Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 73

Văn bản gốc(Tây Tạng)

Trang 16 / 23 (50.000 ký tự/trang)
པའི། །རྡོ་རྗེ་རྩེ་མོ་ལྔ་པ་བསམ། །
དེ་སྟེང་འབར་བའི་རྡོ་རྗེ་ཡི། །གུར་ནི་ཧཱུཾ་ལས་བྱུང་བ་སྟེ། །བགེགས་ཀུན་ཞི་བར་བྱ་བའི་ཕྱིར། །བསྒོམ་པ་རྣལ་འབྱོར་པ་ཡིས་བྱ། །སྒྲུབ་པོའི་བསྒོམ་དང་རྨི་ལམ་དང་། །མཚན་མ་རྙེད་གྱུར་དེ་ནས་ནི། །སྟེགས་བུ་རབ་ཏུ་བསྒྲུབ་པའི་ཕྱིར། །ལྷ་རྣམས་ཀུན་ལ་མཆོད་པར་བྱ། །རི་བོ་
དབེན་པ་སྐྱེད་ཚལ་དང་། །རྒྱ་མཚོའི་འགྲམ་དང་ཆུ་བོའི་ངོགས། །ཡིད་འོང་བྱང་ཆུབ་སེམས་དཔའི་གཞི། །མ་མོའི་ཁང་པ་གཉུག་གཞི་འམ། །གཞན་ཡང་ས་ཡི་ཆ་ལ་ནི། །ཉེ་བར་འཚེ་བ་བྲལ་བ་རུ། །དངོས་གྲུབ་སྒྲུབ་པའི་ཆོ་གའི་ཕྱིར། །སྔོན་གསུངས་དྲི་ཡི་ཆག་ཆག་གདབ། །བཅུ་དྲུག་
ལོ་ལོན་མིག་ཡངས་མ། །ལུས་རྒྱས་མགོ་སྐྱེས་གནག་པ་ཡི། །ཁྲོ་ཞིང་སྣ་ནི་ཉག་གྱུར་པའི། །བུ་མོ་བློ་ལྡན་གྱིས་བསྒྲུབ་བྱ། །བླངས་ཏེ་ཆུ་དང་འོ་མ་དང་། །དྲི་ཞིམ་ཆུ་དང་ལྡན་པ་ཡིས། །ཁྲུས་བྱས་གོས་སྔོན་སར་པ་ནི། །དེ་ལ་ཡོངས་སུ་བསྐོན་པར་བྱ། །མེ་ཏོག་སྔོན་པོའི་ཕྲེང་བ་དང་། །
སྐྲ་ཡི་ཞགས་པས་དཀྲི་བར་བྱ། །དབྲལ་བར་ཐིག་ལེ་བྱས་ནས་སུ། །དེ་ལ་ལྕགས་ཀྱུས་བྲི་བར་བྱ། །ལྕགས་ཀྱུ་རྩེ་མོ་རྣོན་པོ་ནི། །དེ་ནས་ལག་པ་གཡས་སུ་སྦྱིན། །མཁྲང་ཞིང་གསར་དུ་བྱས་པ་ཡིས། །སྣོད་ནི་དེ་ཡི་གཡོན་དུ་སྦྱིན། །བསྲུང་བའི་སྔགས་ཀྱི་བཟླས་པ་ཡིས། །དེ་ལ་
ཡུངས་ཀར་བརྡེག་པར་བྱ། །འཁོར་ལོས་སྒྱུར་བའི་སྔགས་འདི་ནི། །བརྒྱ་རྩ་བརྒྱད་དུ་བརྗོད་པར་བྱ། །དེ་ལ་འཁོར་ལོས་སྒྱུར་བའི་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་པཱ་ཎི་ཡེ་སརྦ་ཨརྠ་སིདྡྷི་ཀུ་རུ་སྭཱ་ཧཱ། ཞེས་བྱའོ། །དེ་ནས་སྔགས་པས་རྔན་བྱིན་ཏེ། །ཐུན་མོང་སྦྱིན་པས་འདི་མཉེས་བྱ། །བདེན་

བྲལ་མཚམས་གནས་བཟང་པོ་ཡི། །ས་ནི་འདི་ཡིས་བླང་བར་བྱ། །ཞི་བའི་སྔགས་ནི་བརྗོད་པར་བྱ། །ས་ནི་ནག་པོ་བརྐོ་བར་བྱ། །ཕྱུང་སྟེ་སྣོད་དུ་བླུགས་ནས་སུ། །རུང་བའི་གནས་སུ་བླངས་ལ་བཞག །དེ་ནས་ས་ནི་བླངས་པ་ལ། །དྲི་ཞིམ་ཆུ་བཟླས་དེར་གདབ་བྱ། །མཐོ་གང་དང་བཅས་སྲ་བ་
ཡི། །ཁྲུ་གང་མཐོ་བའི་སྟེགས་སུ་དགེ། །ས་ནི་ནག་པོ་དང་བཅས་པའི། །སྔོན་གསུངས་དྲི་ཡིས་བྱུག་པར་བྱ། །སྟེགས་བུ་མེ་ཏོག་སྔོན་པོ་ཡིས། །དུས་གསུམ་དུ་ནི་ཉེ་བར་བརྒྱན། །སྟེགས་བུའི་འོག་གི་ས་ལ་ནི། །དེ་ནས་གོས་སྔོན་རྣལ་འབྱོར་གྱིས། །ཏིང་འཛིན་གསུམ་ནི་རབ་བྱས་ཏེ། །
བུམ་པར་ལྷག་པར་གནས་པར་བྱ། །ནག་ནོག་རྩ་བ་མེད་མཆུ་འཕྱང་། །མགྲིན་རིང་ལྟོ་བ་ཆེ་བ་ལ། །འབྲས་དང་འབྲས་བུ་གསུམ་འོ་མ། །རིན་ཆེན་སྨན་དང་ཡང་དག་ལྡན། །མེ་ཏོག་འབྲས་བུ་ལྡན་གྱུར་པའི། །ཡལ་ག་དག་གིས་ཁ་བརྒྱན་ཏེ། །སྔོན་པོ་མགུལ་བར་གོས་ནི་སྔོ། །སྣ་
ཚོགས་མེ་ཏོག་དག་གིས་བརྒྱན། །བསམ་གཏན་དཀྱིལ་འཁོར་ཡང་དག་ལྡན། །རྗེས་སུ་མཐུན་པའི་གདན་ལ་གནས། །ཇི་སྲིད་བརྒྱ་རྩ་བརྒྱད་དུ་གནས། །རྩ་བའི་སྔགས་ནི་བཟླས་པར་བྱ། །མཎྜལ་དགུ་ཡི་རིམ་པ་ནི། །དེ་ནས་སྟེགས་བུ་ངག་ལ་བྱ། །ལྷ་ཡི་གནས་སུ་ཡང་དག་
གནས། །དཀྱིལ་འཁོར་རྣོན་པོ་འཕྲོ་ཞུ་ལས། །ལྷ་ཡི་དཀྱིལ་འཁོར་དགེ་བ་ནི། །དཀྱིལ་འཁོར་སྟེང་དུ་ཡང་དག་བལྟ། །ཡེ་ཤེས་དཀྱིལ་འཁོར་བཀུག་ནས་སུ། །ཡང་དག་མཆོད་དེ་རབ་ཏུ་གཞུག །བཅིང་དང་དགྱེས་བྱའི་ཆོ་ག་ཡིས། །ཡང་ནི་ཨརྒྷཾ་ལ་སོགས་སྦྱིན། །སྣ་ཚོགས་མཆོད་
པས་མཆོད་ནས་ནི། །བསྟོད་དང་སྔགས་ནི་རབ་ཏུ་བཟླ། །ཞག་ནི་ཉི་ཤུ་རྩ་གཅིག་ཏུ། །དེ་ལྟར་ཉིན་རེ་བཞིན་དུ་བྱ། །སྔགས་པས་བཟླས་པ་ཁྲི་ཕྲག་གཅིག །ཉི་མ་རེ་རེར་ཡོངས་སུ་བཀང་། །དེ་ལྟར་བྱེད་པའི་རྣལ་འབྱོར་པས། །ཞི་དང་རྒྱས་དང་དབང་དང་ནི། །མངོན་སྤྱོད་ལས་ནི་ཐམས་ཅད་དུ། །
དེས་ནི་ངེས་པར་འགྲུབ་པར་འགྱུར། །སྐྱོན་རྣམས་ཐམས་ཅད་ཟད་འགྱུར་ཏེ། །ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར། །དུག་དང་ཉེ་བའི་དུག་དང་ནི། །ཀླུ་ཡི་དུག་ནི་མེད་པར་འགྱུར། །འཇིགས་པ་བརྒྱད་ནི་ཉམས་འགྱུར་ཞིང་། །རིམས་དང་ནད་རྣམས་དེ་བཞིན་ནོ། །མི་མ་ཡིན་ནི་འབྲོས་འགྱུར་

ཞིང་། །རྒྱལ་པོ་རྐུན་པོ་དབང་དུ་འགྱུར། །སྡུག་བསྔལ་སྐལ་ངན་དབུལ་བ་དང་། །རྩོད་པས་སྡིག་པ་བསགས་པ་རྣམས། །མི་འདོད་པ་ཡི་སྦྱོར་བ་ཡང་། །རིམ་གྱིས་ཟད་ཅིང་ཟིལ་གནོན་འགྱུར། །གཡང་དང་ཚེ་དང་ལེགས་སྟོབས་དང་། །རིག་པ་དག་དང་འཁོར་གྱི་
རིགས། །ཕྱུགས་དང་ནོར་ནི་ཐམས་ཅད་དང་། །ནོར་དང་འབྲུ་ཡང་འཕེལ་བར་འགྱུར། །གཞན་ཡང་སྦྱོར་བ་ནི་ཡང་དག་པར་བསྐུལ་བ་རྩ་བའི་སྔགས་ནི་ཆུ་ལ་ལན་གསུམ་བཟླས་ཏེ། ཤར་ཕྱོགས་སུ་ཁ་བལྟས་པས་གཡོན་པའི་ལག་པ་ཕྱག་བྱེད་པ་ལྟར་བྱས་ཏེ་སྔགས་པས་ཁྱོར་བ་
གསུམ་བཏུང་བར་བྱའོ། །ཟླ་བ་དྲུག་གི་ནང་དུ་ཤེས་རབ་དང་ལྡན་པར་འགྱུར་རོ། །སོར་ལྔ་བརྐོས་པའི་འོག་གིས་དཀར་པོ་དང་། འབྲས་ཟན་ལ་རྩ་བའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་བཟླས་ཏེ། རྐུན་པོ་ལ་མངོན་པར་ཕྱོགས་ཏེ་གཏོར་ན་རྐུན་པོ་རེངས་པར་བྱེད་དོ། །མི་མ་ཡིན་པས་
བཟུང་བ་ལ་དེ་བཞིན་དུ་དེའི་དཔུང་པ་ལ་ཡོངས་སུ་བཟླས་ཏེ་སྐུད་པ་སྔོན་པོས་བཅིངས་ན་གྲོལ་བར་འགྱུར་རོ། །བྱི་ལ་འདུག་པའི་ས་ལ་དེ་བཞིན་དུ་ཡོངས་སུ་བཟླས་ཏེ་དྲི་ཆུ་རྨ་བྱའི་སྒྲོའི་ཆུན་པོས་གཏོར་ཏེ། གྲུབ་པའི་དོན་དུ་ཆག་ཆག་བྱས་ན་བྱི་ལ་རབ་ཏུ་ཞི་བར་འགྱུར་རོ། །བ་གླང་གི་སྐེ་འམ་
རྭ་ལ་དེ་བཞིན་དུ་བཟླས་ཏེ། སྐུད་པ་སྔོན་པོ་ལ་མདུད་པ་བརྒྱ་བྱས་ན་ཕྱུགས་ཀྱི་ནད་ཞི་བར་འགྱུར་རོ། །མི་མང་པོ་འཆི་བའི་སར་སྔར་བཞིན་དུ་བཟླས་པའི་དྲི་ཆུ་ལ་འབུ་ཀའི་གཤོག་པས་གཏོར་ཞིང་ཡུངས་ཀར་སེར་པོ་གཏོར་ན་ཞི་བར་འགྱུར་རོ། །ཁྲག་དང་ཉ་དང་། ཤ་དང་འབྲས་དང་།
མོན་སྲན་གྲེའུ་བསྲེས་པའི་ཟན་དང་། ཁ་དོག་ཀུན་དང་ཏིལ་དང་། སྤོས་དང་། མོན་སྲན་གྲེའུ་བཙོས་པ་ལ་སོགས་པ་སའི་ཁམ་སྐྱོང་ཕོར་གང་བ་ལ་དེ་བཞིན་དུ་བཟླས་ཏེ། གཏོར་མ་དེ་གང་གི་ཁྱིམ་དུ་གཏོར་བ་དེ་རྩ་རྒྱུད་འཆད་དོ། །རང་གི་སྙིང་གའི་ཉི་མ་ལས་སྤྲོས་པའི་རབ་ཏུ་གཏུམ་
པའི་འོད་ཟེར་གྱི་ཚོགས་ཀྱིས་ཁམས་གསུམ་དུ་གཏོགས་པའི་དུག་བསྲེགས་བཞིན་པར་རྣམ་པར་བལྟས་ལ་རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་རབ་ཏུ་དཀར་བའི་འོད་ཟེར་གྱི་བདུད་རྩིས་རྒྱས་པར་སྣང་བཞིན་པར་བལྟ་བར་བྱའོ། །ཁམས་གསུམ་གྱི་དུག་ཉམས་པར་བྱེད་པའི་

