབ་ཏུ་
གསོལ། །དེ་བཞིན་ཁྱོད་འདྲར་བདག་གྱུར་འགྲོ་རྣམས་སྲིད་མཚོ་ལས་སྒྲོལ་ཤོག །མྱུར་དུ་ཁྱོད་ཀྱིས་བདག་ལ་བྱམས་པའི་ཞལ་བཟང་བསྟན་དུ་གསོལ། །བདག་ལ་མྱུར་དུ་ཐུགས་མཆོག་རབ་ཏུ་བརྩེ་བར་མཛད་པའི་རིགས། །ཐུགས་རྗེའི་ལྷ་མོ་ཁྱོད་ཀྱིས་བདག་ལ་མྱུར་དུ་དབང་
བསྐུར་དང་། །དམ་པའི་གདམས་ངག་བསྟན་པས་ཡང་དག་ལམ་བསྟན་རིགས་པ་ཉིད། །དེ་རྗེས་མཆོད་དང་བསྟོད་པའི་དམ་པ་རབ་ཏུ་གུས་པས་གདོན། །དེ་ནས་རང་སྔགས་སྭཱ་ཧཱའི་གནས་སུ་མུཿསྦྱར་བ་ཡིས་གཤེགས། །བདག་ཉིད་ལྷ་མོའི་ང་རྒྱལ་ལྡན་པས་ཅི་བདེར་གནས་པར་
བྱ། །འདི་འདྲ་ཐུན་མཚམས་བཞིར་ནི་རབ་མཉམ་གཞག་པའི་སྔགས་པ་ཡིས། །ཉིན་གཅིག་བཞིན་དུ་འབད་པས་བསམས་ན་དེ་ཡིས་ངེས་པར་ནི། །ཟླ་དྲུག་དེ་བཞིན་ལོ་གཅིག་ཉིད་དང་གསུམ་གྱི་ནང་དུ་ནི། །ལྷ་མོ་མཐོང་འགྱུར་འདི་ལ་ཐེ་ཚོམ་མི་བྱ་གཞན་དུ་ན། །ཆོ་ག་
ཉམས་པས་བསྐལ་པ་སྐར་མ་མཉམ་པར་མཐོང་མི་འགྱུར། །འདི་ནི་སྒྲུབ་པའི་ཐབས་ཀྱི་རྣམ་པར་དབྱེ་བའོ།། །།ཤིན་ཏུ་ཁྲོ་བར་འདོད་ཅིང་འདོད་ཆགས་ཆེ་དང་ལྷག་པར་ནི། །གཉིད་འབྱུང་བ་དང་དེ་བཞིན་རབ་ཏུ་མི་དགའ་ངུ་བར་འདོད། །བསམ་གཏན་ཁང་པ་སྤངས་

ཏེ་གཞན་དུ་འགྲོ་བར་འདོད་པ་དང་། །བསམ་གཏན་གནས་སུ་མི་བཟད་སྒྲ་འབྱུང་དེ་བཞིན་སྒོ་དག་ལས། །འཇིགས་པའི་སྒྲ་འབྱུང་ཆོ་ངེས་འདེབས་པའི་སྒྲ་དག་ཐོས་པ་དང་། །ནང་ན་གནས་པའི་མིང་ནས་ཕྱི་ཕྱིར་འབོད་པ་དང་ནི་དགོད། །སྐྱུགས་པ་དང་ནི་གླུ་ལེན་སྒྲ་དང་སོ་
གོལ་རྡེབ་ཅིང་མཁུན། །ཤིན་ཏུ་མི་བཟད་དྲི་མི་ཞིམ་པའི་ངད་ལྡང་སྐྱི་བུང་ཞེས། །འཇིགས་དང་གཟུགས་མི་སྡུག་པ་མཐོང་དང་བརྡེག་དང་འཕུལ་བར་བྱེད། །རྟག་ཏུ་རྨི་ལམ་སྡུག་བསྔལ་མཐོང་དང་འདྲེ་ཡིས་གནོན་པ་དང་། །ཤིན་ཏུ་དགའ་ཞིང་མཁའ་ལ་འཕུར་སྙམ་
