Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 76

Văn bản gốc(Tây Tạng)

Trang 1 / 17 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། མ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། འོད་ཟེར་ཅན་གྱི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གས་ཡི་གེ་པཾ་ལས་བྱུང་བའི་སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་ལ་ཡི་གེ་མཾ་ལས་སྐྱེས་པའི་
འོད་ཟེར་ཅན་དཀར་མོ་སྟེ། ཞལ་ལྔ། ཕྱག་བཅུ། ཞབས་བཞི་པར་སྐད་ཅིག་གིས་བདག་ཉིད་བསམ་པར་བྱ་བའོ། །དེ་ལས་རྩ་བའི་ཞལ་ནི་དཀར་མོ། གཡས་པ་ནི་མཐིང་ནག་གོ། །གཡོན་པ་ནི་ཕག་གི་ཞལ་
དམར་མོ། །ཞལ་ཕྱི་མ་ནི་ལྗང་གུའོ། །དབུའི་སྟེང་གི་ཞལ་ནི་སེར་མོ་སྟེ། རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་པ། ཟུར་ཕུད་གསུམ་གྱིས་བརྒྱན་ཅིང་རལ་པའི་ཅོད་པན་དང་ལྡན་པའོ། །གཡས་པའི་ཕྱག་
ལྔ་པོ་རྣམས་ན་ནི་ཉི་མའི་དཀྱིལ་འཁོར་དང་། རྡོ་རྗེ་སྔོན་པོ་དང་། མདའ་དང་ལྕགས་ཀྱུ་དང་། ཁབ་བསྣམས་པའོ། །གཡོན་པའི་ཕྱག་ལྔ་པོ་རྣམས་ན་ནི་ཟླ་བའི་དཀྱིལ་འཁོར་དང་གཞུ་དང་ཤིང་མྱ་ངན་མེད་
ལོ་འདབ་དང་བཅས་པ་དང་། སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་སྐུད་པ་བསྣམས་པའོ། །རྣམ་པ་སྣ་ཚོགས་པའི་རྒྱན་དང་ལྡན་པའི་གཞོན་ནུ་མ་ལང་ཚོ་བདོ་བར་གྱུར་པ་སྟོད་ཤག་དཀར་པོ་བསྣམས་

ཤིང་། ཕག་བདུན་གྱི་ཤིང་རྟ་ལ་གནས་ནས་མཆོད་རྟེན་གྱི་ནང་ན་བཞུགས་པ། ཁྱབ་འཇུག་དང་། དབང་པོ་དང་། བདེ་བྱེད་དང་། ཚངས་པ་རྣམས་ཞབས་བཞིས་མནན་པའོ། །ཆུ་སྲིན་མ་ལ་བཅིབས་ནས་ཤིང་རྟ་དེའི་ནང་མདུན་
ན་གནས་པའི་བཅོམ་ལྡན་འདས་མ་གཞན་ནི་ནག་མོ་ཕག་གི་ཞལ་རྡོ་རྗེ་དང་། སྡིགས་མཛུབ་ཕྱག་གཡས་པ་དང་གཡོན་པ་གཉིས་ཀྱིས་བསྣམས་པར་མཛད་པའོ། །གཡས་ཀྱི་ཕྱོགས་པ་བཅོམ་ལྡན་འདས་མ་གཞན་ནི་ཕག་གི་ཞལ་ལ་ཕྱག་བཞི་
མ་སྟེ། ལྕགས་ཀྱུ་དང་ཁབ་ནི་གཡས་པ་གཉིས་ཀྱིས་བསྣམས་པའོ། །སྡིགས་མཛུབ་དང་བཅས་པས་ཞགས་པ་དང་སྐུད་པ་ནི་ཕྱག་གཡོན་པ་གཉིས་ཀྱིས་བསྣམས་ཤིང་ལྷ་རྫས་ཀྱི་རྒྱན་དང་ལྡན་པ་ཡང་ཡིན་ནོ། །གཡོན་ཕྱོགས་ཀྱི་རྗེ་
བཙུན་མ་གཞན་ནི་ཕག་གི་ཞལ་དམར་མོ་དང་། རྣ་བའི་བར་དུ་བཀང་བའི་མདའ་གཞུ་དང་། གཡས་པ་དང་གཡོན་པའི་ཕྱག་ལྷག་མ་དག་གིས་ནི་རྡོ་རྗེ་དང་ཤིང་མྱ་ངན་མེད་པ་ལོ་མ་དང་ལྡན་པ་བསྣམས་པ། སྣ་ཚོགས་པའི་རྒྱན་དང་ལྡན་པ་
ཡང་ཡིན་ནོ། །ཤིང་རྟ་འདྲེན་པའི་ཕག་རྣམས་ཀྱི་འོག་ན་ཡང་ཉི་མ་ལ་སོགས་པའི་གཟའ་དགུས་ནད་དང་ཉེ་བར་འཚེ་བའི་གདུག་པ་རྣམ་པ་སྣ་ཚོགས་པ་རྣམས་ཀྱང་མིའི་གཟུགས་སུ་འོག་ཏུ་མནན་པར་བསམ་པར་བྱ་བའོ། །དེ་ནས་སྙིང་གའི་

ཟླ་བ་ལ་གནས་པའི་ས་བོན་མཾ་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཤིང་དབང་མནོས་པ་དང་། རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་པར་འགྱུར་བ་ཡིན་ནོ། །དེ་ནས་སྙིང་གའི་ས་བོན་ཉིད་ལས་ཕྲེང་བའི་རྣམ་པ་ཉིད་སྔགས་ཀྱི་ཡི་གེ་ངེས་པར་སྤྲོས་ལ། ཁ་ནས་ལྟེ་བར་ལྟེ་བ་ནས་ཁར་ཁ་
ནས་ཕྱིར་ཡང་ལྟེ་བར་ཞེས་བྱ་བ་ལ་སོགས་པས་འཁོར་ལོ་འཁོར་བའི་རིམ་པས་སྔགས་བགྲང་བར་བྱ་བའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་མ་རཱི་ཙྱཻ་མཱཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཟས་ལ་སོགས་པ་རྣམ་པ་ཐམས་ཅད་ལ་ཡང་རང་གི་ས་བོན་གྱིས་བྱིན་གྱིས་བརླབས་པ་རྗེས་སུ་བསྒྲུབ་པར་བྱ་བའོ། །སྐྱོ་ན་ཡི་
གེ་བརྒྱ་པའི་སྔགས་ཉེ་བར་བརྗོད་ལ་ཇི་ལྟར་བདེ་བར་རྒྱུ་བར་བྱ་བ་ཡིན་ནོ། །རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་དཀར་མོའི་སྒྲུབ་ཐབས་སོ།། །།བྱང་ཆུབ་སེམས་དཔའ་དཱ་ན་ཤྲཱིའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །༄༅༅། །རྒྱ་གར་སྐད་དུ།
མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། འོད་ཟེར་ཅན་གྱི་སྒྲུབ་ཐབས། འོད་ཟེར་ཅན་མ་ལ་ཕྱག་འཚལ་ལོ། །དེ་ནས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ་ཟླ་བའི་དཀྱིལ་འཁོར་ལ་མཾ་སེར་པོ་ལས་བྱུང་བའི་ཤིང་མྱ་ངན་མེད་དོ། །དེའི་སྟེང་དུ་ནི་མཾ་མོ། །དེ་དག་ཡོངས་སུ་གྱུར་པ་ལས་སེར་མོ་གསེར་
གྱི་མདོག་འདྲ་བ་ཞལ་གཅིག་མ་ཕྱག་གཉིས་མ་རྣམ་པར་སྣང་མཛད་ཅོད་པན་ལ་གནས་པ། རིན་པོ་ཆེའི་དབུ་རྒྱན་དང་ལྡན་པ། ཕག་གི་རྒྱབ་ན་སྣ་ཚོགས་པདྨ་དང་། ཟླ་བ་ལ་སྐུ་འགྱིང་བག་དང་ལྡན་པས་བཞུགས་པ། ཤིང་མྱ་ངན་མེད་ལྗོན་པའི་ཡལ་ག་ཕྱག་གཡོན་པ་ལ་བརྟེན་ཏེ་བསྣམས་
པ། ཕྱག་གཡས་པས་མཆོག་སྦྱིན་པར་མཛད་པ་དོ་ཤལ་སོགས་པས་སྐུ་བརྒྱན་ཅིང་། གཞོན་ཞིང་ལང་ཚོ་ལ་བབ་པ་ཡིད་དུ་འོང་བའོ། །འདི་ལྟ་བུར་བདག་ཉིད་བསྒོམས་ལ། སྙིང་གའི་ས་བོན་མཾ་གྱི་འོད་ཟེར་སྤྲོས་པས་རིགས་ཀྱི་བདག་པོ་དང་བཅས་པའི་ཕག་གི་ཚོགས་རྣམས་ཀྱིས་མ་རུངས་བ་རྣམས་
ལེགས་པར་བསྐུལ་ཞིང་སེམས་ཅན་གྱི་དོན་རྣམ་པ་དུ་མ་རྣམས་ཀྱང་རྣམ་པར་བསྒྲུབས་ལ། ཨོཾ་མཱ་རཱི་ཙྱཻ་མཾ་སྭཱ་ཧཱ། བྱ་བའི་སྔགས་འདི་བཟླས་པར་བྱ་བའོ། །འདི་ནི་མྱ་ངན་མེད་པ་ལ་དགའ་བའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་སོ།། །།མཁས་པ་དཱ་ན་ཤྲཱིའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་

མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཀལྤོ་ཀ་ཏ་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། འོད་ཟེར་ཅན་མ་ལ་ཕྱག་འཚལ་ལོ། །བླ་མེད་བདེ་བ་ལ་ནི་ཆགས་མེད་པར། །ཤེས་རབ་ཕ་རོལ་གཤེགས་པའི་བླ་
མ་ལ། །ལེགས་པར་ཕྱག་འཚལ་རྟོགས་པའི་འོད་ཟེར་ཅན། །སྒྲུབ་ཐབས་བཟང་རྣམས་དོན་དུ་བྲི་བར་བྱ། །དེ་ལ་དང་པོར་རེ་ཞིག་རྣལ་འབྱོར་པས་སྐྱེ་དགུ་མཐའ་དག་བསྒྲལ་བར་འདོད་པའི་ལྷག་པའི་བསམ་པས། ཨོཾ་ཕཊ་བྱ་བའི་སྔགས་འདིས་སྙིང་ག་དང་། མགུལ་པ་དང་། སྨིན་
མཚམས་དང་། སྤྱི་བོ་རྣམས་སུ་ཁྲོ་བོའི་ཁུ་ཚུར་བཞག་ལ། ཨོཾ་མཱ་རཱི་ཙྱཻ་བགེགས་ཚར་ཆོད་ཧཱུཾ་ཕཊ་ཅེས་བྱ་བ་འདིས་ཀྱང་བགེགས་ངེས་པར་བཅོམ་སྟེ། རང་གི་སྙིང་གར་ཡི་གེ་ཨཾ་ཡོངས་སུ་གྱུར་པ་ལས་ཉི་མ་ལ་ཡི་གེ་མཾ་སེར་པོ་བསྒོམ་པར་བྱ་བའོ། །དེ་ལས་ངེས་པར་བྱུང་བའི་འོད་ཟེར་ཅན་གྱི་ཚོགས་
འཕྲོས་པས་ནམ་མཁའ་ལས་ཡང་དག་པར་སྤྱན་དྲངས་ལ་བཅོམ་ལྡན་འདས་མ་མདུན་དུ་བཞུགས་སུ་གསོལ་བར་བྱ་སྟེ། སེར་མོ་ཞལ་གསུམ་སྤྱན་གསུམ་མ་ལ་ཕྱག་བརྒྱད་མ། གཡས་ཀྱི་ཞལ་ནི་དམར་མོའི་རྣམ་པར་བསྒྱུར་བའི་མཐིང་ནག་གོ། །གཡོན་པ་ནི་ཕག་གི་ཞལ་ལོ། །གཡས་པའི་ཕྱག་
བཞི་ནི་རྡོ་རྗེ་དང་། ལྕགས་ཀྱུ་དང་མདའ་དང་ཁབ་བསྣམས་པའོ། །གཡོན་པའི་ཕྱག་བཞིས་ནི་ཤིང་མྱ་ངན་མེད་ལོ་འདབ་དང་ལྡན་པ་དང་། གཞུ་དང་། སྐུད་པ་དང་སྡིགས་མཛུབ་བསྣམས་པའོ། །དབུ་རྒྱན་ལ་ནི་རྣམ་པར་སྣང་མཛད་དེ། སྣ་ཚོགས་པའི་རྒྱན་དང་ལྡན་པ། མཆོད་རྟེན་གྱི་ནང་ན་
བཞུགས་པ། ན་བཟའ་དམར་པོ་དང་སྟོད་ཤག་བསྣམས་པ། ཕག་བདུན་གྱི་ཤིང་རྟ་ལ་གཡས་བསྐུམ་པའི་ཞབས་ཀྱིས་བཅིབས་པ་སྟེ། ཡི་གེ་ཡཾ་གིས་བསྐྱེད་པའི་རླུང་གི་དཀྱིལ་འཁོར་ལ་ཡི་གེ་ཧཾ་ལས་བྱུང་བའི་གཟའ་ཆེན་པོ་སྒྲ་གཅན་འཛིན་ཉི་མ་དང་ཟླ་བ་གཉིས་བཟུང་བ། ཀུན་ནས་གནས་
པར་གྱུར་པའི་ཤིང་རྟའི་དབུས་ན་ལྷ་མོ་བཞིས་ཡོངས་སུ་བསྐོར་བའོ། །དེ་ལ་ཤར་གྱི་ཕྱོགས་སུ་ནི་བེཏྟ་ལཱི་སྟེ་དམར་མོ་ཕག་གི་ཞལ་ཞི་མ། གཡས་པའི་ཕྱག་གིས་ནི་ཁབ་དང་ལྕགས་ཀྱུ་བསྣམས་པ། གཡོན་གྱི་ཕྱག་གི་ས་ནི་ཞགས་པ་དང་ཤིང་མྱ་ངན་མེད་བསྣམས་པ་དང་སྟོད་ཤག་

དམར་པོ་བསྣམས་པ་ཡིན་ནོ། །དེ་བཞིན་དུ་ལྷོར་ནི་བ་དཱ་ལི་སྟེ་སེར་མོ་གཡོན་པའི་ཕྱག་ན་ཤིང་མྱ་ངན་མེད་དང་ཁབ་པོ། །གཡས་པའི་ཕྱག་ན་རྡོ་རྗེ་དང་ཞགས་པའོ། །གཞོན་ནུ་མའི་གཟུགས་སུ་གྱུར་པ་ལང་ཚོ་ལ་བབ་པ་དང་རྒྱན་རྣམས་དང་ལྡན་པའོ། །དེ་བཞིན་དུ་ནུབ་ཕྱོགས་སུ་ནི་བ་རཱ་ལི་དཀར་མོ་གཡས་པའི་
ཕྱག་ན་རྡོ་རྗེ་དང་། ཁབ་དང་ཞགས་པ་དང་། ཤིང་མྱ་ངན་མེད་ནི་གཡོན་པའི་ཕྱག་ན་བསྣམས་པ་དང་། ཞབས་གཡས་བསྐུམ་པ་དང་གཟུགས་ལེགས་པ་ཡང་ཡིན་ནོ། །དེ་བཞིན་དུ་བྱང་ཕྱོགས་ཀྱི་ཆ་ན་ཕག་གི་གདོང་པ་སྟེ་དམར་མོ་སྤྱན་གསུམ་མ་ཕྱག་བཞི་མ། ཕྱག་གཡས་པས་ནི་རྡོ་རྗེ་དང་མདའ་དང་ལྡན་
པའོ། །ཕྱག་གཡོན་པས་ནི་ཤིང་མྱ་ངན་མེད་དང་གཞུ་བསྣམས་པ་དང་། ལྷ་རྫས་ཀྱི་སྐུ་དང་ལྡན་པར་ཡང་བསྒོམ་པར་བྱ་བའོ། །མཆོད་པ་དང་ཕྱག་འཚལ་བ་དང་། བསྟོད་པ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བ་དང་། གསོལ་བ་གདབ་
པ་དང་། སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ལམ་ལ་བརྟེན་པར་བྱ་བ་ལ་སོགས་པ་རྣམས་ཀྱང་བྱས་ཤིང་ཚངས་པའི་གནས་བཞི་ཡང་བསྒོམས་ལ། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ནི་ང་ཡིན་ནོ་ཞེས་བྱ་བས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་དམིགས་
པར་བྱ་བའོ། །དེ་ནས་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཨོཾ་གྱིས་བསྐྱེད་པའི་རྣམ་པར་སྣང་མཛད་སེང་གེའི་ཁྲི་ལ་བཞུགས་པ། སྐུ་མདོག་དཀར་པོ་རལ་པ་དང་དབུ་རྒྱན་དང་ལྡན་པ། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་པ་ཞི་བར་གྱུར་པ། རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་ཐུགས་
ཀའི་ཟླ་བ་ལ་ཡི་གེ་ཉི་ཤུ་རྩ་ལྔས་ཡོངས་སུ་བསྐོར་བའི་ས་བོན་གྱི་ཡི་གེ་མཾ་ཡོངས་སུ་རྫོགས་པ་ལས་ཤིང་མྱ་ངན་མེད་ལོ་འདབ་དང་ལྡན་པའོ། །དེའི་སྟེང་དུ་ཟླ་བ་ལ་ས་བོན་མཾ་མོ། །དེ་དག་རྣམས་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཇི་སྐད་དུ་བཤད་པའི་སྐུ་མདོག་དང་ཕྱག་ལ་སོགས་པའི་མཚན་
ཉིད་དང་ལྡན་པའི་འོད་ཟེར་ཅན་གྱི་སྐུར་བདག་ཉིད་སྐད་ཅིག་གིས་བསྒོམ་པར་བྱ་བའོ། །ཨོཾ་མཱ་རཱི་ཙྱཻ་བཏྟཱ་ལི་བ་དཱ་ལི་བ་རཱ་ལི་བ་རཱ་ཧཱ་མུ་ཁི་ཨཱ་ཀཪྵ་ཡ་ཛཿསྭཱ་ཧཱ། ཞེས་བྱ་བ་འདིས་བཏྟཱ་ལི་ཤར་ཕྱོགས་སུ་དགོད་པར་བྱ་བའོ། །དེ་བཞིན་དུ་ཨོཾ་མཱ་རི་ཙྱཻ་བཏྟཱ་ལི་བ་དཱ་ལི་བ་རཱ་ལི་བ་རཱ་ཧཱའི་གདོང་མ་རུངས་པ་དང་