སྦྱོར་བའོ། །ནམ་མཁའ་ལ་བསྐྱོད་པའི་ཉི་མའི་དཀྱིལ་འཁོར་ལ་ཁཾ་སེར་པོ་རྣམ་པར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་མདོག་སེར་བའི་དུག་གི་ཕུང་པོར་ཉི་མའི་དཀྱིལ་འཁོར་རྣམ་པར་བསྒོམ་པར་བྱའོ། །དེ་ནས་ཉི་མ་ལས་བྱུང་བའི་དུག་གི་འོད་ཟེར་གྱི་ཚོགས་ཀྱི་ཟེག་མའི་རྣམ་པ་
རྨུགས་པ་ལྟ་བུ་ལྷུང་སྟེ། སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་གཉིས་ཁྱབ་པར་བྱའོ། །བརྟན་པ་དང་གཡོ་བ་དུག་ཏུ་བྱ་བའི་སྦྱོར་བའོ། །གལ་ཏེ་ཡང་དུག་དེ་མེད་པར་བྱེད་འདོད་ན། གོང་དུ་བསྟན་པའི་སྦྱོར་བས་བྱའོ། །དུག་བསླང་བའོ། །ཀླུ་རྣམས་ཚར་བཅད་པར་
འདོད་ན། ཀླུའི་གནས་སུ་སྔགས་དེ་ཉིད་ཁྲོ་བོའི་ཚིག་གིས་བཟླས་པར་བྱའོ། །ཀླུ་འབྲོས་པར་འགྱུར་རོ། །གལ་ཏེ་མི་འབྲོས་ན་དེ་རྣམས་སྤྱི་བོ་དང་མིག་འགགས་སོ། །མཚོ་ཡང་སྐམ་མོ། །གཞན་ཡང་ཆུའི་སྐྱེ་བོ་འཆི་བར་འགྱུར་རོ། །ཀླུ་ལ་སོགས་པ་ཚར་བཅད་པའོ། །དེ་ནས་ཕྱག་ན་
རྡོ་རྗེ་གཏུམ་པོའི་སྔགས་ཀྱི་སྦྱོར་བ་བརྗོད་པར་བྱ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨ་ན་ལེ། པ་ར་ལེ། ཧཱུ་རུ་ར་སྭཱ་ཧཱ་ཞེས་པ་འདིས་སྐེ་ཚེའི་མར་ཁུ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ། དེའི་རྐང་པ་ལ་བྱུགས་ན་དཔག་ཚད་བཅུ་རུ་འགྲོ་ཞིང་སོང་ཡང་
མི་འཆད་དོ། །རྐང་པའི་ཉེ་བར་སྤྱོད་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཀཱ་མེ་ཀ་མ་ཡ་ཀ་བཛྲི་ནི་ཀ་མ་ལ་ཡ། ཀཱ་མ་བཱ་སི་ནི་ཀ་མེ་ཤྭ་རི་ནི་མིང་ཏི་ཀ་མ་བཛྲི་ནི། ཨཱ་ནཱ་ཡ་ལ་གྷུ་ཆེ་གེ་མོ། མེ་བ་ཤ་མ་ནཱ་ཡ་སྭཱ་ཧཱ་ཞེས་བྱ་བའི་སྔགས་བཟླས་
པར་བྱའོ། །དེ་ནས་གྲོ་ག་ལ་ཚོན་སྣ་མ་ལུས་པས་སོར་བརྒྱད་ཀྱི་ཚད་ཕྱག་གཡས་པ་དང་གཡོན་པ་གཉིས་ན་ས་བོན་གྱིས་གང་བའི་ཤིང་ཐོག་དང་། རྡོ་རྗེ་བསྣམས་པའི་རྡོ་རྗེ་འདོད་མ་བྲིས་ལ་སྙིང་གར་དྲི་ཞིམ་པོའི་མེ་ཏོག་ལ་བརྒྱ་རྩ་བརྒྱད་བཟླས་ཤིང་སྙིང་གར་དུས་གསུམ་དུ་
བརྡེག་པར་བྱའོ། །ཞག་བདུན་ཕྲག་གསུམ་ན་ཕྱག་རྒྱའི་སྦྱོར་བས་བརྒྱ་བྱིན་གྱི་བུ་མོ་ཡང་འགུགས་པར་འགྱུར་རོ། །དེ་ལ་ཕྱག་རྒྱ་ནི་ལག་པ་གཉིས་ཕན་ཚུན་སྦྱར་ཏེ། སོར་མོའི་རྩེ་མོ་ཁ་བལྟ་བུར་བྱས་ཏེ། རྡོ་རྗེའི་རྣམ་པར་མཐེབ་ཆེན་གཉིས་སྡིགས་མཛུབ་གཉིས་ལ་སྦྱར་

བར་བྱའོ། །དབང་དང་དགུག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏདྱ་ཐཱ། ན་མཿཙཎྜེ་ཡཀྵི་ནི། ཨིསྠི་ནི། ཙཱ་པི་ཤ་ཧི་ས་ད་ཛཱ་མེ་ད་མ་ཧཱ་སྭཱ་ཧཱ་ཞེས་བྱ་བས་ཤར་གྱི་གྲྭར་ཕྱག་ན་རྡོ་རྗེའི་སྐུ་གཟུགས་ཀྱི་མདུན་དུ་སྟོང་ཕྲག་གཅིག་
བཟླས་པར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེ་ལ་ཅི་འབྱོར་པས་མཆོད་པ་བྱས་ལ། སྔགས་བརྒྱ་བརྒྱའི་བར་དུ་བཟླས་པ་བྱས་ལ་ཉལ་བར་བྱའོ། །དེའི་ཚེ་གང་བསམས་པ་དེ་འགྲུབ་པའམ་མི་འགྲུབ་པ་དེ་ཉིད་རྗོད་པར་བྱེད་དོ། །རྨི་ལམ་བརྟག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་
ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་བཱ་རཱ་ཧཱི། མ་ཧཱ་བཱ་རཱ་ཧཱི། བཛྲ་བཱ་རཱ་ཧཱི། མ་ཧཱ་བཛྲི། མ་ནུ་ཥ་བཛྲ། ཨཱ་བེ་ཤ་ཡ། དེ་བ་ཧྲྀད་ཡ། ཨཱ་བེ་ཤ་ཡ། ཡཀྵ་ཧྲྀ་ད་ཡ། ཨཱ་བེ་ཤ་ཡ། གནྡྷརྦ་ཧྲྀ་ད་ཡ། ཨཱ་བེ་ཤ་ཡ། དཾཥྚྲ་མ་དཾ་ཥྚྲ། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། ཧཱུཾ་ཧཱུཾ་ཧཱུཾ། གརྫ་གརྫ། གྷུརྞ་གྷུརྞ། ནརྡ་ནརྡ། ཀཾ་པ་ཀཾ་པ།
ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། བྷཱུ་མཽ་པ་ཏ་ཡ། སིདྡྷ་ཙཎྜ་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བྱ་བས་ཨརྐ་དཀར་པོའི་ཤིང་ལ་སོར་བརྒྱད་ཀྱི་ཚད་ལ་མིའི་པགས་པ་བསྣམས་པའི་རྡོ་རྗེ་ཕག་མོ་མདུན་དུ་བཞག་སྟེ། འབུམ་ཕྲག་གཅིག་བཟླས་པ་བྱའོ། །དེ་ནས་ནག་པོའི་ཕྱོགས་ཀྱི་ཚེས་བརྒྱད་
ནས་ནུབ་གསུམ་དུ་སྨྱུང་བར་གནས་པས། ལྷ་མོའི་མདུན་དུ་བུམ་པའི་ཆུ་ལ་བརྒྱ་ཕྲག་བརྒྱད་མངོན་པར་བསྔགས་པ་བྱས་ལ། མེ་ཏོག་གི་ཕྲེང་བ་ཡང་དག་པར་བཞག་སྟེ། ཇི་སྲིད་རང་ཉིད་ལ་མ་བབས་ཀྱི་བར་དེ་སྲིད་དུ་བཟླས་པ་བྱའོ། །དེ་ནས་དགོས་དགུ་བྱེད་པའི་གཡོག་པོས་
བུམ་པའི་ཆུས་ཁྲུས་བྱས་ལ། མེ་ཏོག་གི་ཕྲེང་བ་རྐེད་པ་ལ་དཀྲིས་ན་དེ་ནས་བབ་པས་ལེགས་པར་གནས་པར་འགྱུར་རོ། །དེ་ནས་བཟུང་སྟེ་མཐོང་བ་ཙམ་གྱིས་ཐམས་ཅད་ལ་ཕེབས་པར་འགྱུར་རོ། །སྦྲ་ཚིལ་དང་མྱོས་བྱེད་ཀྱི་རང་བཞིན་གྱི་སྦྲུལ་ལ་བརྒྱ་ཕྲག་བརྒྱད་མངོན་པར་
བཟླས་ཏེ། ལྷ་ཆེ་གེ་མོ་ཤིག་ཅེས་ཀྱང་བརྗོད་པར་བྱའོ། །དེ་ནས་སྦྲུལ་གྱིས་འཛིན་པར་འགྱུར་རོ། །ཆུ་བོས་བར་དུ་ཆོད་པའི་གྲོང་ཡང་འཛིན་ཏོ། །དེ་ཡང་གཞན་གྱིས་འཚོ་བའི་ནུས་པ་མེད་དོ། །གཞན་ཡང་འཚོ་བར་འདོད་ན་བཟུང་བའི་མི་ལྷ་མོའི་མདུན་དུ་ཁྲུས་བྱས་ལ། ལྷ་

མོ་འོ་མས་ཁྲུས་བྱས་ན་དེ་ནས་སོས་པར་འགྱུར་རོ། །ཚ་བ་གསུམ་གྱིས་ལྟོ་བ་བཀང་བའི་སྤྲ་ཚིལ་གྱི་རང་བཞིན་གྱི་གཟུགས་བྱས་ཏེ། མྱོས་བྱེད་ཀྱི་ཚེར་མས་ཕུག་ལ་སེང་ལྡེང་གི་མེ་ལ་ཉིན་ཞག་བདུན་དུ་དུས་གསུམ་གདུངས་ན་གང་གི་མིང་ནས་གཟུང་བ་དེ་དབང་དུ་འགྱུར་རོ། །དེ་ལྟར་ཕོ་བ་
རས་དཀར་པོའི་སྦྱིན་སྲེག་ཞག་བདུན་དུ་བྱས་ན་དེ་དབང་དུ་འགྱུར་རོ། །དེ་ཡང་ལྷ་མོ་གཡོན་པའི་ཕྱག་གིས་རྡོ་རྗེ་བཟུང་བ། གཡས་པའི་ཕྱག་གིས་མདུང་འཕྱར་བ། མི་བཟད་ཅིང་བོང་ཐུང་ལ་ཁྲོ་བོའི་ལྟ་སྟངས་ཅན་གཡས་བརྐྱང་བའི་ཞབས་ཀྱིས་གནས་པའོ། །ལས་ཀྱི་སྦྱོར་བ་གཞན་དང་གཞན་
ནི་གཞུང་མངས་པས་འཇིགས་པས་ན་འདིར་མ་བརྗོད་དོ། །སྔོན་གྱི་སློབ་དཔོན་བྱས་པའི་གཞུང་། །བལྟས་ནས་མ་རྒྱས་འཁྲུགས་པ་ལས། །དེ་དག་རྒྱས་ཕྱིར་འདི་བྱས་ལ། །བདག་ལ་མཁས་རྣམས་བཟོད་པར་མཛོད། །གོས་སྔོན་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ནི། །རབ་རྒྱས་སྦྱོར་བ་དང་ལྡན་བྱས་
པ་ལས། །བདག་གིས་བསོད་ནམས་བསགས་པ་འདི་ཡིས་ནི། །གོས་སྔོན་རྡོ་རྗེ་འཛིན་པ་དགྲ་རྒྱལ་ཤོག །ཀླུའི་བདག་པོ་ཐམས་ཅད་ཀྱིས་ཕྱག་བྱས་པའི་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས། སློབ་དཔོན་མཁས་པ་ཆེན་པོ་དཔལ་སྟོང་ཉིད་ཏིང་ངེ་འཛིན་རྡོ་རྗེའི་ཞལ་སྔ་ནས་
མཛད་པ་རྫོགས་སོ།། །།རང་གི་བླ་མ་ཉིད་ལས་ཐོས་ནས་ཁམས་པ་དགེ་སློང་བ་རི་ལོ་ཙཱ་བ་ཆེན་པོ་རིན་ཆེན་གྲགས་པས་བསྒྱུར་ཅིང་། སླད་ཀྱིས་རྒྱ་གར་གྱི་མཁན་པོ་ཨ་བྷི་ཡུག་ཏ་དང་ཞུ་དག་བྱས་ནས་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་པཱ་ཎི་
སཱ་དྷ་ནཾ། བོད་སྐད་དུ། ཕྱག་ན་རྡོ་རྗེའི་སྒྲུབ་ཐབས། ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གཉིས་མེད་ཡེ་ཤེས་བཅུ་དྲུག་ལོན། །ཡེ་ཤེས་མངའ་བདག་གཞན་སྣང་མཛད། །ལྕང་ལོར་གསང་བ་བཏུལ་ནས་བཞུགས། །དཔལ་ལྡན་དེ་ལ་ཕྱག་འཚལ་ཏེ། །འགྲོ་བ་བསྒྲལ་བར་བྱ་བའི་
ཕྱིར། །བདག་གིས་སྒྲུབ་ཐབས་འདི་བརྩམ་མོ། །དེ་ལ་དང་པོར་དབང་ཐོབ་པའི། །དམ་གནས་རིགས་ལྡན་རྣལ་འབྱོར་དེས། །ཉམས་དགའི་གནས་སུ་བསམ་གཏན་བྱ། །ཁྲུས་བྱས་བདེ་བའི་སྟན་འདུག་ནས། །སེམས་ཅན་དོན་ཕྱིར་དྲན་བྱའོ། །རང་ཉིད་ཟླ་སྟེང་ཧཱུཾ་ལས་ནི། །འོད་སྤྲོས་