བྱེད་དང་རྒྱུ་མེད་དགོད། །གློ་བུར་དུ་ནི་གཞན་གྱི་སེམས་ཤེས་འདྲེ་སྨྲ་རྣ་བས་ཐོས། །འཇིགས་པར་བྱེད་པའི་འོད་ཟེར་ཁང་པར་རབ་ཏུ་འབྱུང་བ་དང་། །དམན་པའི་མན་ངག་སྟོན་པའི་རང་ལྷའི་གཟུགས་ནི་མཐོང་བ་དང་། །མངོན་དུ་སྟེང་ནས་ཤིན་ཏུ་གནོན་ཅིང་མཐོང་བར་བྱེད་པ་
སྟེ། །མདོར་ན་གང་གིས་བཟླས་དང་བསམ་གཏན་དག་གི་བར་ཆད་བྱེད། །དེ་བཞིན་བློ་ནི་སྔ་ལས་ཉམས་པར་བྱེད་པ་དེ་ནི་བགེགས། །ཡིན་ཕྱིར་བླ་མའི་མན་ངག་ཁོ་ནས་བཟློག་པར་བྱ་བ་སྟེ། །བླ་མའི་མན་ངག་མེད་པར་སྒྲུབ་ལ་བརྩོན་པ་དེ་ནི་འདིར། །སྲོག་དང་དངོས་གྲུབ་
གཉིས་ཀ་གདོན་ཆེན་རྣམས་ཀྱིས་འཕྲོག་པར་འགྱུར། །བླ་མའི་མན་ངག་ཅན་ལ་བགེགས་རྣམས་འབྱུང་བར་མི་འགྱུར་ཞིང་། །འབྱུང་ཡང་བློ་ཅན་དེ་ནི་བཟློག་པར་བྱ་བ་ཚེགས་དང་བྲལ། །འདི་ནི་བགེགས་ཀྱི་མཚན་མ་དང་དེ་རབ་ཏུ་བཟློག་པའི་རབ་ཏུ་དབྱེ་བའོ།། །།
ཤིན་ཏུ་དྲི་ཞིམ་ངད་ལྡང་ཡིད་ནི་དགེ་ལ་མངོན་དགའ་དང་། །ལུས་ནི་རབ་ཡང་གཉིད་ནི་མི་འབྱུང་ཁམས་རྣམས་སྙོམས་པ་དང་། །ཤིན་ཏུ་སྒྲ་སྙན་པ་དང་རོལ་མོའི་སྒྲ་རྣམས་གྲག་པ་དང་། །མེ་ཏོག་ཆར་འབབ་ཏིལ་མར་བྲལ་བར་མར་མེ་འབར་བ་དང་། །རྨི་ལམ་ན་ནི་འཕགས་
རྣམས་མཐོང་དང་དགེ་སློང་བྲམ་ཟེ་མཐོང་། །རྟག་ཏུ་དགེ་བའི་རྨི་ལམ་མཐོང་དང་ཆགས་དང་ཁྲོ་དང་བྲལ། །ཡིད་ནི་དགའ་བར་བྱེད་པའི་འོད་ཆེན་ཁང་པར་འབྱུང་བ་སྟེ། །མདོར་ན་ཡིད་ནི་གང་གིས་སྔ་ལས་དགའ་གྱུར་བཟླས་པ་དང་། །སྒོམ་པ་དག་ལ་བར་དུ་མི་གཅོད་

འདིར་ནི་མཚན་མ་བཟང་། །འདིར་ནི་བཟླས་དང་བསྒོམ་པ་ཇི་ཙམ་གསལ་བ་དེ་ཉིད་མཆོག །འདི་ནི་མཚན་མ་བཟང་པོའི་རབ་ཏུ་དབྱེ་བའོ།། །།སྨན་མཆོག་བཟའ་བ་མ་ལེགས་ངེས་པར་དུག་ཏུ་འགྱུར་བ་ལྟར། །དངོས་གྲུབ་ལེན་མི་མཁས་པ་རྣམས་ཀྱི་དངོས་