རབ་ཏུ་མ་རུངས་པ་རྣམས་ཐམས་ཅད་ཀྱི་ཁ་ཆིངས་ཆིངས་ཧཱུཾ་སྭཱ་ཧཱ། ཞེས་བྱ་བ་འདིས་ལྷོ་ཕྱོགས་སུ་བ་དཱ་ལིའོ། །དེ་བཞིན་དུ་ཨོཾ་མཱ་རཱི་ཙྱཻ་བཏྟཱ་ལི་བ་དཱ་ལི་བ་རཱ་ཧཱའི་གདོང་མ་རུངས་པ་ཐམས་ཅད་ཀྱི་ཁ་རེངས་པར་བཾ་སྭཱ་ཧཱ། ཞེས་བྱ་བས་ནུབ་ཏུ་བ་རཱ་ལིའོ། །དེ་བཞིན་དུ་ཨོཾ་མཱ་རཱི་ཙྱཻ་
བཏྟཱ་ལི་བ་དཱ་ལི་བ་རཱ་ལི་བ་རཱ་ཧཱ་ཕག་གི་གདོང་མ་སེམས་ཅན་ཐམས་ཅད་དབང་དུ་འགྱུར་བར་ཧོཿསྭཱ་ཧཱ། ཞེས་བྱ་བ་འདིས་ཀྱང་བྱང་དུ་ནི་ཕག་གདོང་མ་ཡིན་ནོ། །ཨོཾ་མཱ་རཱི་ཙྱཻ་མཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བྱ་བའི་སྔགས་འདི་བསྒོམས་པའི་རྗེས་ལ་བཟླས་པར་བྱའོ། །དེ་ལྟར་ཐུན་ཚོད་གསུམ་དུ་བྱིན་གྱིས་བརླབས་ལ་
ལྷའི་རྣལ་འབྱོར་གྱིས་རྒྱུ་བར་བྱ་བ་ཡིན་ནོ། །རྟོག་པ་ནས་གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་སོ། །པཎྜི་ཏ་ཆེན་པོ་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། འོད་ཟེར་ཅན་
གྱི་སྒྲུབ་ཐབས། འོད་ཟེར་ཅན་མ་ལ་ཕྱག་འཚལ་ལོ། །ཨོཾ་ཨཱཿཧྲཱི་སྭཱ་ཧཱ། ཞེས་བྱ་བ་རྣམས་བདག་ཉིད་ཀྱི་མགོ་བོ་དང་དཔྲལ་བ་དང་། མགྲིན་པ་དང་། སྙིང་ག་དང་། པུས་མོ་གཉིས་པོ་རྣམས་ལ་རྣམ་པར་བསྒོམས་ལ། ཡི་གེ་ཨོཾ་ལས་ངེས་པར་གྲུབ་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་འོད་ཟེར་ཅན་
སྐུ་མདོག་དམར་མོ་སྟེ། ཞལ་དྲུག་མ་ཕྱག་བཅུ་གཉིས་མ། གསུས་པ་འཇོལ་བ། དབུ་སྐྲ་སེར་པོ་གྱེན་དུ་འབར་བར་གྱུར་པ། ཐོད་པའི་ཕྲེང་བ་འཕྱང་བ། སྦྲུལ་གྱི་སྨད་ཀ་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཉིས་ཀྱིས་བགེགས་ཀྱི་ཚོགས་དུ་མ་ཀུན་ནས་མནན་པ།
མཆོད་རྟེན་གྱི་ནང་ན་ཉི་མའི་དཀྱིལ་འཁོར་ལ་གཡས་བསྐུམ་པས་བཞུགས་པ། རྣམ་པར་སྣང་མཛད་དབུ་རྒྱན་དང་ལྡན་པ། ཕག་སྣ་ཚོགས་ཀྱིས་འདྲེན་པའི་ཤིང་རྟ་ལའོ། །དམར་མོ་དང་། ནག་མོ་དང་། ལྗང་གུ་དང་སེར་མོ་དང་། དཀར་མོ་ནི་དང་པོ་ལ་སོགས་པའི་ཞལ་ལྔ་པའོ། །
ཞལ་གཅིག་ནི་སྟེང་ན་སྟེ་ཕག་གི་ཞལ་ནག་མོ། གཡས་ཀྱི་རྣམས་ན་ནི་རལ་གྲི་དང་དབྱུག་ཏོ་དང་མདའ་དང་ལྕགས་ཀྱུ་དང་རྡོ་རྗེ་རྩེ་གཅིག་པ་དང་མདུང་རྣམས་སོ། །གཡོན་གྱི་རྣམས་ན་ནི་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་ཐོད་པ་དང་། ཤིང་མྱ་ངན་མེད་ལོ་འདབ་དང་བཅས་པ་དང་།

ཚངས་པའི་མགོ་བོ་དང་། གཞུ་དང་། མདུང་ཐུང་རྩེ་གསུམ་པ་རྣམས་བསྣམས་པར་མཛད་དོ། །སྤྱན་གསུམ་མ་ལྗགས་འདྲིལ་བར་མཛད་པ། ཞལ་མཆེ་བ་རྣམ་པར་གཙིགས་པ། ཤིན་ཏུ་འཇིགས་པ་ཆེན་པོར་མཛད་པར་བསམ་པར་བྱ་བའོ། །ཤིང་རྟའི་ནང་དུ་ཕྱག་གཉིས་མ་སྡིགས་
མཛུབ་དང་ཤིང་མྱ་ངན་མེད་ལོ་འདབ་དང་ལྡན་པ་ཕྱག་ན་བསྣམས་ཤིང་ཤིང་རྟ་བསྐྱོད་པར་མཛད་པ། གདན་ལ་ཞབས་གཡས་བསྐུམ་པས་གནས་པ། འཇིགས་སུ་རུང་བར་མཛད་པར་བསམ་པར་བྱའོ། །སྤྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བས་མ་རུངས་པའི་སེམས་ཅན་རྣམས་རེངས་པར་གྱིས་ཤིག་
རྨོངས་པར་གྱིས་ཤིག་ཆོམས་ཤིག །ཨོཾ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། སེམས་ཅན་མ་རུངས་པ་ཐམས་ཅད་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་ཨོཾ་འོད་ཟེར་ཅན་ཨོཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདི་བཟླས་པར་བྱ་བའོ། །འོད་ཟེར་ཅན་གྱི་སྒྲུབ་ཐབས་སོ། །ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་
ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། འོད་ཟེར་ཅན་གྱི་སྒྲུབ་ཐབས། དང་པོར་རེ་ཞིག་སྔགས་པས་བདེ་བའི་སྟན་ལ་ཉེ་བར་གནས་ལ། གཡོན་པ་ཁྲོ་བོའི་ཁུ་ཚུར་གྱིས་སྙིང་ག་དང་སྨིན་མཚམས་དང་། མགུལ་པ་དང་།
སྤྱི་བོ་རྣམས་སུ་ཨོཾ་ཕཊ་བྱ་བའི་སྔགས་ཀྱིས་རེག་པར་བྱ་ཞིང་། གཡས་པ་ཁྲོ་བོའི་ཁུ་ཚུར་སྨད་པས་ནི་བགེགས་དང་བྲལ་བར་བསམ་པར་བྱ་བའོ། །དེ་ནས་གདོང་པའི་གཙང་སྦྲ་ལ་སོགས་པ་བྱ་སྟེ། སླར་ཡང་ཉེ་བར་གནས་ལ། རང་གི་སྙིང་གར་ནུབ་མོ་དང་ཉིན་མོའི་དབྱེ་བས་ཡི་གེ་ཨ་དང་ཡི་གེ་ཨཱ་
ལས་ངེས་པར་གྲུབ་པའི་ཟླ་བ་དང་ཉི་མ་བལྟ་བའོ། །དེའི་སྟེང་དུ་ཡི་གེ་ཨོཾ་སེར་པོ་རྣམ་པར་བསྒོམ་པར་བྱ་བའོ། །དེའི་འོད་ཟེར་གྱིས་ངེས་པར་བསྒྲུབས་པའི་བཅོམ་ལྡན་འདས་མ་མདུན་དུ་བལྟས་ལ། ཇི་ལྟར་རྙེད་པར་གྱུར་པའི་མེ་ཏོག་ལ་སོགས་པས་ལེགས་པར་མཆོད་ཅིང་། དེའི་སྤྱན་
ལམ་དུ་སྡིག་པ་བཤགས་པ་ལ་སོགས་པ་རྣམས་བྱས་ཏེ། མཐའ་དག་སྟོང་པ་ཉིད་དུ་རྣམ་པར་བསྒོམ་པར་བྱ་བའོ། །དེ་ནས་ནི། ཨོཾ་རང་བཞིན་གྱིས་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ནི། བདག་ཡིན་ནོ་ཞེས་བརྗོད་པར་བྱ་བའོ། །དེ་ནས་ཡི་གེ་ཨོཾ་ཡོངས་སུ་གྱུར་པ་ལས་འཁོར་

ལོ་རྩིབས་བརྒྱད་པའོ། །དེའི་དབུས་ན་གནས་པའི་ཡི་གེ་ཨོཾ་ཡོངས་སུ་གྱུར་པ་ལས་ཁ་དོག་སེར་པོ་རལ་པ་དང་དབུ་རྒྱན་དང་ལྡན་པ། ན་བཟའ་དམར་པོ་བསྣམས་པ། ཞི་བར་གྱུར་པ། པདྨའི་ལྟེ་བ་ལ་སེང་གེའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རྒྱན་ཐམས་ཅད་
ཀྱིས་བརྒྱན་པ། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་པའི་རྣམ་པར་སྣང་མཛད་ཀྱི་སྐུར་བདག་ཉིད་བསྒོམ་པར་བྱ་བའོ། །དེའི་སྙིང་གར་ཟླ་བ་ལ་གནས་པའི་ཡི་གེ་མཾ་ཡོངས་སུ་གྱུར་པ་ལས་ཤིང་མྱ་ངན་མེད་ཀྱི་མེ་ཏོག་གོ། །དེའི་སྟེང་དུ་ཡི་གེ་མཾ་གྱི་འོད་ཟེར་ཀུན་དུ་སྤྲོས་པས་སེམས་ཅན་རྣམས་ཀུན་
གྱི་དོན་བྱས་ལ། དེ་ཉིད་ལ་བསྡུས་ཤིང་ལེགས་པར་བཞུགས་པར་བྱ་བའོ། །དེ་ནས་མདུན་དུ་ཡི་གེ་ཨཾ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་མཾ་ལས་བྱུང་བའི་བཅོམ་ལྡན་འདས་མ་འོད་ཟེར་ཅན་གྱི་རང་བཞིན་ཅན་ཕྱག་བརྒྱད་དང་ལྡན་པ། གདམས་ངག་ལས་བསྒོམ་པར་བྱ་བའོ། །
དེའི་རྗེས་ཐོགས་ལ་ཨོཾ་མཾ་ཞེས་བྱ་བའི་སྔགས་བརྗོད་པར་གྱུར་པ་ལས་བདག་ཉིད་མཆོད་རྟེན་གྱི་ནང་ན་གནས་ཤིང་ཕག་བདུན་པའི་ཤིང་རྟ་ལ་ཞོན་པའི་འོད་ཟེར་ཅན་དུ་རྣམ་པར་བསྒོམ་མོ། །ཤིང་རྟའི་འོག་ན་ནི་ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ལ་ཡི་གེ་ཧཾ་གིས་སྤྲུལ་པའི་སྒྲ་གཅན་འཛིན་ནོ། །དེ་ལ་
བཅོམ་ལྡན་འདས་མ་ནི་རིན་པོ་ཆེའི་དབུ་རྒྱན་དང་ལྡན་པ། ཕྱག་བརྒྱད་མ། ཞལ་གསུམ་མ། སྤྱན་གསུམ་མ་སྟེ། རྩ་བའི་ཞལ་ནི་ལེགས་པར་སེར་བ། མེ་ཏོག་བནྡུ་ཀའི་དམར་བ་དང་ཆ་འདྲ་བར་འགྱུར་བ་གཡས་པ་ནི་དམར་ལ་ཟླུམ་པའོ། །གཡོན་པ་ནི་ཕག་གི་སྟེ་མཐིང་ནག་ཁྲོ་བར་གྱུར་
པ། ལྗགས་འདྲིལ་བ་ཞལ་རྣམ་པར་གདངས་ཤིང་འཇིགས་པར་མཛད་པ། མཆེ་བ་གཙིགས་ཤིང་ཁྲོ་གཉེར་དང་ལྡན་པའོ། །སྡིགས་མཛུབ་དང་ཞགས་པ་དང་གཞུ་དང་ཤིང་མྱ་ངན་མེད་ལོ་མ་དང་བཅས་པ་སྐུད་པ་ནི་གཡོན་པ་རྣམས་སོ། །ཁབ་དང་ལྕགས་ཀྱུ་དང་མདའ་དང་རྡོ་རྗེ་ནི་གཡས་
པ་རྣམས་ནའོ། །སྣ་ཚོགས་པའི་གདུབ་ཀོར་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང་ཤིན་ཏུ་ངོ་མཚར་བར་གྱུར་པའི་སྟོད་གཡོགས་དམར་པོ་བསྣམས་པ། གཡས་པ་བསྐུམ་པས་གནས་ཤིང་ལྷ་མོ་བཞིས་བསྐོར་བར་བསམ་པར་བྱ་བའོ། །ཤར་དུ་ནི་བཏྟཱ་ལི་སྟེ། གཡོན་བསྐུམ་