བླ་མ་སངས་རྒྱས་སོགས། །ནམ་མཁར་དམིགས་ལ་ཕྱག་འཚལ་མཆོད། །སྡིག་པ་བཤགས་སོགས་བདུན་པ་བསམ། །དེ་ནས་བྱམས་སོགས་བསྒོམས་ནས་ནི། །བརྟན་གཡོ་སྲིད་གསུམ་སྟོང་པར་བསམ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་ཧྲཱིཿདང་ཨཾ་ཡིག་
ལས། །སྣ་ཚོགས་པདྨ་ཉི་དཀྱིལ་འཁོར། །དེ་སྟེང་ཧཱུཾ་བསམ་དེ་ལས་འོད། །འོད་འཕྲོས་གུར་དང་ས་གཞི་སོགས། །དྲ་བ་ར་བ་རྡོ་རྗེ་འབར། །ཧཱུཾ་ལས་འོད་འཕྲོས་རྡོ་རྗེར་གྱུར། །དེ་ལས་སྐུར་གྱུར་སྤྲིན་དཀར་མདོག །རྡོ་རྗེ་གཏུམ་པོ་འཇིགས་པ་ཆེ། །གཡས་པ་རྡོ་རྗེ་ཐུགས་ཀར་གསོར། །གཡོན་
པས་ཁུ་ཚུར་དཀུ་རུ་བརྟེན། །མཚན་དང་དཔེ་བྱད་འབར་བས་མཛེས། །ཕྱག་རྒྱ་ལྔ་སོགས་རྒྱན་ལྡན་ཞིང་། །ཡེ་ཤེས་སྐུ་ལ་དྲི་མས་སྟོང་། །གནས་གསུམ་ཨོཾ་སོགས་བྱིན་གྱིས་བརླབས། །དེ་ནས་ཐུགས་ཀའི་ཧཱུཾ་ལས་ནི། །འོད་འཕྲོས་ཡེ་ཤེས་སེམས་དཔའ་དགུག །མཆོད་བསྟོད་བྱས་ལ་
དགུག་གཞུག་བྱ། །དེ་ནས་ཧཱུཾ་ལས་འོད་འཕྲོས་པས། །ཕྱོགས་བཅུ་རྒྱལ་བའི་ཐུགས་ཀར་ཕོག །ཕྱོགས་བཅུ་རྒྱལ་བའི་ཐུགས་ཀ་ནས། །བུམ་ཆུ་ཐོགས་པའི་ལྷ་མོ་ཡིས། །དབང་བསྐུར་དག་བྱས་རིགས་བདག་པོ། །མི་བསྐྱོད་རྡོ་རྗེ་སྤྱི་བོར་འཛིན། །དེ་ནས་ཧཱུཾ་ལས་ལྷ་མོ་སྤྲུལ། །མཆོད་པ་
ཀུན་གྱིས་རབ་ཏུ་མཆོད། །ཡོན་ཆབ་མེ་ཏོག་བདུག་སྤོས་སྣང་། །དྲི་དང་ལྷ་བཤོས་སྒྲ་ཡིས་མཆོད། །བསྟོད་ལ་ཐུགས་ཀར་ཉི་གདན་ལ། །ཧཱུཾ་བསམས་སྔགས་ཀྱི་འོད་ཟེར་ཚུལ། །བསྐོར་བའི་ཚུལ་གྱིས་བཟླས་པ་བྱ། །ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། དེ་ནས་ཧཱུཾ་ལས་
འོད་འཕྲོས་པས། །འབྱུང་པོའི་ཚོགས་རྣམས་རབ་བཀུག་ནས། །གཏོར་མ་བདུད་རྩིར་བསམས་ལ་བསྔོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཱཾ། ཨཱདྱ་ནུད་པནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཚིམ་པར་བྱས་ལ་གནས་སུ་གཏང་། །ཨོཾ་ཨཱཿཧཱུཾ་མུཿ དེ་ནས་ཡེ་ཤེས་སེམས་དཔའ་དབྱེ། །མཆོད་བསྟོད་
བཟོད་གསོལ་སྨོན་ལམ་གདབ། །གཤེགས་པའི་སྔགས་ཀྱིས་གཤེགས་སུ་གསོལ། །དམ་ཚིག་སེམས་དཔའི་ང་རྒྱལ་གྱིས། །སྤྱོད་ལམ་ཀུན་དུ་གནས་པར་བྱའོ། །གཟུངས་སྔགས་ཕན་ཡོན་ཇི་ལྟར་གསུངས་པ་ཀུན། །འདི་ལ་མི་གནས་དེ་དག་འབྱུང་བ་མིན། །བདག་གིས་བསྒྲུབ་

པའི་ནུས་པ་དེ་མེད་ཀྱང་། །སྙིང་རྗེའི་དབང་གིས་འགྲོ་ལ་ཕན་གདགས་ཕྱིར། །སྒྲུབ་ཐབས་རིན་ཆེན་འདུས་པ་འདི་བཤད་པས། །སྐུ་གསུམ་ཡིད་བཞིན་རིན་ཆེན་ཐོབ་པར་ཤོག །ཕྱག་ན་རྡོ་རྗེ་གོས་དཀར་པོ་ཅན་གྱི་སྒྲུབ་པའི་ཐབས། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ་རྫོགས་སོ།། །།
ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་པཱ་ཎི་མཎྜལ་བི་དྷིཿ། བོད་སྐད་དུ། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཕྱག་ན་རྡོ་རྗེ་དང་། །བླ་མ་ལ་གུས་ཕྱག་འཚལ་ཏེ། །སྒྲུབ་པ་པོ་ལ་
ཕན་པའི་ཕྱིར། །དེ་ཡི་དཀྱིལ་འཁོར་ཆོ་ག་བརྩམ། །དཔལ་ཕྱག་ན་རྡོ་རྗེ་བསྒྲུབ་པར་འདོད་པའི་རྣལ་འབྱོར་པའི་དོན་དུ་དཀྱིལ་འཁོར་ཆོ་ག་འདི་བསྡུ་བར་བྱའོ། །དེ་ལ་སྔོན་དུ་བསྙེན་པ་བྱ་བ་ནི་སྒྲུབ་པའི་ཐབས་ལས་འབྱུང་བ་བཞིན་དུ་བདག་ཉིད་ལྷར་བསྐྱེད་ལ་སྙིང་པོ་འབུམ་བཟླས་པ་བྱ་
བའམ། ཡང་ན་ཇི་སྲིད་མཚན་མ་ཐོབ་པར་མ་གྱུར་གྱི་བར་དེ་སྲིད་དུ་བསྒོམ་པ་དང་བཟླས་པ་ནི་སྔོན་དུ་བསྙེན་པའི་ཆོ་གའོ། །དེ་ལྟར་བསྙེན་པ་རྫོགས་ནས་སའི་ཆོ་ག་བྱ་སྟེ། གཙུག་ལག་ཁང་ངམ། ཀུན་དགའ་ར་བའམ། ནགས་ཚལ་ལ་སོགས་པ་ཡིད་དུ་འོང་བའི་གནས་སུ་ས་བསླང་བ་དང་།
ས་སྦྱང་བ་དང་། ས་གཟུང་བ་དང་། ས་བྱིན་གྱིས་བརླབ་པར་བྱས་ཏེ། དེ་ལ་བསླང་བ་ནི་གནས་ཀྱི་བདག་པོ་ལ་བསླང་བ་དང་། མཎྜལ་དང་དྲིའི་ཐིག་ལེ་དང་། མེ་ཏོག་གི་ཚོམ་བུ་བྱ་སྟེ། མཆོད་པ་དང་གཏོར་མ་བཤམས་ནས་ཨོཾ་ཨ་པྲ་ཏི་བི་ཀ་ར་ཤ་ཧཱུཾ་ཛཿཞེས་བྱ་བ་དང་། རྡོ་རྗེ་བསྡམས་པའི་
མཛུབ་མོ་གཉིས་བརྐྱང་ལ་ས་ལ་རེག་པར་བྱས་པས་སའི་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས་ལ། སའི་ལྷ་མོ་མཆོད་པ་དང་། དེའི་འཁོར་ལོ་གཏོར་མ་བྱིན་ནས་གསོལ་བ་གདབ་པར་བྱ་སྟེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་
པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །ཕམ་པར་བྱ་སྟེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་གྱི་བར་དུ་བརྗོད་ལ། ས་བྱིན་པར་བསམས་ཏེ་མཆོད་ལ་གཤེགས་སུ་གསོལ། དེ་ནས་ས་སྦྱང་བ་ནི་

དྲག་པོ་དང་ཞི་བའི་སྦྱིན་སྲེག་བྱའོ། །འདོམ་གང་ཉེ་འཁོར་དུ་ལྟེ་བ་ནུབ་ཙམ་མམ་པུས་མོ་ནུབ་ཙམ་བརྐོས་ལ་གསེག་མ་དང་། གྱོ་མོ་དང་། རུས་པ་ལ་སོགས་པ་བསལ་ལ་སྤོས་ཆུས་བྲན་ལ། ས་དེ་ཉིད་ཀྱིས་བཀང་ནས་སའི་ལྟས་བརྟག་པར་བྱ་སྟེ། ས་སྦྱང་བའི་ཆོ་གའོ། །དེའི་རྗེས་ལ་
ས་བཟུང་བ་ནི་གདུགས་དང་། རྒྱལ་མཚན་དང་། བླ་རེ་ལ་སོགས་པ་བྲེས་ལ་སྐུ་གཟུགས་བཀྲམ་ནས་ཕྱོགས་བཞིར་སྤོས་རྒྱུན་མི་འཆད་པར་བཏུལ་བར་བྱའོ། །དེ་ནས་ལག་པ་གཡས་པ་དེར་གཏུགས་ཏེ། ཡི་གེ་བརྒྱ་པ་བདུན་ནམ་ཉི་ཤུ་རྩ་གཅིག་བཟླས་པར་བྱ་སྟེ། ས་གཞི་རྡོ་རྗེའི་
རང་བཞིན་དུ་བྱིན་གྱིས་བརླབས་པ་ནི་ས་གཟུང་བ་དང་བྱིན་གྱིས་བརླབ་པ་སྟེ་སའི་ཆོ་གའོ།། །།དེ་ནས་བདག་ཉིད་ཁྲུས་བྱ་ཞིང་དྲིས་བྱུགས་ལ། གོས་སྔོན་པོའི་སྟོད་གཡོགས་དང་། སྨད་གཡོགས་བགོ་ཞིང་། རྒྱན་གདགས་ཤིང་རྡོ་རྗེ་དྲིལ་བུར་ལྡན་པས་གལ་ཏེ་ནུས་ན་སྨྱུང་བར་གནས་པའམ།
མ་ནུས་ན་ཟས་དཀར་གསུམ་བཟའ་བར་བྱའོ། །དེ་ལ་རེ་ཞིག་སའི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་ཚོགས་བསགས་པ་དང་། སྲུང་བའི་འཁོར་ལོ་བསྒོམ་པ་དང་། གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ་པར་བྱ་སྟེ། དེའང་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཆེན་པོ་ནམ་མཁའི་ཚད་
དང་མཉམ་པ་ཁོང་སྟོང་བསམ་པ་ནི་སྲུང་བའི་འཁོར་ལོའོ། །དེའི་ནང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། རྟ་བབས་དང་བཅས་པ་བསྐྱེད་ལ། དབུས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་བདག་ཉིད་ལྷར་བསྐྱེད་ལ་ཡེ་ཤེས་སེམས་དཔའ་གཞུག་པ་དང་། དབང་
བསྐུར་བ་དང་། ཡི་གེ་གསུམ་གྱིས་གནས་གསུམ་དུ་བྱིན་གྱིས་བརླབས་པའི་བར་དུ་བྱས་ལ་སའི་ལྷ་མོ་མཆོད་ནས་གསོལ་བ་གདབ་པའི་བར་དུ་བྱའོ། །དེ་ནས་སྒྲུབ་པའི་གྲོགས་པོས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ནས་གསོལ་བ་གདབ་པར་བྱ་སྟེ། མཎྜལ་དབུས་དང་ཕྱོགས་བཞིར་ནི།
གོས་སྔོན་ཅན་རིགས་ལྔ་སྐད་ཅིག་གིས་བསྒོམས་ལ། ལྷ་ལ་གསོལ་བ་གདབ་པའི་ཆོ་ག །རྡོ་རྗེའི་དཀྱིལ་འཁོར་བྲི་བའི་ཕྱིར། །བདག་གིས་དཀྱིལ་འཁོར་ས་བཟུང་བས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་སོ། །སློབ་མ་བཞི་

ཡིས་ཕྱོགས་བཞི་ནས་གསོལ་བ་གདབ་པའི་ཚིག་འདི་དག་གོ། །རྡོ་རྗེ་གོས་སྔོན་རིགས་ཀྱི་གཙོ། །མཉམ་པའི་ངང་ལས་འབར་བའི་སྐུ། །ཞེ་སྡང་ཆེན་པོ་ཚར་གཅོད་ཕྱིར། །རྡོ་རྗེ་རིགས་ཀྱི་ས་བཟུང་མཛོད། །རིན་ཆེན་གོས་སྔོན་རིགས་ཀྱི་གཙོ། །མཉམ་པའི་ངང་ལས་འབར་བའི་སྐུ། །ང་རྒྱལ་ཅན་རྣམས་
གཞོམ་པའི་ཕྱིར། །རིན་ཆེན་རིགས་ཀྱི་ས་བཟུང་མཛོད། །པདྨའི་གོས་སྔོན་རིགས་ཀྱི་གཙོ། །མཉམ་པའི་ངང་ལས་འབར་བའི་སྐུ། །འདོད་ཆགས་ཅན་རྣམས་གདུལ་བའི་ཕྱིར། །པདྨ་རིགས་ཀྱི་ས་བཟུང་མཛོད། །ལས་ཀྱི་གོས་སྔོན་རིགས་ཀྱི་གཙོ། །མཉམ་པའི་ངང་ལས་འབར་བའི་སྐུ། །ཕྲག་
དོག་ཅན་རྣམས་གདུལ་བའི་ཕྱིར། །ལས་ཀྱི་རིགས་ཀྱི་ས་བཟུང་མཛོད། །ཅེས་སོ། །དེ་ནས་མིག་གཡས་པར་མ་ལས་ཉི་མའི་དཀྱིལ་འཁོར། །གཡོན་པར་ཊ་ལས་ཟླ་བ། རྐང་མཐིལ་དུ་སྣ་ཚོགས་རྡོ་རྗེ་བསྐྱེད་ནས་ལངས་ཏེ་སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་བདག་ལྷའི་སྐུ་གསལ་བར་
དམིགས་ཏེ། དབུས་ཀྱི་གཙོ་བོ་ནམ་མཁར་བཏེག་ལ་ཁྲོ་བོའི་བསྟོད་པ་བྱའོ། །དེ་ལ་བསྟོད་པ་ནི། ཆོས་དབྱིངས་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པའི། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་
འཚལ་བསྟོད། །བསྐལ་པའི་མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །དཔའ་བོ་སྟང་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་ལ་བཀའ་བསྒོ་བར་བྱ་སྟེ། དཀྱིལ་འཁོར་
ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་འབྲི། །བགེགས་ཀྱི་རིགས་ཚོགས་གང་ཡིན་འབྱེར་བར་གྱིས། །ཅི་སྟེ་ང་ཡི་བཀའ་ལས་འདས་གྱུར་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་འདིས། །སྤྱི་བོ་ཚལ་
པ་བརྒྱར་ནི་འགས་འགྱུར་ཞིང་། །རྣམ་པར་འཇིག་པར་འགྱུར་བར་གདོན་མི་ཟ། །ཞེས་བྱ་བ་དང་། དེང་རྣལ་འབྱོར་གྱི་དབང་ཕྱུག་ཆེ་གེ་མོ་ཞེས་བྱ་བས་རྫོགས་པའི་སློབ་མ་ཆེ་གེ་མོ་ཞེས་བྱ་བ་བྱང་ཆུབ་ཏུ་རྫོགས་པར་བྱ་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་