གྲུབ་ཕྱིར་ཕྱོགས་པའམ། །ཡང་ན་སྲོག་གི་བར་ཆད་དག་ཏུའང་འགྱུར་བས་དེ་ཡི་ཕྱིར། །མཁས་པས་དངོས་གྲུབ་བླང་བ་འཁྲུལ་བ་མེད་པར་ཤེས་པར་བྱ། །རྒྱ་མཚོར་རིན་ཆེན་ལེན་པ་རྣམས་ལ་འཚེ་བ་རྣམ་མང་འབྱུང་། །དེ་བཞིན་དངོས་གྲུབ་རིན་ཆེན་ལེན་པ་རྣམས་ལ་འཕྲོག་
པ་མང་། །འདི་ནི་གདོན་ཆེན་དངོས་གྲུབ་འཕྲོག་བརྩོན་རབ་ཏུ་མང་བ་སྟེ། །དངོས་གྲུབ་རྣམས་ནི་སྒྲུབ་པ་པོས་ཀྱང་བསྲུང་བར་རབ་ཏུ་དཀའ། །དེ་བས་བློ་ལྡན་འཇིགས་པ་མ་ལུས་རིང་དུ་སྤངས་པ་ཡིས། །མི་བཟད་མཚན་མ་ངན་པ་ཐམས་ཅད་རབ་ཏུ་གཞིག་པར་བྱ། །འཇིགས་པར་མི་བྱ་ཁྲོ་དང་ཆགས་པ་རྣམ་པར་སྤང་བར་
བྱ། །མཚན་བཟངས་རྣམས་ཀྱང་སྒྱུ་མ་འདྲ་བར་བལྟ་བྱ་རི་རབ་བཞིན། །མཚན་མའི་རླུང་གིས་ངེས་པར་མི་གཡོ་མཉམ་པར་གཞག་པར་བྱ། །དེ་ཚེ་དེ་ལ་ལྷ་མོས་ཡང་དག་ཞལ་སྟོན་འགྱུར་བ་སྟེ། །ཐུན་མོང་མ་ཡིན་བདེ་བ་འབྱུང་འགྱུར་གུས་པས་མཆོད་ཅིང་བསྟོད། །འདོད་
པའི་དངོས་གྲུབ་གསོལ་གདབ་ཡང་དག་གདམས་ངག་དོན་དུ་འགྱུར། །ཇི་སྲིད་གསུང་བ་མི་མངའ་འབད་པས་རབ་ཏུ་བསྒྲུབ་པར་བྱ། །གང་ཚེ་གསུང་པ་མངའ་བ་དེ་ཚེ་གཞན་ལ་ལྟོས་དང་བྲལ། །དེ་ནི་ལྷ་མོའི་སྲས་ཡིན་བསམ་གྱིས་མི་ཁྱབ་དབང་དང་ལྡན། །རྒྱལ་བའི་སྲས་པོ་
སྒྲིབ་པ་ཀུན་དང་བྲལ་བ་དཔལ་ལྡན་ཡིན། །དེ་ཡིས་དངོས་གྲུབ་དང་ནི་མཚན་མ་གཉིས་ཀ་ཇི་སྲིད་དུ། །གནང་བར་མ་གྱུར་དེ་སྲིད་གཞན་ལ་ཟུར་ཙམ་སྨྲ་མི་བྱ། །སྐད་ཅིག་དེ་ཉིད་ལ་ནི་དངོས་གྲུབ་རིང་འགྱུར་དྲན་པར་བྱ། །གྲུབ་པར་གྱུར་ནས་སྔགས་གཡོག་དང་ནི་སྒྲུབ་པའི་
གྲོགས་མཆོག་ལ། །དངོས་གྲུབ་ཆ་ལ་སེར་སྣ་བྲལ་བས་སྦྱིན་པས་ཕན་གདགས་བྱ། །ཕ་མ་དང་ནི་བླ་མ་ལ་ཡང་དངོས་གྲུབ་རྫས་དག་ལས། །ཆོས་མཆོག་སྐལ་བ་བགོ་བར་རྒྱུད་རྣམས་ལས་ནི་རྣམ་པར་བཤད། །མདོར་ན་དངོས་གྲུབ་དག་ནི་ཇི་ལྟར་བགོ་བ་བློ་ལྡན་གྱིས། །རྒྱུད་