པས་གནས་པ། ཕྱག་བཞི་མ། ཕག་གདོང་གི་ཞལ་གཅིག་མ། སྐུ་མདོག་དམར་བ། གཡས་པ་ཁབ་དང་ལྕགས་ཀྱུ་བསྣམས་པ། གཡོན་པས་ནི་ཞགས་པ་དང་ལོ་མ་ཅན་ནོ། །ལྷོར་ནི་བ་དཱ་ལི་གཡས་བསྐུམ་པས་གནས་པ། ཕྱག་བཞི་མ། ཕག་གི་ཞལ་གཅིག་མ། མདོག་སེར་མོ། །གཡས་པས་མེ་ཏོག་
དང་བཅས་པའི་མྱ་ངན་མེད་ཀྱི་ལོ་འདབ་དང་སྐུད་པ་དང་བཅས་པའི་ཁབ་བསྣམས་པ། གཡོན་པས་ཞགས་པ་དང་རྡོ་རྗེ་བསྣམས་པའོ། །ནུབ་ཏུ་ནི་བ་རཱ་ཧཱི་སྟེ་གཡོན་བསྐུམ་པས་གནས་པ། ཕྱག་བཞི་མ། ཕག་གི་ཞལ་གཅིག་མ། གཡས་ཀྱིས་ཁབ་དང་རྡོ་རྗེ་བསྣམས་པ། གཡོན་གྱིས་ཞགས་པ་
དང་མྱ་ངན་མེད་འདབ་མ་དང་ལྡན་པ་བསྣམས་པའོ། །དེ་ཁོ་ན་བཞིན་དུ་བྱང་དུ་ཕག་གདོང་མ་དམར་མོ་ཉི་མ་ཤར་བའི་མདོག་དང་ལྡན་པས་ཤིན་ཏུ་འབར་བར་གྱུར་པ། གཡས་བསྐུམ་པའི་ཞབས་ཀྱིས་གནས་པ། ཕྱག་བཞི་མ་གཡས་ཀྱིས་མདའ་དང་རྡོ་རྗེ་བསྣམས་པ། གཡོན་པས་གཞུ་དང་མྱ་
ངན་མེད་ལོ་མ་དང་ལྡན་པ་བསྣམས་པའོ། །དེ་དག་རྣམས་ཐམས་ཅད་ཀྱང་མཆོད་རྟེན་གྱི་གཞལ་ཡས་ཁང་ན་བཞུགས་པ་དང་། སྣ་ཚོགས་པའི་རྒྱན་དང་ལྡན་པའི་རིན་པོ་ཆེའི་དབུ་རྒྱན་དང་། སྟོད་ཤག་དམར་པོ་བསྣམས་པ་དང་། སྤྱན་གསུམ་མ། སྣ་ཚོགས་པའི་རྒྱན་དང་ལྡན་པར་བསྒོམ་
པར་བྱ་བའོ། །དེ་ནས་ཛཿཧཱུཾ་བཾ་ཧོཿས་ཡེ་ཤེས་སེམས་པ་གཞུག་པའི་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་པ་གཉིས་མཉམ་པོར་བྱས་ལ་རྩེ་སྦྲེལ་བའི་སྙིམ་པ་བྱས་ཏེ། མཐེབ་མོ་གཉིས་དང་སྲིན་ལག་གཉིས་ཀྱི་རྩེ་དབྱེ་བར་བྱ་ཞིང་། སོར་མོ་དབུས་མ་ལ་ལེགས་པར་བརྟེན་པས་གཞོན་ནུའི་
རྣམ་པ་རྟགས་སུ་བྱས་པ་སྐྱིལ་ཀྲུང་གིས་ཉེ་བར་གནས་ལ། དེའི་ལྟེ་བའི་གནས་སུ་དགོད་པར་བྱ་བའོ། །དེ་ནས་བསྒོམ་པ་སྔོན་དུ་འགྲོ་བས་སྔགས་བཟླ་བར་བྱ་བའོ། །ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཆད་ལྷག་གི་ཆོག་ནི་ཡི་གེ་བརྒྱ་པའི་སྔགས་ཀྱིས་དགང་བར་བྱ་བའོ། །ཨོཾ་བཛྲ་སཏྭ་བྱ་བ་ལ་སོགས་
པ་ཡིན་ནོ། །གཤེགས་སུ་གསོལ་བའི་དུས་སུ་ནི་ཨོཾ་མཱ་རཱི་ཙྱཻ་མུཿབྱ་བ་དང་རང་གི་ཕྱག་རྒྱས་གཤེགས་སུ་གསོལ་བར་བྱ་བ་ཡིན་ནོ། །འོད་ཟེར་ཅན་གྱི་སྒྲུབ་ཐབས་སོ། །མཁས་པ་ཆེན་པོ་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ།

ཨཽ་ཊི་ཡ་ན་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། ཨཽ་ཌྱན་ནས་བྱུང་བའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། ཨཽ་ཌྱན་ནས་འབྱུང་བའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་སུ་གྱུར་པ་ནི་དང་པོར་རེ་ཞིག་རང་གི་སྙིང་གར་ཡི་གེ་ཨཾ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ས་བོན་དང་པོའི་བཅུ་
གསུམ་པ་ཟླ་བ་ཚེས་པ་དང་། ཐིག་ལེས་བརྒྱན་པའོ། །དེ་ཁོ་ན་བཞིན་དུ་སྡིག་པ་བཤགས་པ་ལ་སོགས་པ་ཐམས་ཅད་བྱས་ལ། དེ་ཉིད་ཡོངས་སུ་རྫོགས་པ་ལས་ནི་མཾ་མོ། དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་འོད་ཟེར་ཅན་དེ། སྐུ་མདོག་དམར་མོ། ཞལ་དྲུག་མ། ཕྱག་བཅུ་གཉིས་
མའོ། །ཞལ་དང་པོ་ནི་དམར་མོའོ། །གཉིས་པ་ནི་ནག་མོའོ། །གསུམ་པ་ནི་ལྗང་གུའོ། །བཞི་པ་ནི་སེར་མོའོ། །ལྔ་པ་ནི་དཀར་མོའོ། །དབུས་ལ་གནས་པའི་དྲུག་པ་ནི་སྟེང་ན་སྟེ་ཕག་གི་ཞལ་ནག་མོའོ། །ཤིང་མྱ་ངན་མེད་ཀྱི་མཆོད་རྟེན་རྒྱན་དུ་བྱས་པ། རྣམ་པར་སྣང་མཛད་སེར་པོ་
དབུ་ལ་བཞུགས་པ། གསུས་པ་འཇོལ་བ། ཐོད་པའི་ཕྲེང་བས་རྣམ་པར་བརྒྱན་པ་སྐྲ་ཁམ་སེར་གྱེན་དུ་འཕུར་བ། བྱ་ཁྱུང་གིས་རྣམ་པར་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་བསྣམས་པ། བགེགས་མནན་པའི་ཕག་ལ་གཡས་བསྐུམ་པས་གནས་པ། གཡས་པའི་ཕྱག་རྣམས་
ན་ནི་རལ་གྲི་དང་རྡོ་རྗེ་དང་དབྱུག་ཏོ་དང་མདའ་དང་རྡོ་རྗེ་རྩེ་གཅིག་པ་དང་མདུང་རྣམས་སོ། །གཡོན་པའི་ཕྱག་རྣམས་ན་ནི་སྡིགས་མཛུབ་མཛད་པས་ཞགས་པ་དང་ཐོད་པ་དང་ཤིང་མྱ་ངན་མེད་འདབ་མ་དང་ལྡན་པ་དང་ཚངས་པའི་མགོ་བོ་དང་གཞུ་དང་མདུང་ཐུང་རྩེ་གསུམ་པའོ། །སྤྱན་གསུམ་དམར་
ཞིང་ཟླུམ་པ། ཞལ་མཆེ་བ་རྣམ་པར་གཙིགས་པ་ཤིང་རྟའི་དབུས་ན་བཞུགས་པའོ། །ལྷ་མོ་གཞན་ནི་ཕྱག་གཉིས་མ་སྟེ་སྡིགས་མཛུབ་མཛད་ཅིང་ཞགས་པ་དང་ལོ་འདབ་དང་བཅས་པ་བསྣམས་པའི་བཅོམ་ལྡན་འདས་མ་ཉིད་ང་ཡིན་ནོ་བར་བསྒོམ་པར་བྱ་བའོ། །དེ་ནས་ཕྱག་རྒྱ་བཅིང་བར་བྱ་སྟེ།
རྡོ་རྗེའི་སྙིམ་པ་ལེགས་པར་བཅིངས་ལ། གུང་མོ་དག་ཅུང་ཟད་བསྐུམ་པས་རྩེ་སྤྲད་དེ་སྒྲེང་ཞིང་དཀྱིལ་བཀུག་ནས་བསྐུམ་པའི་རྩེ་མོ་ལ་མཐེ་བོང་གཉིས་ཀྱིས་མནན་པའོ། །སྔགས་ནི་ཨོཾ་མཱ་རཱི་ཙྱཻ། ཨོཾ་མཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨཽ་ཊྱན་གྱི་འོད་ཟེར་ཅན་གྱི་སྒྲུབ་ཐབས་སོ། །ཨ་བྷ་ཡ་ལས་དགེ་

སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། འོད་ཟེར་ཅན་གྱི་སྒྲུབ་ཐབས། སྔར་བཤད་པའི་རིམ་པས་སྡིག་པ་བཤགས་པ་ལ་སོགས་པ་བྱས་པའི་རྗེས་ཐོགས་སུ་སྟོང་པ་ཉིད་རྣམ་པར་བསྒོམས་ལ། སྣ་ཚོགས་པདྨ་
དང་ཉི་མ་ལ་ས་བོན་གྱི་ཡི་གེ་མཾ་དམར་པོ་ཡོངས་སུ་གྱུར་པ་ལས་ཨཽ་ཌི་ཡ་ནས་བྱུང་བའི་འོད་ཟེར་ཅན་ཏེ་སྐུ་མདོག་དམར་མོ་ཞལ་དྲུག་མ། ཕྱག་བཅུ་གཉིས་མ་ཞལ་རེ་རེ་ཞིང་སྤྱན་གསུམ་གསུམ་མ་དམར་མོ་དང་ནག་མོ་དང་དཀར་མོ་དང་ལྗང་གུ་དང་སེར་མོ་ནི་གཡས་ནས་བསྐོར་བའི་ཞལ་ལྔ་ཡིན་ནོ། །
སྟེང་མ་ནི་ནག་མོ་སྟེ་ཕག་གི་ཞལ་ཡིན་ནོ། །དང་པོ་ནས་རིམ་པ་ཇི་ལྟ་བར་གཡས་ཀྱི་ཕྱག་དྲུག་པོ་རྣམས་ན་རལ་གྲི་དང་འཁོར་ལོ་དང་དབྱུག་ཏོ་དང་མདའ་དང་མདུང་དང་རྡོ་རྗེ་རྩེ་གཅིག་པ་རྣམས་སོ། །སྡིགས་མཛུབ་དང་། ཞགས་པ་དང་། ཁ་ཊྭཱཾ་ག་དང་ཐོད་པ་དང་ཤིང་མྱ་ངན་མེད་འདབ་མ་དང་ལྡན་པ་
དང་། ཚངས་པའི་མགོ་བོ་དང་། གཞུ་དང་མདུང་རྩེ་གསུམ་པ་རྣམས་ནི་གཡོན་གྱི་ཕྱག་རྣམས་ནའོ། །ཀླུའི་རྒྱལ་པོ་བརྒྱད་ཀྱིས་སྐུ་ལ་བརྒྱན་པར་གྱུར་པ། དབུ་སྐྲ་ཁམ་སེར་གྱེན་དུ་འཕུར་བ། ཞལ་མཆེ་བ་རྣམ་པར་གཙིགས་པ། མགོ་ཐོད་སྐམ་པོ་ལྔའི་ཕྲེང་བའི་ཅོད་པན་དང་ལྡན་པ། རྣམ་པར་
འཛག་པར་གྱུར་པའི་མགོ་བོའི་ཕྲེང་བ་རབ་ཏུ་འཕྱང་བའི་དོ་ཤལ་ཅན། རིན་པོ་ཆེ་དུ་མས་སྤྲས་པའི་ཤིང་རྟ་འོག་ན་རྣམ་པར་བཀྲ་བའི་ཕག་བདུན་དང་ལྡན་པ་བཅིབས་པ་སྟེ། ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་མཆོད་རྟེན་གྱི་ནང་ན་བཞུགས་པའོ། །ཤིང་རྟའི་དབུས་ན་སྐྱིལ་ཀྲུང་གིས་
བཞུགས་པའོ། །རྡོ་རྗེ་དང་ཁབ་དང་མྱ་ངན་མེད་བསྣམས་ཤིང་སྡིགས་མཛུབ་དང་། འོད་ཟེར་ཅན་ཁ་དོག་དམར་མོ་སྟེ། སྟོད་ཤག་སེར་པོ་བསྣམས་པ། རྒྱན་སྣ་ཚོགས་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། འོད་ཟེར་དམར་པོས་བརྒྱན་པ། དེ་བཞིན་གཤེགས་པ་ལྔ་སྤྲོ་བར་
མཛད་པ་སྐད་ཅིག་གིས་བསྒོམས་ལ། དེའི་ཐུགས་ཀར་ཉི་མ་ལ་ས་བོན་མཾ་ལས་ཀུན་ནས་ངེས་པར་སྤྲོ་བའི་འོད་ཟེར་བརྒྱ་ཕྲག་གིས་ཡང་དག་པར་སྤྱན་དྲངས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་དབང་བླངས་པས་རྣམ་པར་སྣང་མཛད་དབུ་རྒྱན་ལ་གནས་པར་བདག་ཉིད་ལ་རྣམ་པར་

བསམ་མོ། །དེ་ནས་གཉུག་མའི་ས་བོན་གྱིས་རབ་ཏུ་བསྒྲུབས་པའི་དམ་ཚིག་གི་རྫས་ཇི་ལྟར་རྙེད་པ་བསྙེན་པ་སྔོན་དུ་བཏང་བའི་སྔགས་པས་ས་བོན་དེ་ནས་ཀུན་ནས་ངེས་པར་བྱུང་བའི་ཡི་གེ་རྣམས་ཕྲེང་བའི་རྣམ་པས་སྙིང་ག་ནས་བྱུང་ནས་ལྟེ་བར་ལྟེ་བ་ནས་སླར་ཡང་སྙིང་གར་ཏེ། དེ་ལྟར་
འཁོར་ལོ་འཁོར་བའི་སྦྱོར་བས་སྔགས་བཟླས་པར་བྱ་བ་ནི། ཨོཾ་མཱ་རཱི་ཙྱཻ་མཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དུས་ཕྱིས་ནི་ཏིང་ངེ་འཛིན་ཉེ་བར་བཏང་ལ་བཟླས་པ་དང་། དེའི་སྦྱོར་བ་ཉིད་ཀྱིས་ཇི་ལྟར་བདེ་བར་རྒྱུ་བར་བྱའོ། །ཨུ་ཌྱན་ནས་བྱུང་བའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་སོ། །ཨ་བྷ་ཡའི་ཞལ་
སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། འོད་ཟེར་ཅན་གྱི་སྒྲུབ་ཐབས། དང་པོར་སྙིང་གར་ཉི་མའི་གདན་ལ་ཡི་གེ་ཧཱུཾ་ལས་འོད་སྤྲོས་པས་བཅོམ་ལྡན་འདས་མ་སྤྱན་དྲངས་ལ། མཆོད་པའི་རྣམ་པ་དུ་
མ་རྣམས་དང་སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། སྟོང་པ་ཉིད་ཀྱང་བསྒོམ་པའི་རྗེས་ཐོགས་ལ། སྣ་ཚོགས་རྡོ་རྗེའི་རྣམ་པར་སེམས་ཀྱིས་ལེགས་པར་བསམ་མོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ས་གཞི་དང་རྡོ་རྗེའི་ར་བ་ལ་སོགས་པ་ཡོངས་སུ་བསྒོམས་ལ། དེའི་དབུས་སུ་དཔལ་ཨུ་ཌྱན་
གྱི་གདན་གྲུ་གསུམ་པ་ཤིན་ཏུ་དམར་བའོ། །དེའི་དབུས་སུ་ཉི་མ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་ཡི་གེ་ཨོཾ་གྱིས་ལྟེ་བ་ལ་བྱིན་གྱིས་བརླབ་པའོ། །དེ་ཡོངས་སུ་གྱུར་པ་ལས་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་ཀྱི་དུས་མཐའི་མེ་ལྟར་ཤིན་ཏུ་རྣམ་པར་འབར་བར་ཐུབ་པར་མི་ནུས་པ། གད་མོའི་སྒྲ་ཆེན་
སྒྲོགས་པ། བདུད་བཞི་ལ་བརྐྱང་བསྐུམ་གྱི་ཞབས་ཀྱིས་ལེགས་པར་གནས་པ། ཕྱག་བཅུ་གཉིས་མ་ལ་ཞལ་གསུམ་སྤྱན་གསུམ་མ། སྐུ་མདོག་དམར་མོ་སྟེ། དང་པོ་གཡས་པའི་ཕྱག་དྲུག་པོ་རྣམས་ཀྱིས་ནི་རལ་གྲི་དང་སྣ་ཚོགས་རྡོ་རྗེ་རྩེ་གཅིག་པ་དང་། མདུང་དང་མདའ་དང་དབྱུག་ཏོ་
བསྣམས་པར་མཛད་པའོ། །གཡོན་པའི་ཕྱག་རྣམས་ཀྱིས་ནི་སྡིགས་མཛུབ་དང་བཅས་པའི་འཚེམ་བྱེད་དང་མདུང་ཐུང་རྩེ་གསུམ་དང་ཤིང་མྱ་ངན་མེད་ལོ་འདབ་དང་ལྡན་པ་དང་གཞུ་དང་ཞགས་པ་དང་། ཚངས་པའི་མགོ་བོ་རྣམས་བསྣམས་པའོ། །མི་མགོའི་ཕྲེང་བ་ལེགས་པར་འཕྱང་བའི་