པའི་ཕྱིར་དང་། དཔལ་ཕྱག་ན་རྡོ་རྗེ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་ཞིག་རྩོམ་གྱིས་གང་སུ་རུང་བ་ས་ཕྱོགས་འདི་ན་གནས་པའི་ལྷ་དང་ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། འབྱུང་པོ་དང་། གནོན་པོ་དང་། ནམ་མཁའ་
ལྡིང་དང་། མི་འམ་ཅི་དང་། རིག་འཛིན་ལ་སོགས་པ་རྒན་པོ་དང་། རྒན་མོ་དང་། འཁོར་དང་། གཡོག་ཏུ་བཅས་པ་འདིར་མ་གནས་པར་གཞན་དུ་དེངས་ཤིག །དེ་ལྟར་ཕྱག་ན་རྡོ་རྗེའི་བཀའ་ཐོས་པས་མྱུར་བ་ཉིད་དུ་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་ནི་ངའི་ཡེ་ཤེས་ཀྱི་རྡོ་རྗེ་
ཆེན་པོ་ཀུན་དུ་འབར་བ་འདིས་མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཏ་རེ་ཞེས་ལན་གསུམ་བརྗོད་དེ། རྡོ་རྗེ་ཆེན་པོའི་གར་དང་། རྡོ་རྗེ་ཆེན་པོའི་འགྲོས་ཀྱིས་ས་གཞི་ལན་གསུམ་བསྐོར་ཞིང་། རང་གི་ལུས་ལས་ཁྲོ་བོའི་ཚོགས་ཕྱུང་ལ་སྡང་བ་ཐམས་ཅད་བསྐྲད་པར་བསམ་མོ། །དེ་ནས་ཡི་
གེ་ཧཱུཾ་གིས་སྲུང་བའི་འཁོར་ལོ་བྱས་ལ། ཕུར་བུ་ལྔ་སྟོང་ཕྱག་ན་རྡོ་རྗེ་སྨད་རྡོ་རྗེ་རྩེ་གཅིག་པ་ལྟ་བུར་བསྐྱེད་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱན་བནྡྷ་ཧཱུཾ་ཕཊ་ཅེས་བྱ་བ་བརྒྱ་རྩ་བརྒྱད་བཟླས་ལ། དབུས་དང་གྲྭ་བཞིར་ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུ་ཥྚཱ་ན་ཧཱུཾ་ཕཊ། ཀཱི་ལཱ་ཡ་ཀཱི་ལ་ཡ་
སརྦ་པཱ་པཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི། ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལཱ་ཡ་ཧཱུཾ་ཕཊ་ཅེས་བྱ་བས་བཏབ་ལ། ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ་ཅེས་བྱ་བས་བརྡུང་བར་བྱའོ། །དེ་ནས་སྲུང་སྐུད་བཅིང་བ་དང་། གུ་གུལ་གྱིས་བདུགས་པ་དང་། མེ་ཏོག་ཕྲེང་བ་བཏགས་ཤིང་
དྲིའི་ཐིག་ལེ་བྱས་ནས་བྱམས་པའི་གོ་ཆ་བསྐོན་པར་བྱའོ། །དེ་ནས་དཀྱིལ་འཁོར་བའི་རྣམ་ལྔ་དང་། སྙིང་པོ་བཟླས་པའི་དྲི་ཆུས་བྱུགས་ལ། དབུས་སུ་དྲིའི་ཐིག་ལེ་བྱས་ཏེ་མེ་ཏོག་གི་ཚོམ་བུ་བཀྲམ་ནས་ཛཿཧཱུཾ་བཾ་ཧོཿའི་སྔགས་ཀྱིས་བཏེག་པའི་ལྷ་བཞུགས་སུ་གསོལ་ལོ། ཡེ་ཤེས་སེམས་དཔའ་
གཞུག་པ་དང་། དབང་བསྐུར་བ་དང་། ཡི་གེ་གསུམ་གྱིས་གནས་གསུམ་དུ་བྱིན་གྱིས་བརླབས། མཆོད་པ་ལྔ་དང་། མཆོད་པ་རྒྱས་པ་དང་། བསྟོད་པ་བྱས་ནས་སྙན་གསན་དབབ་པར་བྱ་སྟེ། ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སློབ་མ་ཀུན་ལ་

བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་བྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བ་མཛད་པར་རིགས། །ཞེས་ལན་གསུམ་བརྗོད་པར་བྱ་སྟེ། ལྷ་ལྷག་པར་གནས་པར་བྱའོ། །དེ་ནས་བུམ་པ་གཉིས་ལེགས་པར་བཀྲུས་ནས་རས་གཙང་
མས་མགུལ་པ་བཅིངས་ཏེ། ལྡུམ་བཅས་ལྕུག་མས་ཁ་བརྒྱན་ལ། རིན་པོ་ཆེ་ལྔ་དང་། སྨན་ལྔ་དང་། འབྲུ་ལྔ་བཅུག་ནས་ལྷག་པར་གནས་པར་བྱ་སྟེ། དེ་ནས་བུམ་པ་བདུད་རྩི་འཁྱིལ་པས་བསངས་ནས། བྷྲཱུཾ་ལས་གཞལ་ཡས་ཁང་དང་། བྃ་ལས་འོ་མ་ཅན་གྱི་རྒྱ་མཚོ་དང་། ཧྲཱིཿལས་སྣ་
ཚོགས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་ནས་དེའི་སྟེང་དུ་ཧཱུྃ་ལས་ཕྱག་ན་རྡོ་རྗེ་བསྐྱེད་དེ། ཡེ་ཤེས་སེམས་དཔའ་དགུག་པ་དང་། གཞུག་པ་དང་། དབང་བསྐུར་བ་དང་། བྱིན་གྱིས་བརླབ་པ་དང་། མཆོད་པ་དང་། བསྟོད་པ་བྱས་ནས་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ།
གོས་གཙང་མས་བཀབ་ལ་བཞག་སྟེ། ཕྱི་དེ་ཞག་གསུམ་དུ་བཟླས་པ་བྱ་སྟེ་བུམ་པ་ལྷག་བར་གནས་པའོ། །དེ་ནས་འབྱོར་པ་ཡོད་ན་སྦྱིན་སྲེག་གི་མཆོད་པ་བྱའོ། །དེ་ནས་གཏོར་མའི་ཆོ་ག་ལས་འབྱུང་བ་བཞིན་དུ་གཏོར་མ་བཏང་ནས། སློབ་མ་ལྷག་པར་གནས་པ་བྱ་སྟེ། ཁྲུས་བྱས་ལ་མེ་
ཏོག་ལག་ཏུ་ཐོགས་ཏེ་སློབ་དཔོན་གྱི་ཞབས་གཉིས་ལ་ཕྱག་འཚལ་ནས་གསོལ་བ་བཏབ་སྟེ་རྒྱུན་བཤགས་བྱའོ། །དགའ་ཆེན་ཁྱོད་ལ་བདག་དགའོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པའི། །མགོན་པོ་ཆེན་པོ་བདག་ལ་སྩོལ། །དམ་ཚིག་ཆེན་པོ་
སྩལ་དུ་གསོལ། །བྱང་ཆུབ་སེམས་ནི་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་ཚུལ་ཆེན་སྤྱོད་པ་དག །ཁྱོད་ལ་ཡང་
དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསང་སྔགས་འདི་བསྒོམས་པས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པའི་མཚན་མ་བརྙེས། །གསང་སྔགས་སྦྱོར་བ་མཉམ་

མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་རྗེས་འཇུག་པར་རྟོགས་ནས། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེས་ན་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ནས་ལྷར་
བསྐྱེད་ནས་མཆོད་པ་བྱ་སྟེ། སོ་ཤིང་དོར་བ་དང་། ཀུ་ཤ་སྦྱིན་པ་དང་། སྲུང་སྐུད་གདགས་པ་དང་། ཟབ་ཅིང་རྒྱ་ཆེ་བའི་ཆོས་བཤད་པར་བྱ་སྟེ། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །
གསང་སྔགས་སྤྱོད་པའི་ཆོ་ག་ནི། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །འགྲོ་དོན་མཉམ་མེད་བྱེད་པར་འགྱུར། །གཞན་ཡང་ཐེག་པ་ཆེན་པོ་ཡི། །ལམ་
མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་པས་ན། །ཐམས་ཅད་མཁྱེན་པའི་འབྲས་བུ་ཐོབ། །རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར། །དེས་ན་བུ་ཡིས་བརྩོན་པར་གྱིས། །སློབ་མ་ལྷག་པར་གནས་པའོ། །དེ་ལྟར་ལྷག་པར་གནས་པར་བྱས་ནས། །ནང་པར་ཉི་མ་ཤར་བ་དང་མཆོད་
པ་བཤམས་ལ། དཀྱིལ་འཁོར་ནམ་མཁར་བཏེག་སྟེ། ས་གཞི་བའི་རྣམ་པ་ལྔ་དང་དྲི་ཆེན་པོས་བྱུགས་ནས་ཐིག་སྐུད་བྱིན་གྱིས་བརླབས་ལ་ཆོ་ག་བཞིན་ཐིག་གདབ་པར་བྱའོ། །<ད་‚དེ་>ནས་ཚོན་དགྱེ་བར་བྱ་སྟེ། ཚོན་བྱིན་གྱིས་བརླབས་ལ་དབུས་སུ་པདྨ་དང་ཟླ་བའི་གདན་ལ་རྡོ་རྗེ་རྩེ་ལྔ་པ་བྲིས་པ་
དང་། ཕྱོགས་ཀྱི་རིམ་པར་ཚོན་དགྱེ་བ་དང་། རྩིག་པ་ལ་ཕྱི་རིམ་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ནག་པོ་དང་། ཁ་ཁྱེར་དམར་པོ་དང་། རིན་པོ་ཆེའི་ཕ་གུ་སེར་པོ་དང་། དྲ་བ་དྲ་ཕྱེད་ནག་པོ། མདའ་ཡབ་ལྗང་གུ། རྟ་བབས་ཅི་མཛེས་པ། རྡོ་རྗེ་མེ་རི་དང་
བཅས་པར་བྲི་བར་བྱའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་དགོངས་ཀའི་དུས་སུ་མཆོད་རྫས་རྣམས་བསགས་ནས་བདག་ཉིད་སྟན་བདེ་བ་ལ་འདུག་སྟེ། ལྷའི་ང་རྒྱལ་གྱིས་དཀྱིལ་འཁོར་བཏེག་ལ་ཡིད་ཀྱིས་ནང་དུ་ཞུགས་ཏེ། ལྷག་པ་དང་མ་ཚང་བའི་ཉེས་པ་ཞི་བར་བྱ་བའི་ཕྱིར་ལན་བདུན་

བསྐོར་བར་བྱའོ། །དེ་ནས་མེ་ཏོག་གི་ཕྲེང་བ་དོར་ལ་སླར་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་བདག་ཉིད་ལྷར་བསྐྱེད་ལ་མདུན་གྱི་ལྷ་ཡང་ས་བོན་གྱི་ཡི་གེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ལས་འོད་ཟེར་སྤྲོ་བསྡུ་བྱས་ནས། ལྷར་བསྐྱེད་ལ་ཡེ་ཤེས་སེམས་དཔའ་གཞུག་པ་ལ་སོགས་པ་བྱས་ནས།
མཆོད་པ་རྒྱས་པར་ཕུལ་བསྟོད་པ་བྱས་ནས་བུམ་པར་བཅུག་སྟེ། བཟླས་པ་བྱས་ནས་ཆུར་ཞུ་བ་ལས་སྐུ་ཁྲུས་གསོལ་བར་བྱའོ། །དེ་ནས་སྦྱིན་སྲེག་བྱ་བ་དང་། གཏོར་མ་བཏང་ནས་སློབ་མ་ལ་དབང་བསྐུར་བར་བྱ་སྟེ། དེ་ནས་བདག་ཉིད་འཇུག་པའི་ཆོ་ག་དང་། སློབ་མ་འཇུག་པའི་ཆོ་ག་ཡང་ཚུལ་
བཞིན་དུ་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་བྱས་ལ། གནང་བ་ནོད་པར་བྱ་སྟེ། བདག་མིང་འདི་ཞེས་བགྱི་བས་ནི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་འཇུག་པར་འཚལ། །དེ་ནས་རྡོ་རྗེ་སློབ་མ་ཡི། །སྤྱོད་ལམ་ལེགས་པར་གསུངས་པ་ཡི། །
བླ་མ་ཆེན་པོ་ཁྱེད་ཀྱིས་ནི། །བྱང་ཆུབ་ཆེན་པོའི་ལམ་སྟོན་པའི། །བསམ་གྱིས་མི་ཁྱབ་དམ་ཆོས་སྣོད། །དབང་བསྐུར་དམ་པ་མཛད་དུ་གསོལ། །གདོང་གཡོགས་བཅིང་བ་དང་། རྒྱུན་བཤགས་བྱ་བ་དང་། སྡོམ་པ་གཟུང་བ་དང་། ལྷར་བསྐྱེད་ཅིང་ལས་ཐམས་ཅད་པའི་བུམ་པས་ཁྲུས་བྱ་བ་དང་། དཀྱིལ་
འཁོར་དུ་འཇུག་པ་དང་། ལྷའི་དམ་ཚིག་བསྒྲག་པ་ནི། མཐུ་སྟོབས་ཕྱག་ན་རྡོ་རྗེ་ནི། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །རྟག་ཏུ་ཡི་དམ་ལྷ་ཡིན་གྱི། །ཚུལ་འདི་སྨྲ་བར་མ་བྱེད་ཅིག །གལ་ཏེ་ཚུལ་འདི་སྨྲས་ན་ཡང་། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་པའོ། །དེ་ནས་ཙནྡན་གུར་གུམ་ལ་སོགས་པའི་ཆུ་ཁྱོར་བར་བླུགས་ལ།
འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་ཚིག་པར་བྱེད། །གལ་ཏེ་གསང་སྔགས་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅེས་བརྗོད་དོ། །དེ་ནས་སློབ་དཔོན་གྱིས་དམ་ཚིག་བསྒྲགས་ཏེ། ང་ནི་ཕྱག་ན་རྡོ་རྗེ་སྟེ། །ང་ཡིས་བསྒོ་བའི་ལས་ཉོན་ཅིག །མ་མོས་བརྙས་པར་མ་བྱེད་
ཅིག །གལ་ཏེ་ཁྱོད་ཀྱིས་བརྙས་ན་ནི། །དམ་ཚིག་འདི་ཡིས་སྲེག་པར་བྱེད། །ཚ་བ་ཆེན་པོའི་གནས་སུ་བསྲེག །ཅེས་པའོ། །ཡེ་ཤེས་དབབ་པ་ནི། དེ་ནས་རྫས་ཀྱི་དུད་པ་བཏང་། རྡོ་རྗེ་སློབ་དཔོན་ཐུགས་ཀ་ནས། །ཁ་དོག་དམར་བའི་ཨ་བཏོན་ནས། །སློབ་མའི་སྙིང་གར་གཞུག་པར་བྱ། །

