Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 74
Văn bản gốc(Tây Tạng)
Trang 1 / 21 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ནཱ་མ་དྷ་ར་ཎི་མཎྜ་ལ་པྲ་ཀྲྀ་ཡ་ཡ་ཐཱ་ཀྲ་མ་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ལག་ལེན་གོ་རིམས་ཇི་ལྟ་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། རྡོ་རྗེ་རྣམ་པར་འཇོམས་པའི་ཆོ་གས་རང་ངམ་འགྲོ་བ་གཞན་གྱི་གདོན་དང་ནད་རྣམས་ལས་གྲོལ་བར་འདོད་པའི་རྡོ་རྗེ་ རིགས་ཀྱི་སྒྲུབ་པ་པོས་ཕྱུགས་ལྷས་སམ། ཤིང་གཅིག་དང་ལྷ་ཁང་ངམ། ལམ་གྱི་བཞི་མདོའམ། ཁང་སྟོང་ངམ་ནགས་ཚལ་གང་ཡང་རུང་། བསམ་གཏན་གྱི་ཁང་པར་ཆག་ཆག་དང་བའི་རྣམ་ལྔ་དང་། སྤོས་དྲི་ ཞིམ་པོས་བྱུག་རིས་བྱས་ལ། མཎྜལ་དང་མཆོད་པ་ཐམས་ཅད་རྫོགས་པར་བཤམས་ནས། ཁྲུས་དང་འཐོར་འཐུང་དང་ཉེ་རེག་བྱས་ཏེ། སྟོད་གཡོགས་དང་། སྨད་གཡོགས་གཙང་ཞིང་སར་པ་གོན་ལ། ཕྱག་ ན་རྡོ་རྗེའི་ང་རྒྱལ་གྱིས་མཆོད་པ་བྱིན་གྱིས་བརླབས་ལ། ཡུངས་ཀར་ལག་ཏུ་ཐོགས་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ནས་བིནྡྷ་བིནྡྷ་བཛྲ་ཧཱུྃ་ཕཊ་ཅེས་པའི་བར་དུ་ལན་གསུམ་མམ་བཅུ་བརྗོད་དོ། །དེ་ནས་བུམ་པ་བཅའ་སྟེ། གསེར་དང་དངུལ་ལམ་མ་རྙེད་ན་ཟངས་སམ་ས་ལས་བྱས་ཀྱང་རུང་སྟེ། ལྟོ་བ་ཆེ་ལ་མགྲིན་པ་རིང་བ་ཞབས་ཞུམ་པ་ཁ་ཡེལ་བ། ནག་པོ་ར་རི་མེད་པ། གྲངས་ལྷ་གྲངས་དང་མཐུན་པ་དྲུག་གམ། ཡང་ན་བདུན་ནམ་གཅིག་ཀྱང་ རུང་སྟེ། གུ་གུལ་གྱིས་བདུགས་པ་དང་། ཡུངས་ཀར་གྱིས་བགེགས་བཟློག་ལ། དེར་འོ་མ་དང་ཆུ་ཉུང་ཟད་བླུགས་པ་དེར་རིན་པོ་ཆེ་རྣམས་དང་། དྲི་ལྔ་དང་། སྨན་ལྔ་དང་འབྲུ་ལྔས་དགང་ལ་མགྲིན་པ་གོས་ཀྱི་ཤིང་ལས་བྱུང་བའི་ཁ་ཚར་ཕུན་ཚར་མ་ ཉམས་པའི་མཐིང་ཤུན་གྱིས་ཁ་བསྒྱུར་བའམ། དཀར་པོ་གསར་ཞིང་གཙང་བས་མགུལ་པ་བཅིངས་ལ། མེ་ཏོག་སྔོན་པོ་དང་བཅས་པས་ཁ་བརྒྱན་ལ་མགུལ་པ་རས་ཀྱི་སྟེང་དུ་ཡུངས་ཀར་དང་རྩྭ་དཱུར་བ་ཉག་མ་བདུན་དང་བཅས་པ་དྲི་ཞིམ་པོའི་མེ་ ཏོག་ཕྲེང་བས་བཅིངས་ལ། མདུད་པ་ལ་ཧཱུྃ་བྲིས་པའི་བའི་ལྕི་བས་ལ་མ་ལྷུང་བས་སོ། །གདུགས་དང་བ་དན་ཀྱང་ངོ་། །དེ་ནས་མཎྜལ་གྱི་སྟེང་དུ་གཞག་གོ། །ཡང་ཁྲུས་དང་འཐོར་འཐུང་ཉེ་རེག་བྱས་ལ། ལས་ཀྱི་རྡོ་རྗེ་དང་། གསང་གདུབ་དང་། གདུ་ བུའི་ཆོ་ག་རྣམས་བྱས་ལ། དེར་རང་གི་སྙིང་གར་ཉི་མ་ལ་ས་བོན་བལྟས་པ་དེས་རིགས་གསུམ་འཁོར་དང་བཅས་པ་དམིགས་ལ། བདེ་བར་གཤེགས་པ་དམ་པའི་ཆོས། །ཚོགས་ཆེན་བཅས་ལ་ཕྱག་འཚལ་ལོ། །གཏུམ་པོ་ཕྱག་ན་རྡོ་རྗེ་ལ། །ཁྱད་པར་ དུ་ཡང་ཕྱག་འཚལ་ལོ། །ཡིད་འོང་མཆོད་རྫས་ཇི་སྙེད་རྣམས། །རིགས་གསུམ་འཁོར་དང་བཅས་ལ་འབུལ། །འཁོར་བ་ཐོག་མ་མེད་པ་ནས། །ད་ལྟ་སྡིག་པ་བགྱིས་པ་དང་། །བགྱིད་དུ་སྩལ་དང་ཡི་རང་བ། །ཤིན་ཏུ་འགྱོད་པས་བཤགས་ཤིང་སྡོམ། །བདག་དང་གཞན་ གྱིས་གང་བགྱིས་པའི། །དགེ་བ་ཀུན་ལ་རྗེས་ཡི་རང་། །བྱང་ཆུབ་སྙིང་པོ་ཉེར་གནས་ཏེ། །གང་ཡང་བྱང་ཆུབ་མཆོག་རྟོགས་པའི། །བདག་གིས་གསོལ་བ་རྒྱལ་བ་ཀུན། །འཁོར་ལོ་དམ་པ་བསྐོར་དུ་གསོལ། །བྱ་བ་ཐམས་ཅད་བྱས་ནས་ནི། །སངས་རྒྱས་མྱ་ངན་འདའ་བ་ རྣམས། བདག་གིས་གསོལ་བ་རྒྱལ་བ་ཀུན། །སངས་རྒྱས་མྱ་ངན་མི་འདའ་གསོལ། །ཕྱག་འཚལ་ལ་སོགས་བསོད་ནམས་གང་། །ཇི་སྙེད་བདག་གིས་བགྱིས་པ་རྣམས། །ཇི་ལྟར་མགོན་པོས་མཁྱེན་པ་ལྟར། །བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོའོ། །དེ་ནས་རང་གིས་རང་མ་རྟོགས་པ་ སྟོང་པར་བསྒོམ། ཨ་སེར་པོས་གསེར་གྱི་ས་གཞིར་བསམ། དེའི་སྟེང་དུ་བཾ་ལས་འོ་མ་ཅན་གྱི་རྒྱ་མཚོ་བསམ། དེ་ནས་སུཾ་ལས་རི་རབ། དེ་སྟེང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྟ་བབས་དང་བཅས་པ། དབུས་དང་མཚམས་བཞིར་འཁོར་ལོ་རྩིབས་བཞི་དང་ཕྱོགས་བཞི་ནི་ གྲི་གུག་བཞིས་མཚན་པའོ། །དེའི་དབུས་སུ་རཾ་ལས་སྟོང་པར་སོང་བའི་ངང་ལས་ཆོས་ཐམས་ཅད་རྡུལ་དང་བྲལ་བའི་སྒྲ་བྱུང་བར་བསམ། ཨོཾ་བཛྲ་ཛྭ་ལཱ་ན་ལཱ་ཡ་སྭཱ་ཧཱ། དེ་ལས་སྣ་ཚོགས་རྡོ་རྗེ་ངོས་གཅིག་མེད་པ། དེ་ལས་རྡོ་རྗེ་རྣམ་འཇོམས་ཀྱི་སྐུར་གྲུབ། སྐུ་ཡོངས་སུ་རྫོགས་པ་ནི་སྐུ་མདོག་ལྗང་ སྔོན་ཡིད་ཙམ་ཁྲོ་བ། གཡས་ན་རྡོ་རྗེ་རྒྱ་གྲམ་ལ་ངོས་གཅིག་མེད་པ་ཐུགས་ཀར་འཛིན་པ། གཡོན་དཀུར་བརྟེན་ཅིང་འགྱིང་བ། མགུལ་རྒྱན་དང་དཔུང་བརྒྱན་ལ་སོགས་པ་དང་ལྡན་པ། སྟོད་གཡོགས་དར་ལ་སྨད་གཡོགས་དང་ཚི་གུ་ཅན་བསྣམས་པའོ། །ཨོཾ་ཙུ་རུ་ཙུ་རུ་ཙཎྜ་ཀི་ལི་ཀཱི་ལཱ་ ཡ་སྭཱ་ཧཱ། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཨོཾ་ཧ་ར་ཧ་ར་བཛྲ་དྷ་རཱ་ཡ་སྭཱ་ཧཱ། ཨོཾ་པྲ་ཧ་ར་པྲ་ཧ་ར་བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ་ཞེས་པ་ལས། དབང་ལྡན་དང་མེ་དང་སྲིན་པོ་དང་རླུང་རྣམས་ཀྱི་འཁོར་ལོའི་སྟེང་དུ་གོ་རིམས་བཞིན་དུ་རྡོ་རྗེ་གདེངས་པ་དང་། རྡོ་རྗེ་ཀ་ན་ཀ་དང་། རྡོ་རྗེ་བེ་ཅོན་དང་། རྡོ་རྗེ་ཐོ་བ་རྣམས་སོ། །དེ་རྣམས་ལ་གོ་རིམས་བཞིན་དུ་རྡོ་རྗེ་གཏུམ་མོ་དང་། རྡོ་རྗེ་ཀི་ལི་ཀཱི་ལ་དང་། རྡོ་རྗེ་བེ་ཅོན་དང་། རྡོ་རྗེ་ཐོ་བ་རྣམས་ཀྱི་སྐུར་གྲུབ་པོ། །ཁྲོ་བོ་རྡོ་རྗེ་གཏུམ་པོ་སྨུག་ནག་བཞིན་ཁྲོ་གཉེར་ཅན། གཡས་པ་ཁྲོ་བོ་རྡོ་རྗེ་རྩེ་ལྔ་པ་ཕྱར་ཏེ་ཐོགས་པའོ། ། ལྷ་ཐམས་ཅད་གཡོན་བསྟན་ནས་འགྱིང་བའོ། །རྡོ་རྗེ་ཀི་ལི་ཀཱི་ལ་ཡ་མདོག་ལྗང་ནག་ཁྲོ་གཉེར་ཅན། གཡས་ན་རྡོ་རྗེ་རྩེ་གཅིག་པ། རྡོ་རྗེ་བེ་ཅོན་མཐིང་ནག་ཁྲོ་གཉེར་ཅན། སྨ་ར་སེར་པོ་ཅན། གཡས་ན་བེ་ཅོན་གྱི་རྩེ་མོ་རྡོ་རྗེས་མཚན་པ། རྡོ་རྗེ་ཐོ་བ་མདོག་ནག་པོ་ཤིན་ཏུ་ཁྲོ་བ་མཆེ་བ་ གཙིགས་པ། གཡས་ན་རྡོ་རྗེ་ཐོ་བ་ཐོགས་པའོ། །དེ་ནས་མཆོད་ཡོན་ལག་ཏུ་ཐོགས་ཏེ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ཁྲོ་རྒྱལ་རྣམས། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང་། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་ སརྦ་བིདྱ་དྷ་ར་སྭཱ་ཧཱ་ཞེས་པས་མཆོད་ཡོན་གྱིས་སྤྱན་དྲངས་ལ་རང་ལ་བསྟིམས་ལ། ཕྱག་རྒྱ་གསུམ་གྱིས་རྒྱས་གདབ་སྟེ། གོང་མའི་སྔགས་ལྔ་བརྗོད་ཅིང་ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་སྲིན་ལག་གཉིས་ནང་དུ་བཀུག་ལ་ཕན་ཚུན་བསྣོལ་བའི་རྩེ་མོ་མཛུབ་མོའི་དྲུང་དུ་ཅུང་ཟད་བྱུང་ བར་བྱས་ལ། གུང་མོ་གཤིབས་པའི་ཕྱི་རོལ་ནས་མཛུབ་མོ་གཉིས་བཀུག་སྟེ། བར་ནས་གང་ཙམ་གྱིས་མ་རེག་པར་བྱས་ལ། མཐེ་བོང་གཉིས་གཤིབས་པ་ནི་རྡོ་རྗེ་རྣམ་འཇོམས་ཀྱིའོ། །གཡོན་པ་ནི་སྡིགས་མཛུབ་སྙིང་གར་བཞག་པ། གཡས་པ་སོར་མོ་གསུམ་བསྒྲེང་ལ་མཐེ་ཆུང་གི་སེན་ མོ་མཐེབ་མོས་མནན་པའོ། །ལག་པ་གཉིས་ཁུ་ཚུར་ནང་དུ་བཅིངས་ལ། ཅུང་ཟད་བསྣོལ་བའི་ཚུལ་དུ་བཅུག་སྟེ། མཐེ་བོང་གཉིས་གྱེན་དུ་གཤིབས་ལ་བསྒྲེང་ངོ་། །ལག་པ་ཐལ་མོ་ཕྱག་འཚལ་བའི་ཐལ་མོ་སྦྱར་བ་ལས། མཐེ་བོང་གཉིས་བསྒྲེང་སྟེ་ཚིགས་པ་བཀུག་ནས་སྲིན་ ལག་གི་དྲུང་དུ་གཟུགས་སོ། །ལག་པ་གཉིས་ཁུ་ཚུར་བཅངས་ཏེ་མཐེ་བོང་གཉིས་བསྒྲེངས། མཐེའུ་ཆུང་གཉིས་ནང་དུ་གཞུག་གོ། །ཕྱག་རྒྱ་ཆེན་པོ་རྣམས་གོང་མ་བཞིན་བསྒོམས་པས་རྒྱས་གདབ། དེ་ནས་མཆོད་པ་དང་བསྟོད་པ་བྱ། དེ་ནས་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ལ་ནང་ འོ་མ་ཅན་གྱི་རྒྱ་མཚོ་ལས་པདྨ་འཁྲུངས་པར་བསམས་ལ་པདྨའི་སྟེང་དུ་ཟླ་བ། དེའི་སྟེང་དུ་སྔགས་ལྔས་ལྷ་ལྔ་བསྐྱེད་ལ་ཡེ་ཤེས་ཀྱི་ལྷ་རྣམས་མཆོད་ཡོན་གྱིས་སྤྱན་དྲངས་ལ་བསྟིམ། ཕྱག་རྒྱ་གསུམ་གྱིས་རྒྱས་བཏབ་ནས་མཆོད་བསྟོད་བྱས་ལ། བུམ་པའི་སྟེང་དུ་བཞག་ ལ། དེ་ལ་གཟུངས་ཐག་བཏགས་ལ། རང་དང་ལྷའི་ཐུགས་ཀར་སྔར་གྱི་སྔགས་ལྔ་པོ་གང་ཟློས་པ་གསལ་བར་དམིགས་ལ། ཕྲེང་བ་སྙིམ་པར་བཅུག་ལ་གཟུངས་ཐག་ནས་བཟུང་ལ། ཨོཾ་བཛྲ་ཨ་ཙྪིནྡྷ་ཡེ་སྭཱ་ཧཱ་ཞེས་བརྗོད་ལ་ཕྲེང་བ་ལག་པ་གཡས་པས་བཟུང་ལ་སོ་སོའི་སྔགས་ བཟླས་པས་ཡི་གེ་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ནས་ཡེ་ཤེས་སེམས་དཔའ་མཉེས་ཤིང་བུམ་པར་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་ཁེངས་པར་བསམ། ཐུན་རེ་ལ་གླལ་དང་སྦྲིད་པ་གསང་སྦུབས་ལ་སོགས་པ་སྤངས་ལ་མ་ཡེངས་པར་འཛབ་ཏུ་དབུལ་ལོ། །གླལ་ལ་སོགས་བྱུང་ན་ཁྲུས་སོགས་བྱས་ལ་བཟླས་པ་བསྐྱར། ཡང་ན་ཀུན་ལ་ཐུན་མོང་དུ་ཡང་སྙིང་ཐུན་རེ་ལ་བརྒྱ་རྩ་བརྒྱད་དམ་ཇི་ལྟར་ནུས་པ་དབུལ། དེ་ནས་མཆོད་བསྟོད་བྱས་ལ། ཕྱི་རོལ་དུ་དཔུང་བཟངས་ལས་འབྱུང་བ་བཞིན་གཏོར་མ་བཏང་ལ། ལུས་ངག་གི་ཀུན་སྤྱོད་བྱ། ཐུན་གཉིས་ཕན་ཆོད་ལ་རང་ཁྲུས་སོགས་བྱས་ལ་མཆོད་བསྟོད་བཟླས་པ་བྱའོ། ། ཐུན་ཐ་མ་ལ་མཆོད་བསྟོད་གཏོར་མ་བཏང་བའི་རྗེས་ལ་བཟོད་པར་གསོལ་ལ། སླར་ཡང་བདག་ལ་ངེས་པར་ནི། །རྗེས་སུ་བཟུང་བར་མཛད་ནས་ཀྱང་། །མགོན་པོ་རིག་དང་སྔགས་བཅས་པས། །ཅི་བདེ་བར་ནི་གཤེགས་སུ་གསོལ། །ཞེས་ཐབས་ཀྱི་ཡེ་ཤེས་པ་གཤེགས་སུ་གསོལ། ། ཁྲོ་བོ་བཞི་པོ་རང་ལ་བསྡུ། རང་བདུད་རྩི་འཁྱིལ་པར་བསྒྱུར་ལ་ཉལ། ཡང་ཐོ་རངས་ཁྲུས་དང་འཐོར་འཐུང་ཉེ་རེག་དང་ལས་ཀྱི་རྡོ་རྗེ་ཆོ་ག་ནས་བཟུང་ལ་ཐམས་ཅད་སྔར་བཞིན་བྱས་ལ། མེ་ལོང་གི་ངོས་ལྟར་མཉམ་པ་ལ་རྣམ་ལྔ་དང་དྲི་ཞིམ་པོས་བྱུགས་ལས་གཟུང་བྱའོ། །དེ་ནས་ཁྲུས་དང་ འཐོར་འཐུང་ཉེ་རེག་བྱས་ལ། ས་གཟུང་ཉི་མ་ནས་བརྩམས་ཏེ། །སློབ་མ་དཀྱིལ་འཁོར་འཇུག་གི་བར། །སློབ་དཔོན་རྟོགས་པར་འཇུག་པར་བྱ། །དྲི་དང་བཅས་པའི་ཟས་བཟའ་ཞིང་། །ཞེས་གསུངས་པས། སྨྱུང་བ་ལ་གནས་པའམ། ཡང་དཀར་གསུམ་ལ་དྲིས་བསྒོས་པ་ཉུང་ཟད་ ཙམ་བཟའོ། །དཀྱིལ་འཁོར་གྱི་དབུས་སམ་ནུབ་ཕྱོགས་སུ་ཀུ་ཤའི་སྟན་ལ་འདུག་སྟེ། ལྷ་དྲུག་གི་སྒོ་ནས་རང་ལྷ་ལྔར་བསྐྱེད་ཅིང་ཡེ་ཤེས་བཅུག་ནས་རྒྱ་གསུམ་གྱིས་བཏབ་པ་ལ། ཤར་ཕྱོགས་ནས་སློབ་མའམ་ཡོན་གྱི་བདག་པོས་ཁྲུས་ལ་སོགས་པ་བྱས་ནས་ གོས་གཙང་ཞིང་གསར་པ་གོན་ལ་མེ་ཏོག་གི་ཕྲེང་བ་དྲི་ཞིམ་པོས་བསྒོས་པ་ལག་ཏུ་ཐོགས་ལ་ཙོག་པུར་འདུག་སྟེ། མདོ་སྡེ་དམ་པ་མཉན་པར་བྱ། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་འབྱུང་པོ་ཐམས་ཅད་ཀྱི། །མི་བཟད་པ་ཡི་ནད་རྣམས་ཀྱང་། །དེ་དག་ཐམས་ཅད་ཞི་བར་ བལྟ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར། །དེ་བས་རྡོ་རྗེ་རིགས་མཆོག་གིས། །རྣམ་འཇོམས་དཀྱིལ་འཁོར་བཤད་དུ་གསོལ། །ཞེས་དང་བའི་དད་པ་དང་ལྡན་པས་ལན་གསུམ་གསོལ་བ་གདབ་བོ། །དེ་ནས་སྔགས་འཆང་འགྲེང་སྟེ། རང་གི་ལྷའི་འཁོར་ལོ་ནམ་མཁའ་ལ་བཏེག་ལ། རང་བདུད་རྩི་འཁྱིལ་པར་བསྒྱུར་ལ། མིག་ལ་ཧཱུྃ་བཀོད་ལ་ཉི་ཟླ་འབར་བར་བྱ་ཞིང་། རྐང་པ་གཉིས་སུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཁ་གྱེས་པར་བསམས་ལ། སེ་གོལ་གྱི་སྒྲ་བརྡབས་ཤིང་ཁྲོ་བོའི་ལྟ་བས་ཕྱོགས་མཚམས་ཐམས་ཅད་ལྟ་ཞིང་ རྡོ་རྗེ་ལན་གསུམ་དུ་གསོར་ལ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་ཅན་གྱི་ཐབས་ཆེན་དེ། །ཞི་ཡང་སེམས་ཅན་གདུལ་དོན་དུ། །དྲི་མ་མེད་པའི་ཁྲོ་བོར་གྱུར། །བཅོམ་ལྡན་འདས་བདུད་རྩི་འཁྱིལ་པ་དེ་ལ་ཕྱག་འཚལ་ལོ། །བདུད་རྩི་འཁྱིལ་པའི་སྔགས་རིང་བརྗོད་དོ། ། དེ་ནས་སེང་ལྡེང་གི་ཕུར་བུ་སྟོང་བདུད་རྩི་འཁྱིལ་པའི་རྣམ་པ་ལ་སྨད་ཟུར་གསུམ་པར་འདུག་པ་ལ། ན་མ་རཏྣ་ཏྲ་ཡཱ་ཡ་ནས། ཀྲོ་དྷ་ཀྲོ་དྷ་ཀི་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་བྱ་བའི་བར་ལན་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་དམ་མ་ནུས་ན་ལན་གསུམ་བཏབ་ལ། དབུས་དང་མཚམས་བཞིར་གདབ། ཅོད་པན་དང་ཙནྡན་དམར་པོས་ཐིག་ལེ་གསུམ་དང་གུ་གུལ་དང་། ཡུངས་ཀར་དང་། དྲི་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང་། དབུའི་གཙུག་ཏོར་རྣམས་རྫོགས་པར་བྱའོ། །དེ་ནས་བརྟན་མ་ལྷག་གནས་བྱ་སྟེ། གཡས་པའི་སྲིན་ལག་གི་ཧཾ་གིས་བཀུག་ལ། དྲི་སྔོན་དུ་སོང་བའི་རྣམ་ ལྔས་མཆོད་ལ། སྤོས་ཐོགས་ལ། སྐྱོབ་པ་སངས་རྒྱས་ལ་སོགས་ཀྱིས། །མཁྱེན་པ་གསོལ་བ་ལན་གསུམ་བྱ། །དེ་ནས་ལྷ་ལྔའི་ས་དང་། ཕྱོགས་སྐྱོང་གི་གནས་སུ་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་བྱས་ལ་ལྷ་ལྔ་ནམ་མཁའ་ནས་ཕབ་ལ་བཞུགས་སུ་གསོལ། ཕྱོགས་སྐྱོང་ རྣམས་ཡིད་ཙམ་མམ། ཡང་ན། རི་རྒྱལ་གཉའ་ཤིང་འཛིན་གྱི་ཚུལ་ལྟོ་ནས། །ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་བཞུགས་སོ་འཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན། །ལོག་འདྲེན་གཞོམ་པའི་སླད་དུ་འདིར་གཤེགས་ཤིག །ཨེ་ཧྱེ་ཧི་ད་ཤ་ལོ་ཀ་ས་པ་རི་བཱ་ར་ས་མ་ཡ་སྟྭཾ་ ཞེས་བརྗོད་དོ། །དེ་ནས་མཆོད་པ་ཐམས་ཅད་ཀྱིས་མཆོད་ཅིང་བསྟོད་པ་ཀུན་གྱིས་ཀྱང་བསྟོད་ལ། བུམ་པ་གཙང་མ་འདིར་བཅའ་ཞིང་བུམ་པ་ལ་མཆོད་ལ། བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་ཏུ་སྔ་མ་བཞིན་དུ་བཟླས་སོ། །ཡོན་བདག་དང་སློབ་མ་ཡང་ཁྲུས་ལ་སོགས་པ་བྱེད་དུ་བཅུག་ ལ། གསུམ་ལ་སྐྱབས་འགྲོ་སྦྱིན། གཏོར་མ་བཏང་ལ་པུས་མོ་གཡས་པ་བཙུགས་ལ། དྲིལ་བུ་གསིལ་ཞིང་རྡོ་རྗེ་དང་སྤོས་ཐོགས་ལ། །རྡོ་རྗེ་རྣམ་འཇོམས་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། །རིག་རྒྱལ་ཁྲོ་བོའི་ཚོགས་རྣམས་དང་། །གང་ཡང་གསང་ སྔགས་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བ་མཐུ་ཆེན་རྣམས། །མ་ལུས་བདག་ལ་དགོངས་སུ་གསོལ། །རྡོ་རྗེ་རྣམ་འཇོམས་དཀྱིལ་འཁོར་ནི། །འགྲོ་བའི་སྡུག་བསྔལ་བསལ་བའི་ཕྱིར། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཡོ་བྱད་ཅི་འབྱོར་པས་འདྲི་ན། །ཁྱོད་ཀྱིས་ གནང་བ་མཛད་པ་དང་། །ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་ལན་གསུམ་བརྗོད། ཉི་མ་འཆར་ཀ་སྔགས་འཆང་གཡོག་དང་བཅས་པ་ཐིག་ཇི་ལྟ་བ་བཞིན་དུ་བསྒྲུབས་ལ། ཡེ་ཤེས་ཀྱི་ཐིག་དང་ལས་ཀྱི་ཐིག་དང་། ཀུན་ལ་སློབ་དཔོན་ཁ་ནུབ་ཏུ་ལྟ་བ་ལྷག་མའོ། །སེང་ལྡེང་ གི་ཕུར་བུས་དབུས་སུ་བཏབ་ལ། སྲད་བུ་བརྟོད་པས་བསྐོར་ཕྱོགས་སུ། རྣམ་འཇོམས་ཀྱི་གནས་ཆ་ཆེན་གཅིག་ལ་བསྐོར། མུ་ཁྱུད་ཆ་བྲན་ལྔ་བ་བསྐོར། དེ་ནས་ལྷ་སྣམ་ལ་ཐུག་པ་ལ་འཁོར་ལོའི་མུ་ཁྱུད་ཆ་བྲན་གཉིས་བསྐོར། དེ་ནས་ཕྱི་རོལ་རྡོ་རྗེ་ར་བ་དང་མེ་རི་རྟ་བབས་ཀྱི་ཕྱི་ རོལ་དུ་ཆ་བྲན་གཉིས་གཉིས་ལ་བསྐོར། དེ་ནས་འགྲུས་ཐིག་བཏབ་ལ་འཁོར་ལོ་རྩིབས་བཞིའི་ཐིག་བཏབ། ཕྱོགས་བཞིར་གྲི་གུག་རེ་བྱ། དེ་ནས་ཚོན་བསྒྲུབས་ལ། ཕྱོགས་ཚོན་ལ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་མཐིང་། འཁོར་ལོ་བཞི་དང་གྲི་གུག་སྔོ་སྐྱ། པདྨ་རཱ་ག་དང་པོར་སྔོ། །དེའི་ཕྱི་རོལ་ལྗང་། དེའི་ཕྱི་རོལ་དམར། དེའི་ཕྱི་རོལ་སེར། ཀུན་གྱི་ཕྱི་རོལ་དཀར་པོ། དེ་ནས་འཁོར་ལོའི་དབུས་དང་འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་རེ་རེ་བྲིས་ལ། དབུས་སུ་རྡོ་རྗེ་རྒྱ་གྲམ་ལྗང་སྔོན་ལ་ ངོས་གཅིག་མེད་པ་བྲི། བྱང་ཤར་གྱི་རྩིབས་ལ་རྡོ་རྗེ་རྩེ་ལྔ་པ་སྨུག་ནག །ཤར་ལྷོའི་རྩིབས་ལ་རྡོ་རྗེ་རྩེ་གཅིག་པ་ལྗང་ནག །ལྷོ་ནུབ་ཀྱི་རྩིབས་ལ་བེ་ཅོན་མཐིང་ནག །ནུབ་བྱང་གི་རྩིབས་ལ་ཐོ་བ་ནག་པོ་བྲི། འཁོར་ལོའི་མུ་ཁྱུད་དཀར་པོ་ལ། གྲུ་ཆད་ལྗང་གུ་ལ་བུམ་པ་བྲི། ལྷའི་སྣམ་ བུར་ཕྱོགས་སྐྱོང་དགོད། །དེ་ཡང་གསང་བའི་སྤྱི་རྒྱུད་ལས། །བརྒྱ་བྱིན་གྱི་ནི་རྡོ་རྗེར་གསུངས། །མེ་ལྷའི་ཕྱག་མཚན་མེ་ཐབ་ཡིན། །གཤིན་རྗེ་ཡི་ནི་བེ་ཅོན་ཏེ། །བདེན་བྲལ་གྱི་ནི་རལ་གྲི་སྟེ། །ཆུ་བདག་གི་ནི་ཞགས་པར་བྱ། །རླུང་ལྷའི་ཕྱག་མཚན་རྒྱལ་མཚན་ཡིན། །ཀུ་བེ་ར་ ཡིད་བྱུག་སྔོན་ནོ། །དབང་ཕྱུག་གི་ནི་ཏྲི་ཤཱུ་ལ། །ས་ཡི་ལྷ་མོ་བུམ་པའོ། །ཉི་ཟླའི་ཕྱག་མཚན་དེ་ཉིད་དོ། །དེ་རྣམས་གདན་བྱས་པའི་སྟེང་དུ་དགོད་པར་བྱའོ། །དེ་ནས་སྒོ་བཞིར་ནུབ་ཀྱི་སྒོར་དཔལ་བེའུ་དང་འཁོར་ལོ། བྱང་གི་སྒོར་གདུགས་དང་རྒྱལ་མཚན། ཤར་གྱི་སྒོར་ པདྨ་དང་བུམ་པ། ལྷོའི་སྒོར་དུང་དང་ཉ་བྲི། དེ་ནས་རྟ་བབས་ལ་སོགས་རྫོགས་པར་རོ། །དེ་ནས་དཀྱིལ་འཁོར་གྱི་གནས་བའི་རྣམ་ལྔ་དང་དྲི་ཞིམ་པོས་ཉེ་བར་བྱུགས་ལ། བླ་རེ་དང་། རྒྱལ་མཚན་དང་། བ་དན་དང་། ལྷབ་ལྷུབ་ཀྱིས་དཀྱིལ་འཁོར་གྱི་གནས་བརྒྱན་ཅིང་། མེ་ཏོག་སིལ་མ་ གཏོར་ཞིང་མཆོད་པའི་ཡན་ལག་ཐམས་ཅད་བཤམས་ལ་དྲ་ཕུར་བྲེས་ལ། དེ་ནས་སྔགས་འཆང་བདག་ཉིད་ཁྲུས་ལ་སོགས་པ་ཐམས་ཅད་ལ། ནུབ་སྒོར་རྩ་ཀུ་ཤའི་སྟན་ལ་འདུག་ལ། ལས་ཀྱི་རྡོ་རྗེའི་ཆོ་ག་དང་གསང་གདུབ་དང་གདུ་བུའི་ཆོ་ག་རྣམས་བྱས་ལ་མཎྜལ་བླང་ལ་མཚན་མ་ དང་སྟ་གོན་གྱི་ལྷ་བསྲེས་ལ། མེ་ཏོག་སྔོན་པོའི་ཕྲེང་བ་ཐོགས་ལ་རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་། ཨོཾ་བཛྲ་ཛྭ་ལཱ་ན་ལཱ་ཡ་སྭཱ་ཧཱ་ཞེས་བརྗོད་ཅིང་ལན་གསུམ་གསུམ་བསྐོར་བ་བྱས་ལ། མེ་ཏོག་རྡོ་རྗེ་རྣམ་འཇོམས་ཀྱི་དབུ་ལ་ཕུལ། སླར་རང་གི་མགོ་ལ་བཅིངས་ལ། ནུབ་སྒོར་འགྲེང་ལ་ཁྲོ་བོའི་བསྟོད་ པ་བཏང་ལ། བགེགས་ལ་ལ་ཞིག་སྔོན་གྱི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལ། དངོས་གྲུབ་ཀྱི་བར་ཆད་རྩོམ་པ། རིག་པའི་རྒྱལ་པོ་དྲག་པོའི་རྡོ་རྗེ་རབ་ཏུ་འབར་བ་འདིས་མགོ་བོ་ཚལ་པ་བདུན་དུ་འགས་སོ་ཞེས་བརྗོད་ཅིང་། ཨ་མོ་གྷ་བཛྲ། ཨོཾ་ཧྱེ་ཧི་བཛྲ་ཞེས་པ་ནས་བཛྲ་རཱ་ག་ཛྭ་ལཱ་ཡ་ སྭཱ་ཧཱའི་བར་དུ་ལན་ཅིག་བརྗོད་པས་མཚམས་བཅད། དེ་ནས་སྔགས་འཆང་ནུབ་སྒོར་ཀུ་ཤའི་གདན་ཉིད་ལ་བསྡད་ལ། དྲིལ་བུ་གསིལ་ཞིང་སྤོས་སྣོད་ཐོགས་ལ། ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་བདུད་ཁམས་ཐམས་ཅད་བསྲེགས། །ཞེ་སྡང་གཤིན་ རྗེའི་འཇིག་རྟེན་ཐམས་ཅད་འཇོམས། །ལོག་འདྲེན་སྲིན་པོ་མ་ལུས་གདུལ་བ་ཡིན། །དཔའ་བོ་དཔའ་མཚན་སྟག་ལྤགས་རློན་པ་གསོལ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཆལ། །ལོག་འདྲེན་འཇོམས་པའི་སླད་དུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་ གསོལ། །བཛྲ་བི་དཱ་ར་མ་ཧཱ་ཀྲོ་དྷ་ས་པ་རི་བཱ་ར་ས་མ་ཡ་སྟྭཾ་ཞེས་བརྗོད། དེ་ནས་མཆོད་ཡོན་ཕུལ་ལ། དམ་ཚིག་ལ་ཡེ་ཤེས་གཞུག་པ་ནི་མ་ཏིསྠི་ར་བཛྲ། ཤྲུ་ཏིསྠི་ར་བཛྲ། པྲ་ཏིསྠི་ར་བཛྲ། མ་ཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ་ཞེས་པས་བཞུགས་སུ་གསོལ། དེ་ནས་དམ་ཚིག་ཆེན་པོ་དེའི་ཕྱག་ རྒྱ་བསྟན་ཏེ། ལག་པ་གཡས་པའི་མཐེ་བོང་མཐེའུ་ཆུང་མནན་ལ་ལྷག་མ་རྡོ་རྗེ་རྩེ་གསུམ་པའི་ཚུལ་དུ་བསྒྲེང་བའོ། །ཨོཾ་ཤཾ་ཀ་རེ་མ་ཧཱ་ས་མ་ཡེ་སྭཱ་ཧཱ་ཞེས་བརྗོད་པ་ནི་དམ་ཚིག་ཆེན་པོའི་སྔགས་དང་ཕྱག་རྒྱའོ། །དེ་ནས་ཕྱག་རྒྱ་གསུམ་གྱིས་གདབ། དེ་ནས་བུམ་པ་སྔར་བཞིན་བཟླས་ལ་གཞུག་ གོ། །དམ་ཚིག་གསོ་སྟེ་ལག་པ་གཉིས་རྒྱབ་ཏུ་ཐལ་མོ་སྦྱར་བའི་ཚུལ་དུ་བྱས་ལ་མཐེ་བོང་དང་མཐེའུ་ཆུང་གཉིས་སོ་སོར་འཁྱུད་ལ་ལྟེ་བའི་ཐད་ཀར་བཞག་ལ། ཨོཾ་བཛྲོད་བྷ་བ་ཡ་སྭཱ་ཧཱ་ཞེས་བརྗོད་པ་རྡོ་རྗེ་རིགས་ཀྱི་དམ་ཚིག་བསྐང་ཞིང་གསོ་བའོ། །སྐུ་ཁྲུས་གསོལ། མཆོད་ཡོན་ཕུལ། དྲི་སྔོན་དུ་འགྲོ་བས་རྣམ་ལྔ་དབུལ། འདོད་ཡོན་དང་རིན་པོ་ཆེ་སྣ་བདུན་དང་། འཕྲ་མཆོད་དབུལ། དེ་ནས་བསྟོད་དེ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་སྟེ། །ཐབས་ལ་མཁས་པའི་འཇིགས་བྱེད་སྐུར་སྟོན་པ། ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲ། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ལྷ་ཡི་ཡེ་ཤེས་རོལ་པས་རབ་སྟོན་ཅིང་། བསྡིགས་པའི་ མཚོན་ཆ་མང་པོ་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་སྣ་ཚོགས་འཇོམས་མཛད་པ། །དུག་སྦྲུལ་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །ཧཱུྃ་གཏུམ་ཆེན་འབར་བ་བསྐལ་པའི་མེ་ལྟར་འབར། །ཁྲོ་གཉེར་གློག་སྟོང་འོད་ཟེར་འགྱུར་བ་བཞིན། །རྔམ་པའི་ང་རོ་འབྲུག་སྟོང་ བཞིན་དུ་སྒྲོགས། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །དཔའ་བོའི་སྟོང་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་ འཚལ་བསྟོད། །དེ་ནས་དཔུང་བཟངས་ནས་འབྱུང་བ་བཞིན། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་བཅས། །ཞེས་བྱ་བ་ལ་སོགས་པ་དང་། དབང་པོ་རྡོ་རྗེ་འཆང་བའི་ལྷ། ཞེས་པ་ལ་སོགས་ཀྱིས་ཕྱོགས་སྐྱོང་ལ་གཏོར་མ་དང་བསྟོད་པ་བྱ། འབྱུང་པོ་གང་དག་རི་རབ་སྟེང་གནས་ ལ་སོགས་ཀྱིས་འབྱུང་པོའི་གཏོར་མ་བཏང་། དེ་ནས་གང་ཟག་དེ་ཁྲུས་དང་འཐོར་འཐུང་དང་ཉེ་རེག་བྱེད་དུ་བཅུག་ལ་གོས་གཙང་མ་གོན་དུ་བཅུག །དཀྱིལ་འཁོར་དང་སྔགས་འཆང་གཉིས་ལ་ཕྱག་བྱེད་དུ་བཅུག་ལ། ལག་ཏུ་མེ་ཏོག་གི་ཕྲེང་བ་དང་བཅས་པས། རིག་སྔགས་འཆང་ ཆེན་དགོངས་སུ་གསོལ། །བདག་ནི་སྡུག་བསྔལ་ལས་ཐར་ཕྱིར། །རྡོ་རྗེ་འཛིན་དེ་འཁོར་བཅས་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །ཞེས་ལན་གསུམ་དུ་བརྗོད་དོ། །དེ་ནས་སྔགས་འཆང་གིས་དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པར་བྱ་སྟེ། ཇི་ལྟར་སྔོན་ཚེ་བདེ་གཤེགས་ཕོ་བྲང་དུ། ། གདུག་པ་འདུལ་ཕྱིར་རྡོ་རྗེ་ཅན་གྱིས་ནི། །རྗེས་མཐུན་ཕྲིན་ལས་ཁྱད་པར་གང་བསྒོ་བ། །དམ་བཅས་ཕྲིན་ལས་དེ་ནི་གྲུབ་པར་མཛོད། །དེ་སླད་བགེགས་དང་ལོག་འདྲེན་ཚར་བཅད་ལྟར། །འགྲོ་བ་ཉམ་ཐག་འདི་ནི་གཟུང་བའི་ཕྱིར། །སྡུག་བསྔལ་ངེས་བསལ་བདེ་མཆོག་ལ་སྦྱར་བའི། ། ཁྲོ་རྒྱལ་ཁྱེད་ཀྱིས་དེང་འདིར་བྱིན་བརླབས་གསོལ། །དེ་ནས་འགྲོ་བ་དེ་རྩྭ་ཀུ་ཤའི་སྟེང་དུ་བཞག་ལ། གདུག་པའི་སྔགས་ཀྱིས་བགེགས་བསྐྲད་དེ། ན་མོ་རཏྣ་ཏྲ་ཡཱ་ཡ་ནས་ཧཱུྃ་ཕཊ་ཀྱི་བར་དུ་བརྗོད། དེ་ནས་ལས་བུམ་གྱིས་བཀྲུ་ཞིང་། སྡིག་པ་ཐམས་ཅད་བྱང་བྱས་ནས། །ཞེས་པ་ནས། སྡིག་ པ་ཀུན་ལས་རྣམ་པར་ཐར། །ཞེས་པའི་བར་དུ་ཁྲུས་ཀྱི་ཕན་ཡོན་བརྗོད་ཅིང་བཀྲུའོ། །དེ་ནས་ཁྲུས་སའི་སྟེགས་བུ་ཁྲུ་གསུམ་པ་ལ་ཁྲུ་དོ་སྟོང་པར་དབང་སུ་བཞག་ལ་ཁྲུ་ཕྱེད་ལྷ་སྣམ་ལ་ཕྱོགས་སྐྱོང་རྣམས་བཀོད་ལ། ཁྲུ་གང་ལ་རྟ་བབས་མེད་པའི་སྒོ་བཞི་བྲིས་ཏེ། དབུས་སུ་རྩྭ་ ཀུ་ཤ་བཏིང་བར་འགྲོ་བ་དེར་བཞག་པའམ། ཁྲུས་སའི་སྟེགས་བུ་མ་འབྱོར་ན། དཀྱིལ་འཁོར་གྱི་ལྷ་ལྔ་བུམ་པར་ཡིད་ཀྱིས་སྤྱན་དྲངས་ལ། རྨ་བྱའི་སྒྲོ་ལ་སོགས་པ་མཚན་མ་ལྔ་པོས་ཕྱིས་ལ། དེར་རྩྭ་ཀུ་ཤའམ་རས་དཀར་པོ་བཏིང་ལ། འགྲོ་བ་དེར་བཞག་ལ་བུམ་པ་རྣམས་ཐོགས་ཏེ། གང་ལ་སེར་སྣ་རྣམས་ཆགས་པའི། །རྣམ་འཇོམས་དྲི་མེད་མཛད་པ་ཡི། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་སྡུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱོད་ལ་བདེ་ ལེགས་བྱེད་པར་འགྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་བྱེད་པར་འགྱུར། །སྐྱོབ་པ་གང་གིས་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །ཁ་གཅིག་བཞིན་དུ་རྟག་བསྐྱངས་དེས། ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་གིས་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་བྱེད་པར་འགྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །བརྒྱ་བྱིན་བཅས་པའི་ལྷ་རྣམས་དང་། །འབྱུང་པོ་ཀུན་གྱི་ བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་བྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱིས་བསམས་པ་ཡིས། །ཁྱེད་ཀྱི་འདོད་འདོད་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤོག །ཅེས་བརྗོད་ལ། ན་མོ་རཏྣ་ཏྲ་ཡཱ་ཡ་ནས་ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་བཛྲ་ཛྭ་ལཱ་ན་ལཱ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་ཁྲོ་བོ་བཞིའི་སྔགས་དང་འབྲུ་སྤེལ་ལ་བཀྲུ། སྡིག་པ་དང་ནད་དང་གདོན་ལ་སོགས་པ་དག་པར་བསམས་ལ། ཤར་སྒོ་ནས་བཏོན་ལ་གསུམ་ལ་སྐྱབས་སུ་འགྲོ་བ་བྱིན་ལ་སྙིང་གར་རྡོ་རྗེ་རྣམ་འཇོམས་ཀྱི་ཕྱག་མཚན་བསྐྱེད་ཅིང་བཅུག་ལ་བཞག །དེ་ནས་སློབ་མ་རྡོ་རྗེའི་རྭ་ལ་འཛིན་དུ་བཅུག་ལ། ཡ་གཅིག་ནས་སློབ་དཔོན་གྱིས་བཟུང་ལ། འགྲོ་བ་འདི་ལ་ང་ཡིས་བསྲུངས་ཟིན་གྱིས། །ད་ནི་འདི་ལ་སུས་ཀྱང་གནོད་མ་བྱེད། །གལ་ཏེ་འདི་ལ་གནོད་པ་བྱས་གྱུར་ན། །མགོ་བོ་ཚལ་བ་བརྒྱར་ནི་འགས་པར་འགྱུར། །ཞེས་བརྗོད་ལ་སྲུང་བའི་འཁོར་ལོའམ་སྲུང་སྐུད་གདགས། ཉི་མ་གཟའ་ལས་གྲོལ་བ་བཞིན་དུ་ཆེ་གེ་མོ་འདི་ ཡང་ནད་དང་གདོན་ལ་སོགས་པ་ལས་གྲོལ་བར་གྱུར་ཅིག །རྒྱལ་བར་གྱུར་ཅིག །མང་དུ་བརྗོད་ཅིང་རོལ་མོ་མང་དུ་ཡང་རྡུང་དུ་གཞུག་གོ། །དེ་ནས་རས་དཀར་པོ་གཙང་མའི་སྟེང་དུ་བཀྲ་ཤིས་ཀྱི་རྫས་རྣམས་བཞག་སྟེ། ཡུངས་ཀར་དང་། དཱུར་བ་དང་། བིལ་བ་དང་། གི་ཝང་དང་། ལི་ཁྲི་ དང་། ཞོ་དང་། མེ་ལོང་དང་། དུང་གཡས་སུ་འཁྱིལ་བ་དང་བརྒྱད་བྱིན་ཏེ། ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པའོ། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་འགྱུར་བར། །བཀྲ་ཤིས་དེས་ཀྱང་ཐམས་ཅད་ཞི་བར་ཤོག །དཱུར་ བས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་གྲུབ་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ནི་འཕེལ་བར་ཤོག །བིལ་བས་རྒྱུ་རྐྱེན་འབྲས་བུར་གྱུར་པའི་ཆོས། །འཇིག་རྟེན་པ་ལས་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་ གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་མཆོག་ཏུ་གྲུབ་གྱུར་ཅིག །གི་ཝང་དུག་གསུམ་འཇོམས་པའི་ནད་ཀྱི་སྨན། །ཆོས་ཀྱི་ཆོས་ཉིད་རབ་ཏུ་རྟོགས་ནས་ནི། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་བྲལ་གྱུར་ཅིག །ལི་ཁྲི་དམར་པོ་དབང་གི་རང་ བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་བརྟན་གྱུར་པ་སྟེ། །བཀྲ་ཤིས་དེས་ཀྱང་ཁྱོད་སྲིད་བརྟན་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པས་ན། །སྙིང་པོ་རྣམ་དག་ཡེ་ཤེས་རྣམ་རྟོགས་ནས། །ཡོན་ཏན་ཆོས་ཀྱི་དབྱིངས་སུ་གྱུར་པ་ཡི། ། བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་བར་ཤོག །མེ་ལོང་ཡེ་ཤེས་ཆེན་པོའི་རྒྱ་མཚོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་བདག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་དེང་ཁྱོད་དགའ་གྱུར་ཅིག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། ། ཡེ་ཤེས་རྒྱ་མཚོ་ཉིད་དུ་བདག་གྱུར་ཏེ། །ཆོས་རྣམས་མ་ལུས་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་ལ་དབང་ཐོབ་ཤོག །ཅེས་བླངས་ལ་སློབ་མ་ལ་སྦྱིན་ནོ། །དེ་མ་འབྱོར་ན་དཀར་གསུམ་ཙམ་མམ་འབྲས་ཆན་ལ་བཀྲ་ཤིས་བརྗོད་ལ་སྦྱིན། །སློབ་མས་ཀྱང་འབྱོར་ཚད་ཀྱིས་ མཆོད་སྦྱིན་བྱ། །དེ་ནས་སླར་བུམ་པའི་ལྷ་དང་དཀྱིལ་འཁོར་དང་བུམ་པའི་ལྷ་ལ་གང་ཡང་བདག་བློ་གཏི་མུག་ལ་སོགས་ཀྱིས་བཤགས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ལ་སོགས་ཀྱིས་ཡེ་ཤེས་པ་གཤེགས་སུ་གསོལ་ལ། དམ་ཚིག་པ་རྣམས་རང་ལ་བསྡུས་ལ་ རང་བདུད་རྩི་འཁྱིལ་པར་བྱའོ། །དེ་ནས་ཆོས་ཐམས་ཅད་ནི་གདོད་མ་ནས་དག་པའོ། །རང་བཞིན་གྱིས་ཞི་བའོ་ཞེས་བརྗོད་ཅིང་རྡུལ་ཚོན་ཕྱགས་ལ་བུམ་པ་དང་། དམན་པ་རྣམས་ཆུ་བོའམ་གནས་མཐོན་པོར་བསྐྱལ་ལོ། །དམ་པ་རྣམས་ཀྱི་གཞུང་བཟུང་ནས། །སྣ་ཚོགས་རྒྱུད་ལ་ རབ་བརྟན་ཏེ། །རྡོ་རྗེ་རྣམ་པར་འཇོམས་པ་ཡི། །དཀྱིལ་འཁོར་ཆོ་ག་ལྡན་པ་ཡི། །ཁྲུས་ཀྱི་ཆོ་ག་བརྩམས་པ་ལས། །དྲི་མེད་དགེ་བ་གང་ཐོབ་དེས། །འགྲོ་ཀུན་སྡུག་བསྔལ་ཞི་ནས་ཀྱང་། །ལམ་མཆོག་རྣམས་ལ་ཞུགས་གྱུར་ཅིག །རིག་སྔགས་འཆང་གི་སློབ་དཔོན་རཏྣ་ཤཱི་ ལས་མཛད་པའི་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག་གཞན་ལ་ཕན་པར་བྱེད་པ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཛྲ་བོ་དྷི་དང་། ལོ་ཙཱ་བ་ཚུལ་དགེ་རིན་ཆེན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ བི་དཱ་ར་ཎ་དྷཱ་ར་ཎཱི་སཱ་དྷ་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་སྒྲུབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། །མི་ཤིགས་ཀུན་འཇོམས་རྡོ་རྗེ་འཛིན། །ཁྲོས་ཤིང་གཏུམ་པའི་སྐུ་མངའ་བ། །རྡོ་རྗེ་ཡོན་ཏན་རྫོགས་བཏུད་དེ། ། དེ་ཉིད་བསྒྲུབ་པའི་རིམ་པ་བཤད། །དད་བརྟན་གཡོ་དང་ང་རྒྱལ་མེད། །སེར་སྣ་ཆུང་ཞིང་བླ་མར་གུས། །འདི་ལ་ལྷག་པར་ཆེ་དད་པས། །བསྒྲུབ་པ་འདི་འབད་བདེ་ལེགས་ཤོག །དང་པོར་ཡིད་འོང་ཕྱོགས་སུ་ཡང་། །འགྲོ་བ་བསྒྲལ་བའི་བསམ་པ་ཡིས། །རྟག་ཏུ་འདི་ལ་བརྩོན་པར་ བྱ། །མཎྜལ་མཆོད་དང་གཏོར་མ་དང་། །ལས་དང་པོ་ཡི་རྣལ་འབྱོར་པས། །དམིགས་པའི་རྟེན་ཀྱང་བྲི་བར་བྱ། །རང་ཉིད་ཕྱི་ནང་ཁྲུས་བྱས་ཏེ། །ཁྱད་པར་དུ་ནི་ལུས་ཀྱི་ཁྲུས། །དྲི་ཡི་ཆུ་ཡིས་རྟག་ཏུ་བྱ། །བདེ་བའི་སྟན་ལ་འདུག་ནས་ནི། །རང་ཉིད་ཟླ་བ་ས་བོན་བསམ། །དེ་ཡི་འོད་ ཀྱིས་བླ་མ་སོགས། །ནམ་མཁའི་ཕྱོགས་སུ་དམིགས་ནས་ནི། །བྱིན་གྱིས་བརླབ་པར་གསོལ་བ་གདབ། །དེ་ནས་སེམས་ཅན་ཐམས་ཅད་ལ། །ལྷག་པར་བྱམས་པ་བསྐྱེད་པར་བྱ། །དེ་བཞིན་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་ཚུལ་བཞིན་བསྒོམ་པར་བྱ། །དེ་རྗེས་རྣམ་པར་མི་ རྟོག་པའི། །རྡོ་རྗེའི་རང་བཞིན་བསྒོམ་པར་བྱ། །དེ་ལ་ཅུང་ཟད་དམིགས་ནས་ནི། །རྣམ་པར་རྟོག་པར་ལྡང་བར་བྱ། །གཟུགས་ལ་སོགས་པ་མི་དམིགས་ཀྱང་། །སྔགས་ཀྱི་སྒྲ་རུ་བསྒོམ་པར་བྱ། །དེ་རྗེས་རང་གི་ཤེས་པ་ནི། །སྔགས་ཀྱི་ཕྲེང་བར་བསྒོམ་པར་བྱ། །གསུང་གི་རྣམ་ པར་རྫོགས་པ་ཡི། །ཕྲ་ཞིང་གསལ་པའི་རྣམ་པར་རོ། །དེ་ནས་ཟླ་བའི་དཀྱིལ་འཁོར་དེ། །གསལ་ཞིང་ཆ་མ་འདྲེས་པར་བསམ། །དེ་ཡི་འོད་ཀྱིས་འགྲོ་བ་རྣམས། །རྣམ་པར་འཇོམས་པ་བྱས་ནས་ནི། །ཚུར་ལ་བསྡུ་བའི་ཚུལ་གྱིས་ནི། །རང་སྙིང་རྣམ་པར་འཇོམས་པར་བསྒོམ། །ཞབས་ གཉིས་ཆུ་འཛིན་དག་ལ་ནི། །གཡོན་བརྐྱང་བས་ནི་རྣམ་པར་བཞུགས། །སྐུ་ནི་ཨིནྡྲ་ནཱི་ལ་དང་། །རྡོ་རྗེ་སྙིང་པོ་དང་ཡང་མཚུངས། །མཆེ་བ་རྣམ་པར་གཙིགས་པ་སྟེ། །སྤྱན་དམར་དཔྲལ་བ་ཁྲོ་གཉེར་ཅན། །མགོ་སྐྱེས་དམར་སེར་གྱེན་འགྲེང་བ། །གསུས་པ་ཆེ་ཞིང་སྦྲུལ་གྱིས་ བརྒྱན། །སྨད་ནི་བ་ཏི་མནབས་པ་སྟེ། །སྐུ་སྟོད་དར་ལ་ཡིས་དཀྲིས་པ། །རིན་པོ་ཆེ་ཡི་དཔུང་རྒྱན་ཅན། །རང་གི་བདག་པོ་དབུ་ལ་གནས། །གཡས་པ་རྒྱ་གྲམ་ཕྱོགས་གསུམ་བསྣམས། །གཡོན་པ་སྡིགས་མཛུབ་ཐུགས་ཀར་འཛིན། །སྲ་ཞིང་མཁྲེགས་པའི་སྐུ་དང་ལྡན། །འཇའ་ ལྟར་གསལ་བའི་བདག་ཉིད་དུ། །བདག་ཉིད་རྟག་ཏུ་བསམ་པར་བྱ། །དམ་ཚིག་ཕྱག་རྒྱ་བཅིང་བར་བྱ། །སྔགས་འདིས་བྱིན་གྱིས་བརླབ་བྱ་ཞིང་། །གནས་ལྔ་དག་ཏུ་གཏུག་པར་བྱ། །ཨོཾ་བཛྲ་ཛྭ་ལཱ་ན་ལཱ་ཡ་སྭཱ་ཧཱ། དེ་ནས་རང་མདོག་ཕྱག་མཚན་དང་། །བློ་ཡིས་གསལ་བར་བསྒོམ་ པར་བྱ། །གསལ་བ་སྒྱུ་མའི་རང་བཞིན་དུ། །བདག་ཉིད་རྟག་ཏུ་བསམ་པར་བྱ། །དེ་ལས་སྐྱོ་ན་སྔགས་བཟླས་པ། །དེ་ནི་ཕྱི་དང་ནང་གིའོ། །དེ་ལ་ནང་གི་བཤད་བྱ་སྟེ། །རང་ཉིད་ཟླ་བ་རང་ས་བོན། །དེ་ཡི་མཐའ་མ་གསང་སྔགས་རྒྱལ། །མུ་ཏིག་འཇའ་དང་མར་མེ་ལྟར། །རྣམ་པ་དེ་ ལྡན་ཟླ་བར་བསྒོམ། །དེ་ལ་ཅུང་ཞིག་དམིགས་ནས་ནི། །ཡང་ནི་གསང་སྔགས་རྒྱལ་པོ་བཟླས། །དེ་དག་ནི་ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་པ་ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་པའི་བར་དུའོ། །དེ་ནི་སྒྲ་དང་བཅས་པའོ། །རང་སྙིང་ཁྲོ་བོའི་ཚོགས་སྤྲོས་ཏེ། །ཀུན་ཀྱང་གསང་སྔགས་རྒྱལ་པོ་ཟློས། ། སྔགས་ཀྱི་འབྲུག་གི་སྒྲ་དང་བཅས། །ཕྱོགས་རྣམས་ཀུན་དུ་རྣམ་པར་སྤྲོ། །གདུག་པ་ཅན་རྣམས་བསྡིགས་པར་མཛད། །དེ་བཞིན་སྤྲོ་ཞིང་བསྡུ་བ་ནི། །མཚོན་ཆའི་འཁོར་ལོ་དྲག་སྤྱོད་ལ། །ཞི་ལ་འོད་ཟེར་དཀར་པོ་སྟེ། །དབང་ལ་ལྕགས་ཀྱུ་དམར་པོའོ། །རྒྱས་པ་ལ་ནི་སེར་པོ་སྟེ། ། དེ་ལྟར་ལས་དང་རྗེས་མཐུན་པར། །འོད་ཟེར་དག་ཀྱང་སྤྲོ་བར་བྱ། །ཕྱི་ནི་ནམ་མཁའི་ཟླ་དཀྱིལ་དུ། །ཡི་གེའི་ཕྲེང་བ་བསམ་བྱས་ཏེ། །རྒྱུད་ལས་ཇི་སྐད་བཤད་པ་བཞིན། །སྒྲ་ལ་གནས་པའི་བསམ་གཏན་བྱ། །དེ་ལྟར་བསམ་གཏན་འབུམ་གྱི་བར། །སྔོན་དུ་བསྙེན་པ་བྱ་བའོ། །དེ་ ལྟར་བསྙེན་པ་རྫོགས་ནས་ནི། །ལས་རྣམས་ཀུན་དུ་སྤྱད་པར་བྱ། །དེ་དག་རབ་ཏུ་བཤད་པ་ནི། །རིག་སྔགས་བཅད་དང་བཅིང་བ་དང་། །ཕུར་བུས་གདབ་ཅིང་མནན་པར་བྱ། །དེ་བཞིན་ནོར་སོགས་རྒྱས་པ་དང་། །སྡིག་སོགས་ཞི་དང་དབང་དུ་བྱ། །དེ་ལ་དབང་ དུ་བྱ་བ་ནི། །བྱི་རུ་དམར་འདྲའི་ས་གཞི་ལ། །མོ་ཡི་པདྨའི་དབྱིབས་འདྲ་བའི། །ཐབ་ཁུང་དག་ནི་བཅའ་ཞིང་བསམ། །དེ་ནས་སྟར་བུའི་མེ་བུས་ཏེ། །མེ་ཡི་ལྷ་ནི་བདག་པོ་ཉིད། །དམར་པོ་ལྕགས་ཀྱུ་ཐོགས་བསམས་ནས། །མངོན་བྱས་ནས་ནི་འོད་ཟེར་སྤྲོ། །གསང་སྔགས་མཇུག་ ལ་ལས་མཐུན་གདགས། །སྟར་བུའི་འབྲུ་དང་མེ་ཏོག་དམར། །ཕུབ་མ་དག་ནི་བརྒྱ་སྟོང་སྲེག །དེ་ཡིས་གང་འདོད་དེ་བཞིན་ནོ། །པད་ལྟར་དཀར་བའི་ས་གཞི་ལ། །ཟླ་རྒྱས་འདྲ་བའི་ཐབ་ཁུང་དུ། །ཙནྡན་དཀར་པོའི་མེ་སྦར་ཏེ། །རང་ལྷ་དཀར་པོ་བདུད་རྩིར་ལྡན། །དེ་ལ་སྐད་ཅིག་ དམིགས་བྱས་ལ། །ཙནྡན་དཀར་པོའི་འོ་མ་སྦགས། །དེ་བཞིན་དཀར་པོའི་རྫས་རྣམས་ལ། །དེ་བཞིན་ཡང་ནི་སྔགས་བཟླས་ཏེ། །ཇི་ཙམ་ནུས་པའི་སྦྱིན་སྲེག་བྱ། །ས་གཞི་སེར་ཞིང་འཕོས་པ་ན། །དབང་ཆེན་ལྟ་བུའི་དབྱིབས་སུ་བྱ། །མཁས་པས་ཐབ་ནི་བཅའ་བྱ་ཞིང་། །སྟར་ ཀ་ཨ་རུ་ར་ཡི་མེ། །ཆོ་ག་དང་བཅས་སྦར་བྱ་སྟེ། །འབྲས་བུར་བཅས་པའི་ཡམ་ཤིང་ལ། །དེ་བཞིན་བ་རུ་ལ་སོགས་ཀྱིས། །དབང་ཆེན་ལ་གནས་བཅོམ་ལྡན་འདས། །གསེར་མདོག་འདྲ་ཞིང་དབང་ཆེན་འཕྲོ། །དེ་ལ་སྦྱིན་སྲེག་སྟོང་བྱས་ལ། །གང་དག་འདོད་པ་རྒྱས་པར་བྱ། །དེ་དག་ ལས་ཀྱི་རིམ་པ་སྟེ། །རང་ཉིད་བསྙེན་པ་རྫོགས་པས་སུ། །གསང་སྔགས་རྒྱལ་པོ་རྗེས་དྲན་བྱ། །གང་དག་གདོན་གྱིས་ཉེན་པ་ཡི། །ཆོ་ག་ལ་སོགས་བཤད་པར་བྱ། །དཀྱིལ་འཁོར་ལེགས་པར་བྱས་ནས་ནི། །བུམ་པ་རྫས་སོགས་ལྡན་པར་བྲི། །གསང་སྔགས་བརྒྱ་དང་ གཅིག་བཟླས་ཏེ། །བསྒྲུབ་བྱ་དཀྱིལ་འཁོར་སྟེང་གཞག་སྟེ། །དེ་ལ་ཁྲུས་ནི་ལན་གསུམ་བྱ། །སྲུང་སྐུད་མདུད་པ་གསུམ་པ་ནི། །དཔུང་པའམ་སྲིན་ལག་དག་ལ་བཅིང་། །དེས་ནི་གྲོལ་བར་ཐེ་ཚོམ་མེད། །འཁོར་ལོ་དག་གིས་བསྲུང་བྱ་ནི། །རྩིབས་བཞིའི་མཚམས་སུ་མཚོན་ཆར་ ལྡན། །མུ་ཁྱུད་མེ་རི་རྡོ་རྗེས་བསྐོར། །གུར་ཀུམ་གི་ཝཾ་དག་གིས་བྲིས་ནས་ནི། །སྔ་དྲོ་ཆོ་ག་ལྡན་པར་བསྲུང་བར་བྱ། །དེ་ལྟར་འདི་ནི་བསྲུང་བའི་རྒྱལ་པོ་སྟེ། །འགྲོ་བ་རྣམས་ལ་གསང་སྔགས་རྒྱལ་པོས་བརླབ། །དེ་རྒྱུད་དེ་དང་གཞན་ལས་གསུངས་པའོ། །ཨོཾ་བཛྲ་ཛྭ་ལཱ་ན་ལཱ་ཡ་སྭཱ་ཧཱ། ཨོཾ་ཙུ་རུ་ཙུ་རུ་ཙཎྜ་ཀི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཨོཾ་ཧ་ར་ཧ་ར་བཛྲ་དྷ་རཱ་ཡ་སྭཱ་ཧཱ། ཨོཾ་པྲ་ཧ་ར་པྲ་ཧ་ར་བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། བསྲུང་བ་ཡིའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་སརྦ་བྱཱ་དྷི། སརྦ་བིགྷྣཱན། སརྦ་དུར་སྭ་པྣི། སརྦ་དུ་རྨི་ཏི། སརྦ་གྲ་ཧེ། སརྦ་ཛྭ་རེ། སརྦཱ་ཀཱ་ལ་མྲྀ་ཏྱུ། སརྦ་ཨུ་པ་དྲ་པེ་བྷྱཿ། སརྦ་ཤ་ཏྲཱུཾ། སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་ཁྲུས་ཀྱིའོ། །ཨོཾ་སརྦ་པུཥྚ་ཡེ་པུཥྚིཾ་ཀུ་རུ་སྭཱ་ཧཱ། རྒྱས་པའིའོ། །ཨོཾ་བཛྲ་བ་ཤཾ་ཀུ་རུ་སྭཱ་ཧཱ་ཞེས་དབང་དུ་བྱའོ། །འདི་རྣམས་ལས་དང་མཐུན་པའི་སྔགས་ཁ་ལས་ཀྱང་ ཤེས་པར་བྱའོ། །འདི་ནི་རྡོ་རྗེ་རྣམ་འཇོམས་ཀྱི་སྒྲུབ་ཐབས་རྒྱུད་དང་འབྲེལ་པའི་ལས་དང་བཅས་པར་ཤེས་པར་བྱའོ། །གཞན་ཡང་འདིར་མ་བཀོད་པ་རྣམས་བླ་མའི་ཞལ་ལས་ཤེས་པར་བྱའོ། །འདི་ནི་སྒྲུབ་ཐབས་ཀུན་གྱི་རྒྱལ། །རང་སེམས་མོས་པའི་རྗེས་འབྲེལ་པའི། །རྟོག་པ་ དང་བཅས་སྒྲུབ་པའི་ཐབས། །རྣལ་འབྱོར་རྣམས་ལ་ཕན་བྱེད་ཡིན། །འདི་བྱས་བསོད་ནམས་དྲི་མེད་པ། །ཟླ་བ་ཡར་ངོ་བཞིན་དུ་འཕེལ་གྱུར་པའི། །འགྲོ་རྣམས་མོས་པའི་བྱེ་བྲག་འགྲུབ་གྱུར་ཏེ། །རྣམ་པར་འཇོམས་པའི་སྐུ་འགྲུབ་ཤོག །རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་ ལས་དང་བཅས་པ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅༅། །འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག །ཆོས་ཉིད་མཉམ་པ་ཉིད་ལ་རབ་གནས་ཀྱང་། །ཐུགས་རྗེས་གཏན་དུ་མྱ་ངན་མི་འདའ་ཞིང་། །འདོད་པའི་དོན་གྲུབ་མཐའ་ཡས་ གཟུགས་མངའ་བ། །དཔའ་བརྟན་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །དེ་ལ་དང་པོར་བུམ་པའི་མཚན་ཉིད་བསྟན་པའི་དབང་དུ་མཛད་ནས། ནོར་བུ་ཡུངས་ཀར་དཱུར་བ་དང་། །རིན་ཆེན་རྨ་མེད་ཙནྡན་བཅས། །ཤེལ་དང་རྡོ་རྗེའི་མེ་ཏོག་དང་། །ཆུ་ཡི་གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་ པ་དག་ཀྱང་རུང་། །གཙང་མའི་གོས་ཀྱིས་དཀྲི་ཞིང་དགང་། །ཞེས་གསུངས་པས། གསེར་རམ་དངུལ་ལམ་ཟངས་ལས་བྱས་ཀྱང་རུང་། ཞབས་ཀྱི་གདུབ་ཀོར་ནི་འཕང་དུ་སོར་གཅིག་གི་ཚད་དུ་བྱས་ལ་གདགས་སོ། །དབུས་ཀྱི་དབྱིབས་ནི་ལྷུང་བཟེད་འདྲ་བར་བྱའོ། ། མགྲིན་པའི་འཕང་དུ་སོ་བཞིའི་ཚད་དུ་བྱའོ། །མགྲིན་པའི་ནང་གི་ཚད་ཀྱང་སོར་བཞི་པའི་སྦུབས་སུ་བྱའོ། །མགྲིན་པའི་ཁ་ཁྱེར་ཕྱིར་སྐྱེད་པ་ནི་སོར་གཉིས་ཀྱི་ཚད་དུ་བྱས་ལ། ཁའི་ཆ་གའི་བཤལ་ཀ་སོར་གཅིག་གི་ཚད་དུ་བྱའོ། །དབུལ་པོ་རྣམས་ཀྱིས་དངུལ་དང་གསེར་དང་ཟངས་ལ་ སོགས་པ་ལས་བྱ་བ་མི་རྙེད་པས་དེའི་ཕྱིར་རྒྱུ་གཞན་ལས་བྱ་བར་གསུངས་ཏེ། བུམ་པ་པདྨ་དམར་པོའི་མདོག་ལྟར་དམར་ཞིང་བྱི་རུ་དང་ལི་ཁྲི་དང་མཚལ་གྱི་མདོག་ལྟར་དམར་བ་དང་། སོ་བཏང་ཉེས་པའི་ནག་པོ་ར་རི་མེད་པར་བྱའོ། །ལྟོར་ནི་ཆུ་ཕུལ་ལྔ་ཡན་ཆོད་ནས་བཅུ་ཤོང་བའི་ཚད་ གར་ནུས་པའི་ཆད་བྱས་ཏེ། དེ་ནས་ལག་པ་བྱུག་སྤོས་ཀྱིས་བྱུགས་ཏེ། དྲི་ཞིམ་པོ་ཤིན་ཏུ་བཀྲ་ཤིས་པའི་བདུག་པས་བདུགས་ལ། གུ་གུལ་ལ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱིས་ལན་བདུན་དུ་བཟླས་པས་བུམ་པའི་ནང་དུ་བདུགས་ལ། ཆུ་གཙང་མ་སྲོག་ ཆགས་མེད་པར་བཙགས་པས་བཀང་སྟེ། དེའི་ནང་དུ་ཙནྡན་དང་ག་པུར་དང་། གུར་ཀུམ་དང་ཛཱ་ཏི་དང་། གླ་རྩི་ལྔ་པོ་བསྲེས་པའི་ཆུ་ཡང་བླུགས་ནས་དེར་རིན་པོ་ཆེ་ལྔ་ཞེས་བྱ་བ་ནོར་བུ་རིན་པོ་ཆེ་དང་། བྱི་རུ་དང་། གསེར་ས་ལེ་སྦྲམ་དང་། མུ་ཏིག་དང་། ཤེལ་དག་དང་། སྨན་ལྔ་ ཞེས་བྱ་བ་བྱ་ཀྲྀ་དང་། སྲེང་ཀྲི་དང་། གི་བྲི་ཀར་ནི་དང་། ས་ཧཱ་དང་། ས་ཧ་དེ་བ་དང་། འབྲུ་ལྔ་ཞེས་བྱ་བ་ནས་དང་། སོ་བ་དང་། ཏིལ་དང་། མོན་སྲན་དང་། མོན་སྲན་གྲེ་འུ་རྣམས་ཀྱང་བཅུག་ལ་བུམ་པའི་ཁར་གསེར་རམ་དངུལ་ཕོར་རམ་ཁར་ཕོར་གཙང་མའི་ནང་དུ་ཡུངས་ཀར་ བླུགས་པའི་སྣོད་བཞག་སྟེ། རས་གཙང་མ་ཁ་ཚར་མ་གོད་པས་བུམ་པའི་ཁ་དང་ཡུངས་ཀར་གྱི་སྣོད་དང་བཅས་པ་དཀྲི་ཞིང་གཡོགས་ལ་བཅིངས་ཏེ། མདུད་པའི་སྟེང་དུ་བའི་ལྕི་བས་རྒྱས་གདབ་པའི་ཚུལ་དུ་གླན་ལ་དེར་རྩྭ་དཱུར་བའི་ཉག་མ་བདུན་བཙུགས་ཏེ་ཕྱག་ན་རྡོ་རྗེ་ལ་དབུལ་ བར་འོས་པའི་མེ་ཏོག་དམར་པོ་དྲི་ཞིམ་པོའམ། ཡང་ན་མེ་ཏོག་དྲི་ཞིམ་པོ་གང་ཡང་རུང་བའི་ཕྲེང་བས་ཀྱང་བུམ་པའི་མགྲིན་པ་བསྐོར་བའི་དོན་ནོ། །དཀྱིལ་འཁོར་མེད་པར་བུམ་པ་འབའ་ཞིག་གིས་འདོད་པའི་ལས་མི་འགྲུབ་པས་ཐོག་མར་དཀྱིལ་འཁོར་བྲི་ནས་བརྟག་དགོས་པས། སྤྱི་རྒྱུད་དཔུང་བཟངས་ཀྱིས་ཞུས་པ་ལས་འདིར་སྦྱར་བར་བྱ་སྟེ། ཕྱུགས་ལྷས་ཤིང་གཅིག་ལྷ་ཡི་ཁང་པའམ། །ལམ་གྱི་བཞི་མདོའམ་ཁང་སྟོང་ནགས་ཚལ་དུ། །ཞེས་གསུངས་སོ། །དཀྱིལ་འཁོར་བྲི་བར་བསྟན་པ་ཡང་དེ་ཉིད་ལས། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ཁྲུ་བཞིའི་ ཚད། །ཚོན་རྩི་རྣམ་པ་སྣ་ཚོགས་རྣམས་ཀྱིས་བྲི། །ཕྱོགས་ཀྱི་ལྷ་རྣམས་གནས་ནི་ཡོངས་སུ་གཟུང་། །སྒོ་བཞི་པ་ལ་ཕྱོགས་ཀྱི་རྩ་ཡང་དགྲམ། །ཞེས་གསུངས་ཏེ། །དེ་ཡང་ས་གཞི་ཤིན་ཏུ་སྦྱངས་ཤིན་ཏུ་འཐས་པར་བཅགས་པ་ལ་བའི་རྣམ་ལྔ་ཞེས་བྱ་བ། འོ་མ་དང་། མར་དང་། ཞོ་དང་། གཅིན་དང་། ལྕི་བ་རྣམས་དང་། སྤོས་རྣམས་བསྲེས་པ་རྣམས་ཀྱིས་བསྐུས་ལ་ཐིག་གདབ་པར་བྱའོ། །ཁྲུ་བཞིའི་ཚད་ལ་གྲུ་བཞི་པར་བྱས་ལ་ཕུར་བུས་ལེགས་པར་གདབ་བོ། །དེའི་དབུས་སུ་གསང་སྔགས་འཆང་ཁྲུས་བྱེད་པའི་ས་ཁྲུ་དོ་གཞག་གོ། །དེའི་ཕྱི་རིམ་ཁྲུ་གང་གི་ ཁྱོན་ཡོད་པ་ལ་ཆ་གསུམ་དུ་བགོས་ཏེ། དང་པོར་འཇིག་རྟེན་སྐྱོང་བ་རྣམས་ཀྱི་གནས་སུ་བྱའོ། །གཉིས་པ་ནི་སྒོ་ཁྱུད་དང་མུ་ཁྱུད་མུ་ཏིག་གི་ཕྲེང་བ་དག་བྲིའོ། །གསུམ་པ་ལ་ནི་མཆོད་པ་དག་བྲིའོ། །འཇིག་རྟེན་སྐྱོང་བ་རྣམས་དགོད་པ་ཡང་། སྤྱིའི་རྒྱུད་གསང་བའི་དཀྱིལ་འཁོར་ལས། འདི་སྐད་དུ། བརྒྱ་བྱིན་གྱི་ནི་རྡོ་རྗེར་གསུངས། །མེ་ལྷའི་ཕྱག་རྒྱ་མེ་ཐབ་ཡིན། །གཤིན་རྗེའི་ཕྱག་རྒྱ་བེ་ཅོན་ཏེ། །བདེན་བྲལ་གྱི་ནི་རལ་གྲིར་བསྟན། །ཆུ་བདག་གི་ནི་ཞགས་པར་བསྟན། །རླུང་གི་ཕྱག་རྒྱ་རྒྱལ་མཚན་ཡིན། །ཀུ་བེ་ར་ཡི་དབྱུག་ཏོ་ཡིན། །དབང་ཕྱུག་གི་ནི་རྩེ་གསུམ་ གསུངས། །ས་ཡི་ཕྱག་རྒྱ་བུམ་པ་ཡིན། །ཉི་ཟླའི་ཕྱག་རྒྱ་ཟླུམ་པོར་བྱ། །ཞེས་གསུངས་སོ། །དཀྱིལ་འཁོར་ནི་སྒོ་བཞིར་བཏོད་ཅིང་། བཀྲ་ཤིས་བརྒྱད་པོ་དཔལ་བེའུ་དང་། འཁོར་ལོ་དང་། གདུགས་དང་། རྒྱལ་མཚན་དང་། པདྨ་དང་། བུམ་པ་དང་། དུང་དང་། ཉ་དག་བྲིས་པས་ མཛེས་པར་བྱའོ། །དབུས་སུ་ནི་ཀུ་ཤ་བཏིང་ཞིང་ཕྱི་རོལ་ཐོག་ཏུ་ཡང་ཀུ་ཤ་དགྲམ་མོ། །སྟེང་དུ་ཡང་བླ་རེས་ལེགས་པར་དགབ་ཅིང་མེ་ཏོག་གི་ཕྲེང་བ་དང་། བ་དན་དང་། དར་གྱི་ལྡ་ལྡི་དང་། མེ་ལོང་གིས་བརྒྱན་ན་ཁྲུས་ཀྱི་ཆོ་ག་བཀྲ་ཤིས་པར་འགྱུར་རོ། །དེ་ནས་བུམ་པ་ ཡང་དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ། གྲྭ་བཞིར་སེང་ལྡེང་གི་ཕུར་པ་བཞི་ལ་བདུད་རྩི་ཐབ་སྦྱོར་གྱི་སྔགས་གོང་དུ་སྨོས་པ་བཟླས་ཤིང་བཙུགས་ནས། ཚོན་སྣ་ལྔའི་སྐུད་པ་ལ་ཡང་གསང་སྔགས་དེ་ཉིད་བཟླས་ཤིང་བསྐོར་བས་མཚམས་གཅད་པར་བྱའོ། །བཤོས་དང་གཏོར་མ་ བཀོད་པ་ཡང་། དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ལས། བཟའ་དང་ཤ་ཆང་ལ་ཕུག་ལ་སོགས་བཅས། །འབྲས་ཆན་འབྲས་བུ་མང་པོའི་གཏོར་མ་སྦྱིན། །ཞེས་གསུངས་ཏེ། མ་ཕྱེ་བ་ཡང་འོས་འོས་སུ་ཕྱེ་སྟེ། ཤ་ཆང་ལ་ཕུག་དག་ནི་གཤིན་རྗེ་དང་བདེན་བྲལ་འཁོར་དང་བཅས་པ་ལ་ སྦྱིན་ནོ། །དེ་ནས་རིག་སྔགས་འཆང་བདག་ཉིད་ཕྱི་ནང་གི་དྲི་མ་དག་པར་བྱས་ལ། གོས་སར་པ་བགོས་ཏེ། ཆོ་ག་བརྩམས་པའི་དབང་དུ་མཛད་ནས། དེས་ནི་རབ་བཀྲུས་གཙང་མ་ཡིས། །མདོ་སྡེ་དམ་པ་མཉན་པར་བྱ། །གང་དག་ཡིད་དགེ་སེམས་དངས་ཤིང་། །གཙང་མའི་གོས་ཀྱིས་རབ་ བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། །ཞེས་གསུངས་ཏེ། དེའི་དོན་ནི་རང་གི་རྒྱུད་དག་པར་བྱེད་དེ་དཀྱིལ་འཁོར་གྱི་ནུབ་སྒོར་འགྲེང་ལ། ལག་པ་བྱུག་སྤོས་ཀྱིས་བྱུགས་ནས། རང་གི་ལྷ་ཇི་ལྟར་གནས་པ་བཞིན་དུ་བསྒོམས་ལ། མིག་གཉིས་སུ་ཡི་གེ་ ཧཱུཾ་འབར་བ་རེ་བསམས་ལ་སེ་གོལ་གྱི་སྒྲ་ཕྱུང་ཞིང་། ཕྱོགས་སུ་བལྟས་པས་མཚམས་བཅད་བགེགས་བསྐྲད་ནས། སླར་སྟན་བདེ་བ་ལ་འདུག་ནས་དཀྱིལ་འཁོར་དེ་ཡང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ལྷའི་གནས་བཟང་པོ་དཔེ་མེད་པར་དམིགས་ཤིང་། བུམ་པ་དེ་ཡང་ཡིད་བཞིན་ གྱི་རྒྱ་མཚོའི་བདུད་རྩིའི་ཆུས་གང་བར་དམིགས་ཏེ། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས། ཁ་ཕྱེ་སྟེ་པདྨའི་ཚུལ་དུ་བྱས་པ་ནི་པདྨའི་གདན་གྱི་ཕྱག་རྒྱ་ཡིན་ཏེ། དེའི་སྔགས་ལ། ཨོཾ་པདྨ་ཀ་མ་ལ་ཡེ་སྭཱ་ཧཱ་ཞེས་བརྗོད་ནས་ཡིད་བཞིན་གྱི་མཚོའི་དབུས་སུ་པདྨའི་སྡོང་པོ་དང་ལོ་མ་དང་འདབ་མ་ དང་ཟེ་བ་དང་། སྙིང་པོར་བཅས་པ་དཔེ་མེད་པར་བཟང་ཞིང་ཆེ་བ་གཅིག་བསམས་ཏེ། མཆོད་ཡོན་གྱི་སྣོད་བླངས་ལ་སྒྲེང་ཞིང་འདི་སྐད་དུ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་གི་མཆོད་ཡོན་བཞེས་སུ་གསོལ། །མཆོད་ ཡོན་བཞེས་ནས་དེ་ཉིད་དུ། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར། སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ་ཞེས་བརྗོད་པས་འཕགས་པ་མདུན་གྱི་ནམ་མཁའ་ལ་འཁོར་དང་བཅས་པ་གཤེགས་པར་རིག་པ་དང་། བར་འདིར་ཕྱིར་འབྲེང་བའི་བགེགས་བསྐྲད། ཨ་མྲྀ་ཏས་ བསང་ཡང་ན་རྩ་སྔགས་སམ་བསྐྲད་སྔགས་ཀྱིས་སོ། །ལག་པ་གཡས་པའི་མཐེའུ་ཆུང་གི་སེན་མོ་མཐེ་བོང་གིས་མནན་ཏེ། ལྷག་མ་གསུམ་ནས་དོ་ཙམ་གྱིས་མ་རེག་པར་བྱས་ཏེ། །རྡོ་རྗེའི་ཚུལ་དུ་བྱས་ནས་བསྟན་པ་ནི་དམ་ཚིག་ཆེན་པོའི་ཕྱག་རྒྱ་ཡིན་ཏེ། དེའི་སྔགས་ལ། ཨོཾ་ཤཾ་ ཀ་རེ་མ་ཧཱ་ས་མ་ཡེ་སྭཱ་ཧཱ་ཞེས་བརྗོད་ནས། གདན་དེ་ལ་འཕགས་པ་ཁྲོ་བོའི་རྒྱལ་པོ་ཕྱག་ན་རྡོ་རྗེའི་ཐུགས་ཀྱི་ཁྱད་པར་ལས་བྱུང་བ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བ་མདོག་སྔོན་པོ་ཡིད་ཙམ་ཁྲོ་བ། ཕྱག་གཡས་ན་རྡོ་རྗེ་རྒྱ་གྲམ་ལས་རྭ་ཕྱོགས་གཅིག་མེད་པ་བསམས་པ། ཕྱག་གཡོན་པ་ དཀུར་བརྟེན་ཅིང་འགྱིང་བ། དབུ་རྒྱན་རྩེ་བྲན་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ན་བཟའ་སྟོད་གཡོགས་དར་ལ་སྨད་གཡོགས་ཚི་གུ་ཅན་མནབས་པ། འཁོར་རིགས་ཀྱི་ལྷ་དཔག་ཏུ་མེད་པ་དང་གཤེགས་པར་དམིགས་ཤིང་། རྩ་བའི་ཕྱག་རྒྱ་ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་ སྲིན་ལག་གཉིས་ནང་དུ་བཀུག་སྟེ། ཕན་ཚུན་བསྣོལ་བའི་རྩེ་མོ་མཐེ་བོང་དང་མཛུབ་མོའི་དྲུང་དུ་ཅུང་ཟད་འབྱུང་བར་བྱས་ལ། གུང་མོ་གཤིབས་ཕྱི་རོལ་ནས་མཛུབ་མོ་བཀུག་ལ་ནས་གང་ཙམ་གྱིས་མ་རེག་པར་བྱས་ཏེ། མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་ཀྱང་གཤིབས་པ་ནི་རྡོ་རྗེ་རྣམ་པར་ འཇོམས་པའི་རྩ་བའི་ཕྱག་རྒྱ་ལས་ཐམས་ཅད་བྱེད་དོ། །དེའི་སྔགས་ལ། ཨོཾ་བཛྲ་ཛྭ་ལཱན་ལཱ་ཡེ་སྭཱ་ཧཱ། དེ་ནས་མཆོད་པ་རྣམ་པ་ལྔ་རིམ་བཞིན་དུ་དབུལ་བ་ནི། དང་པོར་བྱུག་སྤོས་དབུལ་ཏེ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་བྱུག་སྤོས་འདི། །བདག་གིས་དད་པས་འབུལ་ ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། དེ་ནས་མེ་ཏོག་དབུལ་ཏེ། གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་ དགྱེས་པར་མཛོད། །དེ་ནས་བདུག་པ་དབུལ་ཏེ། ཤིང་གི་ཁུ་བ་ཡིད་དུ་འོང་། །དྲི་ཡིས་རྒྱས་པ་བདུག་པའི་མཆོག །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ལྷ་བཤོས་དབུལ་ཏེ། སྨན་རྣམས་ཁུ་བ་ཡི་གར་འོང་། །དྲི་ཡིས་རྒྱས་པ་ ལྷ་ཡི་ཟས། །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །འདི་ཡན་ཆད་ཀྱི་སྔགས་ནི་གོང་མར་སྨོས་པ་གོང་མ་བཞིན་དུ་སྦྱར་རོ། །དེའི་འོག་ཏུ་མར་མེ་དབུལ་ཏེ། གདོན་རྣམས་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་པ་རྣམ་སེལ་ བ། །ལྷ་རྫས་བཟང་པོའི་ཞུན་མར་འདི། །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ལོ་ཀ་ཨཱ་ལོ་ཀ་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། དེ་ནས་གདོན་རྣམས་ལ་གཏོར་མ་སྦྱིན་པར་བྱ་སྟེ། །ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་ མཁའ་ལྡིང་དང་འདབ་བཟངས་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བདག་གིས་པུས་མོ་ས་ལ་བཙུགས་ནས་སུ། །ཐལ་སྦྱར་དེ་དག་ལ་ནི་གསོལ་བ་འདེབས། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་ རྣམས། །གསན་ནས་ཕན་གདགས་སླད་དུ་འདིར་གཤེགས་ཤིག །སེམས་ཅན་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡུལ་གང་གནས་དང་། །གང་དག་ཤར་ནུབ་ཉི་མའི་ཁྱིམ་གནས་དང་། །ཆུ་བོ་ཀུན་དང་ཆུ་ཡི་ངོགས་རྣམས་དང་། །རིན་ཆེན་གནས་སུའང་གནས་ ནི་བཅས་པ་དང་། །རྫིང་དང་མཚོ་དང་ལུ་མ་ལྟང་ལྟེང་དང་། །ཁྲོན་པ་དང་ནི་ངམ་གྲོག་ཆུ་མིག་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་ནགས་ཚལ་དང་། །ཁོང་སྟོང་དག་དང་ལྷ་ཡི་གནས་དག་དང་། །ལྷ་ཁང་མཆོད་རྟེན་འདུག་གནས་བསྟི་གནས་དང་། །མུ་སྟེགས་གནས་དང་གླང་ཆེན་ ཁང་པ་དང་། །གང་དག་རྒྱལ་པོའི་དཀོར་ཁོང་གནས་པ་དང་། །སྲང་དང་ཁྱམས་དང་ལམ་ཁའི་བཞི་མདོ་དང་། །གང་དག་ཤིང་གཅིག་པོ་དང་ལམ་པོ་ཆེ། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་། །གང་དག་སེང་གེ་གླང་ཆེན་དྲེད་ཀྱི་གནས། །འཇིགས་པའི་ས་དང་འབྲོག་ན་གནས་ པ་དང་། །གླིང་བཟང་རྣམས་སུ་གནས་ནི་བཅས་པ་དང་། །གང་དག་ལྷུན་པོ་དུར་ཁྲོད་གནས་པ་རྣམས། །རབ་ཏུ་ཐུགས་དགྱེས་དྲི་དང་ཕྲེང་བ་དང་། །བདུག་པ་གཏོར་མ་མར་མེ་བསྟོད་གུས་འབུལ། །འདི་དག་བཞེས་ནས་བསྣམས་དང་གསོལ་མཛོད་ལ། བདག་གི་ལས་འདིའི་འབྲས་ བུ་མཆིས་པར་མཛོད། །ལག་པ་གཉིས་ཐལ་མོ་སྦྱར་བ་ལས་ཁ་ཕྱེ་སྟེ་བཀན་པ་ནི་གཏོར་མ་སྦྱིན་པའི་ཕྱག་རྒྱའོ། །དེའི་སྔགས་ལ་སྲིན་པོ་རྣམས་ལ་ཀྲང་ཀེ་རེ། ཤ་ཟ་རྣམས་ལ། མི་ཙི་མི་ཙི། འབྱུང་པོ་རྣམས་ལ་གུང་གུང་། ཐམས་ཅད་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ། སརྦ་ཏཏྑཾ་ཨུངྒ་ཏེ་སྥ་རཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། དེ་ལྟར་གདོན་རྣམས་ལ་གཏོར་མ་བྱིན་ནས་ཕྱོགས་སྐྱོང་རྣམས་ལ་མཆོད་པ་ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས། སོར་མོ་དབུས་མ་གསུམ་བསྐྱེད་དེ། པདྨའི་ཚུལ་དུ་བྱའོ། །དེའི་སྔགས་ལ། དབང་ལྡན་གྱི་ཕྱོགས་སུ་ རུ་དྲཱ་ཡ་སྭཱ་ཧཱ། དབང་པོའི་ཕྱོགས་སུ་ཤ་ཀྲཱ་ཡ་སྭཱ་ཧཱ། མེའི་ཕྱོགས་སུ་ཨགྣ་ཡེ་སྭཱ་ཧཱ། གཤིན་རྗེའི་ཕྱོགས་སུ་བེཔྟ་ཡེ་སྭཱ་ཧཱ། བདེན་བྲལ་ཕྱོགས་སུ་རཀྵ་ས་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ཆུ་ལྷའི་ཕྱོགས་སུ་མེ་ག་ཨ་ཤ་ནཱ་ཡ་སྭཱ་ཧཱ། རླུང་ལྷའི་ཕྱོགས་སུ་བཱ་ཡ་བེ་སྭཱ་ཧཱ། ཀུ་བེ་རའི་ཕྱོགས་ སུ་ཡཀྵ་བིདྡྷ་རེ་སྭཱ་ཧཱ། སྟེང་གི་ཕྱོགས་སུ་ཨ་དི་ཏྱཱ་ཡ་སྭཱ་ཧཱ། ཉི་མའིའོ། །ཟླ་བའི་ཙནྡྲཱ་ཡ་སྭཱ་ཧཱ། འོག་གི་ཕྱོགས་སུ་པྲྀ་ཐི་བྱཻ་སྭཱ་ཧཱ། སའི་ལྷ་མོའིའོ། །དེ་ལྟར་ཕྱོགས་སྐྱོང་རྣམས་ཀྱང་མཆོད་དེ། བཟླས་བརྗོད་བྱ་བའི་དབང་དུ་མཛད་ནས། ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་ གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་འཇོམས་བཟླས་ནས་སུ། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །ཅེས་འབྱུང་བའི་དོན་ནི་དེ་ལྟར་འཕགས་པ་འཁོར་དང་བཅས་པ་དང་། འཇིག་རྟེན་སྐྱོང་བ་དང་། འབྱུང་པོ་ཐམས་ཅད་ལ་མཆོད་པ་བྱས་ནས། བུམ་པའི་ནང་དུ་འཕགས་པ་སྤྱན་དྲངས་པ་དེ་ཉིད་ ཀྱང་སྲོག་དང་བཅས་པ་ལྟ་བུར་དམིགས་ཏེ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པ་ལ་ཡི་གེའི་ཕྲེང་བ་རྣམས་བཀོད་དེ་བཟླས་སོ། །ལྷའི་སྐུ་དང་། ཟླ་བའི་དཀྱིལ་འཁོར་དང་། ཡི་གེའི་ཕྲེང་བ་ལ་དུས་གཅིག་ཏུ་དམིགས་པ་ནི་འཇིག་རྟེན་ན་ཟ་འོག་ལ་སོགས་ པའི་གདིང་བ་ཁྲ་བོ་ལ་ལྟ་བ་དང་འདྲའོ། །ཟླ་བའི་དཀྱིལ་འཁོར་ཆུང་ངུའི་ནང་དུ་ཡི་གེའི་ཕྲེང་བ་མང་བ་ཇི་ལྟར་བཀོད་ཅེ་ན། སེམས་གོམས་པ་རྣམས་ལ་མི་རུང་བ་མེད་དེ། ཆུ་ཉུང་ངུ་ཤིན་ཏུ་དང་བའི་ནང་དུ་ཉི་ཟླ་དང་། གཟའ་སྐར་ལ་སོགས་པས་བརྒྱན་པའི་ནམ་མཁའ་ཐམས་ཅད་སྣང་བ་ བཞིན་ནོ། །རྒྱལ་པོ་ཞེས་པས་འཛིན་དུ་ཟད་དོ། གཞན་ཡང་ཁྲུས་ཀྱི་སྦྱོར་བ་བྱ་བའི་དབང་དུ་མཛད་ནས། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །མི་བཟད་པ་ཡི་ནད་རྣམས་ཀུན། །དེ་དག་ཐམས་ཅད་ཞི་བར་ལྟ། །ཚེ་དང་བསོད་ནམས་འཕེལ་བར་ འགྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་གསུངས་ཏེ། དེ་ལྟར་བཟླས་བརྗོད་ཀྱི་གྲངས་ཚང་ནས་ཕྱོགས་བཅུའི་ལྷ་རྣམས་དགའ་བར་བྱ་བའི་ཕྱིར། ཚིགས་སུ་བཅད་པ་ཡང་བསྒྲག་པར་བྱ་སྟེ། དབང་པོ་རྡོ་རྗེ་འཆང་བའི་ལྷ། ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་ གྱི་ཚོགས་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །ཕྱོགས་མཚམས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོའི་རྒྱལ་པོ་ གདོན་གྱི་བདག །མ་མོའི་གདོན་གྱི་ཚོགས་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །སྣ་ཚོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །ཞགས་པ་ཐོགས་པ་ ཆུ་ཡི་ལྷ། །བདེན་པ་གསུང་བ་གདོན་གྱི་བདག །ནུབ་ཕྱོགས་གདོན་དང་བཅས་པ་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །ཚིག་སྲུང་གདོན་གྱི་བདག་པོ་སྟེ། །རླུང་གི་ཕྱོགས་ཀྱི་གདོན་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། ། གནོད་སྦྱིན་ལག་ན་བེ་ཅོན་ཐོགས། །ནོར་སྲུང་གདོན་གྱི་བདག་པོ་སྟེ། །བྱང་ཕྱོགས་གདོན་དང་བཅས་པ་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །དབང་དང་ལྡན་པ་འདྲེན་པའི་ལྷ། །བགེགས་ཀྱི་རྒྱལ་པོ་གདོན་གྱི་བདག །དབང་ལྡན་ཕྱོགས་ཀྱི་གདོན་བཅས་ལ། །མཆོད་པ་ བགྱིད་ཅིང་ཕྱག་ཀྱང་འཚལ། །འོག་གི་ཀླུ་སྟེ་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་སྟེ། །དམ་ཚིག་ཤེས་པའི་གདོན་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །སྟེང་གི་ལྷ་ཚོགས་ཐམས་ཅད་དང་། །ཟླ་བ་ཉི་མ་གཟའ་ཆེན་དང་། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ པ་བགྱིད་ཅིང་ཕྱག་ཀྱང་འཚལ། །དེ་ནས་ཤུ་ཏི་དང་བའི་རྣམ་ལྔ་ཆུ་དང་སྦྱར་བ་ལ། བདུད་རྩི་ཐབ་སྦྱོར་གྱི་སྔགས་གོང་དུ་སྨོས་པ་བཏབ་སྟེ། ཁྲུས་བྱེད་པའི་ལུས་བསྐུས་ཏེ། དྲིལ་ནས་ཁྲུས་བྱས་ཏེ་གོས་སར་པ་བགོས་ནས། དཀྱིལ་འཁོར་གྱི་སྒོར་འདུག་སྟེ། དེ་ལ་སྲུང་བ་ཆེན་པོ་བྱའོ། ། དེ་ནས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱིན་ཏེ། དཀྱིལ་འཁོར་བསྐོར་དུ་བཅུག་ལ། གུས་པས་ཕྱག་བྱས་ལ། ཆོ་ག་བཞིན་དུ་དཀྱིལ་འཁོར་གྱི་དབུས་སུ་རྩྭ་ཀུ་ཤ་བཀྲམ་པའི་སྟེང་དུ་བདེ་བར་འདུག་ལ། གསང་སྔགས་ཟློས་པས་བུམ་པ་བླངས་ཏེ། གཟུངས་སྔགས་བཟླས་ ཤིང་ཁྲུས་བྱེད་དུ་བཅུག་ལ་ཕྱི་ནང་གི་དྲི་མ་ཐམས་ཅད་མ་ལུས་པར་དག་པར་བསམ་མོ། །ཤིན་ཏུ་བདེ་ལེགས་དང་བཀྲ་ཤིས་དང་། རྒྱལ་བར་གྱུར་ཅིག་ཅེས་བྱ་བའི་ཚིག་དང་རོལ་མོའི་སྒྲ་སྐད་རབ་ཏུ་སྙན་པ་དང་ཡང་ལྡན་པར་འགྱུར་རོ། །ཡུངས་ཀར་དང་། ཞོ་དང་། དཱུར་བ་དང་། ལི་ཁྲི་དང་། མེ་ལོང་དང་། དུང་དང་། བིལ་བའི་འབྲས་བུ་དང་། གི་ཝང་རྣམས་ཀྱང་སློབ་མའི་ནང་དུ་རས་ཁྲིའུ་བཏིང་བའི་ནང་དུ་བཞག་སྟེ། དེ་བཀྲ་ཤིས་འདོན་པའི་ལག་ཏུ་བཞག་ནས་རྫས་དེ་རྣམས་རེ་རེ་ནས་བླངས་ཤིང་སྦྱིན་ནོ། །དེ་ནས་བྱབ་པ་བྱ་སྟེ། རྨ་བྱའི་སྟེང་དུ་ཟླ་བའི་སྟེང་དུ་གཟུངས་སྔགས་བསམས་ལ། དེས་ བྱབ་ཅིང་གཟུངས་རིང་བརྗོད་པའི་གཤམ་ལ་ཆེ་གེ་མོའི་སརྦ་བྱཱ་དྷི་ལ་སོགས་པ་སྦྱར་རོ། །དེ་ནས་བསྲུང་བ་བྱ་སྟེ། སྐུད་པ་ལ་བསྲུང་བ་བྱས་ལ་གདགས། གཟུངས་རིང་བྲིས་ལ་དེ་ལ་རབ་གནས་བྱས་པ་གདགས་སོ། །དེ་ནས་ཡང་བསྲུང་བ་བྱ་སྟེ། རྡོ་རྗེ་ཕྱེད་དེའི་ལག་ཏུ་བྱིན་ནས་ཞི་བ་དང་དགའ་ བའི་སེམས་ཀྱིས་ལོངས་ཤིག་ཅེས་བྱ་བའི་ཚིག་ཀྱང་བརྗོད་པར་བྱའོ། །རྡོ་རྗེ་ཕྱེད་པོ་དེ་ལ་བཟུང་ནས་གདོན་ཐམས་ཅད་ལས་ཐར་ནས་ལྡང་སྟེ། ཟླ་བ་སྒྲ་གཅན་འཛིན་གྱིས་བཟུང་བ་ལས་ཐར་བ་བཞིན་དུ་ལུས་སྡིག་པ་དང་བྲལ་བའི་དབང་དུ་མཛད་ནས། སྡིག་པ་ཐམས་ ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །སེམས་ཅན་དབང་པོ་ཉམས་པ་དང་། །ཚེ་ཟད་པ་དང་ཚེ་ཉམས་དང་། །ཕུན་སུམ་ཚོགས་མིན་གང་ཆགས་དང་། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་། ། མཛའ་སྡུག་སྐྱེ་བོ་སྡང་བ་དང་། །བྲམ་ཟེ་ལ་སོགས་གཙེས་པ་དང་། །ཕན་ཚུན་མཐུན་པ་མ་ཡིན་དང་། །ནོར་འགྲིབ་པས་ནི་གནོད་པ་དང་། །མྱ་ངན་ངལ་ལས་གནོད་པ་དང་། །འཇིགས་པ་དང་ནི་ཕོངས་པ་དང་། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང་། །མི་བཟད་གདོན་གྱིས་ཉེན་པ་དང་། །མྱ་ངན་ངལ་ ལས་བྱུང་བ་ཡིས། །རྨི་ལམ་སྡིག་པ་མཐོང་ན་ཡང་། །ཆོ་ག་འདི་ཡི་ཕན་ཡོན་གྱིས། །དེ་དག་ལས་ནི་ཐར་བར་འགྱུར། །ཞེས་གསུངས་པའོ། །དེ་ནས་འབྱོར་ན་ཞི་བའི་སྦྱིན་སྲེག་བྱའོ། །ཡང་གཞན་དུ་ན་འདི་ལྟར་བྱའོ། །བྱམས་པ་ཆེ་དང་སྙིང་རྗེ་ཆེ། །མཉམ་པར་ལྡན་པར་བྱས་ཀྱང་ རུང་། །དེ་ཡང་ཞི་བར་ཤེས་བྱ་སྟེ། །ནང་གི་སྦྱིན་སྲེག་དམ་པ་ཡིན། །འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་སཱ་དྷ་ན་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་ པའི་སྒྲུབ་ཐབས་ཞེས་བྱ་བ། གདུག་པ་ཀུན་གྱི་དགྲར་གྱུར་པ། །ཁྲོ་བོའི་རྒྱལ་ལ་གུས་བཏུད་དེ། །རྒྱས་པ་བསྒོམ་པར་མི་ནུས་དང་། །སྡུག་བསྔལ་ནད་ཀྱིས་ཉེན་པ་ལ། །དེ་དོན་སྒྲུབ་ཐབས་འབད་པར་བྱ། །སྙིང་རྗེ་ལྡན་པའི་རྣལ་འབྱོར་པས། །མགུལ་ཁུག་ཉུངས་ཀར་ཚགས་བྱས་ ཏེ། ཁ་བཤལ་ཁྲུས་དང་ལྡན་བྱས་ལ། །དབེན་གནས་བདེ་བའི་སྟན་ལ་འདུག །བཛྲ་བཅུ་ཡིས་མཚམས་བཅད་དེ། །རང་སྙིང་བསིལ་ཟླ་ཧཱུཾ་བཀོད་དེ། །དེ་འོད་བདེ་གཤེགས་སྤྱན་དྲངས་ཏེ། །མཁའ་ལ་གསལ་བཀོད་མདུན་རྫོགས་བྱ། །ཆོས་ཉིད་དང་གནས་དེ་རྗེས་ལ། །དྲག་ པོའི་ཧཱུཾ་སྒྲ་སྟོང་ཟིལ་གནོན། །སྟོང་གསུམ་གཡོ་ལྡན་མཁའ་འབྱུང་བསམ། །དེ་རྗེས་ཧཱུཾ་འོད་མཁའ་ལ་བསམ། །དེ་ལས་ཡཾ་བཾ་ལཾ་སུཾ་ཆད། །དེ་དག་རིམ་གྱིས་ཞུ་གྱུར་པས། །རླུང་མཚོ་ས་རི་རྒྱལ་པོར་འགྱུར། །དེ་སྟེང་ཨ་ཧཱུཾ་པཾ་ཞུ་བས། །ཟླ་ཉི་པདྨའི་གདན་དུ་བསམ། །དེ་སྟེང་ཧཱུཾ་བབས་ ཞུ་འགྱུར་བས། །སྣ་ཚོགས་པ་ཡི་རྡོ་རྗེ་ལ། །ཕྱོགས་གཅིག་ཡུ་བར་གྱུར་པར་བསམ། །དེ་འོད་བདེ་གཤེགས་མཐའ་དག་བསྡུས། །དེ་གྱུར་རྡོ་རྗེ་སྙིང་པོའོ། །སྐུ་ལྗང་སྤྱན་གསུམ་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་རྒྱ་གྲམ་ལ། །ངོས་གཅིག་ཡུ་བར་འཛིན་པའི་ཚུལ། །གཡོན་པ་ སྡིགས་མཛུབ་ཐུགས་ཀར་འཛིན། གཡས་བསྐུམ་གཡོན་བརྐྱང་གར་གྱིས་བཞུགས། །དབུ་སྐྲ་གྱེན་བརྫེས་ཀླུ་རིགས་བརྒྱན། །མཆེ་གཙིགས་ཕྱག་རྡོར་སྤྲུལ་པར་བསྒོམ། །དེ་ཐུགས་ཧཱུཾ་ལས་འོད་ཟེར་འཕྲོས། །བཛྲ་གཉིས་དང་བཅས་པ་ཡིས། །སྔོན་ལྷའི་ཡེ་ཤེས་སྤྱན་དྲངས་ཏེ། །ན་ མོ་རཏྣ་ཏྲ་ཡཱ་ཡས། །ཡེ་ཤེས་ལྷ་ལ་ཕྱག་བྱས་ཏེ། །མཆོད་པ་རྣམས་ཀྱིས་ཡང་དག་མཆོད། །ཛཿཧཱུཾ་བཾཾ་ཧོཿས་གཉིས་མེད་བྱ། །བཛྲ་བརྒྱད་དང་ཀཱི་ལ་ལྔ། །བཛྲ་བདུན་ཚོགས་བརྗོད་བྱས་པས། །སྐུ་གསུང་ཐུགས་སོགས་བྱིན་གྱིས་བརླབ། །ཐུགས་ཧཱུཾ་ལས་བྱས་བདེ་གཤེགས་བཀུག ། ན་མསྶ་མན་སྔགས་སོགས་ཀྱིས། །ཁྲོ་བོ་ཉིད་ལ་དབང་བསྐུར་བསམ། །དེ་ལྷར་གསལ་བར་བསྒོམ་པར་བྱ། །དེ་སྐྱོ་གཟུངས་སྔགས་རིམ་པ་གསུམ། །མོས་པའི་བྱེ་བྲག་བཟླས་པར་བྱ། །དེ་སྐྱོ་གཏོར་བཏང་ཡེ་ཤེས་དབྱུང་། །མཆོད་ལ་གཤེགས་སུ་གསོལ་བར་བྱ། །ལྷ་ཡི་ང་རྒྱལ་ ལྡན་པར་བྱ། །བདག་བློ་ཤིན་ཏུ་དམན་གྱུར་ཀྱང་། །ཡི་དམ་ལྷས་བསྐུལ་སྒྲུབ་ཐབས་འབད། །འབད་པས་དགེ་བ་ཅི་ཐོབ་པས། །འགྲོ་རྣམས་རེ་འདོད་སྐོང་བར་ཤོག །བདག་ཀྱང་ཡི་དམ་ལུང་བསྟན་བཞིན། །རང་འདོད་གནས་སུ་སྐྱེ་བར་ཤོག །ཀུན་གྱིས་ཡི་དམ་ཞལ་མཐོང་ཤོག །བདག་ གི་བསྟན་བཅོས་རྒྱས་གྱུར་ཅིག །སློབ་དཔོན་ཆེན་པོ་མཁས་པ་རཏྣ་ཀཱི་རྟིས་མཛད་པའི། རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་བསྡུས་པ་ཞེས་བྱ་བ་རྫོགས་སོ།། །།བལ་པོའི་པཎྜི་ཏ་མ་ཧཱ་པ་ཎའི་རང་འགྱུར་རོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་སྣན་བི་དྷི་ ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག་ཞེས་བྱ་བ། ལས་རྣམས་བཞི་པོ་མཐར་ཕྱིན་པ། །ཕྲིན་ལས་རྣམ་བཞིའི་སྐུ་ལ་འདུད། །བུམ་མང་བཅའ་བར་མི་ནུས་ལ། །ཕྲིན་ལས་རྣམ་པ་བཞི་པོ་ཡི། །བུམ་གཅིག་ཆོ་ག་བསྟན་པར་བྱ། །རྒྱུད་ནས་ ཕྲིན་ལས་རྣམ་བཞི་གསུངས། །བུམ་གཅིག་ཆོ་ག་རྣམ་པ་བཞི། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །བུམ་གཅིག་ཆོ་ག་བཅུ་གཉིས་འགྱུར། །ཞི་བ་དཀར་དང་རྒྱས་པ་སེར། །དབང་ནི་དམར་དང་དྲག་པོ་ནག །བུམ་པ་མགུལ་ཆིངས་གཟུངས་ཐག་སོགས། །ལས་དང་མཐུན་པར་འགྱུར་ བྱས་ཏེ། །གུ་གུལ་ཙནྡན་དུད་པ་དང་། །ལས་བཞི་ཡི་ནི་སྔགས་དང་ནི། །ཤིན་ཏུ་བསྡུས་པའི་སྔགས་ཀྱིས་ནི། །བུམ་པ་བདུག་ཅིང་བསང་བ་བྱ། །རྒྱུ་བཟང་བུམ་པ་ཚད་ལྡན་ནང་། །སྐུ་གསུང་ཐུགས་ཀྱི་ཡི་གེ་ནི། །སོ་སོའི་ཚོན་གྱིས་བྲིས་ནས་ནི། །སྐུ་གསུང་ཐུགས་ནི་གང་བྱེད་པའི། ། ཡི་གེ་རྫས་དང་བཅས་པ་ནི། །རས་སུ་གཏུམས་ཏེ་བུམ་ནང་གཞུག །ནད་དང་མཚོན་དང་མུ་གེ་ཡི། །བསྐལ་པ་དེ་དག་སེལ་བྱེད་ཅིང་། །སྨན་ལྔ་རིན་ཆེན་འབྲུ་ལྔ་ཡིས། །བུམ་པ་ཡང་ནི་དགང་བར་བྱ། །ཚུལ་ཁྲིམས་དང་ལྡན་མཆོག་ཡིན་ཕྱིར། །དྲི་དང་སྙིང་པོས་བུམ་པ་བཀང་། །དེ་ སོགས་བུམ་རྫས་སྣ་ཚོགས་བཙལ། །བུམ་པ་རྣམས་ནི་རྒྱན་གྱིས་བརྒྱན། །བུམ་པ་ལ་ནི་གདུགས་བུ་དབུབ། །ཞི་བ་ཡི་ནི་མཎྜལ་ནི། །པདྨ་དཀར་པོ་འདབ་བརྒྱད་པ། །རྒྱས་པ་རིན་ཆེན་སེར་པོ་སྣ་ཚོགས་ཅན། །དབང་ལ་པདྨ་དམར་པོ་ལྕགས་ཀྱུས་མཚན། །དྲག་པོ་ལ་ནི་མཐིང་ནག་ རྩིབས་བརྒྱད་དོ། །བུམ་གཅིག་ཆོ་ག་བསྡུས་པ་ཡིས། །གཞན་གྱི་དོན་ནི་བྱེད་གྱུར་ན། །དཀྱིལ་འཁོར་ཆེན་པོ་བཤམས་ནས་ནི། །ཞི་བའི་མཎྜལ་ཤར་དུ་བྲི། །རྒྱས་པའི་ལྷོ་དང་དབང་གི་ནུབ། །དྲག་པོ་བྱང་དུ་བྲི་བ་སྟེ། །བུམ་པ་ཡང་ནི་དེ་དེར་དགོད། །མཆོད་དང་གཏོར་མ་རྒྱས་པར་ བཤམ། །ཀུ་ཤའི་སྟན་ནི་གདིང་བྱ་སྟེ། །སློབ་དཔོན་སྨྱུང་བར་གནས་པའམ། །ཡང་ན་དཀར་གསུམ་ཟས་ལ་བརྟེན། །གཙང་མའི་གོས་སོགས་ཁྲུས་བྱས་ཏེ། །བདེ་བའི་སྟན་ལ་འདུག་བྱས་ཏེ། །བཛྲ་བཅུ་ཡིས་མཚམས་བཅད་དེ། །རང་སྙིང་བསིལ་ལ་ཧཱུཾ་དགོད་དེ། །དེ་འོད་བདེ་ གཤེགས་སྤྱན་དྲངས་ཏེ། །མཁའ་ལ་གསལ་བཀོད་བདུན་རྫོགས་བྱ། །ཆོས་ཉིད་ངང་གནས་དེ་རྗེས་ལ། །དྲག་པོའི་ཧཱུཾ་སྒྲ་སྟོང་ཟིལ་གནོན། །སྟོང་གསུམ་གཡོ་ལྡན་མཁའ་འབྱུང་བསམ། །དེ་རྗེས་ཧཱུཾ་འོད་ལྡན་པ་ནི། །ནམ་མཁའ་ལ་ནི་བསམ་པར་བྱ། །དེ་ལས་ཡཾ་བཾ་ལཾ་སུཾ་ཆད། ། དེ་དག་རིམ་གྱིས་ཞུ་གྱུར་པས། །རླུང་མཚོ་ས་རི་རྒྱལ་པོར་འགྱུར། །དེ་སྟེང་ཨཱཿཧཱུཾ་བཾ་ཞུ་བས། །ཟླ་ཉི་པདྨའི་གདན་དུ་གྱུར། །དེ་སྟེང་ཧཱུཾ་བབས་ཞུ་གྱུར་པས། །སྣ་ཚོགས་པ་ཡི་རྡོ་རྗེ་ལ། །ཕྱོགས་གཅིག་ཡུ་བར་གྱུར་པར་བསམ། །དེ་འོད་བདེ་གཤེགས་མཐའ་དག་བསྡུས། །དེ་གྱུར་ རྡོ་རྗེ་སྙིང་པོའོ། །སྐུ་ལྗང་སྤྱན་གསུམ་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་རྒྱ་གྲམ་པ། །ངོས་གཅིག་ཡུ་བར་འཛིན་པའི་ཚུལ། །གཡོན་པ་སྡིགས་མཛུབ་ཐུགས་ཀར་འཛིན། །གཡས་བསྐུམ་གཡོན་བརྐྱང་གར་གྱིས་བཞུགས། །དབུ་སྐྲ་གྱེན་བརྫེས་ཀླུ་རིགས་བརྒྱན། །མཆེ་གཙིགས་ ཕྱག་རྡོར་སྤྲུལ་པ་བསྒོམ། །དེ་ནས་བུམ་པའི་ནང་དུ་ནི། །ཨ་ཞུ་བས་ནི་བདུད་རྩིའི་མཚོ། །དེ་སྟེང་ཨ་ཞུ་ཟླ་བ་བསམ། །དེ་སྟེང་སོ་སོའི་ཁ་དོག་དང་། །ལྡན་པའི་ཡི་གེ་ཧཱུཾ་བསམ་མོ། །གསུང་སྒྲུབ་དེ་ལ་དམིགས་ཏེ་སྒྲུབ། །དེ་ཞུ་སྣ་ཚོགས་རྡོ་རྗེ་ལ། །ཕྱོགས་གཅིག་ཡུ་བར་གྱུར་པར་བསམ། ། ཁ་དོག་ལས་དང་མཐུན་པའོ། །ཐུགས་སྒྲུབ་དེ་ལ་དམིགས་ཏེ་སྒྲུབ། །དེ་ཞུ་རྡོ་རྗེ་སྙིང་པོ་ནི། །སྔོན་ལྟ་བར་ནི་བསམ་པར་བྱ། །དེ་ནས་ཡེ་ཤེས་སྤྱན་དྲངས་ཏེ། །ཧཱུྃ་འཇིགས་བཅས་ལྕང་ལོ་ཅན་གྱི་གནས་མཆོག་ནས། །རིག་སྔགས་གསང་སྔགས་ཀུན་གྱི་བདག་པོ་སྟེ། །ཁྲོ་རྒྱལ་ རྡོ་རྗེ་འཛིན་གྱི་རབ་སྤྲུལ་པའི། །ཁྲོ་རྒྱལ་རྡོ་རྗེ་སྙིང་པོ་གཤེགས་སུ་གསོལ། །ཧ་ར་ཧ་ར་བཛྲ་བི་དཱ་ར་ཎཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར་བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། སྔོན་ལྷའི་ཡེ་ཤེས་སྤྱན་དྲངས་ཏེ། །ཕྱག་རྒྱ་བཞི་ཡིས་གཉིས་མེད་བྱ། །བཛྲ་བརྒྱད་དང་ཀཱི་ལ་ལྔ། །བཛྲ་བདུན་སོགས་བརྗོད་བྱས་པས། ། སྐུ་གསུང་ཐུགས་སོགས་བྱིན་གྱིས་བརླབ། །ཐུགས་ཧཱུཾ་ལས་བྱས་བདེ་གཤེགས་བཀུག །ན་མསྶ་མན་སྔགས་སོགས་ཀྱིས། །ཁྲོ་བོ་ལ་ནི་དབང་བསྐུར་བསམ། །ན་མོ་རཏྣ་ཏྲ་ཡཱ་ཡས། །བུམ་པའི་ལྷ་ལ་ཕྱག་ཀྱང་བྱ། །མཆོད་པ་རྣམས་ཀྱིས་ཡང་དག་མཆོད། །དེ་མཆོད་སྐུ་ནི་གསལ་ བར་བསྒོམ། །སྐུ་སྒྲུབ་དེ་ལ་དམིགས་ཏེ་སྒྲུབ། །དེ་ནས་གཟུངས་སྔགས་རིམ་པ་གསུམ། །མོས་པའི་བྱེ་བྲག་བཟླས་པར་བྱ། །དེས་སྐྱོ་གཏོར་བཏང་ཡེ་ཤེས་དབྱུང་། །དམ་ཚིག་བུམ་ལྷ་འོད་དུ་ཞུ། །རང་ཉིད་ལྷ་ཡི་ང་རྒྱལ་བྱ། །དེ་ནས་གཟུངས་མཆོག་ཅེས་བྱ་བ་ ནི། །ཀུན་ཁྱབ་གཟུངས་ཆོག་བཞིན་དུ་བྱའོ། །ཡང་ན་འདི་ལྟར་བྱ་བ་སྟེ། །ཤིས་བརྗོད་མང་དུ་བྱས་ནས་ནི། །བྱབ་ཅིང་བསྲུང་བའི་ཆོ་ག་བྱ། །རྒྱུད་ཀྱི་སྦྱོར་ཚིག་ལ་སོགས་པ། །ཁྲུས་ཆོག་རྒྱས་པར་ཤེས་པར་བྱའོ། །དེ་ལྟར་བུམ་གཅིག་མའི་ཆོ་ག་བསྡུས་པའམ། དགོས་པའི་བྱེ་བྲག་ གིས་ཤེས་པར་བྱའོ། །བདག་བློ་ཤིན་ཏུ་དམན་གྱུར་ཀྱང་། །རྒྱུད་འདི་ཉིད་དང་མི་འགལ་བའི། །ལས་བཞིའི་བུམ་གཅིག་ཆོ་ག་འབད། །འབད་པས་དགེ་བ་ཅི་བསགས་པ། །འགྲོ་རྣམས་རེ་འདོད་བསྐང་བར་ཤོག །ཀུན་ཀྱང་འདི་ལ་འཇུག་གྱུར་ཅིག །སློབ་དཔོན་ཆེན་པོ་རཏྣ་ ཀཱི་རྟིས་མཛད་པའི། རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག་རྫོགས་སོ།། །།བལ་པོའི་པཎྜི་ཏ་མ་ཧཱ་པ་ཎའི་རང་འགྱུར་རོ།། །།དྲག་པོའི་གཙོ་བུམ་འདི་སྐད་དོ། །ཅིས་ཀྱང་མི་ཆོད་མི་ཤིགས་པ། །བདེན་པ་སྲ་བ་བརྟན་པ་སྟེ། །ཐམས་ཅད་དུ་ནི་ཐོགས་པ་མེད། །ཐམས་ཅད་དུ་ ནི་མ་ཕམ་པ། །ཤེས་རབ་ཐུགས་ཀྱི་རང་བཞིན་ཏེ། །སེམས་ཅན་ཐམས་ཅད་སྐྲག་པར་བྱེད། །སེམས་ཅན་ཐམས་ཅད་འཇིལ་བར་བྱེད། །རིག་སྔགས་ཐམས་ཅད་གཅོད་པར་བྱེད། །གདོན་རྣམས་ཐམས་ཅད་བརླག་པར་བྱེད། །སེམས་ཅན་ཐམས་ཅད་རེངས་བྱེད་པ། །ཀཱི་ལི་ཀཱི་ལའི་ སྔགས་དང་ནི། །ཏྲ་ཏ་ཡ་ཡི་སྔགས་སོགས་ཀྱིས། །ཕྲིན་ལས་དྲག་པོའི་ལས་མཐར་ཕྱིན། །ཁྲོ་རྒྱལ་རྡོ་རྗེ་རྣམ་འཇོམས་མཐུས། །དྲག་པོའི་བུམ་ཆུ་འདི་ཡིས་ནི། །དྲི་མ་ཐམས་ཅད་དག་གྱུར་ཅིག །ཕྲིན་ལས་དྲག་པོ་མཐར་ཕྱིན་ཤོག།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་མཎྜལ་བི་དྷི་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །སྡུག་བསྔལ་ལ་སོགས་དག་པར་མཛད་པ་སྟེ། །རྣམ་པར་འཇོམས་པ་ཁྲོ་བོ་རྣམས་ཀྱི་རྗེ་བཙུན་ཉིད། །དཔལ་ལྡན་ ཡིད་ཁྲོས་ལོག་ལྟ་གཅོད་པའི་དཔལ། །རྡོ་རྗེ་བསྣམས་པ་ལས་འཇོམས་འཇིགས་བྱེད་པའི། །ལེའུའི་གྲངས་ལ་ངེས་པའི་སྙིང་པོ་སྟེ། །བརྒྱ་རྩ་བརྒྱད་ཀྱི་རྩ་བར་འདི་གསུངས་ཐོག་མའོ། །དེ་ཉིད་དཀྱིལ་འཁོར་ཆོ་ག་ལས་ཀྱི་རིམ་པ་ཉིད། །འདི་ཉིད་དུ་ནི་རྣམ་པར་བཤད་པར་བྱའོ། ། ས་ཡི་ཆོ་ག་གོ་རིམས་ལྟར། །གཞན་གྱི་ལས་ཀྱི་རིམ་པར་དབྱེ། །ས་སྟེགས་འདོམ་གང་གྲུ་བཞི་ལ། །ཕྱོགས་མཚམས་མ་ནོར་ལེགས་པར་མཉམ། །འཁྲུལ་བ་མེད་པའི་བློ་ཡིས་བྱ། །དཔངས་སུ་ཆག་གང་བརྩིག་པར་བྱ། །སྲད་བུ་མཉམ་ལྡན་སུམ་སྒྲིལ་ལ། །བྱིན་གྱིས་ བརླབས་ཏེ་གཡས་ནས་གདབ། །ཆ་ཆེན་ཆ་བྲན་མཁས་པས་དབྱེ། །ཚོན་སྣ་ལྔ་ཡི་ཕྱེ་མ་ལ། བྱིན་གྱིས་བརླབས་ལ་ལེགས་པར་དགོད། །དང་པོ་པདྨ་འདབ་བརྒྱད་ལ། །གཉིས་པའི་ཆ་ལ་འཁོར་ལོ་བརྒྱད། །མུ་ཁྱུད་རྡོ་རྗེའི་ར་བ་དང་། །གྲུ་ཆད་སྣམ་བུ་གཉིས་པ་དང་། །སྒོ་དང་སྒོ་ཁྱུད་ ལྡན་པར་བྲི། །དེ་ཉིད་ཁ་དོག་ངེས་པར་ནི། །པདྨ་དཀར་པོ་འཁོར་ལོ་དམར། །མུ་ཁྱུད་བཞི་པ་དཀར་པོ་ལ། །རྡོ་རྗེ་རྣམས་ནི་ལྕགས་དང་མཚུངས། །གྲུ་ཆད་གཉིས་ནི་ལྗང་གུ་ལ། །སྣམ་བུ་དང་པོ་སེར་པོ་སྟེ། །དེ་བཞིན་གཉིས་པ་དཀར་པོ་ཆེ། །སྒོ་བཞི་སོ་སོའི་རིགས་དང་སྦྱར། །ལྷ་ རྣམས་སོ་སོའི་ཕྱག་མཚན་ནི། །སོ་སོའི་གནས་སུ་དགོད་པར་བྱ། །དེ་ནས་སློབ་མ་དབང་བསྐུར་བའི། །དགོས་པ་དག་ནི་ཚང་བ་ལ། །དཀྱིལ་འཁོར་གྲུབ་པའི་རྫས་ཉིད་ནི། །སེང་ལྡེང་ཕུར་པ་སོར་བརྒྱད་པ། །བཞི་པ་ཕྱོགས་ཀྱི་བཟླས་པ་བྱ། །དཀྱིལ་འཁོར་གྱི་ནི་ངོས་བཞིར་གདབ། ། ཚོན་སྣ་ལྔ་ཡི་སྐུད་པས་སྦྲེལ། །གསེར་དངུལ་ཟངས་ལྕགས་བུམ་པ་ཉིད། །ཚད་དང་ལྡན་པ་དག་པ་ལ། །གཙང་མའི་གོས་ཀྱིས་དཀྲིས་ཤིང་དགང་། །འབྲས་བུ་འདབ་མར་ལྡན་པ་ཡི། །ཁ་རྒྱན་ལྡན་པ་ལྔ་ཉིད་ལ། །སོ་སོའི་མཚན་མ་བཏབ་ལ་གཞག །ལས་ཀྱི་བུམ་པ་སྣ་ཚོགས་ པའི། །རྡོ་རྗེ་རྒྱ་གྲམ་དེ་བཞིན་ནོ། །སྒྲུབ་པོ་བདག་ཉིད་མདུན་དུ་ཡང་། །མཆོད་པའི་ཡོ་བྱད་ཅི་འབྱོར་བཤམ། །ཉ་དང་བུ་རམ་སྲན་ཆུང་འབྲས། །ཁྲེ་དང་ཚེ་ལ་སོགས་པ་ཡི། །གཏོར་མ་གསུམ་ནི་གཡས་ན་གཞག །དེ་ནས་ཕྱི་ནང་ཁྲུས་བྱས་ཏེ། །གཙང་མའི་གོས་ནི་རབ་གོན་ལ། ། དྲི་ཞིམ་ཟས་ནི་མུར་བཞིན་དུ། །སེམས་བསྐྱེད་པས་ནི་གཞན་དོན་མཆོག །བདུན་པོ་ཡོངས་སུ་དག་པར་བྱའོ། །དེ་ནས་སྲུང་བའི་འཁོར་ལོ་ཉིད། །ཇི་ལྟར་དམིགས་པ་མཁས་པས་སྒོམ། །དྲི་ཆབ་བྱིན་གྱིས་བརླབས་ལ་གཞག །ཧཱུཾ་ཧཱུཾ་ཞེས་པས་རྔམ་པ་དང་། །ཨོཾ་བཛྲ་ རཀྵ་རཀྵ་ཧཱུཾ་ཧཱུཾ་ཞེས་པས། གཡས་བརྐྱང་བ་ཡི་གར་གྱིས་ནི། །གཡོན་བརྐྱང་སྟབས་ཀྱིས་གཡོན་ནས་བསྐོར། །བགེགས་རྣམས་བསྐྲད་པའི་སྦྱོར་བ་བྱ། །ཕྱོགས་བཅུར་ཁྲོ་བོ་ཏི་ར་ཡི། །ང་རྒྱལ་ལྡན་པས་བསྲུང་དང་བཅིངས། །མཚམས་ལ་སོགས་པ་མཁས་པས་བཤད། །དེ་ནས་ ལྷ་རྣམས་བསྐྱེད་པ་ནི། །དཀྱིལ་འཁོར་དབུས་ཀྱི་ལྟེ་བའི་སྟེང་། །ཧཱུཾ་ཡིག་སྔོན་པོའི་འཕྲོ་འདུ་ལས། །མཆོད་དང་དོན་གཉིས་རྫོགས་པར་བྱས། །འདུས་པས་གཙོ་བོའི་ཕྱག་མཚན་ནི། །སྣ་ཚོགས་རྡོ་རྗེ་ངོས་གཅིག་མེད། །དབུས་སུ་རྣམ་པར་བསམ་པར་བྱ། །དེ་རྗེས་སྔགས་འདི་རྣམ་པར་ བརྗོད། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏ། བྷ་ཀུ་ལ་བི་ཤོ་དྷ་ནཱ་ཡ་སྭཱ་ཧཱ། ཞེས་པ་ལན་གསུམ་བརྗོད་པ་ཡིས། །རྣམ་འཇོམས་ཉིད་ཀྱི་སྐུ་རུ་འགྱུར། །དེ་ཉིད་དམ་ཚིག་ཕྱག་རྒྱ་ནི། །ལག་གཉིས་རྡོ་རྗེ་བཅིངས་པ་ལས། །གུང་མོ་གཉིས་ནི་གཤིབས་ནས་བསྒྲེང་། །གཤིན་རྗེ་ གཤེད་ཀྱི་ཕྱག་རྒྱ་སྟེ། །གསང་སྔགས་འདི་ནི་ལེགས་པར་ནི། །བྱང་ཤར་མཚམས་སུ་གཤིན་རྗེའོ། །ཨོཾ་ཡ་མཱནྟ་ཀཱ་ཡ་སྭཱ་ཧཱ། ཡང་སྙིང་ལག་གཉིས་སོར་མོ་དགོད། །སྙིང་གར་རྩེ་མོ་སྤྲད་པ་ཡང་། །ཨོཾ་ཨ་ནནྟེ་སྭཱ་ཧཱ། ཞེས་པས་ཤར་དུ་མཐའ་ཡས་བསྐྱེད། །གཡོན་པ་ཁུ་ཚུར་ དཀུར་བརྟེན་པ། །གཡས་པ་ནུ་མའི་ཐད་ཀར་བཟུང་། །ཨོཾ་ཨ་མྲྀ་ཏེ་བ་རེ་ཧཱུཾ། ཞེས་པས་ཤར་ལྷོར་བདུད་རྩི་འཁྱིལ་པ་བསྐྱེད། །ལག་གཉིས་ཁུ་ཚུར་བཅངས་པ་ལས། །གཡོན་པའི་མཐེ་བོང་སྦྲེལ་བྱས་ལ། །ཨོཾ་སུམྦྷ་ནི་ཀི་ར་བནྡྷ་རི་སྭཱ་ཧཱ། ཞེས་པས་ལྷོ་རུ་གནོད་མཛེས་བསྐྱེད། །ལག་ གཉིས་ཁུ་ཚུར་བཅངས་པ་ལས། །མཛུབ་མོ་གཉིས་ཀྱིས་སྲིན་ལག་མནན། །གུང་མོ་སོར་མོ་མཐེའུ་ཆུང་བསྒྲེང་། །ཨོཾ་བྷི་ན་སྟེ་བཛྲ་ཀྲོ་དྷ་ན་ཀྲོ་དྷ་སྭཱ་ཧཱ། ཞེས་པས་ལྷོ་ནུབ་སྔོན་མཐོང་བསྐྱེད། །སྔ་མའི་ཕྱག་རྒྱ་ལྟ་བུ་ལ། ཨོཾ་ཧྱ་གྲཱྀ་བ་སྭཱ་ཧཱ། ཞེས་པས་ནུབ་ཏུ་རྟ་མགྲིན་བསྐྱེད། །གཡོན་ པའི་ཁུ་ཚུར་བཅངས་པ་ལས། །གཡས་པའི་ཁུ་ཚུར་གཉིས་བསྒྲེངས་ལ། །ཨོཾ་ཨ་པ་ར་ཛི་ཏ་ས་ཏ་སྭཱ་ཧཱ། ཞེས་པས་ནུབ་བྱང་གཞན་གྱིས་མི་ཐུབ་བསྐྱེད། །ལག་གཉིས་ཁུ་ཚུར་བཅངས་པ་ལས། །མཐེ་བོང་མཐེའུ་ཆུང་གུང་མོ་ནི། །གཤིབས་ཏེ་སོ་སོར་བསྒྲེང་བྱས་ལ། །ཨོཾ་ བཛྲ་པཱ་ཎི་བཱན་པ་ཏི་སྭཱ་ཧཱ། ཞེས་བྱས་བྱང་དུ་གཏུམ་པོའོ། །དེ་ནས་སོ་སོའི་ཕྱག་རྒྱ་བསྐྱེད། །གཡོན་པའི་ཁུ་ཚུར་བཅངས་པ་དང་། །གཡས་པ་བཅངས་ཏེ་སྤྱི་བོར་གཞག །ལག་གཉིས་ཁུ་ཚུར་སྙིང་གར་བརྩེགས། །གཡས་པའི་མཐེའུ་ཆུང་གཡོན་པས་བཅངས། །ལག་གཉིས་ བརྡེབས་པའི་ཚུལ་དུ་བྱ། །དེ་ལྟར་རིམ་པ་ངེས་པ་ཡིས། །གྲུ་ཆད་ལ་ནི་གོ་རིམས་བཞིན། །སྔགས་འདིས་རྒྱལ་ཆེན་བཞི་རིམ་པར་གསལ་བར་བསྐྱེད་པར་བྱའོ། །ཨོཾ་ཌྷྲྀ་ཏ་རཱཥྚཱ་ཡ་སྭཱ་ཧཱ། ཨོཾ་བི་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ། ཨོཾ་བི་རཱུ་པཀྵ་ཡེ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། ཞེས་པ་རྒ