སྐུའི་ཡན་ལག་ཐམས་ཅད་མཛེས་པ། སྟག་གི་པགས་པའི་སྟོད་གཡོགས་དང་ཤམ་ཐབས་ཅན། རྩ་བའི་ཞལ་ནི་དམར་མོའོ། །དཀར་མོ་དང་ནག་མོ་ནི་གཡོན་པའི་ཞལ་གཉིས་སོ། །སེར་མོ་དང་ནག་མོ་གཡས་པའི་ཞལ་གཉིས་སོ། །ནག་མོ་སྟེང་ཞལ་ནི་ཕག་གི་ཞལ་ལོ། །ལྗགས་འདྲིལ་བར་
མཛད་པ། སྐྲ་ཁམ་སེར་གྱེན་དུ་འབར་བར་གྱུར་པ། རྣམ་པར་སྣང་མཛད་དབུ་རྒྱན་ལ་གནས་པ། སྦྲུལ་དང་རུས་པའི་རྒྱན་གྱིས་བརྒྱན་པ། གཉུག་མའི་ས་བོན་གྱི་འོད་ཟེར་སྤྲོས་པས་ཐམས་ཅད་དུ་བདུད་རྣམས་འཇོམས་པར་མཛད་པ། ཕྱོགས་སྐྱོང་བ་བཅུ་དང་། གཤིན་རྗེ་དང་མཁའ་འགྲོ་མ་
དང་། འབྱུང་པོ་དང་། ཟ་བྱེད་རྣམས་ལ་ཕེ་ཊ་ཀཱ་རཱ། ཧ་ཧ་ཞེས་སྒྲོགས་པས་འཇིགས་པར་མཛད་པ། དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་དང་ལྡན་པའི་དཔལ་དང་ལྡན་མ་ཨུ་ཌྱན་གྱི་འོད་ཟེར་ཅན་དུ་བདག་ཉིད་སྐད་ཅིག་གིས་རྫོགས་པར་བྱས་ལ། མགོ་བོ་དང་། མགྲིན་པ་དང་།
སྙིང་ག་རྣམས་སུ་ཨོཾ་ཨཱཿཧཱུཾ་ངོ་། །ཡན་ལག་ཐམས་ཅད་ལ་ཡང་ཡི་གེ་ཕཊ་བསམ་པར་བྱ་བའོ། །དེ་ནས་ལྟེ་བའི་སྟེང་དུ་སྣ་ཚོགས་པདྨ་ལ་ཉི་མ་དང་ཟླ་བ་ཁ་སྦྱར་བའི་དབུས་སུ་པདྨའི་རྩ་རྒྱུན་གྱི་རང་བཞིན་གྱི་ཡི་གེ་ཧཱུཾ་ཁ་དོག་སྣ་ཚོགས་པའི་ཡི་གེ་བསམ་པར་བྱ་བའོ། །ཨོཾ་བཛྲ་སཏྭ་ཤྭ་རཱི་སརྦ་
དུཥྚཱན་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་ཨོཾ་མཱ་རཱི་ཙྱཻ་མཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་སྙིང་པོའི་སྔགས་སོ། །ཨོཾ་ཨཱཿཧཱུཾ་བསྒོམ་པའི་སྔགས་སོ། །ཨོཾ་བཛྲ་བེཏྟཱ་ལི་ཧཱུཾ་ཕཊ། བཟླས་པའི་སྔགས་སོ། །ཨོཾ་མཱ་རཱི་ཙྱཻ་ཨཾ་མཾ་ཧཱུཾ་ཧཱུཾ་ཕཊ། བཟླས་པའི་སྔགས་གཉིས་པའོ། །དེའི་རྗེས་ལ་ཐུན་བཞི་ལ་
གཏོར་མའི་སྔགས་ནི་ཨོཾ་ཨཱ་ར་ལླི་ཧོཿཛཿཧཱུཾ་བཾ་ཧོཿཨོཾ་བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ་ཁ་ཁ་ཁཱ་ཧི་ཁཱ་ཧི་གནོད་སྦྱིན་དང་སྲིན་པོ་དང་། འབྱུང་པོ་དང་ཡི་དགས་དང་ཤ་ཟ་དང་། སྨྱོ་བྱེད་དང་། བརྗེད་བྱེད་དང་མཁའ་འགྲོ་མ་དང་མཁའ་འགྲོ་མ་ལ་སོགས་པ་རྣམས་ཐམས་ཅད་གཏོར་མ་འདི་
ལོངས་ཤིག་འཐུངས་ཤིག་འདའ་བར་མ་བྱེད་ཅིག །བདེ་བ་ཆེན་པོ་རྣམ་པར་འཕེལ་བའི་དོན་དུ་བདག་གི་གྲོགས་སུ་འགྱུར་བར་གྱིས་ཤིག་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཟས་ལ་སོགས་པ་རྣམས་ཀྱང་ཡི་གེ་ཧྲཱིཿའམ་ཡི་གེ་ཧཱིུ་ལ་སོགས་པས་ལེགས་པར་སྦྱངས་ལ་སྤྱད་པར་བྱ་བའོ། །ཨུ་ཌྱན་ནས་བྱུང་

བའི་བདག་བྱིན་གྱིས་རློབ་པའི་རིམ་པའི་སྒྲུབ་ཐབས་སོ། །པཎྜི་ཏ་ཆེན་པོ་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨ་ཤྭ་ཀ་ཀཱ་ན་ཏཱ་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། མྱ་ངན་མེད་ལ་དགའ་
བའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། རང་གི་སྙིང་གར་སྣ་ཚོགས་པདྨ་ཟླ་བའི་སྟེང་དུ་ཡི་གེ་མཾ་སེར་པོ་རྣམ་པར་བཀོད་ལ་དེ་ཁོ་ན་བཞིན་དུ་ཐམས་ཅད་དང་བདག་ཉིད་ཀྱང་སོ་སོར་སྣང་བ་ཙམ་དུ་བསྡུས་ཏེ། ཨོཾ་རང་བཞིན་གྱིས་རྣམ་པར་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ནི་བདག་
ཡིན་ནོ་ཞེས་བརྗོད་པར་བྱའོ། །དེ་ནས་ཡི་གེ་མཾ་དེ་ཡོངས་སུ་གྱུར་པ་ཤིང་མྱ་ངན་མེད་ཀྱི་ཕུང་པོའོ། །ཡང་ཡི་གེ་མཾ་མོ། དེ་དག་ཐམས་ཅད་ཡོངས་སུ་གྱུར་པས་ཀྱང་བཅོམ་ལྡན་འདས་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ་སྟེ། རྣམ་པར་སྣང་མཛད་ཀྱིས་ཉེ་བར་མཛེས་པར་བྱས་པའི་
རིན་པོ་ཆེའི་དབུ་རྒྱན་དང་ལྡན་པ། ལྷག་པར་གསལ་བར་བྱེད་པའི་གསེར་གྱི་མདོག་ཅན། སྣ་ཚོགས་པདྨ་དང་ཟླ་བ་ལ་གཡོན་བསྐུམ་པས་གནས་པའི་ཕག་ལ་བཅིབས་པ། གཞོན་པ་ལང་ཚོ་ལ་བབ་ཅིང་དྲེགས་པ་དང་ལྡན་པ། མཐོར་བཏེག་པའི་ཕྱག་གཡོན་པས་ནི་ཤིང་ལྗོན་པ་མྱ་ངན་མེད་
ཀྱི་ཡལ་ག་བསྒྲིལ་ཏེ་བསྣམས་པ། གཡས་པས་ནི་མཆོག་སྦྱིན་པའོ། །དོ་ཤལ་ལ་སོགས་པས་སྐུ་བརྒྱན་པར་གྱུར་པ། ན་བཟའ་དཀར་པོ་སྨད་གཡོགས་སུ་བསྣམས་པ། རང་གི་སྙིང་གའི་ཡི་གེ་མཾ་ལས་ཕག་གི་གཟུགས་ཀྱི་འོད་ཟེར་དུ་མ་སྤྲོས་པས་མ་རུངས་པ་རྣམས་འཇོམས་པར་བྱེད་པར་
བསམ་པར་བྱ་བའོ། །ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། དེ་ནས་ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་བར་ཇི་ལྟར་བདེ་བར་རྒྱུ་བར་བྱ་བའོ། །ཡུལ་གཞན་དུ་འཇུག་ན་ལམ་དུ་འགྲོ་བར་གྱུར་ན་ནི། བདག་ཉིད་ཀྱིས་སྟོད་གཡོགས་ཀྱི་གྲྭ་ནས་བཟུང་ལ་སྔགས་འདི་ལན་བདུན་གྱི་བར་དུ་ཡོངས་སུ་བསྔགས་ཤིང་།
བཟླས་པའི་གོས་ཀྱི་ཐ་མ་བཟུང་སྟེ་ཇི་ལྟ་བ་བཞིན་དུ་མདུད་པ་བྱས་ལ་འགྲོ་བར་བྱ་སྟེ། ཆོམ་རྐུན་ལ་སོགས་པས་འཚེ་བར་མི་འགྱུར་རོ། །མངོན་པར་འདོད་པའི་ཡུལ་དུ་ཕྱིན་ནས་ནི་མདུད་པ་འགྲོལ་བར་བྱ་བའོ། །འདི་ནི་གདམས་ངག་གོ། །མྱ་ངན་མེད་ལ་དགའ་བའི་འོད་ཟེར་ཅན་གྱི་སྒྲུབ་

ཐབས་རྫོགས་སོ། །ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བི་ཥེ་ཥ་ཨུ་པ་དེ་ཤཿ། བོད་སྐད་དུ། གདམས་ངག་གི་ཁྱད་པར་ཇི་ལྟ་བ་བཞིན་དུ་མདུད་པ་བྱས་པ་ཞེས་བྱ་བ་འདི་ལན་བདུན་དུ་སྟོད་གཡོགས་ཀྱི་གྲྭ་ལ་སྔགས་
མངོན་པར་ཟློ་བར་བྱེད་པ་སྟེ། ཕྱོགས་བཅུར་རྣམ་པར་བལྟས་ལ་མ་རུངས་པ་རྣམས་ཀྱི་ཁ་དང་། མིག་བདག་གིས་བཅིང་བར་བྱ་བ་ཞེས་བསམས་ཤིང་དབུགས་རྣམ་པར་བསྡམས་པས་ནང་དུ་བཟླས་པའི་རྣམ་པས་སྔགས་བརྗོད་པར་གྱུར་པས། །མདུད་པ་བཅིང་བར་བྱ་བ་ཡིན་ནོ། །གདམས་ངག་གི་
ཁྱད་པར་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། དྷཱ་ར་ཎཱི་པ་ཋ་ཨུ་པ་དེ་ཤཿ། བོད་སྐད་དུ། གཟུངས་གདོན་པའི་མན་ངག །འོད་ཟེར་ཅན་མ་ལ་ཕྱག་འཚལ་ལོ། །བློ་ལྡན་སེམས་དཔའི་སྐྱིལ་ཀྲུང་གིས། །སྙིང་རྗེ་ཆེན་པོས་དམིགས་བྱ་བ། །
ནང་སྔ་དགོངས་ཀྱང་སྙིང་གར་སྔགས། །ཨོཾ་ཡིག་དཀར་ལ་བསྒོམ་བྱ་བ། །རྣམ་སྣང་ཞེས་བྱ་བདག་ཉིད་དོ། །ཐམས་ཅད་དཀར་པོ་དེ་འོད་ཀྱི། །ར་བ་ཟླུམ་པོ་མཆོད་རྟེན་གྱིས། །བརྒྱན་པ་སྟེང་དུ་འབར་འོད་ཅན། །བསྲུང་ཕྱིར་མདུན་དང་རྒྱབ་དང་ནི། །གཡས་གཡོན་དེ་ནས་སྤྱི་བོར་ནི། །
རིམ་བཞིན་དབྱངས་སོགས་གནས་སྐབས་སོགས། །མི་མཉམ་སོགས་དང་བསྐྱེད་སོགས་ཀྱང་། །སྐུ་གཟུགས་ཐང་ཀ་གཤེགས་གཉེན་དང་། པོ་ཏི་སོགས་ལ་ཅི་འབྱོར་པས། །དེ་རྗེས་སྙིང་གར་མཾ་སེར་ཏེ། །མྱ་ངན་མེད་སྟེང་མཾ་བྱུང་བར། །འཕགས་མ་འོད་ཟེར་ཅན་བསམས་ཏེ། །ཁབ་
དང་སྐུད་པ་བསྣམས་པའི་སྐུ། །བཞེངས་པའི་སྟང་སྟབས་དང་ལྡན་མ། །སྣ་བུག་གཡས་ནས་དེ་མདུན་དུ། ལེགས་པར་བཞུགས་བྱ་མ་རུངས་མིག །ར་བའི་ཕྱི་རོལ་དེ་ཡིས་སོ། །ལན་ཅིག་བྱང་ཆུབ་མཆོག་བཅིངས་ལ། །གཟུངས་འདི་བཀླག་བྱ་དེ་ནས་ནི། །དང་པོར་ཨོཾ་མཾ་མཱ་
རཱི་ཙྱཻ་སྭཱ་ཧཱའི། སྔགས་ནི་ཅི་ནུས་བཟླས་པར་བྱ། །དེ་ནས་སྔགས་རིག་རྣལ་འབྱོར་པས། །སྣ་བུག་གཡོན་པས་དེ་སྙིང་ལ། །ལེགས་གཞུག་མྱ་ངན་མེད་དགར་གྱུར། །འོད་བྱུང་ཕག་ནི་སེར་རྣམས་ཀྱིས། །ཕྱི་རོལ་མ་རུངས་དེས་ལེགས་གཞོམ། །མཚམས་བཅད་པར་ཡང་བྱས་

ནས་ནི། །བཙོ་མའི་གསེར་ལྟའི་འོད་འབར་མ། །སྣ་ཚོགས་པད་ཟླ་ལེགས་བརྟེན་ནས། །འགྱིང་བག་དག་གིས་བཞེངས་བཞུགས་པས། །གསེར་མདོག་ཕག་ལ་བཅིབས་གྱུར་ཅིང་། །མྱ་ངན་མེད་ཤིང་ལྗོན་པ་ཡི། །ཕྱག་གཡོན་ཡལ་གའི་རྩེ་ནས་འཛིན། །མཆོག་སྦྱིན་
ཕྱག་ནི་བསྣམས་གྱུར་པ། །གཡས་པའི་ཕྱག་ནི་བསྐྱོད་པར་མཛད། །རིན་ཆེན་འབར་བས་ཉེར་མཛེས་པའི། །ཅོད་པན་ལ་ནི་སངས་རྒྱས་ཐོབ། །མི་འཇིགས་རབ་སྦྱིན་འོད་ཟེར་ཅན། །ན་བཟའ་དཀར་ལ་བདག་ཕྱག་འཚལ། །འཕགས་མ་འོད་ཟེར་ཅན་གྱི་གཟུངས་འདོན་པའི་མན་ངག་གོ། །
མཁས་པ་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བ་སུ་དྷཱ་ར་སཱ་དྷ་ནཾ། བོད་སྐད་དུ། ནོར་རྒྱུན་མའི་སྒྲུབ་ཐབས། ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །སྔར་བཞིན་དུ་སྟོང་པ་ཉིད་ཀྱི་བར་དུ་རྣམ་པར་
བསྒོམས་ལ། སྐད་ཅིག་གིས་ཛམྦྷ་ལའི་གཟུགས་སུ་བདག་ཉིད་བསྒོམས་ཏེ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་བཾ་གྱི་ས་བོན་ལས་ངེས་པར་བྱུང་བའི་བཅོམ་ལྡན་འདས་མ་ནོར་རྒྱུན་མ་བསྒོམ་པར་བྱ་བ་ནི་གསེར་གྱི་མདོག་ཅན། རྒྱན་མཐའ་དག་དང་ལྡན་པ། ལོ་
བརྒྱད་པ་གཉིས་ཀྱི་ཚད་དུ་གྱུར་པ། ཕྱག་གཡས་པས་མཆོག་སྦྱིན་པར་མཛད་པ། ཕྱག་གཡོན་པས་འབྲས་ཀྱི་སྙེ་མའི་དྲུངས་པ་མཆོག་བསྣམས་པ། མི་བསྐྱོད་པ་དང་ལྡན་བའོ། །མདུན་ན་ནི་བཅོམ་ལྡན་འདས་མ་དཔལ་གྱི་ནོར་རོ། །གཡས་ཕྱོགས་ན་ནི་ནོར་གྱི་དཔལ་ལོ། །རྒྱབ་
ན་ནི་ནོར་དཔལ་གྱི་ཞལ་ལོ། །གཡོན་ན་ནི་ནོར་དཔལ་གྱི་བློ་གྲོས་མའོ། །དེ་དག་ཀྱང་ས་བོན་རང་གི་དང་པོའི་ཡི་གེ་ལས་གཙོ་མོ་དང་མཚུངས་པའི་གཟུགས་སུ་བསམ་པར་བྱ་བའོ། །དེ་ལྟར་རྣམ་པར་བསྒོམས་ལ། སྔགས་ལེགས་པར་བགྲང་བར་བྱ་སྟེ། ཨོཾ་བ་སུ་དྷཱ་ར་ཎི་སྭཱ་ཧཱ།
ཨོཾ་ཤྲཱི་བ་སུ་སྭཱ་ཧཱ། ཨོཾ་ཤྲཱི་བ་སུ་མུ་ཁི་སྭཱ་ཧཱ། ཨོཾ་བ་སུ་མ་ཏི་ཤྲི་ཡེ་སྭཱ་ཧཱ། ཉི་མ་རེ་རེ་བཞིན་དུ་བ་ལང་གི་ལྕི་བ་ཁྲུ་གཉིས་ཙམ་གྱི་ཚད་ཀྱི་མཎྜལ་གྲྭ་བཞི་པ་བྱས་ལ། མེ་ཏོག་དྲི་ཞིམ་པོས་ཐུན་ཚོད་གསུམ་དུ་ལེགས་པར་མཆོད་དེ། འབུམ་ཕྲག་བཞི་བཟླས་པ་བྱས་ལ། མེ་ཏོག་དྲི་ཞིམ་