སློབ་མ་རྣམས་ཀྱིས་བདེ་བ་བསྒོམ། །འཕར་དང་ལྡེག་པའི་རྟགས་བྱུང་ན། །དེ་ཉིད་བརྟན་པའི་ཡན་ལག་བྱ། །ཡེ་ཤེས་དབབ་པའོ། །ཕྲེང་བ་དོར་བ་དང་། གདོང་གཡོགས་དགྲོལ་བ་དང་། དཀྱིལ་འཁོར་ལྟ་བ་བྱས་ནས་ལྷར་བསྐྱེད་ལ། རང་བཞིན་རྣམ་དག་བདག་ཉིད་ལས། །
དཔའ་བོ་དབང་ཕྱུག་མ་ཡི་གནས། །དྲི་མེད་རང་བཞིན་དཀྱིལ་འཁོར་ནི། །བུ་ཁྱོད་ཀྱིས་ནི་བལྟ་བར་གྱིས། །གདོང་གཡོགས་བཀྲོལ་ཏེ་འཁོར་ལོའི་ལྷ། །དེ་བཞིན་ཉིད་ནི་བསྟན་པར་བྱ། །གཙོ་བོ་སྒོ་མར་བཅས་པ་བསྟན། །ཆུ་དང་། ཅོད་པན་དང་། རྡོ་རྗེ་དང་། དྲིལ་བུ་དང་། མིང་གི་དབང་
བསྐུར་བར་བྱའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་བརྟུལ་ཞུགས་ལ་སོགས་པ་བསྐུར་རོ། །དེ་ཡང་དང་པོ། ཡོན་ཕུལ་ནས་ནི་གསོལ་གདབ་བྱ། །བུམ་པའི་ཆུ་ཀུན་བསྡུས་ནས་བྱ། །སློབ་མ་ལ་ནི་དབང་བསྐུར་བྱ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་པས། །ཇི་ལྟར་ཕུལ་བས་མཆོད་པ་ཆེ། །བདག་ཀྱང་བསྒྲལ་
བའི་དོན་དུ་ནི། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་བརྗོད་ལ། དེ་ནས་བུམ་པའི་དབང་བསྐུར་ཏེ། རྡོ་རྗེ་དབང་བསྐུར་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །གསང་གསུམ་གཞི་ལས་བྱུང་བ་ཡི། །རྡོ་རྗེ་གོས་སྔོན་ཆུ་དབང་སྦྱིན། །ཨོཾ་བཛྲ་ནཱི་ལཱཾ་བ་ར་དྷ་ར་ཨ་བྷི་ཥིཉྩ་མི། དེ་ནས་དབུ་
རྒྱན་གྱི་དབང་བསྐུར་ཏེ། སངས་རྒྱས་ཡོན་ཏན་ལས་བྱུང་བའི། །ཡིད་བཞིན་ནོར་བུ་འབར་བ་ཆེ། །བསམས་པ་ཐམས་ཅད་འབྱུང་བའི་གནས། །རིན་ཆེན་གོས་སྔོན་དབང་བསྐུར་རོ། །ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩཱ་མི། དེ་ནས་རྡོ་རྗེའི་དབང་བསྐུར་ཏེ། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་
ཁྱོད་ལ་བསྐུར་བྱས་པས། །སངས་རྒྱས་ཐམས་ཅད་རབ་བསྒྲུབ་ཕྱིར། །པདྨའི་གོས་སྔོན་རྡོ་རྗེ་ཟུང་། །ཨོཾ་པདྨ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་མི། དེ་ནས་དྲིལ་བུའི་དབང་བསྐུར་ཏེ། །ཆོས་ཀུན་སྒྱུ་མའི་སྒྲ་སྒྲོགས་ཏེ། །སྟོང་པའི་དོན་ལས་སད་པར་བྱེད། །ཤེས་རབ་དྲིལ་བུའི་དབང་བསྐུར་བས། །ལས་ཀྱི་
གོས་དབང་ཐོབ་པར་ཤོག །ཨོཾ་ཀརྨ་ནཱི་ལཱཾ་བ་ར་དྷ་རཱ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི། དེ་ནས་མིང་གི་དབང་བསྐུར་ཏེ། །རྡོ་རྗེའི་མིང་ནི་བླ་མེད་པས། །ཅིས་ཀྱང་མི་ཚུགས་མི་ཤིགས་པས། །བླ་མེད་བྱང་ཆུབ་ངེས་ཐོབ་པས། །བདེ་གཤེགས་གོས་སྔོན་དབང་ཐོབ་ཤོག །ཨོཾ་བུདྡྷ་ནཱི་ལཱཾ་བ་ར་དྷ་ར་ནཱ་མ་ཨ་བྷི་

ཥཉྩཱ་མི། །དེ་ནས་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ཏེ། དབང་སྟེགས་པདྨ་འདབ་བརྒྱད་བྲི། །དེ་སྟེང་སློབ་མ་བཞག་ནས་ནི། །ཚིག་གིས་གསོལ་བ་གདབ་པར་བྱ། །མི་ལྡོག་འཁོར་ལོའི་དབང་སྩོལ་ཅིག །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང་། །སྔགས་དང་ཕྱག་རྒྱའི་དེ་ཉིད་རྣམས། །
བདག་ཉིད་སློབ་དཔོན་བགྱིད་པར་འཚལ། །དེ་ནས་བུམ་ཆུས་དབང་བསྐུར་ཏེ། །གསང་བ་བྱང་ཆུབ་སེམས་ཀྱི་ཆུ། །ལྷ་ཡི་ཆུ་ནི་དག་པ་སྟེ། །དྲི་མེད་རྡོ་རྗེ་ཆུ་ཡི་དབང་། །རྡོ་རྗེ་རིགས་མཆོག་ཆུ་དབང་སྦྱིན། །རྡོ་རྗེ་དམ་ཚིག་སྦྱིན་ཏེ། ཧཱུཾ་ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་
དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་དང་པོའི་བདག་པོའི་གཙོ། །ཡང་དག་ཐོག་མ་མེད་པ་ཡི། །སྐྱེས་བུ་ཆེན་པོ་བཅོམ་ལྡན་འདས། ཨོཾ་བཛྲ་ཨ་བྷི་ཥིཉྩཱ་མི། དྲིལ་བུའི་དམ་ཚིག་སྦྱིན་ཏེ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱིངས་ཞེས་འགྲོ་བར་འདོད། །རྟག་ཏུ་
ཁྱོད་ཀྱིས་ཀྱང་ཟུངས་ཏེ། །རྒྱལ་བའི་བྱང་ཆུབ་མཆོག་ཏུ་བཞེད། །ཨོཾ་བཛྲ་དཱིཔྟ་དྲིཥྚི་ཨ་བྷི་ཥིཉྩཱ་མི། ཕྱག་རྒྱའི་དམ་ཚིག་སྦྱིན་ཏེ། ཐབས་དང་ཤེས་རབ་གཉིས་མེད་རྒྱ། །མི་ཕྱེད་རྡོ་རྗེའི་ངོ་བོ་ཉིད། །འཁྱུད་པའི་དམ་ཚིག་ཕྱག་རྒྱ་སྟེ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཨོཾ་ཀཱ་ཡ་མུ་ཏྲ་ཨ་
བྷི་ཥིཉྩ་མི། དཀྱིལ་འཁོར་གྱི་ནི་དེ་ཉིད་དང་། །སློབ་དཔོན་དེ་ཉིད་རབ་ཏུ་སྦྱིན། །དེ་བ་མཎྜལ་གུ་རུ་ཨ་བྷི་ཥིཉྩཱ་མི། དེ་ལ་ལྷའི་གནང་བ་སྦྱིན་པའོ། །སེམས་ཅན་རྣམས་ལ་ཕན་དོན་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །དེ་ལྟར་ཆོས་ཀྱི་འཁོར་ལོ་
བསྐོར། །རྗེས་སུ་གནང་བ་སྦྱིན་པའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །རྟག་ཏུ་ཁྱོད་ཀྱིས་ཀྱང་བཟུང་སྟེ། །ལག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཏིཥྛ་ས་མ་ཡ། ཨ་ཏི་དེ་ཤ་སྟྭཾ་དྷ་ར་ཡ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྟུལ་ཞུགས་
སྦྱིན་ནོ། །དེ་ནས་སློབ་དཔོན་གཙོ་བོར་བསྒོམས་ཏེ། ཆོས་གོས་གྱོན་པའི་ཐ་མ་ལག་པ་གཡོན་པའི་ཁུ་ཚུར་གྱིས་སྙིང་གར་བཟུང་ལ། ལག་པ་གཡས་པས་མཆོག་སྦྱིན་དུ་བྱས། །ཀྱེ་འདོད་ཆགས་རྡོ་རྗེ་རྫོགས་སངས་རྒྱས། །ཞེས་བོས་ལ། སྔགས་འདི་བརྗོད་པར་བྱའོ། །སིདྡྷི་ས་མ་ཡ་སྟྭཾ་

བྷུར་བྷུ་བ་སྭཿ། དེ་ནས་ལུང་བསྟན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཡང་དག་པའི་བྱང་ཆུབ་ཏུ་ལུང་བསྟན་པའོ། །མཆོད་སྦྱིན་གྱི་ཕྱག་རྒྱ་ཆེན་པོའི་མཐུ་དང་། སྔགས་ཀྱི་མཐུ་ངེས་པར་འོང་གིས་དད་པར་གྱིས་
ཤིག་ཅེས་ལུང་བསྟན་པར་བྱའོ། །དཀྱིལ་འཁོར་ཆོ་ག་སྦྱར་བ་ཡིས། །དགེ་བ་གང་དེས་འགྲོ་བ་ཀུན། །ཕྱག་ན་རྡོ་རྗེ་ཐོབ་ནས་ནི། །འགྲོ་དོན་མ་ལུས་བྱེད་པར་ཤོག །དཔལ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག །སློབ་དཔོན་ཀླུ་སྒྲུབ་དང་། འགྲོ་བཟངས་སྙིང་པོས་དོན་གཅིག་ཏུ་བསྡེབས་པ་
རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་པཱ་ཎི་སྟོ་ཏྲ། བོད་སྐད་དུ། དཔལ་ཕྱག་ན་རྡོ་རྗེ་ལ་བསྟོད་པ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཧཱུཾ་བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །
ཆོས་སྐུ་ནམ་མཁའ་ལྟ་བུའི་ངང་ཉིད་ལས། །གཟུགས་སྐུ་འཇའ་ཚོན་ལྟ་བུའི་སྐུར་སྣང་བ། །བཅོམ་ལྡན་རྡོ་རྗེ་གཏུམ་པོ་ཁྲོས་པའི་སྐུ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་ནག་ལ། །གཡས་པ་རྡོ་རྗེ་རྩེ་ལྔ་བསྣུན་པའི་ཚུལ། །གཡོན་པ་སྡིགས་མཛུབ་འཆང་བ་ཐུགས་ཀར་འཛིན། །དབུ་
སྐྲ་དམར་སེར་གྱེན་བརྫེས་ཅོད་པན་ཅན། །དབང་བསྐུར་སངས་རྒྱས་མི་བསྐྱོད་པ་ཡིས་མཛེས། །སྨིན་བསྡུས་སྨིན་མ་གློག་སྟོང་འོད་དུ་འཕྲོ། །སྤྱན་གསུམ་འབར་བ་ཁྲོ་བོའི་ལྟ་བས་མཛེས། །མཆེ་བ་གཙིགས་ཤིང་དབུགས་རྒྱུ་མེ་ལྟར་འབར། །ཨ་ལ་ལ་ཡི་གད་རྒྱངས་ཆེན་པོ་སྒྲོགས། །ཧ་ཧའི་གད་
མོས་སྟོང་གསུམ་བརྒྱལ་བར་བྱེད། །ཧཱུཾ་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲ། །ཕཊ་ཀྱིས་ཐོག་འབེབས་རྡོ་རྗེ་སེར་ཆེན་འབེབས། །གཤིན་རྗེའི་གཟུགས་ཅན་རྒྱན་དང་ཆ་ལུགས་ལྡན། །སྐུ་སྟོད་སེང་གེའི་པགས་པས་རྣམ་པར་བརྒྱན། །ན་བཟའ་ཆོས་གོས་སྔོན་པོ་འཆང་བ་བསྣམས། །སྟག་གི་སྨད་
གཡོགས་པ་ཏི་ཁྲ་བོས་བརྒྱན། །རིན་ཆེན་འབར་བའི་སྦྲུལ་གྱིས་དབུ་བརྒྱན་ཅིང་། །དགའ་བོ་ཉེ་དགའི་སྙན་ཆས་རབ་ཏུ་མཛེས། །གདུག་པ་འབར་བ་ཟས་སུ་གསོལ་བར་མཛད། །ཀླུ་ནག་སེ་རལ་ཁ་རུ་བརྒྱན་པ་སྟེ། །འདབ་བཟང་དཀར་པོས་སྐ་རགས་རྣམ་པར་བཅིངས། །ནོར་རྒྱས་བུས་ནི་ཕྱག་

དང་ཞབས་བརྒྱན་ཏེ། །ཉི་ཟླའི་སྟེང་ན་ཁྲོ་རྒྱལ་གར་བྱེད་དགྱེས། །སྣ་ཚོགས་པདྨའི་གདན་ལ་རྣམ་པར་བཞུགས། །རྡོ་རྗེའི་རིགས་མཆོག་བཅོམ་ལྡན་གཏུམ་པོ་སྟེ། །སངས་རྒྱས་འདུས་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུཾ་བསྐལ་པའི་མེ་འབར་ཀློང་ན་བཞུགས་པ་ནི། །ཉོན་མོངས་འཁོར་བ་རྩད་ནས་
གཅོད་པའི་རྟགས། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་ནག་ནི། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའི་རྟགས། །རྡོ་རྗེ་རྩེ་ལྔ་གཡས་ན་བསྣམས་པ་ནི། །ཡེ་ཤེས་ལྔ་ལྡན་དུག་ལྔ་འཇོམས་པའི་རྟགས། །གཡོན་པས་སྡིགས་མཛུབ་ཐུགས་ཀར་འཆང་བ་ནི། །ཆོས་ཀྱི་དབྱིངས་ལས་
འགྱུར་བ་མེད་པའི་རྟགས། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ནི། །ཁམས་གསུམ་འཁོར་བའི་སེམས་ཅན་འདྲེན་པའི་རྟགས། །སངས་རྒྱས་མི་བསྐྱོད་པ་ཡིས་བརྒྱན་པ་ནི། །དེ་བཞིན་གཤེགས་པའི་རིགས་ལ་དགོངས་པའི་རྟགས། །སྨིན་བསྡུས་སྨིན་མ་གློག་སྟོང་འཕྲོ་བ་ནི། །ཐུགས་རྗེའི་
ཐབས་ཀྱིས་གདུག་པ་འདུལ་བའི་རྟགས། །མཆེ་གཙིགས་དབུགས་རྒྱ་མེ་ལྟར་འབར་བ་ནི། །ཐབས་ཀྱི་སྤྱོད་པས་ཉོན་མོངས་སྲེག་པའི་རྟགས། །སྤྱན་གསུམ་དམར་བ་ཁྲོ་བོས་བལྟ་བ་ནི། །སྐུ་གསུང་ཐུགས་ཀྱི་དོན་དང་ལྡན་པའི་རྟགས། །ཨ་ལ་ལ་ཡི་གད་རྒྱངས་སྒྲོགས་པ་ནི། །འཇིག་རྟེན་
གསུམ་ན་འགྲན་ཟླ་མེད་པའི་རྟགས། །ཧ་ཧའི་གད་རྒྱངས་སྟོང་གསུམ་བརྒྱལ་བ་ནི། །ཐབས་མཁས་ཐུགས་རྗེས་གདུག་པ་འདུལ་བའི་རྟགས། །ཧཱུཾ་གི་ང་རོ་འབྲུག་སྟོང་ལྡིར་བ་ནི། །ཁྲོ་བོའི་རིགས་རྣམས་དབང་དུ་སྡུད་པའི་རྟགས། །ཕཊ་ཀྱིས་རྡོ་རྗེའི་ཐོག་སེར་འབེབས་པ་ནི། །མ་མོ་མཁའ་འགྲོ་
དབང་དུ་སྡུད་པའི་རྟགས། །གཤིན་རྗེའི་གཟུགས་ཅན་རྒྱན་དང་ཆ་ལུགས་ནི། །སྐུ་ཆེ་ཡན་ལག་རགས་ཏེ་ཆེ་བའི་རྟགས། །སྐུ་སྟོད་སེང་གེའི་པགས་པས་བརྒྱན་པ་ནི། །ཆོས་ཉིད་དོན་ལྡན་སྤྲོས་དང་བྲལ་བའི་རྟགས། །ན་བཟའ་ཆོས་གོས་སྔོན་པོ་འཆང་བ་ནི། །ཚུལ་ཁྲིམས་དོན་ལྡན་དྲི་མ་
མེད་པའི་རྟགས། །སྟག་ཤམ་བ་ཏི་ཁྲ་བོས་བརྒྱན་པ་ནི། །ཞེ་སྡང་འདུལ་མཛད་སྒྲུབ་མཆོག་སྐྱོང་བའི་རྟགས། །རིན་ཆེན་འབར་བའི་སྦྲུལ་གྱིས་དབུ་བརྒྱན་པ། །འདོད་དགུ་བསམ་པ་རེ་བ་སྐོང་བའི་རྟགས། །དགའ་བོ་ཉེ་དགའི་སྙན་ཆས་བརྒྱན་པ་ནི། །བྲམ་ཟེའི་ཀླུ་རྣམས་དབང་དུ་སྡུད་པའི་