རྣམས་ཉིད་ལས་ཇི་ལྟར་བཤད་པའི་རྗེས་འབྲངས་ཤེས་པར་བྱ། །འདི་ནི་དངོས་གྲུབ་བླང་བ་དང་བགོ་བའི་རབ་ཏུ་དབྱེ་བའོ།། །།གང་དག་དཀྱིལ་འཁོར་མཆོག་ཏུ་དབང་བསྐུར་མ་ཐོབ་སྐྱེ་བོ་དང་། །སྡོམ་དང་དམ་ཚིག་མི་སྲུང་བླ་མའི་བཀའ་ལས་འདས་པ་དང་། །བླ་མ་ལ་ནི་མི་
གུས་ཡིད་ཀྱིས་བླ་མ་ལ་ནི་འཕྱ། །དེ་བཞིན་སྔོན་དུ་བླ་མ་དག་ལ་གུས་ཤིང་ལྐོག་ན་སྨོད། །བློ་ནི་ཐེ་ཚོམ་དྲ་བས་ཁྱབ་ཅིང་བརྩོན་འགྲུས་ཞན་པ་དང་། །བློ་གྲོས་མི་བརྟན་ཉིན་གཅིག་བཞིན་དུ་ལྷ་རྣམས་གཞན་འཛིན་དང་། །སྡང་ཞིང་བུད་མེད་བསྙེན་བཀུར་བདག་གིར་བྱེད་དང་
དེ་བཞིན་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་མ་བྱས་གཉིད་ལ་དགའ་བ་དང་། །ཤིན་ཏུ་བླུན་ཞིང་ཆགས་དང་སྡང་བ་དྲེགས་ལྡན་དེ་བཞིན་དུ། །སྡུག་བསྔལ་དག་ལ་བཟོད་པ་བསྐྱེད་པར་མི་ནུས་སེམས་སྟོབས་ཆུང་། །ཅུང་ཟད་སྨོད་ཚིག་ཐོས་ན་རབ་ཏུ་མི་དགའ་དེ་བཞིན་དུ། །
ཅུང་ཟད་བསྟོད་པས་རབ་དགའ་རྙེད་པ་ལ་ནི་བརྐམ་པ་དང་། །ཅུང་ཟད་སྔགས་ཀྱི་མཐུ་སྙེམས་རྨི་ལམ་ཙམ་གྱིས་དྲེགས་པ་དང་། །གླེགས་བམ་འཛིན་ཅིང་མན་ངག་ཡོད་ཅེས་མི་རྣམས་ལ་སྨྲ་དང་། །ཕྲག་དོག་དྲི་མས་སྦགས་ཤིང་མན་ངག་མེད་ལ་སེར་སྣས་བཅིངས། །སྟོང་
ཉིད་སྟོན་པའི་ཆོས་ལ་སྡང་ཞིང་དངོས་པོར་འཛིན་ལ་དམ། །ཉན་ཐོས་སྤྱོད་པ་ལ་ནི་མངོན་ཞེན་སྔགས་ཚུལ་སུན་པར་བྱེད། །བདག་གི་ཕྱོགས་ལ་མངོན་ཞེན་གཞན་ཕྱོགས་ངག་ལ་རྣམ་པར་སྡང་། །རྟ་ལ་སོགས་པ་ཞོན་ཞིང་ལྕག་གིས་གཞུ་དང་གློ་རྡེབས་བྱེད། །ཆང་འཐུང་བ་དང་འཇིག་
རྟེན་གཏམ་ལ་དགའ་ཞིང་ཟས་ལ་བརྐམ། །འདུས་པར་འགྲོ་དང་དམག་དང་འཐབ་མོའི་བྱ་བ་རྣམས་ལ་དགའ། །རྒྱལ་པོའི་ཕོ་བྲང་འཁོར་དུ་ཁ་འཛིན་ཕྲ་མས་འཚེ་བར་བྱེད། །རང་གིས་དཔྱད་པས་སྔགས་ཚུལ་ཟབ་མོ་རྣམས་ལ་སྡེབ་སྦྱོར་བྱེད། །བླ་མའི་ལུང་ཐོབ་མེད་པར་སྔགས་རྣམས་
འཆད་པར་ཀུན་དུ་རྩ