པོས་ཐུན་ཚོད་གསུམ་དུ་ལེགས་པར་མཆོད་དེ། འབུམ་ཕྲག་བཞི་བཟླས་པ་བྱས་པས་ཟླ་བ་དྲུག་ན་ཡིད་ལ་རེ་བ་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །ཇི་ལྟར་རྙེད་པར་གྱུར་པའི་མེ་ཏོག་རྣམས་ཀྱིས་འབུམ་ཕྲག་བཞིའི་སྦྱིན་སྲེག་བྱ་བའོ། །སྦྱིན་སྲེག་བྱས་པས་ནི་དཔལ་ཤིན་ཏུ་ཆེན་པོ་དང་ལྡན་པར་
འགྱུར་རོ། །ནོར་རྒྱུན་མའི་སྒྲུབ་ཐབས་རྫོགས་སོ། །མཁས་པ་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བ་སུ་དྷཱ་ར་སཱ་དྷ་ནཾ། བོད་སྐད་དུ། ནོར་རྒྱུན་མའི་སྒྲུབ་ཐབས། དེ་ནས་ནོར་རྒྱུན་མ་བསྒོམ་པར་
འདོད་ན་དེ་ནས་དེ་ལྟར་ཐམས་ཅད་ཀྱང་སྔར་བཞིན་ནོ། །འོན་ཀྱང་དྲུག་པའི་གསུམ་པ་ནི་ས་བོན་ཏེ། ཟླ་བ་ཚེས་པ་དང་ཐིག་ལེས་བརྒྱན་པའོ། །དེ་ཉིད་ངེས་པར་རྫོགས་པ་ནི་ནོར་རྒྱུན་མ་སྐུ་མདོག་སེར་མོ་འབྲས་དྲུངས་པའི་སྙེ་མ་མཆོག་དང་རིན་པོ་ཆེ་སྣ་ཚོགས་པའི་ཆར་འབབ་པར་གྱུར་པའི་
བུམ་པ་ཕྱག་གཡོན་པ་ན་བསྣམས་པ། གཡས་པས་མཆོག་སྦྱིན་པར་མཛད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབང་པོའི་སྐྱེ་བོས་ཡོངས་སུ་བསྐོར་བར་བསྒོམ་པར་བྱའོ། །བདག་ཁོ་ན་ནོར་རྒྱུན་མ་ཡིན་ནོ་ཞེས་བྱ་བར་རོ། །ལག་པ་གཉིས་ཀྱིས་ཁུ་ཚུར་བཅངས་ལ་གུང་མོའི་ཚིགས་
གསུམ་པ་བཀུག་པ་ནི་ནོར་རྒྱུན་མའི་ཕྱག་རྒྱ་ཡིན་ནོ། །དེ་ནས་བཟླས་པ་བྱ་སྟེ། ཨོཾ་ཤྲཱི་བ་སུ་ནི་དྷ་ནཥྐེ་ཏྲེ་སྭཱ་ཧཱ། ནོར་རྒྱུན་མའི་སྒྲུབ་ཐབས་སོ།། །།པཎྜི་ཏ་ཆེན་པོ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བ་སུ་དྷཱ་ར་སཱ་དྷ་ནཾ།
བོད་སྐད་དུ། ནོར་རྒྱུན་མའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་རིམ་པས་ཡི་གེ་བཾ་སེར་པོ་ཡོངས་སུ་གྱུར་པ་ལས་ཞལ་གཅིག་ཕྱག་གཉིས་མ་སེར་མོ། །གཞོན་ནུ་མ་ལང་ཚོ་ལ་བབ་པ། རྒྱན་དང་གོས་ཀྱིས་རྣམ་པར་བརྒྱན་པ། འབྲས་དྲུངས་ཀྱི་སྙེ་མའི་མཆོག་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་
ཆར་འབབ་པའི་བུམ་པ་ཕྱག་གཡོན་པ་ན་བསྣམས་ཤིང་། གཡས་པས་མཆོག་སྦྱིན་པར་མཛད་པ། དགའ་བར་གྱུར་པའི་འཁོར་དུ་མས་ཡོངས་སུ་བསྐོར་ཞིང་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་བཞུགས་པ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པ། རང་གི་ས་བོན་ལས་སྙིང་གར་སྐད་ཅིག་

གིས་བསྐྱེད་ལ། ཕྱག་རྒྱ་བཅིང་བར་བྱ་བ་ནི་ལག་པ་གཉིས་ཁུ་ཚུར་བཅངས་ལ་གུང་མོ་གཉིས་རྩེ་སྤྲད་པའི་ཚིགས་གསུམ་པ་ནི་ནོར་རྒྱུན་མའི་ཕྱག་རྒྱའོ། །དེ་ནས་བ་སུ་དྷཱ་ར་རཏྣ་ནི་དྷ་ན་ཥྐེ་ཏྲེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདི་བཟླས་པར་བྱ་བའོ། །ནོར་རྒྱུན་མའི་སྒྲུབ་ཐབས་
སོ།། །།དཱ་བྱང་ཆུབ་སེམས་དཔའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བ་སུ་དྷཱ་ར་ཎཱི་ཨུ་པ་དེ་ཤ །བོད་སྐད་དུ། ནོར་རྒྱུན་མའི་གཟུངས་ཀྱི་མན་ངག །ནོར་རྒྱུན་མའི་ཐང་ཀ་འམ། སྐུ་གཟུགས་ཀྱི་མདུན་དུ་ཙནྡན་
གྱི་མཎྜལ་གྲུ་བཞི་པ་བྱས་ལ། དེ་ལ་བཅོམ་ལྡན་འདས་མ་ཡིད་ཀྱིས་བཞུགས་སུ་གསོལ་ཞིང་མཆོད་པ་བྱས་ཏེ། ཙནྡན་བྱུགས་པའི་ལག་པས་ནོར་རྒྱུན་མའི་གཟུངས་ཀྱི་པོ་ཏི་བསྣམས་ལ། སྐུད་པས་ལེགས་པར་སྦྲེལ་བའི་མེ་ཏོག་གི་ཕྲེང་བ་བཏགས་པ་མདུན་དུ་བཞག་པའི་ཆུའི་སྣོད་
དུ་བསྒྱུར་ལ། སེམས་ཅན་ཐམས་ཅད་ལ་ཡང་བྱམས་པ་ཆེན་པོར་སེམས་ཀྱིས་ཡང་དག་པར་དམིགས་ཏེ། མངོན་པར་འདོད་པའི་དོན་གྲུབ་པར་འདོད་པ་སྙིང་ལ་ལེགས་པར་བཞག་པས་ནོར་རྒྱུན་མའི་གཟུངས་བཀླག་པར་བྱ་བའོ། །བཀླགས་ནས་ཀྱང་སྭཱ་ཧཱ་དང་ལྡན་པར་འགྱུར་ཏེ། སྔགས་རྣམས་
ལ་སྭཱ་ཧཱའི་སྒྲ་ཉེ་བར་བརྗོད་པས་མེ་ཏོག་དཀར་པོ་རྩ་དཱུར་བ་དང་བཅས་པ་དང་། འབྲུ་མ་ཉམས་པ་ཆུའི་སྣོད་དུ་གཞུག་པར་བྱ་སྟེ། ཇི་སྲིད་ཟླ་བ་དྲུག་གི་བར་དུའོ། །བཀླགས་པའི་རྗེས་ལ་ནི་ས་ཕྱོགས་གཙང་མར་ཆུ་དེ་གཤེགས་སུ་གསོལ་བར་བྱའོ། །ནོར་རྒྱུན་མའི་གཟུངས་ཀྱི་མན་ངག་རྫོགས་སོ།། །།
དཱ་བྱང་ཆུབ་སེམས་དཔའ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཤྲྀཾ་ཁཱ་ལ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ལྕགས་སྒྲོག་མའི་སྒྲུབ་ཐབས། རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ། །སྔར་བཤད་པའི་ཆོ་གའི་རིམ་པས།
སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་ལྗང་གུའི་ཡེ་ཤེས་ངེས་པར་རྫོགས་པ་ལས་རྡོ་རྗེ་ལྕགས་སྒྲོག་མ་ཞལ་གསུམ་ཕྱག་དྲུག་མ་སྟེ། མཐིང་ནག་དང་དཀར་པོ་ནི་གཡས་པ་དང་ཅིག་ཤོས་ཀྱི་ཞལ་ལོ། །སྤྱན་གསུམ་མ་རྡོ་རྗེ་དང་རྡོ་རྗེ་ལྕགས་ཐག་དང་མདའ་དང་ལྡན་པ་ནི་གཡས་པའི་ཕྱག་

གསུམ་མོ། །སྡིགས་མཛུབ་དང་ཞགས་པ་དང་། གཞུ་དང་ལྡན་པ་ནི་གཡོན་པའི་ཕྱག་གསུམ་མོ། །སྐུ་མདོག་ལྗང་སེར་མ། ཞལ་ཅུང་ཟད་བཞད་པ་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མ་རུངས་པའི་སེམས་ཅན་གཏན་ནས་འཇོམས་པར་མཛད་པར་བདག་ཉིད་བསྒོམས་ལ་ཕྱག་རྒྱ་
བཅིང་བར་བྱ་སྟེ། ལག་པ་གཉིས་སོ་སོར་རྡོ་རྗེ་ཁུ་ཚུར་དུ་བྱས་ལ་མཐེའུ་ཆུང་གཉིས་དང་མཛུབ་མོ་གཉིས་ཀྱང་ལྕགས་ཐག་གི་རྣམ་པར་མདུད་པར་བྱ་བའོ། །ཨོཾ་བཛྲ་ཤྲྀཾ་ཁ་ལེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་བཟླས་པའི་སྔགས་སོ། །རྡོ་རྗེ་ལྕགས་སྒྲོག་མའི་སྒྲུབ་ཐབས་སོ།། །།མ་ལ་པའི་
ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཤྲྀཾ་ཁ་ལེ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ལྕགས་སྒྲོག་མའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ། སྣ་ཚོགས་པདྨ་དང་ཉི་མ་ལ་
གནས་པའི་ཡི་གེ་ཧཱུཾ་ལྗང་གུ་ལས་བྱུང་བའི་སྐུ་མདོག་ལྗང་གུ་ཞལ་གསུམ་ཕྱག་བརྒྱད་མ་སྟེ། ཞལ་དང་པོ་ནི་ཅུང་ཟད་བཞད་པའི་མདངས་དང་ལྡན་པའོ། །གཡས་པ་ནི་སེར་བ་སྟེ་སྤྱན་ཡང་སེར་བའོ། །གཡོན་པ་ནི་དམར་བའོ། །ཁྲོ་གཉེར་དང་ལྡན་ཞིང་མཆེ་བ་
རྣམ་པར་གཙིགས་པའོ། །གཡས་པའི་ཕྱག་བཞིས་ནི་མི་འཇིགས་པ་དང་རྡོ་རྗེ་དང་རྡོ་རྗེའི་ལྕགས་ཐག་དང་མདའ་བསྣམས་པའོ། །གཡོན་པའི་ཕྱག་བཞིས་ན་ཁྲག་གིས་བཀང་བའི་ཐོད་པ་དང་། སྡིགས་མཛུབ་དང་། ཞགས་པ་དང་། གཞུ་བསྣམས་པའོ། །རོལ་པས་བསྐྱོད་པའི་
གདན་ལ་བཞུགས་པ། བྱི་ལའི་པགས་པའི་སྟོད་ཤག་བསྣམས་པ། དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར་པ། དབུ་སྐྲ་ཁམ་སེར་གྱེན་དུ་འཕུར་པར་བསམས་ལ། ཨོཾ་བཛྲ་ཤྲྀཾ་ཁ་ལེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་བཟླས་པར་བྱ་བའོ། །གདམས་ངག་གི་ཁྱད་པར་གཞན་
གྱི་རྡོ་རྗེ་ལྕགས་སྒྲོག་མའི་སྒྲུབ་ཐབས་སོ།། །།ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བྷྲྀ་ཀུ་ཊི་སཱ་དྷ་ནཾ། བོད་སྐད་དུ། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས། སྔར་བཤད་པའི་རིམ་པས་ཡི་གེ་བྷྲཱུཾ་སེར་པོ་ཡོངས་

སུ་གྱུར་པ་ལས་སྐུ་མདོག་སེར་མོ་སྤྱན་གསུམ་མ། ཞལ་གཅིག་ཕྱག་གཉིས་མ་གཞོན་ནུ་ལང་ཚོ་ལ་བབ་པར་གྱུར་པ། མཆོག་སྦྱིན་པ་དང་ཕྲེང་བ་ནི་གཡས་པའི་ཕྱག་གིས་བསྣམས་པ། དབྱུ་གུ་གསུམ་པ་དང་རིལ་བ་སྤྱི་བླུགས་ནི་གཡོན་པའི་ཕྱག་གིས་བསྣམས་པ། སྣང་
བ་མཐའ་ཡས་ཀྱིས་དབུ་བརྒྱན་པ། པདྨ་དང་ཟླ་བའི་གདན་ལ་བཞུགས་པའི་བཅོམ་ལྡན་འདས་མ་བསྒོམས་ལ་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་སོར་མཉམ་དུ་བརྐྱང་ལ་མཐེབ་སོར་གཉིས་ཀྱི་སེན་མོ་གཉིས་ཀ་གདབ་པར་བྱ་བའོ། །དེ་ནས་སྔགས་བཟླ་བར་བྱ་སྟེ། ཨོཾ་བྷྲྀ་ཀུ་ཊི་སྭཱ་ཧཱ། ཁྲོ་
གཉེར་ཅན་གྱི་སྒྲུབ་ཐབས་སོ།། །།མ་ལ་པའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བྷྲྀ་ཀུ་ཊི་སཱ་དྷ་ནཾ། བོད་སྐད་དུ། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་རིམ་པས་རང་གི་སྙིང་གའི་ཟླ་བའི་དབུས་སུ་ས་
བོན་ནི་དྲུག་པའི་བཞི་པ་སྟེ། དང་པོའི་བརྒྱད་པས་རྒྱས་པར་བྱས་ཤིང་སྟོང་པ་ཉིད་ཀྱིས་ལེགས་པར་མནན་ཏེ་ཟླ་བ་ཕྱེད་པས་མགོ་བོ་བརྒྱན་པའོ། །དེ་ཉིད་ལས་གྲུབ་པའི་ཁྲོ་གཉེར་ཅན་སྐུ་མདོག་སེར་མོ་སྟེ། ཕྱག་བཞི་མ། རལ་པ་དང་ཅོད་པན་དང་ལྡན་པ་ཞི་བར་གྱུར་པ། གཡས་པས་མཆོག་སྦྱིན་
པ་དང་ཕྲེང་བ་བསྣམས་པ། གཡོན་པས་དབྱུ་གུ་དང་རིལ་བ་སྤྱི་བླུགས་བསྣམས་ཤིང་། པདྨ་དང་ཟླ་བའི་གདན་ལ་བཞུགས་པར་བསྒོམ་པར་བྱའོ། །དེ་ནས་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་པ་གཉིས་བརྐྱང་བར་བྱས་ལ་མཐེབ་མོ་གཉིས་ཀྱིས་མཐེའུ་ཆུང་གཉིས་ཀྱི་སེན་མོ་བཀབ་པ་
སོ་སོར་བྱས་པའི་ལྷག་མ་ནི་རྡོ་རྗེའི་མཚན་ཉིད་དུ་བྱས་པ་འདི་ནི་ཁྲོ་གཉེར་ཅན་གྱི་ཕྱག་རྒྱའོ། །ཕྱི་ནས་ནི་སྔགས་བཟླ་བར་བྱ་སྟེ། ཨོཾ་བྷྲྀ་སྭཱ་ཧཱ། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས་སོ།། །།ཨ་བྷ་ཡའི་ཞལ་སྔ་ནས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་
དུ། ཛཱཾ་གུ་ལཱི་སཱ་དྷ་ནཾ། བོད་སྐད་དུ། དུག་སེལ་མའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་རིམ་པས་རང་ཉིད་ཀྱི་སྙིང་གའི་དཀྱིལ་འཁོར་དམར་པོར་ཡི་གེ་ཛཱཾ་གི་ཡེ་ཤེས་ངེས་པར་རྫོགས་པ་ལས་རིག་པའི་མཚན་དུ་གྱུར་པ་ནི་དུག་སེལ་མ་སྟེ། སྐུ་མདོག་སེར་མོ་གདེངས་ཀ་བདུན་གྱི་ཀུན་ནས་