རྟགས། །གདུག་པ་འབར་བ་ཟས་སུ་གསོལ་བ་ནི། །གདོལ་པའི་རིགས་རྣམས་དབང་དུ་སྡུད་པའི་རྟགས། །ཀླུ་ནག་སེ་རལ་ཁ་རུ་བརྒྱན་པ་ནི། །དམངས་རིགས་ཀླུ་རྣམས་དབང་དུ་སྡུད་པའི་རྟགས། །འདབ་བཟང་དཀར་པོ་སྐ་རགས་བཅིངས་པ་ནི། །རྒྱལ་རིགས་ཀླུ་རྣམས་
དབང་དུ་སྡུད་པའི་རྟགས། །ནོར་རྒྱས་བུ་ཡིས་ཕྱག་ཞབས་བརྒྱན་པ་ནི། །རྗེ་རིགས་ཀླུ་རྣམས་དབང་དུ་སྡུད་པའི་རྟགས། །ཉི་ཟླའི་སྟེང་ན་གར་བྱེད་དགྱེས་པ་ནི། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའི་རྟགས། །སྣ་ཚོགས་པདྨའི་གདན་ལ་བཞུགས་པ་ནི། །ཉོན་མོངས་འཁོར་བའི་སྐྱོན་
གྱིས་མ་གོས་རྟགས། །རྡོ་རྗེའི་རིགས་མཆོག་བཅོམ་ལྡན་གཏུམ་པོ་ནི། །ཐབས་ཀྱི་སྤྱོད་པས་འགྲོ་དོན་བྱེད་པའི་རྟགས། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ་བསྟན་པ། །སངས་རྒྱས་ཀུན་གྱི་ཕྲིན་ལས་མཛད་པའི་རྟགས། །སྐུ་ཡི་ཡན་ལག་རགས་ཏེ་དཔའ་དཔའ་འདྲ། །རྒྱན་དང་ཆ་
ལུགས་ལྡན་ཏེ་སྒེག་སྒེག་འདྲ། །ཞེ་སྡང་འཇོམས་མཛད་སྟག་གི་ཤམ་ཐབས་ཅན། །གདུག་པ་འདུལ་མཛད་སྦྲུལ་གྱི་ཆུན་པོས་བརྒྱན། །ཉོན་མོངས་འཇོམས་མཛད་མེ་དཔུང་ཀློང་ན་བཞུགས། །སངས་རྒྱས་ཀུན་གྱི་བདག་ཉིད་རྡོ་རྗེ་འཆང་། །བཅོམ་ལྡན་གཏུམ་པོའི་སྐུ་ལ་ཕྱག་འཚལ་
བསྟོད། །དཔལ་ཕྱག་ན་རྡོ་རྗེ་ལ་དོན་རྟགས་ཀྱི་སྒོ་ནས་བསྟོད་པ་སློབ་དཔོན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བྷ་ག་བཱན་བཛྲ་པཱ་ཎི་སྟོ་ཏྲ། བོད་སྐད་དུ། བཅོམ་ལྡན་འདས་
ཕྱག་ན་རྡོ་རྗེ་ལ་བསྟོད་པ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཧཱུཾ་བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །སྐུ་མཆོག་འབར་བའི་འོད་ཟེར་ཅན། །གདུག་པ་མ་ལུས་འདུལ་མཛད་ཅིང་། །སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །གསུང་མཆོག་འབར་བའི་འོད་ཟེར་ཅན། །ངག་གི་
ཉེས་པ་འཇོམས་མཛད་པ། །སྔགས་རྣམས་གསུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །ཐུགས་མཆོག་འབར་བའི་འོད་ཟེར་ཅན། །རྣམ་རྟོག་མ་ལུས་འཇོམས་མཛད་པ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །སྐུ་མདོག་སྔོན་པོ་འོད་ཟེར་

འབར། །རྡོ་རྗེའི་སྟོབས་ཀྱིས་འབྱུང་པོ་འདུལ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ལས་ཀྱི་གནོད་སྦྱིན་ཆེན་པོ་རྣམས། །འཇིགས་སུ་རུང་བའི་ཆ་བྱད་ཅན། །མ་ལུས་ཐམས་ཅད་འཇིགས་པར་བྱེད། །འཇིགས་བྱེད་ཁྱོད་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །
གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་བསྟོད་པ་རྫོགས་སོ།། ༄། །རྡོ་རྗེ་སྔོན་པོ་ཅན་གྱི་ཆུ་གཏོར་བཞུགས། སྐྱབས་འགྲོ་
སེམས་བསྐྱེད་བྱས་ལ། བདག་ཉིད་ཕྱག་ན་རྡོ་རྗེ་ཝལ་གྱིས་བསྒོམས་ལ་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བརྗོད་པས་ཆུ་གཏོར་གྱི་སྣོད་དེ་སྟོང་པར་བསམས་ལ། སྟོང་པའི་ངང་ལས་བྷྲཱུཾ་སེར་པོ་ལས་གཏོར་མའི་སྣོད་
རིན་པོ་ཆེའི་ཁང་བུ་བརྩེགས་པ། རིའི་རྒྱལ་པོ་རི་རབ་ཀྱི་ཚད་ཙམ་དུ་བསམས་ཏེ། དེའི་ནང་དུ་གཏོར་མ་ཡི་གེ་ཁཾ་ལྗང་གུ་ལས་ཁ་ཟས་རོ་བརྒྱ་པ། ནམ་མཁའི་ཚད་དང་མཉམ་པ་བསམས་ཏེ། དེའི་ནང་དུ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཱཾ། ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཞེས་འཇིག་རྟེན་པའི་བདུད་རྩིར་བྱིན་གྱིས་བརླབས་ཏེ། ཨོཾ་ཨཱཿ
ཧཱུཾ་གསུམ་གྱིས་བྱིན་གྱིས་བརླབ། ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ་པ་ནི། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ན་སརྦ་ཨརྠ་སཱ་དྷ་ན་ཡེ་སྭཱ་ཧཱ། ཞེས་བྱ་བ་སངས་རྒྱས་སྤྱན་གྱི་སྔགས་དང་། ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་སྤེལ་བ་ནི། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་
ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་དོ། །རང་གི་ས་བོན་ལས་འོད་འཕྲོས་པས་ནམ་མཁའི་ཁམས་སུ་ཧྲཱིཿལས་པདྨ་དཔག་ཏུ་མེད་པ་བསམས་ཏེ། དེའི་སྟེང་དུ་ཡི་དམ་ལྷ་ལ་སོགས་པ་འགྲོ་དྲུག་ཐམས་ཅད་སྤྱན་དྲངས་ལ། དེ་རྣམས་ལ་ཡང་འོད་ཕོག་པས་སྡིག་སྒྲིབ་དག་ནས་ཡི་དམ་གྱི་
ལྷར་བྱས་ལ། བདུན་རྣམ་དག་བྱས་ལ་བགེགས་བསྐྲད་པ་ནི་ཨོཾ་བཛྲ་པཱ་ཎི་ཨ་མྲྀ་ཏེ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ཅེས་བྱའོ། །ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཨཱ་ཛྙཱ་པ་ཡ་ཏི་ཨི་དཾ་བ་ལིཾ་གྲྀཧྞཾ་ཏུ་ས་མ་ཡ། རཀྵཾ་ཏུ་མ་མ་སརྦ་སིདྡྷཾ་མེ་པྲ་ཡ་ཙྪནྟུ་མ་མ་སརྦ་ཀརྨ་སཱ་དུ་སྭཱ་ཧཱ། ཞེས་པས་ཡི་དམ་རྣམས་ལ་དབུལ།

མགྲོན་གཞན་རྣམས་ལ་ཡང་སྦྱིན་པ་ན། ན་མ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ་ཞེས་བརྗོད་པས་བྱིན་གྱིས་རླབས་ཀྱིས་ཕན་ཚུན་ཞེ་འགྲས་པ་མེད་པ་དང་། འབྱོར་པ་ཕུན་སུམ་ཚོགས་པར་བྱས་ནས་སྔགས་འདིས་ཡིད་ལ་ཅི་འདོད་པ་དང་། མིག་སྔར་ཅི་མཛེས་པ་མངོན་པར་དགའ་
<ང་‚བ་>དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷེ་ལོ་ཙ་ན་སརྦ་ཨརྠ་སཱ་དྷ་ན་ཡ་སྭཱ་ཧཱ། སྔགས་འདི་གཉིས་ལན་བདུན་བདུན་དུ་བརྗོད་དོ། །དེ་ནི་ཟང་ཟིང་གི་སྦྱིན་པའོ། །ཆོས་ཀྱི་སྦྱིན་པ་ནི་རྟེན་འབྲེལ་སྙིང་པོ་དང་། དེ་ནས། ཆོས་རྣམས་ཐམས་ཅད་རྒྱུ་ལས་
བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བགྱི་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་དུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པ་དང་། དེ་ནས་
སྨོན་ལམ་གདབ་པ་ནི། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་ཉིད་ནི་ཐོབ་པར་ཤོག །ཅེས་པའོ། །དེ་ནས་བདེན་པ་བདར་བ་ནི། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། གསང་སྔགས་
དང་། རིག་སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་དང་། བདག་གི་བསམ་པ་རྣམ་པར་དག་པའི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་ཞི་ནས་བར་ཆད་དང་གནོད་པ་ཐམས་ཅད་སྤངས་ཏེ་བྱམས་པའི་སེམས་དང་ལྡན་པར་གྱུར་ཅིག །བདག་གི་དགེ་བའི་རྩ་བ་
འདི་དག་གིས། །ཀླུ་རྣམས་གནོད་པ་མྱུར་དུ་ཞི་བ་དང་། །བགེགས་དང་ལོག་འདྲེན་འཚེ་བ་མེད་པ་དང་། །བདག་གི་ལས་རྣམས་ཐམས་ཅད་འགྲུབ་པར་མཛོད། །དེ་ནས་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་བརྗོད་ལ། བཛྲ་མུཿཞེས་པས་སོ་སོར་རང་གི་གནས་སུ་གཤེགས་པར་བྱའོ། །རྡོ་རྗེ་
གོས་སྔོན་པོ་ཅན་གྱི་ཆུ་གཏོར་གྱི་ཆོ་ག་སློབ་དཔོན་འགྲོ་བཟངས་སྙིང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཏེ་ཛ་དེ་བ་དང་། བོད་ཀྱི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་ཤེས་རབ་ཀྱིས་ཞུས་ཤིང་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་པཱ་ཎི་

ནཱི་ལཱཾ་བ་ར་དྷ་ར་ནཱ་ག་བ་ལིཾ་བི་དྷི། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཀླུ་གཏོར་གྱི་ཆོ་ག །བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་ཕྱག་འཚལ་ལོ། །རང་ཉིད་ལྷ་ཡི་ང་རྒྱལ་གྱིས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ཡང་ནས་ཡང་དུ་བསྒོམ་བྱས་ནས། །མདུན་
དུ་པཾ་ལས་པདྨ་ནི། །ཁ་དོག་དམར་པོ་འདབ་བརྒྱད་དེ། །ཕུཿབརྒྱད་ལས་ནི་ཀླུ་བརྒྱད་བསྐྱེད། །དེ་ནས་སྙིང་གའི་འོད་ཟེར་དང་། །ཨོཾ་ཕཻཾ་ཕུཿཞེས་པས་ཀླུ་ཆེན་བརྒྱད། །འཁོར་དང་བཅས་པ་བཀུག་ལ་བསྟིམ། །དཀར་གསུམ་མངར་གསུམ་བདུད་རྩིར་བཅས། །དམ་ཚིག་ཡེ་ཤེས་ཀླུ་རྣམས་
མཆོད། །དེ་ནས་གཏོར་མ་བྱིན་བརླབ་སྟེ། །སྣོད་ནི་ཁཾ་ལས་རིན་པོ་ཆེ། །ཤིན་ཏུ་མཛེས་ཤིང་བལྟ་ན་སྡུག །ཡངས་ལ་རྒྱ་ནི་ཆེ་བར་བསྒོམ། །རིན་ཆེན་སྣོད་མཆོག་དེ་ནང་དུ། །དཀར་གསུམ་མངར་གསུམ་བདུད་རྩིར་བཅས། །སྣོད་ནི་ཤིན་ཏུ་གང་བར་བསམ། །དེ་ཡི་སྟེང་དུ་ཡི་གེ་གསུམ། །
ཁ་དོག་དྲི་དང་རོ་སྦྱངས་དང་། །བདུད་རྩི་རོ་མཆོག་བརྒྱད་དང་ལྡན། །གཡས་པ་མཆོག་སྦྱིན་ཕྱག་རྒྱ་ལ། །ཧ་ཧོཿཧྲཱིཿབཾ་དག་ལས་ནི། །དཔག་བསམ་ཤིང་ཆེན་བསམ་བྱས་ལ། །ལོ་མ་ཡལ་ག་ཐམས་ཅད་ལ། །རིན་ཆེན་བུམ་པ་བདུད་རྩིས་གང་། །དཔག་ཏུ་མེད་པ་བསམས་ནས་ནི། །
བྲུཾ་ལས་བདུད་རྩིའི་ཆར་བབས་པས། །གཏོར་མ་ཡོངས་སུ་གང་བར་བསམ། །ཨོཾ་ཨཱཿཧཱུཾ་ཞེས་ལན་གསུམ་བརྗོད། །མགྲོན་རྣམས་ཐམས་ཅད་ལྕེ་ལས་ནི། །ཧཱུཾ་ལས་རྡོ་རྗེ་སྦུ་གུས་རྔུབ། །ཨོཾ་བ་སུ་ཀི་ཨི་མཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཏཀྵ་ཀ་ཨི་མཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཀརྐོ་ཊ།
ཨོཾ་ཧུ་ལུ་ཏ་ཀ །ཨོཾ་པདྨ། ཨོཾ་མ་ཧཱ་པདྨ། ཨོཾ་ཤཾ་ཁ་པཱ་ལ། ཨོཾ་ཀུ་ལི་ཀ་ཡ། ཨོཾ་ནཱ་ག་པ་ན་སཾ་ཁྲུ་ཧ་ར་ཧ་ར་ཨི་མཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨི་མཾ་བ་ལིཾ་ཙཾ་ལ་གདགས། ཨོཾ་ཕཻཾ་ཀླུའི་རྒྱལ་པོ་སོག་མ་མེད། །ཨི་མཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མཐའ་ཡས་དང་ནི་ནོར་རྒྱས་བུ། །འཇོག་པོ་དང་
ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང་། །དུང་སྐྱོང་དང་ནི་རིགས་ལྡན་དང་། །ལྷ་མོ་ལྷ་མོ་ཆེན་མོ་དང་། །ཟླ་བ་ཟླ་བ་སྤྱི་གཙུག་ཆེ། །སྙིང་པོ་མེད་དང་ཧུ་ལུནྟ། །དགའ་བོ་དང་ནི་ཉེར་དགའ་དང་། །རྒྱ་མཚོ་དང་ནི་རྒྱ་མཚོ་ཆེ། །གདུང་བ་དང་ནི་གདུང་བ་ཆེ། །དཔལ་གྱི་འོད་དང་འོད་པོ་ཆེ། །

རིན་ཆེན་འོད་དང་གཟུགས་བཟང་དང་། །གཟུགས་ཆེན་འོད་དང་སྦྲུལ་བཟང་ལྟོ་འཕྱེ་ཆེ། །སྨིག་རྒྱུ་དང་ནི་སྨིག་རྒྱུ་ཆེ། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འདིར་གཤེགས་མཆོད་སྦྱིན་གཏོར་མ་བཞེས། །མཛེས་པའི་དཀར་གསུམ་གཏོར་མ་འདི། །མངར་གསུམ་
འོ་མའི་རྒྱ་མཚོར་བཅས། །རིན་ཆེན་ཕྲེང་བའི་ཐེམ་སྐས་ཅན། །ཀླུ་ཡི་གནོད་པ་སྐྱོབ་བྱེད་པ། །མཐུན་པའི་རྫས་སུ་འདི་གྱུར་ཅིག །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་ཅག་འཁོར་དང་བཅས་རྣམས་ལ། །ཀླུ་ལས་གྱུར་པའི་ནད་རྣམས་ནི། །མཐོང་བའི་དུག་དང་ཁ་རླངས་
དུག །བསམ་པའི་དུག་ལ་སོགས་པ་ཀུན། །དེ་དག་ཐམས་ཅད་ཞི་གྱུར་ཅིག །བདག་པས་གཅེས་པའི་རྫས་ཁྱེར་ལ། །བདག་ལ་གནོད་པ་མ་བྱེད་པར། །རྟག་ཏུ་བྱམས་པའི་སེམས་དང་ནི། །ཕ་མ་ལྟ་བུའི་སེམས་ཀྱིས་ལྟོས། །གཞན་ཡང་ལས་ལས་སྐྱེས་པ་ཡི། །བཀའ་དང་དམ་ལས་
ཐོགས་པ་ཡི། །གདུག་པ་ཅན་གྱི་ཚོགས་རྣམས་ཀུན། །བཀའ་ཡི་ཕམ་འབབ་འདི་སྣོམས་ལ། །སོ་སོ་རང་རེའི་གནས་སུ་དེངས། །ཉོན་ཅིག་ཉོན་ཅིག་རིགས་ཀྱི་བུ། །ཇི་ལྟར་ས་བོན་ཚ་བ་ལ། །མྱུ་གུ་ཚ་བ་འབྱུང་བ་ལྟར། །སོ་སོ་རང་རེའི་གནས་ལ་སྤྱོན། །འབྱུང་བཞི་སོ་སོར་གྱུར་ཡང་སྲིད། །
བདེ་གཤེགས་བཀའ་ལས་འགྱུར་བ་མེད། །ལས་འབྲས་འགྱུར་ཞིང་སླུ་མི་སྲིད། །དེ་ལས་ཁྱོད་སྡིག་མི་བྱེད་པར། །དགེ་བའི་བསམ་པས་གནས་པར་གྱིས། །བདེན་པ་བདར་ལ་ཆོས་བཤད་བྱ། །དེ་རྗེས་ཡི་གེ་བརྒྱ་པ་བརྗོད། །ཡེ་ཤེས་ཀླུ་རྣམས་གཤེགས་སུ་གསོལ། །དམ་ཚིག་
པ་ནི་མི་དམིགས་བསམ། །གཏོར་མ་རྒྱ་མཚོ་ཆེན་པོའམ། །ཡང་ན་གནོད་པའི་ཕྱོགས་སུ་གཏོང་། །རྡོ་རྗེ་གོས་སྔོན་གྱི་ཀླུ་གཏོར་ཆོ་ག་སློབ་དཔོན་འགྲོ་བཟང་ས་སྙིང་པོས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ག་ཎ་ཙཀྲ་ནཱ་མ། བོད་སྐད་དུ། ཚོགས་ཀྱི་འཁོར་
ལོ་ཞེས་བྱ་བ། གོས་སྔོན་ཅན་ལ་ཕྱག་འཚལ་ལོ། །གདུག་པ་འདུལ་བྱེད་རྡོ་རྗེ་ཅན། །དེ་ལ་རྟག་ཏུ་ཕྱག་འཚལ་ཏེ། །ཚོགས་གཉིས་ཡོངས་སུ་རྫོགས་བྱའི་ཕྱིར། །ཚོགས་ཀྱི་ཆོ་ག་བཤད་པར་བྱ། །གནས་ཁང་དབེན་ཞིང་ཉམས་དགའ་བར། །ཕྱག་དར་ཆག་ཆག་བྱས་ནས་ནི། །དཀྱིལ་

འཁོར་ཡང་ནི་རབ་བཞེངས་ལ། །ཡང་ན་མཎྜལ་སྔོན་པོར་བྱ། །གདུགས་དང་བ་དན་ལ་སོགས་དབུལ། །རྡོ་རྗེ་ཅན་གྱི་རྟེན་རྣམས་དགྲམ། །མཆོད་པ་ལྔ་དང་ལྡན་པར་བྱ། །གཏོར་ཚོགས་རྣམས་ཀྱང་བཟང་དུ་བཤམ། །བདག་ཉིད་ཡི་དམ་ལྷར་ནི་བསྐྱེད། །མིག་གཉིས་དག་ཏུ་ཉི་ཟླ་བསྒོམ། །
དེ་སྟེང་ཧཱུཾ་ནི་བསམ་པར་བྱ། །ཕྱོགས་རྣམས་ཀུན་ཏུ་བལྟས་པས་བསྲེག །དེ་ནས་གནས་ནི་བསྲུང་བྱའི་ཕྱིར། ཨོཾ་སུམྦྟ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཤར་གྱི་ཕྱོགས་སུ་རབ་འཕྲོས་པས། །རྡོ་རྗེ་རིགས་ཀྱི་ཁྲོ་བོ་སྟེ། །སྐུ་མདོག་དཀར་ལ་འཇིགས་པའི་གཟུགས། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །
དཔག་ཏུ་མེད་པས་གང་བ་བསྐྱེད། །ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། རིན་ཆེན་རིགས་ཀྱི་ཁྲོ་བོ་སྟེ། །སྐུ་མདོག་སེར་ལ་འཇིགས་པའི་གཟུགས། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །དཔག་ཏུ་མེད་པས་གང་བར་བསྐྱེད། །ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། པདྨ་རིགས་ཀྱི་ཁྲོ་བོ་སྟེ། །
སྐུ་མདོག་དམར་ལ་འཇིགས་པའི་གཟུགས། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །དཔག་ཏུ་མེད་པས་གང་བར་བསྐྱེད། །ཨོཾ་ཨཱ་ན་ཡ་ཧོ་བྷྲ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ལས་ཀྱི་རིགས་ཀྱི་ཁྲོ་བོ་སྟེ། །སྐུ་མདོག་སྔོ་ལ་འཇིགས་པའི་གཟུགས། །ཕྱག་ན་མཚོན་ཆ་སྣ་ཚོགས་
ཐོགས། །དཔག་ཏུ་མེད་པས་གང་བར་བསྐྱེད། །ཕྱོགས་གསུམ་སྤྲོས་པ་ཤེས་པར་བྱ། །རྡོ་རྗེ་གུར་དང་ར་བ་གསུམ། །དེ་ལ་མེ་དཔུང་འབར་བ་བསྐྱེད། །དེ་ནས་མགྲོན་རྣམས་སྤྱན་དྲངས་ལ། །བདུན་པོ་ཡོངས་སུ་དག་པར་བྱ། །དེ་ནས་གཏོར་མ་གཏོར་ཆོག་བཞིན། །རྒྱས་པར་རབ་ཏུ་
དབུལ་བར་བྱ། །དེ་ནས་ཚོགས་ལ་བགེགས་བསྐྲད་ལ། །གཏོར་མ་བྱིན་གྱིས་བརླབ་པ་ནི། །དེ་ནས་ཚོགས་བདག་བཀོད་པ་ནི། །ཚོགས་རྗེ་ཚོགས་ཀྱི་བདག་པོ་ནི། །བཅོམ་ལྡན་རྡོ་རྗེ་གོས་སྔོན་ཅན། །ཚོགས་ཀྱི་བདག་པོ་བཞུགས་སུ་གསོལ། །དུས་གསུམ་བླ་མ་རྣམས་དང་ནི། །ཇོ་བོ་
དཀོན་མཆོག་གསུམ་པོ་དང་། །བསྟན་པ་སྲུང་བའི་ཆོས་སྐྱོང་དང་། །དཔལ་མགོན་བདུན་ཅུ་རྩ་གཉིས་སོགས། །ཚོགས་ཀྱི་བདག་པོར་བཞུགས་སུ་གསོལ། །དེ་ནས་ཚོགས་ནི་དབུལ་བ་ནི། །དུས་གསུམ་བླ་མ་རྣམས་དང་ནི། །ཡི་དམ་ལྷ་ཚོགས་འཁོར་བཅས་ལ། །ཚོགས་ཀྱི་

མཆོད་པ་དབུལ་ལགས་ན། །ཐུགས་རྗེ་ཆེར་དགོངས་དངོས་གྲུབ་སྩོལ། །ཨ་ལ་ལ་སྟེ་མཆོད་པ་བཞེས། །ལྷ་རྣམས་འདུལ་ཕྱིར་གོས་དཀར་ཅན། །སྐུ་ཡི་དཀྱིལ་འཁོར་འཁོར་བཅས་ལ། །ལྷ་སྲིན་འདུལ་ཕྱིར་གོས་དམར་ཅན། །གསུང་གི་དཀྱིལ་འཁོར་འཁོར་བཅས་ལ། །
ཀླུ་རྣམས་འདུལ་ཕྱིར་གོས་སྔོན་ཅན། །ཐུགས་ཀྱི་དཀྱིལ་འཁོར་འཁོར་བཅས་ལ། །བླ་མེད་དཀོན་མཆོག་གསུམ་པོ་ལ། །བསྟན་པ་སྲུང་བའི་ཆོས་སྐྱོང་ལ། །ལྷག་མ་ཡུལ་བདག་རྣམས་ལ་སྦྱིན། །དེ་ནས་ཚོགས་ལ་ལོངས་སྤྱོད་པ། །ལྷག་མ་འབྱུང་པོའི་གཏོར་མ་གཏོང་། །གླུ་དང་
གར་དང་བསྐོར་བ་སོགས། །མཆོད་པ་རྣམ་པ་སྣ་ཚོགས་དབུལ། །དེ་ནས་མཇུག་གི་ལས་རྣམས་སུ། །མཆོད་བསྟོད་ཡི་གེ་བརྒྱ་པས་བཤགས། །བཟོད་པར་གསོལ་ཞེས་གཤེགས་པ་ནི། །གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་པ་གང་། །དེ་ཀུན་མགོན་
པོས་བཟོད་པར་མཛོད། །གཙོ་བོ་ནུས་པ་མ་མཆིས་ཤིང་། །མ་ཚང་བ་དང་མ་ཆོག་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཧཱུཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །ཉིད་ཀྱི་ཡུལ་དུ་གཤེགས་སུ་གསོལ། །ཉིད་ཀྱི་ཡུལ་དུ་གཤེགས་ནས་
ཀྱང་། །ཐུགས་ཀྱིས་བརྩེ་བར་སླར་དགོངས་ལ། །སླར་ཡང་བྱོན་པར་མཛད་དུ་གསོལ། །བཛྲ་མུཿཡིས་གཤེགས་སུ་གསོལ། །ཚོགས་ཀྱི་འཁོར་ལོའི་ཆོ་ག་གྲུབ་པ་ཐོབ་པའི་སློབ་དཔོན་འགྲོ་བཟངས་སྙིང་པོས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ།
བཛྲ་པཱ་ཎི་མཎྜ་ལ་བི་དྷི། བོད་སྐད་དུ། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཕྱག་ན་རྡོ་རྗེ་དང་། །བླ་མ་ལ་གུས་ཕྱག་འཚལ་ནས། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །དེ་ཡི་དཀྱིལ་འཁོར་ཆོ་ག་བརྩམ། །དཔལ་ཕྱག་ན་རྡོ་རྗེ་བསྒྲུབ་
པར་འདོད་པའི་དོན་དུ། དཀྱིལ་འཁོར་ཆོ་ག་འདི་བསྡུ་བར་བྱའོ། །དེ་ལ་སྔོན་དུ་བསྙེན་པ་བྱ་བ་ནི། སྒྲུབ་པའི་ཐབས་ལས་འབྱུང་བ་བཞིན་དུ། བདག་ཉིད་ལྷར་བསྐྱེད་ནས། སྙིང་པོ་འབུམ་བཟླས་པར་བྱ་བའམ། ཡང་ན་ཇི་སྲིད་མཚན་མ་མ་བྱུང་གི་བར་དེ་སྲིད་ཀྱི་བར་དུ་བསྒོམ་པ་དང་