ལོངས་སྤྱོད་པ་འབར་བར་གྱུར་པའི་རིན་པོ་ཆེ་དམ་པས་བརྒྱན་པ། ཞལ་གསུམ་སྤྱན་གསུམ་མ། ཕྱག་དྲུག་མ། རོལ་པས་བསྐྱོད་པ་དབུ་ལ་མི་བསྐྱོད་པ་ལེགས་པར་བཞུགས་པ་གཞོན་ནུ་མའི་མདུན་ཉིད་ཀྱིས་མཆོག་ཏུ་འབར་བར་གྱུར་པ་ཁྲོ་བ་དང་བཅས་པའི་བཞད་པ་ཉིད་དང་སྦྲུལ་གྱི་སྨད་
ཀ་དང་ལྡན་པ། གཡས་པའི་ཕྱག་ན་རྡོ་རྗེ་བསྣམས། །གཉིས་པས་རལ་གྲི་གདེངས་པར་མཛད། །གསུམ་པ་གར་གྱི་སྟངས་ཀྱིས་འདུད། །སྐྲག་མཛད་མདའ་ནི་གསོར་བར་མཛད། །གཡོན་པ་སྡིགས་མཛུབ་ཞགས་པ་སྟེ། །གཉིས་པ་དུག་གི་མེ་ཏོག་ཅན། །གསུམ་པའི་ཕྱག་ན་
གཞུ་བསྣམས་ཤིང་། །སྨད་ཀ་ལ་ནི་མེ་ཏོག་ལྡན། །པདྨའི་གདན་ལ་བཞུགས་པ་གསེར་གྱི་མདོག་དང་ལྡན་ཞིང་འོད་དམར་པོའི་དཀྱིལ་འཁོར་ལས་འོད་ཟེར་སྤྲོ་བར་མཛད་པ། དྲི་མ་མེད་པའི་འཇའ་ཚོན་འབར་བས་ཉེ་འཁོར་ཡོངས་སུ་ཁྱབ་པ། སངས་རྒྱས་རྒྱ་མཚོའི་སྐུ་རྣམས་སྤྲོ་བར་མཛད་ཅིང་
རང་གི་ཕྱག་ན་ཟླ་བ་དང་བུམ་པ་དང་ལྡན་པས་དུག་གིས་ཟིན་པ་ཉལ་བ་ལ་འཁྲུ་བར་མཛད་པ། ཁ་ལ་ཡི་གེ་ཛཱཾ་གིས་བརྒྱན་པ་སྟེ། སྐུ་གསུམ་དུག་སེལ་རྟག་པར་ཡང་། །དུག་གིས་ཟིན་ལ་བསྒོམ་པར་བྱ། །གང་ཕྱིར་དེ་ལྟར་བསྒོམས་གྱུར་པས། །རིང་མིན་བྱང་ཆུབ་སེམས་དཔའ་ཐོབ། །ལག་པ་
གཉིས་སྦྲུལ་ཟ་བའི་རྣམ་པས་སྤྱི་བོ་ནས་འགེབས་པར་བྱེད་པ། གདུགས་ལྟར་བྱས་པ་ནི་དུག་སེལ་མའི་ཕྱག་རྒྱའོ། །སྔགས་བཟླ་བར་བྱ་སྟེ། ཨོཾ་ན་མཿཤར་ཀུ་མཱ་རི་ཡེ་ཙུར་ཙྪ་ཙཱ་ཌི་ཙཱ་ལ་ཡ་ཙུ་ཙྪ་ལ་ཡ་སཾ་གྷཊྚ་ནི་མཱཏྟཱཾ་གི་ཨི་ཌ་བིདྡྷེ་ཨ་ཧེ་ཨོཾ་ཛཱཿསྭཱ་ཧཱ། འཕགས་མ་དུག་སེལ་མའི་སྒྲུབ་ཐབས་
སོ།། །།མཁས་པ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཛཱཾ་གུ་ལཱི་དྷཱ་ར་ཎཱི། བོད་སྐད་དུ། དུག་སེལ་མའི་གཟུངས། ཨོཾ་ཨི་ལི་མིཏྟེ་ཏི་ལི་མིཏྟེ་ཨི་ལི་ཏི་ལི་མིཏྟེ། དུམྦེ་དུམྦཱ་ལཱི་ཡེ་དུ་སྨྲ་ལཱི་ཡེ་ཏ་ར་ཀེ་ཏ་ར་ཀ་ར་ཎེ་
མར་མེ་མར་མར་ཎེ་ཀ་སཱི་ཀ་སྨཱི་ར་མུཀྟེ་ཨགྷེ་ནེ་ཨགྷ་ཎེ་ཨགྷ་ནཱ་གྷ་ནེ། ཨི་ལི་ཨི་ལཱི་ཨེ་མ་ལཱི་ཨེ་ཨི་ལི་མི་ལཱི་ཨེ་ཨ་ཀ་ཁྱཱ་ཨི་ཨེ་ཨ་བྱ་ཨི་ཨེ། ཤྭ་དེ་ཤྭ་ད་ཏུ་ཌེ་ཨ་ནུ་རཀྟེ་སྭཱ་ཧཱ། ཞེས་བྱ་བའི་རིག་པ་འདི་ནི་དགེ་སློང་དག་གངས་ཅན་ཐམས་ཅད་ཀྱི་ལྷོ་ཕྱོགས་སུ་སྟེ། གང་གིས་

རིག་པ་འདི་ལན་ཅིག་ཐོས་པར་གྱུར་པ་དེ་ཡང་ལོ་བདུན་དུ་སྦྲུལ་མཐོང་བའི་དུག་ཅན་གྱིས་མི་འཛིན་ནོ། །འདིའི་ལུས་ལ་དུག་འཇུག་པར་འགྱུར་བ་ཡང་མ་ཡིན་ནོ། །དགེ་སློང་དག་གང་རིག་པ་འདི་འཛིན་པར་བྱེད་པ་དེ་ཇི་སྲིད་འཚོའི་བར་དུ་སྦྲུལ་གྱིས་འཛིན་པར་མི་འགྱུར་ཞིང་། འདིའི་ལུས་
ལ་དུག་འཇུག་པར་ཡང་མི་འགྱུར་རོ། །སྦྲུལ་གང་ཞིག་གིས་འདི་དག་ལ་གཟུང་བར་གྱུར་ན་དེའི་མོག་ཚལ་པ་བདུན་དུ་འགས་པར་འགྱུར་བ་ཡིན་ནོ། །འཕགས་མ་དུག་སེལ་མའི་གཟུངས་སོ། །ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་
སྐད་དུ། ཨཱརྱ་ཛཱཾ་གུ་ལཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་དུག་སེལ་མའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ། པདྨ་དམར་པོ་དང་ཟླ་བ་ལ་ཡི་གེ་ཛཱཾ་སེར་པོ་ཡོངས་སུ་གྱུར་པས་འཕགས་མ་དུག་སེལ་མ་སེར་མོ་ཞལ་གསུམ་ཕྱག་དྲུག་
མར་སྐད་ཅིག་གིས་རྫོགས་པར་བྱ་སྟེ། གཡས་པ་དང་ཅིག་ཤོས་ཀྱི་ཞལ་ནི་མཐིང་ནག་དང་དཀར་པོ། །རལ་གྲི་དང་རྡོ་རྗེ་དང་མདའ་ནི་གཡས་པའི་ཕྱག་གསུམ་ནའོ། །སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། དུག་གི་མེ་ཏོག་དང་གཞུ་ནི་གཡོན་གྱི་གསུམ་ནའོ། །གདེངས་ཀ་རྒྱས་
པའི་དཀྱིལ་འཁོར་དབུས་ལ་གནས་པ། སྦྲུལ་དང་ལྷ་རྫས་ཀྱི་ན་བཟའ་དང་། རྒྱན་རྣམས་ཀྱིས་བརྒྱན་པ། གཞོན་ནུ་མའི་མཚན་རྣམས་ཀྱིས་མཆོག་ཏུ་འབར་བ། དབུ་ལ་མི་བསྐྱོད་པ་བཞུགས་པར་བསྒོམས་ལ་སྔགས་བཟླ་བར་བྱ་སྟེ། ཨོཾ་ཛཱཾ་གུ་ལཱི་སརྦ་བི་ཥ་པྲ་ཤ་མ་ནི་ཕུ་སྭཱ་ཧཱ། འཕགས་
མ་དུག་སེལ་མའི་སྒྲུབ་ཐབས་སོ།། །།བྱང་ཆུབ་སེམས་དཔའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཙུནྡ་སཱ་དྷ་ནཾ། བོད་སྐད་དུ། སྐུལ་བྱེད་མའི་སྒྲུབ་ཐབས། སྐུལ་བྱེད་མ་ལ་ཕྱག་འཚལ་ལོ། །དང་པོ་ནི་སྙིང་
གའི་ཟླ་བའི་དབུས་ན་གནས་པའི་ས་བོན་ཙཱུཾ་ལས་རྣམ་པར་འཕྲོས་པའི་འོད་ཟེར་སྣ་ཚོགས་པ་ལས་ངེས་པར་གྲུབ་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བལྟས་ལ། མཆོད་པ་ལ་སོགས་པ་རྣམས་བྱ་སྟེ། ཨོཾ་རྡོ་རྗེའི་མེ་ཏོག་ཧཱུཾ་བྱ་བ་ལ་སོགས་པའི་སྔགས་ཀྱིས་སོ། །

དེ་ནས་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །དེའི་རྗེས་ཐོགས་ལ་སྟོང་པ་ཉིད་རྣམ་པར་བསྒོམ་པར་བྱ་ཞིང་། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ། །ཞེས་བརྗོད་པར་བྱ་བའོ། །དེ་ནས་ཙུཾ་ལས་ངེས་པར་གྲུབ་པའི་ཙུནྡ་སྟེ། སྟོན་ཀའི་
ཟླ་བའི་འོད་ཟེར་དང་མཚུངས་མ། ཕྱག་བཞི་མ། རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པའོ། །གཡས་པས་ནི་མཆོག་སྦྱིན་པ། གཡོན་པས་ནི་པོ་ཏི་དང་བཅས་པའི་པདྨ་བསྣམས་པ། ཕྱག་ལྷག་མ་གཉིས་ཀྱིས་ནི་ལྷུང་བཟེད་བསྣམས་པའོ། །པདྨ་དང་ཟླ་བ་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་
བཞུགས་པ་བསྒོམས་ལ། ཕྱི་ནས་ནི་ཕྱག་རྒྱ་སྙིང་ག་དང་། མགྲིན་པ་དང་། སྨིན་མཚམས་དང་། སྤྱི་བོ་རྣམས་སུ་རེག་པས་སྲུང་བ་བྱས་ལ་བཟླས་པ་བྱ་བའོ། །ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སྭཱ་ཧཱ། དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། ལག་པ་གཉིས་ཀྱིས་སྙིམ་པ་བྱས་ལ་མཛུབ་མོ་གཉིས་དང་གུང་མོ་
གཉིས་དབུས་སུ་གཞོང་བུའི་རྣམ་པ་ལྟ་བུར་བྱས་པ་ལ་གློར་མཐེ་བོང་གཉིས་ཀྱིས་སྦྱར་བས་གནས་པའོ། །སྐུལ་བྱེད་མའི་སྒྲུབ་ཐབས་རྫོགས་སོ།། །།ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨེ་ཀ་
ཛ་ཊཱི་སཱ་དྷ་ནཾ། བོད་སྐད་དུ། རལ་གཅིག་མའི་སྒྲུབ་ཐབས། རལ་གཅིག་མ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྔགས་པས་ཡིད་དང་རྗེས་སུ་མཐུན་པའི་བསམ་གཏན་གྱི་ཁང་པར་བདེ་བའི་སྟན་ལ་ཉེ་བར་གནས་ལ། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱིའི་
མཆོད་པ་དག་གིས་ཡང་དག་པར་མཆོད་དེ། གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་པ་ལ་སོགས་པ་ཡང་ཚུལ་བཞིན་དུ་བྱ་ཞིང་ཤིན་ཏུ་བརྟན་པར་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ཨོཾ་ཞེས་བྱ་བའི་ཡི་གེ་བརྗོད་པས་ཆོས་ཐམས་ཅད་སྟོང་པ་ཉིད་མངོན་སུམ་དུ་བྱས་ཏེ། ཡང་
ཡི་གེ་ཨཾ་བརྗོད་ལ་དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་རྣམ་པར་བསྒོམ་པར་བྱ་བའོ། །དེའི་དབུས་སུ་ཡི་གེ་ཏྲཱཾ་ལས་བྱུང་བའི་པདྨའི་སྣོད་ཤེལ་འཚེར་བ་དང་མཚུངས་པའི་འོད་ཟེར་ཅན་ནོ། །དེའི་དབུས་སུ་འོད་ཟེར་སྤྲོས་པས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཀུན་དུ་སྣང་བར་བྱེད་པའི་

ཡི་གེ་ཧཱུཾ་ཨིནྡྲ་ནཱི་ལའི་འོད་དང་མཚུངས་པ་རྣམ་པར་བསམ་མོ། །ཡོངས་སུ་གྱུར་པ་ལས། རིན་ཆེན་ཨིནྡཱ་ནི་ལ་ཡི། །འོད་ཀྱིས་འཇིག་རྟེན་གསུམ་ཁྱབ་མ། །འཇིགས་བྱེད་ཆེན་མོ་ཕྱག་བཞི་མ། །སྤྱན་གསུམ་འཇིགས་སུ་རུང་བར་དམར། །སྟག་གི་པགས་པའི་ཤམ་ཐབས་
བསྣམས། །པདྨའི་སྣོད་ཀྱིས་རྒྱན་དུ་བྱས། །མི་རུས་དོ་ཤལ་དང་ལྡན་ཞིང་། །གཏུམ་པ་ཡི་ནི་གཟུགས་ལྡན་པའི། །ལོ་ནི་བརྒྱད་གཉིས་མར་གྱུར་པ། །འོ་རྒྱས་ནུ་མ་འཕྱང་བ་དང་། །ཤིན་ཏུ་སེར་བའི་རལ་གཅིག་མ། །ཁྲོ་བའི་ཀླུ་ནི་རྒྱན་དང་ལྡན། །ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །
ལྗགས་འདྲིལ་བས་ནི་འཇིགས་པར་མཛད། །གྲོད་འཇོལ་བྱམས་པ་ཆེན་པོ་དང་། །ཐུགས་རྗེས་གདེངས་པའི་ཡིད་ལྡན་མ། །དོ་ཤལ་རྐང་པ་དཔུང་པའི་རྒྱན་དང་ནི། །དྲིལ་བུ་གཡེར་ཁ་རྐེད་པའི་རྒྱན་སོགས་དང་། །ལྡན་དང་ཧཱུཾ་གི་ཡི་གེ་གཏུམ་པོ་ཡིས། །བདུད་དང་རྩ་མུ་ཆེན་པོ་ལས་
རྒྱལ་མཛད། །གཡོན་པའི་ཕྱག་གིས་པདྨའི་སྣོད་བསྣམས་ཤིང་། །གཡས་པའི་ཕྱག་གིས་གསོར་མཛད་པས། །བདུད་རྣམས་ཀུན་ནས་སྐྲག་པར་མཛད་པ་ཡི། །རྡོ་རྗེ་དང་ལྡན་གྲི་གུག་བསྣམས་པ་སྟེ། །ཡང་ནི་གཡོན་པར་རྩ་བ་དང་བཅས་པའི། །ཨུཏྤལ་གཟུགས་ནི་དྲི་མ་མེད་
པའོ། །གཡས་པའི་ཕྱག་ན་རལ་གྲི་བསྣམས་པ་ནི། །བལྟ་བྱ་དེ་དག་ཡོངས་སུ་གྱུར་པ་ལས། །སྤྲོ་བྱ་སྐར་མའི་ཕྲེང་བར་དགའ་བ་ཡི། །བགྲང་བའི་ཕྲེང་བ་བསྒོམ་པར་བྱ་བ་ཡིན། །ཐོད་པ་ཁྲག་གིས་གང་བར་གྱུར་པ་ཡི། །དབུས་སུ་གཡོན་བསྐུམ་པས་ནི་ལེགས་པར་བཞུགས། །
དུས་ཀྱི་མཐའ་ཡི་མེ་ལྟར་འོད་ཟེར་ནི། །འབར་བའི་ནང་དུ་འཇུག་པར་གྱུར་པའི་སྐུར། །བསྒོམ་པར་བྱ་བའི་ལྷ་མོ་རལ་གཅིག་མ། །སྤྲོ་བྱ་དེ་ནས་གསང་སྔགས་བཟླས་པ་བྱ། །སྔགས་ཀྱང་ནུས་པ་བསམ་གྱིས་མི་ཁྱབ་སྟེ། །ཡི་གེ་ཕྱེད་དང་བཅས་པའི་བཞི་པོ་རྣམས། །འཇིག་རྟེན་བསྐྱོད་
དང་དབང་བྱ་གཞུག་བྱ་དང་། །སྐྲག་པར་བྱེད་པ་སངས་རྒྱས་རྣམས་ཀྱིས་གསུངས། །ཞབས་གཉིས་བརྐྱང་བསྐུམ་མཛད་པའི་རྩེ་ཡིས་ནི། །བསྒྲུབ་བྱའི་མགོ་ནས་ཞབས་གཉིས་དག་གིས་གནོན། །པདྨའི་སྣོད་ནི་རྣམ་བསྒོམ་དེ་ལྟར་ནི། །རྣལ་འབྱོར་པ་ཡིས་སྤྲོ་བས་སྔགས་བཟླས་

སོ། །སྔགས་ཀྱང་ལྷ་མོ་ཡང་དག་སད་བྱེད་པའི། །གྲུབ་པ་ཉིད་ནི་བརྗོད་པར་བྱ་བ་ལས། །དང་པོ་ས་མཐའ་ཡིན་ཏེ་མེ་ཡི་ཤིང་། །རྟ་ལ་ཞོན་པ་དབྱངས་ཡིག་ཨི་ཡིས་བརྒྱན། །ཟླ་ཕྱེད་ཐིག་ལེ་ཕྱེད་པས་མགོ་བོ་ནི། །བརྒྱན་པར་གྱུར་པ་བཏུ་བར་བྱ་བ་ཡིན། །གཉིས་པ་ཡང་ནི་དེ་བཞིན་
འོན་ཀྱང་ནི། །ཎ་མཐའི་གཟུགས་ལ་གནན་པར་བྱ་བ་ཡིན། །ས་མཐའ་ཉིད་ནི་གསུམ་པ་ཡང་ཡིན་ཏེ། །དབྱངས་ཡིག་དྲུག་པ་དང་ནི་ལྡན་པ་ལ། །མགོ་བོ་སྔར་བཞིན་དུ་ནི་མཛེས་པའོ། །བཞི་བ་ཕ་སྟེ་ཊ་ཡི་མཐའ་ཅན་ཡིན། །སྔགས་འདི་དག་ནི་སྔགས་པས་བཟླས་བྱ་སྟེ། །ཧྲཱི་ཏྲཱཾ་ཧཱུཾ་ཕཊ་བྱ་བ་
འདྲ་བའོ། །འཕགས་མ་རལ་གཅིག་མའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་ཆེན་པོ་དཱ་དང་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨུཥྞཱི་ཥ་བི་ཛ་ཡཱ་སཱ་དྷ་ནཾ། བོད་སྐད་དུ། གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་
ཐབས། གཙུག་ཏོར་རྣམ་པར་རྒྱལ་མ་ལ་ཕྱག་འཚལ་ལོ། །སྔར་བཤད་པའི་རིམ་པས་ཟླ་བ་ལ་ཡི་གེ་བྷྲཱུཾ་དཀར་པོས་བསྐྱེད་པའི་བཅོམ་ལྡན་འདས་མ་དཀར་མོ་ཞལ་གསུམ་སྤྱན་གསུམ་མ། གཞོན་ནུ་མ་ལང་ཚོ་ལ་བབ་པ། རྒྱན་ཐམས་ཅད་དང་ལྡན་པའི་ཕྱག་བརྒྱད་མ་བསམ་པར་བྱ་
བའོ། །གཡས་པ་དང་ཅིག་ཤོས་ཀྱི་ཞལ་ནི་སེར་མོ་དང་ནག་མོའོ། །གཡས་ཀྱི་ཕྱག་བཞི་ན་ནི་སྣ་ཚོགས་རྡོ་རྗེ་དང་། པདྨ་ལ་བཞུགས་པའི་སངས་རྒྱས་དང་། མདའ་བསྣམས་པ་དང་། མཆོག་སྦྱིན་པའི་ཕྱག་རྒྱའོ། །གཡོན་གྱི་ཕྱག་བཞི་ན་ནི་གཞུ་དང་སྡིགས་མཛུབ་དང་ཞགས་པ་དང་།
མི་འཇིགས་པ་སྦྱིན་པའི་ཕྱག་གིས་བུམ་པ་གང་བའོ། །མཆོད་རྟེན་གྱི་ནང་ན་བཞུགས་པ་སྟེ། དབུ་རྒྱན་ལ་རྣམ་པར་སྣང་མཛད་བཞུགས་པ་ངེས་པར་རྫོགས་པར་བྱས་ལ། རང་གི་ས་བོན་པདྨ་ལ་གནས་པ་སྙིང་གར་བསྒོམ་པར་བྱ་བའོ། །དེའི་རྗེས་ལ་སྤྱི་བོ་དང་མགྲིན་པ་དང་། དཔྲལ་
བ་དང་། ལྟེ་བ་དང་། རྐང་པ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ཧཱུཾ་ཏྲཱཾ་ཧྲཱིཿཨཾ་ཨཱཿཞེས་བྱ་བའི་ཡི་གེ་ལྔ་པོ་འདི་བལྟ་བར་བྱ་བའོ། །དེ་ནས་སྔགས་བཟླས་པར་བྱ་བ་ནི། ཨོཾ་བྷྲཱུཾ་སྭཱ་ཧཱ། གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས་སོ།། །།ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་

ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨ་པ་རཱ་ཛི་ཏ་སཱ་དྷ་ནཾ། བོད་སྐད་དུ། གཞན་གྱིས་མི་ཐུབ་མའི་སྒྲུབ་ཐབས། །སྔར་བཤད་པའི་ཆོ་གའི་རིམ་པས་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཨོཾ་དཀར་པོ་ལས་གྲུབ་པའི་
བཅོམ་ལྡན་འདས་མ་གཞན་གྱིས་མི་ཐུབ་མ་དཀར་མོ་ཨ་ཏ་པ་ཏྲ་ཞལ་གསུམ་ཕྱག་དྲུག་མ་སྟེ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་མ། དཀར་བ་དང་མཐིང་ནག་དང་། སྐྱ་རེངས་ནི་གཡས་པ་དང་གཡོན་པའི་ཞལ་ལོ། །འཁོར་ལོ་དང་ལྕགས་ཀྱུ་དང་གཞུ་ནི་གཡས་པའི་ཕྱག་གསུམ་གྱིས་
བསྣམས་པའོ། །རྡོ་རྗེ་དཀར་པོ་དང་མདའ་དང་ཞགས་པ་བསྣམས་ཤིང་སྡིགས་མཛུབ་མཛད་པ་ནི་གཡོན་པའི་ཕྱག་གོ། །ཁྲོས་པའི་སྤྱན་གྱིས་གཟིགས་པ་དང་ལྡན་པ། གདོན་ཐམས་ཅད་རླག་པར་མཛད་པ། ལྷ་རྫས་ཀྱི་རྒྱན་དང་ན་བཟའ་དང་ལྡན་པ། རྣམ་པར་སྣང་མཛད་གཙོ་བོར་གྱུར་པ་
བསྒོམས་ལ་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་པ་གཡས་པ་ཁུ་ཚུར་བཅངས་པའི་སྡིགས་མཛུབ་སྙིང་གར་ལེགས་པར་བཞག་ལ་ལག་པ་གཡོན་པས་ཁུ་ཚུར་བཅངས་པ་གདེང་བར་བྱ་བའོ། །བཟླས་པ་ནི་ཨོཾ་སི་ཏཱ་ཏ་པ་ཏྲཱ་པ་རཱ་ཛི་ཏེ་སརྦ་གྲ་ཧཱ་ན་ཏྲཱ་ས་ཡ། ཧ་ན་ཧ་ན་དྲུཾ་དྲུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།
ཞེས་བྱ་བ་ནི་འཕགས་མ་གཞན་གྱིས་མི་ཐུབ་མ་གདུགས་དཀར་མོའི་སྒྲུབ་ཐབས་སོ།། །།ཨ་བྷ་ཡའི་ཞལ་སྔ་ནས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཙརྩི་ཀཱ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེའི་ཙརྩི་ཀའི་སྒྲུབ་ཐབས། སྔར་
བཤད་པའི་ཆོ་གའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ། པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་གིས་བསྐྱེད་པའི་རྡོ་རྗེའི་ལྟེ་བ་ལ་ཡི་གེ་ཙཾ་གནས་པར་བསྒོམ་པར་བྱ་བའོ། །དེ་དག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཙརྩི་ཀ་ཞལ་གཅིག་སྤྱན་གསུམ་
མ་སྟེ། སྐྱིལ་ཀྲུང་ཕྱེད་པའི་བརྐྱང་བསྐུམ་གྱིས་རོའི་གདན་ལ་བཞུགས་པ། སྐུ་རིད་ཅིང་མཆེ་བ་གཙིགས་པ་བཞིན་བསྒྱུར་བས་འཇིགས་སུ་རུང་བ། མི་མགོའི་ཕྲེང་བས་དོ་ཤལ་དུ་རྣམ་པར་བརྒྱན་པ། རུས་པའི་རྒྱན་གྱིས་ཀུན་ནས་བརྒྱན་པ། ཕྱག་རྒྱ་ལྔ་དང་ལྡན་པ། མི་

བསྐྱོད་པ་དབུ་རྒྱན་ལ་བཞུགས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། །སྐྲ་ལྷུག་པར་གྱུར་པ། ཕྱག་དྲུག་མ་སྟེ་གཡས་པས་ནི་རྡོ་རྗེ་དང་རལ་གྲི་དང་འཁོར་ལོ་བསྣམས་པའོ། །གཡོན་པས་ནི་ཐོད་པ་དང་ནོར་བུ་དང་པདྨ་བསྣམས་པའོ། །སྐུ་མདོག་ནི་དམར་པོ་སྟེ་ལས་ཀྱི་
རྗེས་སུ་མཐུན་པས་ནི་དཀར་མོ་ལ་སོགས་པའི་ཁ་དོག་དང་ལྡན་པར་ཡང་བསྒོམ་པར་བྱ་ཞིང་སྙིང་གའི་ཡི་གེ་ཙཾ་གི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་མདུན་དུ་ལེགས་པར་བཞུགས་སུ་གསོལ་ཏེ། མཆོད་པ་ལ་སོགས་པ་རྣམས་རྫོགས་པར་བྱས་ལ་ལེགས་པར་བཞུགས་
པར་བྱ་བའོ། །དེ་ནས་སྔགས་བཟླས་པར་བྱ་སྟེ། ཨོཾ་བཛྲ་ཙརྩི་ཀ་ཧཱུཾ་སྭཱ་ཧཱ། འདིས་ནི་རྡོ་རྗེ་ཙརྩི་ཀའི་སྒྲུབ་ཐབས་སོ།། །།ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་པྲ་ཏི་ས་རཱ་སཱ་དྷ་ནཾ། བོད་སྐད་དུ།
སོ་སོར་འབྲང་མ་ཆེན་མོའི་སྒྲུབ་ཐབས། སོ་སོར་འབྲང་མ་ཆེན་མོ་ལ་ཕྱག་འཚལ་ལོ། །སྔར་བཤད་པའི་བྱ་བའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་མཇུག་ཐོགས་སུ་ཡི་གེ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་པྲཾ་སེར་པོའི་འོད་ཟེར་རྣམ་པ་སྣ་ཚོགས་པས་གཞན་གྱི་དོན་བྱས་ནས་
ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་སོ་སོར་འབྲང་བ་ཆེན་མོར་སྐད་ཅིག་གིས་བདག་ཉིད་ཡོངས་སུ་རྫོགས་པར་བྱ་སྟེ། སྐུ་མདོག་སེར་མོ་ཞལ་བཞི་མ། སྤྱན་གསུམ་མ། ཕྱག་བརྒྱད་མ། ཞལ་དང་པོ་ནི་སེར་བའོ། །གཡས་པ་ནི་དཀར་བའོ། །ནུབ་ཀྱི་ནི་མཐིང་ནག་
གོ། །གཡོན་གྱི་ནི་དམར་བའོ། །གཡས་པའི་ཕྱག་རྣམས་ཀྱིས་ནི་རལ་གྲི་དང་མདུང་རྩེ་གསུམ་པ་དང་མདའ་བསྣམས་པའོ། །གཡོན་པའི་ཕྱག་རྣམས་ཀྱིས་ནི་མདུང་དང་གཞུ་དང་ཞགས་པ་དང་རྡོ་རྗེའོ། །སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རོལ་ཅིང་བསྐྱོད་པས་ལེགས་
པར་བཞུགས་པ་འོད་ཟེར་དམར་པོའི་ཁོར་ཡུག་གིས་བསྐོར་བ། རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པ། ན་བཟའ་རྣམ་པ་སྣ་ཚོགས་ཀྱི་སྟོད་གཡོགས་དང་སྨད་གཡོགས་དང་འོད་ཀྱི་སྟོད་ཤག་མནབས་པ། རིན་པོ་ཆེ་སྣ་ཚོགས་པའི་དབུ་རྒྱན་དང་ལྡན་པ་སྟེ་དེ་ལྟ་བུར་རྣམ་པར་

བསམ་ལ་དེ་ནས་སྐུ་དང་གསུང་དང་ཐུགས་ཀྱི་ཟླ་བ་ལ་ཨོཾ་དང་ཨཱཿདང་ཧཱུཾ་གི་ཡི་གེ་གསུམ་དཀར་པོ་དང་སེར་པོ་དང་མཐིང་ནག་ཏུ་བསམ་པར་བྱ་བའོ། །དེ་ནས་ནུ་མ་གཉིས་ཀྱི་བར་དུ་ཟླ་བ་ལ་གནས་པའི་ཡི་གེ་པྲཾ་རྣམ་པར་བསམ་པར་བྱ་ཞིང་ལྷ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་བདག་
ཉིད་མཆོད་པར་ཡང་བལྟས་ལ། ཇི་སྲིད་དུ་སྐྱོ་བར་མ་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱ་བའོ། །སྐྱོ་བར་གྱུར་ན་ནི་རང་གི་སྙིང་གའི་ཟླ་བ་ལ་ཕྲེང་བ་དམར་པོ་ལྟ་བུར་སྔགས་བལྟ་ཞིང་བཟླས་པར་བྱ་སྟེ། ཨོཾ་མ་ཎི་དྷ་རི་བཛྲ་ཎི་མཧཱ་པྲ་ཏི་སཱ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སོ་སོར་འབྲང་མ་ཆེན་མོའི་སྒྲུབ་ཐབས་
སོ། །པཎྜི་ཏ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱུ་རཱི་སཱ་དྷ་ནཾ། བོད་སྐད་དུ། རྨ་བྱ་ཆེན་མོའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གས་སྣ་ཚོགས་པདྨ་དང་ཟླ་བ་ལ་ཡི་གེ་མཾ་ལྗང་གུ་ལས་བྱུང་
བའི་རྨ་བྱ་ཆེན་མོ་སྟེ། སྐུ་མདོག་ལྗང་གུ་ཞལ་གསུམ་ཕྱག་དྲུག་མ་ཞལ་རེ་རེ་ཞིང་སྤྱན་གསུམ་གསུམ་མ། གཡས་པ་དང་ཅིག་ཤོས་ཀྱི་ཞལ་ནི་ནག་མོ་དང་དཀར་མོའོ། །གཡས་པའི་ཕྱག་གསུམ་ན་ནི་རིམ་པ་བཞིན་དུ་རྨ་བྱའི་མཇུག་སྒྲོ་དང་མདའ་དང་མཆོག་སྦྱིན་པའི་ཕྱག་རྒྱའོ། །དེ་བཞིན་
དུ་གཡོན་པའི་ཕྱག་གསུམ་ན་ཡང་རིན་པོ་ཆེའི་གདུགས་དང་། གཞུ་དང་ཕྱག་ཟེད་པ་ལ་གནས་པའི་བུམ་པའོ། །རྒྱན་རྣམ་པ་སྣ་ཚོགས་པ་དང་། སྒེག་པའི་ཉམས་བག་དང་ལྡན་པ་དང་། གཞོན་ནུ་མ་ལང་ཚོ་ལ་བབས་པ་དང་། ཟླ་བའི་གདན་དང་། ཟླ་བའི་འོད་ཟེར་དང་ལྡན་པ་
དང་། སྐྱིལ་ཀྲུང་གིས་བཞུགས་པ་དང་དོན་ཡོད་གྲུབ་པ་དབུ་རྒྱན་ལ་བཞུགས་པར་བདག་ཉིད་བསྒོམ་པར་བྱ་བའོ། །དེ་ནས་བདག་གི་མགོ་བོ་དང་། མགྲིན་པ་དང་། སྙིང་ག་དང་། ལྟེ་བ་ལ་གནས་པའི་ཡི་གེ་ཟླ་བ་ལ་རིམ་པ་ཇི་ལྟ་བ་བཞིན་དུ། ཨོཾ་ཨཱཿམཾ་ཧཱུཾ་ཞེས་བྱ་བའི་ཡི་
གེ་བཞི་སྤྲོ་བ་དང་། བསྡུ་བའི་བྱ་བ་དང་ལྡན་པར་རྣམ་པར་བསྒོམ་པར་བྱ་བའོ། །དེ་ནས་སྔགས་བཟླས་པར་བྱ་སྟེ། ཨོཾ་མ་ཧཱ་མཱ་ཡཱུ་རཱི་བིདྱཱ་རཱ་ཛཱི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་བྱ་བའོ། །འཕགས་མ་རྨ་བྱ་ཆེན་མོའི་སྒྲུབ་ཐབས་སོ། །ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་

གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ས་ཧ་སྲ་པྲ་མརྡ་ནཱི་སཱ་དྷ་ནཾ། བོད་སྐད་དུ། སྟོང་ཆེན་པོ་རབ་ཏུ་འཇོམས་པའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་ཚུལ་གྱིས་སྣ་ཚོགས་པདྨ་དང་ཟླ་བ་ལ་ཡི་གེ་ཙུཾ་ལས་ངེས་པར་བྱུང་བའི་སྟོང་ཆེན་པོ་རབ་ཏུ་འཇོམས་
པར་བདག་ཉིད་བསྒོམ་པར་བྱ་སྟེ། སྐུ་མདོག་དཀར་མོ་ཞལ་གཅིག་མ་ཕྱག་དྲུག་མ། གཡས་པའི་ཕྱག་གསུམ་གྱིས་ནི་རལ་གྲི་དང་མདའ་བསྣམས་ཤིང་མཆོག་སྦྱིན་པའི་ཕྱག་རྒྱ་མཛད་པའོ། །གཡོན་པའི་ཕྱག་གསུམ་གྱིས་ནི་གཞུ་དང་། ཞགས་པ་དང་མདུང་བསྣམས་པའོ། །
རྣམ་པ་སྣ་ཚོགས་པའི་རྒྱན་རྣམས་དང་ལྡན་པ་གཟུགས་དང་ལང་ཚོ་དང་སྒེག་པ་དང་ལྡན་པར་གྱུར་པ། དབུ་རྒྱན་ལ་རྣམ་པར་སྣང་མཛད་དང་ལྡན་པ་ཟླ་བ་དང་པདྨའི་གདན་དང་ལྡན་ཞིང་ཟླ་བའི་འོད་དང་ལྡན་པའོ། །འདི་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་པའི་སྒྲུབ་ཐབས་
སོ།། །།ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་མནྟྲཱ་ནུ་སཱ་རི་ཎི་སཱ་དྷ་ནཾ། བོད་སྐད་དུ། གསང་སྔགས་ཀྱི་རྗེས་སུ་འབྲང་བ་ཆེན་མོའི་སྒྲུབ་ཐབས། གསང་སྔགས་ཀྱི་རྗེས་སུ་འབྲང་བ་ཆེན་མོ་ཞལ་
གཅིག་མ་ཕྱག་བཞི་མ་སྐུ་མདོག་ནག་མོ་སྟེ། གཡས་པའི་ཕྱག་གཉིས་ན་ནི་རྡོ་རྗེ་དང་མཆོག་སྦྱིན་པ་དང་ལྡན་པའོ། །གཡོན་པའི་ཕྱག་གཉིས་ན་ནི་མདུང་དང་ཞགས་པ་དང་ལྡན་པའོ། །ས་བོན་གྱི་ཡི་གེ་ཙུཾ་ལས་གྱུར་པ་དང་། མི་བསྐྱོད་པ་དབུ་ལ་བཞུགས་པ་དང་ཉི་མའི་གདན་དང་
འོད་ཀྱང་ཡིན་ནོ་ཞེས་བྱ་བ་ནི་འཕགས་མ་གསང་སྔགས་ཀྱི་རྗེས་སུ་འབྲང་བ་ཆེན་མོའི་སྒྲུབ་ཐབས་སོ།། །།མཁས་པ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་སཱི་ཏ་བ་ཏཱི་སཱ་དྷ་ནཾ། བོད་
སྐད་དུ། བསིལ་བའི་ཚལ་ཆེན་མོའི་སྒྲུབ་ཐབས། བསིལ་བའི་ཚལ་ཆེན་མོ་ནི་ཞལ་གཅིག་ཕྱག་བཞི་མ། སྐུ་མདོག་དམར་མོ་སྟེ། གཡས་པའི་ཕྱག་གཉིས་ན་ནི་བགྲང་བའི་ཕྲེང་བ་དང་མཆོག་སྦྱིན་པ་དང་ལྡན་པའོ། །གཡོན་པའི་ཕྱག་གཉིས་ན་ནི་རྡོ་རྗེ་དང་ལྕགས་ཀྱུ་དང་

སྙིང་ག་ན་གནས་པའི་པུསྟི་དང་ལྡན་པའོ། །ས་བོན་ཛཾ་ལས་གྱུར་པ་དང་། དབུ་རྒྱན་ལ་སྣང་བ་མཐའ་ཡས་དང་སྐྱིལ་ཀྲུང་ཕྱེད་པས་གནས་པ་དང་། རྒྱན་རྣམ་པ་སྣ་ཚོགས་དང་ལྡན་པ་དང་། ཉི་མའི་གདན་དང་། འོད་ཟེར་དང་ལྡན་པ་ཡང་ཡིན་ནོ་བྱ་བས་ནི་འཕགས་མ་བསིལ་
བའི་ཚལ་ཆེན་པོའི་སྒྲུབ་ཐབས་སོ།། །།ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨ་ཐ་ཨ་བ་བ་དཱ་ནྱ་པཉྩ་དེ་བ་ཏཱ་སུ་ཤཱ་ས་ནཾ། བོད་སྐད་དུ། དེ་ནས་གདམས་ངག་གཞན་གྱི་ལྷ་ལྔ་ལེགས་པར་བསྟེན་པར་བྱ་བའོ། །
དེ་ལ་སོ་སོར་འབྲང་མ་ཆེན་མོ་སེར་མོ་ཞལ་གསུམ་མ་སྟེ། ཞལ་སོ་སོར་སྤྱན་གསུམ་གསུམ་མ། ནག་མོ་དང་དཀར་མོ་ནི་གཡས་པ་དང་ཅིག་ཤོས་ཀྱི་ཞལ་ལོ། །ཕྱག་བཅུ་ལས་གཡས་ཀྱི་ཕྱག་ལྔ་ན་ནི་རིམ་པ་ཇི་ལྟ་བ་བཞིན་དུ་རལ་གྲི་དང་རྡོ་རྗེ་དང་མདའ་དང་མཆོག་སྦྱིན་པ་དང་སྙིང་ག་
ན་གནས་པའི་ཕྱག་གིས་གདུགས་འཛིན་པའོ། །དེ་བཞིན་དུ་གཡོན་པའི་ཕྱག་ལྔ་ན་ཡང་གཞུ་དང་། རྒྱལ་མཚན་དང་རིན་པོ་ཆེའི་གདུགས་དང་མདུང་དང་དུང་ངོ་། །དབུ་རྒྱན་ལ་ནི་རིན་ཆེན་འབྱུང་ལྡན་ནོ། །སྟོད་ཤག་ནི་ནག་པོའོ། །སྟོད་གཡོགས་དམར་པོ་བསྣམས་པའོ། །
སྐྱིལ་ཀྲུང་ཕྱེད་པའི་རོལ་པས་བསྐྱོད་པ། ལྷ་རྫས་ཀྱི་རྒྱན་རྣམས་ཀྱིས་ཀྱང་བརྒྱན་པ་ནི་རྫོགས་སོ།། ༄༅། །རྨ་བྱ་ཆེན་མོའི་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ་སྟེ། ཕྱག་གཡས་པ་དང་གཡོན་པས་ནི་མཆོག་སྦྱིན་པ་དང་ལྷ་རྫས་ཀྱི་རྨ་བྱའི་མཇུག་སྒྲོ་བསྣམས་པས་
ཀྱང་རྫོགས་པ་ཡང་ཡིན་ནོ། །སྟོང་ཆེན་མོ་རབ་ཏུ་འཇོམས་མ་ནི་སྔ་མ་ཉིད་ཁོ་ན་བཞིན་ནོ། །གསང་སྔགས་རྗེས་སུ་འབྲང་བ་ཆེན་མོ་ནི་ཞལ་གཅིག་ཕྱག་བཞི་མ་སྐུ་མདོག་ནག་མོ་སྟེ། གཡས་པའི་ཕྱག་གཉིས་ན་རལ་གྲི་དང་མཆོག་སྦྱིན་པའོ། །གཡོན་པའི་ཕྱག་གཉིས་ན་ནི་
མདུང་དང་ཞགས་པ་སྟེ་རྫོགས་པ་ཡིན་ནོ། །བསིལ་བའི་ཚལ་ཆེན་མོ་ནི་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ་སྟེ། གཡས་པའི་ཕྱག་གཉིས་ཀྱིས་ནི་རལ་གྲི་དང་མཆོག་སྦྱིན་པའོ། །གཡོན་པའི་ཕྱག་གཉིས་ཀྱིས་ནི་མདུང་དང་ཞགས་པ་ཡིན་ནོ། །ཡི་གེ་གསུམ་གྱིས་

མཚན་པའི་རང་གི་ས་བོན་བར་དུ་རང་གི་མིང་དང་བཅས་པ་ནི་ཆེ་གེ་མོའི་སྔགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་པྲ་ཏྱཾ་གི་རཱ། བོད་སྐད་དུ། ཕྱིར་ཟློག་མ་ཆེན་མོ། ཕྱིར་ཟློག་མ་ཆེན་མོ་ནི་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་དྲུག་མ་སྟེ། རལ་གྲི་དང་
ལྕགས་ཀྱུ་དང་མཆོག་སྦྱིན་པ་ནི་གཡས་པའི་ཕྱག་གིས་སོ། །པདྨ་དམར་པོ་དང་། ཏྲི་ཤཱུ་ལ་དང་། ཞགས་པ་དང་བཅས་པའི་སྡིགས་མཛུབ་སྙིང་ག་ན་གནས་པ་དང་ལྡན་པ་ནི་གཡོན་པའི་ཕྱག་རྣམས་སོ། །ས་བོན་ནི་ཧཱུཾ་ངོ་། །དབུ་རྒྱན་ལ་མི་བསྐྱོད་པའོ། །རྒྱན་ཐམས་ཅད་
དང་ལྡན་པ། གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་མའོ། །ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། དྷྭ་ཛཱ་གྲ་ཀེ་ཡཱུར་སཱ་དྷ་ནཾ། བོད་སྐད་དུ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས། རྒྱལ་མཚན་རྩེ་མོའི་
དཔུང་རྒྱན་སྐུ་མདོག་ནག་མོ་ཞལ་གསུམ་ཕྱག་བཞི་མའོ། །གཡས་པ་དང་གཡོན་པའི་ཞལ་ནི་དམར་མོ་དང་ལྗང་གུའོ། །རལ་གྲི་དང་ཞགས་པ་བསྣམས་པ་ནི་གཡས་པའི་ཕྱག་གཉིས་སོ། །རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་དང་འཁོར་ལོ་ནི་གཡོན་པའི་ཕྱག་གཉིས་ན་སྟེ་སྐྲ་ཁམ་སེར་གྱེན་
དུ་གྱུར་པ། དབུ་ལ་ཐོད་པ་སྐམ་པོ་ལྔས་རྒྱན་དུ་མཛད་པ་སྟག་གི་ལྤགས་པའི་ཤམ་ཐབས་ཅན། ཞལ་གྱི་མཆེ་བ་གཙིགས་པར་གྱུར་པ་གསུས་པ་འཕྱང་བར་གྱུར་པ་གཡས་བསྐུམ་པའི་ཞབས་ཀྱིས་ཉི་མའི་གདན་དང་འོད་ཟེར་ཅན་ཏེ། སྟོད་ཤག་སེར་པོ་མནབས་པར་གྱུར་པ་དང་།
ས་བོན་ནི་ཧཱུཾ་དང་དབུ་རྒྱན་ལ་མི་བསྐྱོད་པའོ། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨ་པ་རཱ་ཛི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། གཞན་གྱིས་མི་ཐུབ་མའི་སྒྲུབ་
ཐབས། གཞན་གྱིས་མི་ཐུབ་མ་ནི་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ་སྟེ། རིན་པོ་ཆེ་སྣ་ཚོགས་ཀྱིས་ཉེ་བར་མཛེས་པར་གྱུར་པའི་ཚོགས་བདག་ལེགས་པར་མནན་པ་ཕྱག་གཡས་པ་ནི་ཐལ་མོ་གདེངས་པའི་སྟངས་མཛད་པ། ཕྱག་གཡོན་པ་ནི་ཞགས་པ་བསྣམས་

པའི་སྡིགས་མཛུབ་ཐུགས་ཀ་ན་གནས་པའོ། །ཤིན་ཏུ་འཇིགས་པར་མཛད་པ། གདུག་པའི་ཞལ་མཆེ་བ་རྣམ་པར་གཙིགས་པ། བདུད་རྣམས་མ་ལུས་པ་ངེས་པར་རླག་པར་མཛད་པ། ཚངས་པ་ལ་སོགས་པ་དང་དྲག་ཅིང་མ་བགྲུངས་པའི་ལྷ་འཁོར་དང་བཅས་
པ་རྣམས་ལ་ཆེར་མཐོ་བའི་གདུགས་བཏེག་པའོ། །གཞན་གྱིས་མི་ཐུབ་མའི་སྒྲུབ་ཐབས་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་གནྡྷཱ་རཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་དྲི་ལྡན་མའི་སྒྲུབ་ཐབས། རྡོ་རྗེ་དྲི་ལྡན་པ་ནི་ནག་
མོ་ཞལ་དྲུག་ཕྱག་བཅུ་གཉིས་མ་སྟེ་སྐྲ་སེར་པོ་གྱེན་དུ་གྱུར་པ། ཞལ་མཆེ་བ་རྣམ་པར་གཙིགས་པའི་ཞལ་དང་པོ་ནག་པོ། །གཞན་མ་རྣམས་ནི་ཁ་དོག་རྣམ་པ་ལྔ་སྟེ། ཞལ་རེ་རེ་ཞིང་སྤྱན་གསུམ་མ། གཡས་པའི་ཕྱག་དྲུག་པོ་རྣམས་ན་ནི་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་རལ་གྲི་དང་ཏྲི་ཤཱུ་ལ་དང་
མདའ་དང་མཚོན་ཆའི་འཁོར་ལོ་རྣམས་སོ། །གཡོན་པའི་ཕྱག་དྲུག་པོ་རྣམས་ན་ནི་ཁ་ཊྭཱཾ་ག་དང་ལྕགས་ཀྱུ་དང་། གཞུ་དང་མདུང་དང་ཞགས་པ་དང་ཐུགས་ཀ་ན་སྡིགས་མཛུབ་རྣམས་སོ། །སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་གཡས་བསྐུམ་པའི་ཞབས་ཀྱིས་ཏེ་བཟླས་པའི་སྔགས་ནི།
ཨོཾ་ཧཱུཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བའོ། །རྡོ་རྗེ་དྲི་ལྡན་པའི་སྒྲུབ་ཐབས་མཁས་པ་ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། པྲ་སནྣ་ཏཱ་རཱ་ཡཱཿསཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་རབ་ཏུ་དང་བའི་སྒྲུབ་ཐབས། སྒྲོལ་མ་ལ་ཕྱག་འཚལ་ལོ། །
སྔར་གྱི་རིམ་པའི་སྦྱོར་བས་བྷ་གའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་ལྷ་མོ་སྒྲོལ་མ་རྫུ་འཕྲུལ་ཅན་གངས་ཀྱི་མདོག་སྟེ་འཇིགས་ཆེན་མ། སྤྱན་གསུམ་མ་སྟེ་ཞལ་བརྒྱད་མ། བཅུ་དྲུག་ཕྱག་ནི་རྒྱན་དུ་འགྱུར། སྐྲ་ཁམ་སེར་གྱེན་དུ་འཁྱིལ་བ་འཛག་པ་དང་ལྡན་པའི་མི་མགོ་བརྒྱ་ཕྱེད་ཀྱི་ཕྲེང་བས་
དོ་ཤལ་དུ་བརྒྱན་པ། སྐྱེ་དགུ་རྣམས་ཀྱི་སྐྱབས་མཛད་པའི་སྟོབས་ཆེན་མོ་དང་ལྡན་པ། གཡས་བསྐུམ་པའི་ཞབས་ཀྱིས་གནས་པ་དང་ལྡན་པ་བཞད་པ་དང་ལྡན་ཞིང་གཞོན་ནུ་མ་ལང་ཚོ་ལ་བབས་པ། རྣམ་པར་བཀྲ་བའི་ན་བཟའ་གསོལ་བར་གྱུར་པ་ཞལ་གྱི་གཙོ་བོ་ནི་སེར་མོའོ། །གཡས་

ཀྱི་གཉིས་པ་ནི་མཐིང་ནག་གོ། །གསུམ་པ་ནི་ལྗང་གུའོ། །བཞི་པ་ནི་ནམ་མཁའ་ལྟར་སྔོ་བའོ། །གཡོན་པ་ནི་ཀུནྡ་ལྟར་དཀར་བའོ། །གཉིས་པ་ནི་དམར་བའོ། །གསུམ་པ་ནི་ནམ་མཁའ་ལྟར་སྔོ་བའོ། །སྟེང་གི་ཞལ་ནི་དུ་བའི་མདོག་ལྟ་བུ་སྟེ་ཤིན་ཏུ་འཇིགས་སུ་རུང་བའོ།