བཟླས་པ་བྱའོ། །དེ་ནི་སྔོན་དུ་བསྙེན་པ་བྱེད་པའི་ཆོ་གའོ། །དེ་ལྟར་སྔོན་དུ་བསྙེན་པའི་ཆོ་ག་རྫོགས་ནས། སའི་ཆོ་ག་བྱ་སྟེ། གཙུག་ལག་ཁང་ངམ། ཀུན་དགའ་ར་བའམ། ནགས་ཚལ་ལ་སོགས་པ་ཡིད་དུ་འོང་བའི་གནས་སུ་ས་བསླང་བ་དང་། ས་སྦྱང་བ་དང་། ས་གཟུང་བ་དང་།
ས་བྱིན་གྱིས་བརླབ་པར་བྱ་སྟེ། ཚད་བརྟག་པ་དང་། དབྱིབས་བརྟག་པ་དང་། ཁ་དོག་བརྟག་པའོ། །དེ་ལ་ས་བསླང་བ་ནི། གནས་ཀྱི་བདག་པོ་ལ་བསླང་བ་ནི། མཎྜལ་དང་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་བྱས་ཏེ། མཆོད་པ་དང་། གཏོར་མ་བཤམས་ནས། ཨོཾ་བི་ཏི་བཾ་ས་ཨཱ་
ཀཱཪྵ་ཡ་ཛཿབྱ་བ་དང་། རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་བརྐྱང་བ་ས་ལ་རེག་པར་བྱས་པས། སའི་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས་ལ། སའི་ལྷ་མོ་ལ་མཆོད་པ་དང་། དེའི་འཁོར་ལ་གཏོར་མ་བྱིན་ལ། གསོལ་བ་གདབ་པར་བྱ་སྟེ། སྐྱོབ་པ་སངས་རྒྱས་ཐམས་ཅད་
ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་སྡེ་བཅོམ་པ་ལྟར། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །ཕམ་པར་བྱས་ཏེ་དཀྱིལ་འཁོར་འབྲི། །ཞེས་ལན་གསུམ་གྱི་བར་དུ་བརྗོད་ལ།
བྱོན་པར་བསམས་ཏེ་མཆོད་ལ་གཤེགས་སུ་གསོལ། དེ་ནས་སྦྱང་བའི་ཕྱིར་དྲག་པོ་དང་ཞི་བའི་སྦྱིན་སྲེག་དང་། འདོམ་གང་ཉེ་འཁོར་དུ་ལྟེ་བ་ནུབ་ཙམ་མམ། པུས་མོ་ནུབ་ཙམ་བརྐོས་ལ་གསེག་མ་དང་གྱོ་མོ་དང་། རུས་པ་ལ་སོགས་པ་བསལ་ཏེ། སྤོས་ཆུས་བྲན་ཏེ། ས་དེ་ཉིད་ཀྱིས་བཀང་
ནས་སའི་ལྟས་བརྟག་པར་བྱ་སྟེ། ས་བསླང་བའི་ཆོ་གའོ། །དེའི་རྗེས་ལ་ས་གཟུང་བ་ནི། གདུགས་དང་རྒྱལ་མཚན་དང་། བླ་རེ་ལ་སོགས་པ་བྲེས་ལ། སྐུ་གཟུགས་རྣམས་བཀྲམ་ནས། ཕྱོགས་བཞིར་སྤོས་རྒྱུན་མི་འཆད་པར་བཏུལ་བར་བྱའོ། །དེ་ནས་ལག་པ་གཡས་པ་དེར་
གཏུགས་ཏེ། ཡི་གེ་བརྒྱ་པ་ལན་བདུན་ནམ་ཉི་ཤུ་རྩ་གཅིག་བཟླས་པར་བྱའོ། །ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པ་ནི། ས་གཟུང་བ་དང་བྱིན་གྱིས་བརླབ་པ་སྟེ། སའི་ཆོ་གའོ། དེ་ནས་ཁྲུས་བྱ་ཞིང་དྲིས་བྱུགས་ལ་གོས་སྔོན་པོའི་སྟོད་གཡོགས་བགོས་ལ་རྒྱན་གདགས་

ཤིང་དང་རྡོ་རྗེ་དང་དྲིལ་བུར་ལྡན་པས། གལ་ཏེ་ནུས་ན་སྨྱུང་བར་གནས་པ་དང་། མ་ནུས་ན་ཟས་དཀར་གསུམ་བཟའ་བར་བྱའོ། །དེ་ལ་རེ་ཞིག་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། ཚོགས་བསགས་པ་དང་། སྲུང་བའི་འཁོར་ལོ་དང་། གཞལ་ཡས་ཁང་གདན་དང་བཅས་
པ་བསྒོམ་པར་བྱའོ། །དེ་ལ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ཆེན་པོ་ནམ་མཁའི་ཚད་དང་མཉམ་པའི་ཁོང་སྟོང་བསམ་པ་ནི་སྲུང་བའི་འཁོར་ལོའོ། །དེའི་སྟེང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་གྲུ་བཞི་བ་རྟ་བབས་དང་བཅས་པ་བསྐྱེད་ལ། དབུས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ་
པར་བྱའོ། །དེ་ནས་བདག་ཉིད་ལྷར་བསྐྱེད་ལ། ཡེ་ཤེས་སེམས་དཔའ་གཞུག་པ་དང་། དབང་བསྐུར་བ་དང་། ཡི་གེ་གསུམ་གྱིས་གནས་གསུམ་དུ་བྱིན་གྱིས་བརླབས་པའི་བར་དུ་བྱས་ལ་ལྷ་མོ་མཆོད་ནས། གསོལ་བ་གདབ་པར་བྱའོ། །དེ་ནས་སྒྲུབ་པའི་གྲོགས་པོས་མཚན་བརྒྱ་རྩ་
བརྒྱད་པས་བསྟོད་ལ་གསོལ་བ་གདབ་སྟེ། མིག་གཡས་པར་མ་ལས་ཉི་མ། གཡོན་པར་ཊ་དང་ཨ་ལས་ཟླ་བ། རྐང་མཐིལ་དུ་ཨ་ལས་སྣ་ཚོགས་རྡོ་རྗེ་བསྐྱེད་ནས་ལངས་ཏེ། སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་ནས། བདག་ཉིད་ལྷའི་ང་རྒྱལ་གསལ་བར་བྱས་ནས། དབུས་ཀྱི་གཙོ་
བོ་ནམ་མཁར་བཏེག་ལ་ཁྲོ་བོའི་བསྟོད་པ་བྱའོ། །དེ་ལ་བསྟོད་པ་ནི། ཆོས་དབྱིངས་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །བསྐལ་
པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །དཔའ་བོའི་སྟང་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་ནས་བཀའ་བསྒོ་བར་བྱ་སྟེ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །
ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ད་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་འབྲི། །བགེགས་ཀྱི་རིགས་ཚོགས་གང་ཡིན་འབྱེར་བར་གྱིས། །ཅི་སྟེ་ང་ཡི་བཀའ་ལས་འདས་གྱུར་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་འདིས། །སྤྱི་བོ་ཚལ་པ་བརྒྱར་ནི་རབ་འགེམས་ཤིང་། །རྣམ་

པར་འཇིག་པར་འགྱུར་བར་གདོན་མི་ཟ། །ཞེས་བྱ་བ་དང་། དེང་རྣལ་འབྱོར་གྱི་དབང་ཕྱུག་ཆེ་གེ་མོ་ཞེས་བྱ་བས། སློབ་མ་ཆེ་གེ་མོ་ཞེས་བྱ་བ། རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དཔལ་ཕྱག་ན་རྡོ་རྗེ་ཞེས་བྱ་བའི་
དཀྱིལ་འཁོར་ཆེན་པོ་ཞིག་རྩོམ་གྱིས། གང་སུ་ཡང་རུང་བ་ས་ཕྱོགས་འདི་ན་གནས་པའི་ལྷ་དང་ལྷ་མ་ཡིན་དང་གནོད་སྦྱིན་དང་སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་བརྗེད་བྱེད་དང་འབྱུང་པོ་དང་། ནམ་མཁའ་ལྡིང་དང་མི་འམ་ཅི་དང་། རིག་འཛིན་ལ་སོགས་པ་རྒན་པོ་དང་། རྒན་མོ་གཡོག་
དང་འཁོར་དུ་བཅས་པ་རྣམས། འདིར་མ་གནས་པར་གཞན་དུ་དེངས་ཤིག །དེ་ལྟར་ཕྱག་ན་རྡོ་རྗེའི་བཀའ་ཐོས་པས་མྱུར་བ་ཉིད་དུ་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་ནི། ངའི་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་ཀུན་དུ་འབར་བ་འདིས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །ཧཱུཾ་ཞེས་ལན་གསུམ་
བརྗོད་དེ། རྡོ་རྗེ་ཆེན་པོའི་གར་དང་། རྡོ་རྗེའི་འགྲོས་ཀྱིས་ས་གཞི་ལན་གསུམ་བསྐོར་ཞིང་། རང་གི་ལུས་ལ་ཁྲོ་བོའི་ཚོགས་ཕྱུང་ལ། སྡང་བ་ཐམས་ཅད་བསྐྲད་པར་བསམ་མོ། །དེ་ནས་ཡི་གེ་ཧཱུཾ་གིས་སྲུང་བའི་འཁོར་ལོ་བྱས་ལ། ཕུར་བུ་ལྔ་སྟོང་ཕྱག་ན་རྡོ་རྗེ་སྨད་རྡོ་རྗེ་རྩེ་གཅིག་པ་ལྟ་བུར་བསྐྱེད་ནས། །ཨོཾ་
བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱཾ་བནྡྷ་ཧཱུཾ་ཕཊ། ཅེས་བྱ་བ་བརྒྱ་རྩ་བརྒྱད་བཟླས་ལ། དབུས་དང་གྲྭ་བཞིར། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་ཕཊ། ཀཱི་ལཱ་ཡ་ཀཱི་ལཱ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལཱ་ཡ་ཧཱུཾ་ཕཊ། ཅེས་བྱ་བས་བཏབ་ལ། ཨོཾ་
བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། ཅེས་བྱ་བས་བརྡུང་བར་བྱའོ། །དེ་ནས་སྲུང་སྐུད་བཅིང་བ་དང་། གུ་གུལ་གྱིས་བདུགས་པ་དང་། མེ་ཏོག་གི་ཕྲེང་བ་གདགས་ཤིང་དྲིའི་ཐིག་ལེ་བྱས་ནས། བྱམས་པའི་གོ་ཆ་བསྐོན་པར་བྱའོ། །དེ་ནས་དཀྱིལ་འཁོར་བའི་རྣམ་ལྔ་དང་། སྙིང་པོ་བཟླས་པའི་
དྲིའི་ཆུས་བྱུགས་ལ། དབུས་སུ་དྲིའི་ཐིག་ལེ་བྱའོ། །མེ་ཏོག་གི་ཚོམ་བུ་བཀྲམ་ནས། ཛཿཧཱུཾ་བཾ་ཧོཿའི་སྔགས་ཀྱིས་བཏེག་པའི་ལྷ་བཞུགས་སུ་གསོལ་ལ། ཡེ་ཤེས་སེམས་དཔའ་གཞུག་པ་དང་། དབང་བསྐུར་བ་དང་། ཡི་གེ་གསུམ་གྱིས་གནས་གསུམ་དུ་བྱིན་གྱིས་བརླབས་ལ་

མཆོད་པ་ལྔ་དང་། མཆོད་པ་རྒྱས་པ་དང་། བསྟོད་པ་བྱས་ནས་སྙན་གསན་དབབ་པར་བྱའོ། །ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སློབ་མ་ཀུན་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་འབྲི་བར་འཚལ། །
བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བ་མཛད་པར་རིགས། །ཞེས་ལན་གསུམ་བརྗོད་པར་བྱ་སྟེ། ལྷ་ལྷག་པར་གནས་པའོ། །དེ་ནས་འབྱོར་པ་ཡོད་ན་སྦྱིན་སྲེག་གི་མཆོད་པ་བྱའོ། །དེ་ནས་གཏོར་མའི་ཆོ་ག་ནས་འབྱུང་བ་བཞིན་དུ་གཏོར་མ་བཏང་ནས། སློབ་མ་ལྷག་པར་གནས་
པར་བྱ་སྟེ། ཁྲུས་བྱས་ལ། མེ་ཏོག་ལག་ན་ཐོགས་ཏེ། སློབ་དཔོན་གྱི་ཞབས་གཉིས་ལ་ཕྱག་བྱས་ནས། གསོལ་བ་བཏབ་སྟེ་རྒྱུན་བཤགས་བྱས་ཏེ། དེ་ནས་ལྷར་བསྐྱེད་ནས་མཆོད་པ་བྱས་ཏེ། སོ་ཤིང་དོར་བ་དང་། ཀུ་ཤ་སྦྱིན་པ་དང་། སྲུང་སྐུད་གདགས་པ་དང་། ཟབ་ཅིང་རྒྱ་ཆེ་བའི་
ཆོས་བཤད་པར་བྱ་སྟེ། རྒྱས་པར་ནི་བཞི་བརྒྱ་ལྔ་བཅུ་པའི་ཆོ་ག་ལས་ཤེས་པར་བྱའོ། །སློབ་མ་ལྷག་པར་གནས་པའོ།། །།དེ་ལྟར་ལྷག་པར་གནས་པ་བྱས་ནས། ནང་པར་ཉི་མ་ཤར་བ་དང་། མཆོད་པ་བཤམས་ལ་དཀྱིལ་འཁོར་ནམ་མཁར་བཏེག་སྟེ། ས་གཞི་བའི་རྣམ་ལྔ་དང་།
དྲིས་བྱུགས་ནས། ཐིག་བྱིན་གྱིས་བརླབས་ལ་ཆོ་ག་བཞིན་དུ་ཐིག་གདབ་པར་བྱའོ། །དེ་ནས་ཚོན་དགྱེ་བར་བྱ་སྟེ། ཚོན་བྱིན་གྱིས་བརླབས་ལ་དབུས་སུ་པདྨ་དང་ཟླ་བའི་གདན་ལ་རྡོ་རྗེ་རྩེ་ལྔ་པ་བྲི་བ་དང་། ཕྱོགས་ཀྱི་རིམ་པར་ཚོན་དགྱེ་བ་དང་། རྩིག་པ་ལ་ཕྱི་རོལ་དཀར་པོ་དང་། སེར་པོ་དང་།
དམར་པོ་དང་། ལྗང་གུ་དང་། ནག་པོ་དང་། ཁ་ཁྱེར་དམར་པོ་རིན་པོ་ཆེ་ཕ་གུ་སེར་པོ་དང་། དྲ་བ་དྲ་ཕྱེད་ནག་པོ། རྟ་བབས་ཅི་མཛེས་པར་བྲི་བར་བྱའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས། དགོངས་ཀའི་དུས་སུ་མཆོད་པའི་རྫས་རྣམས་བསགས་ནས་སྟན་བདེ་བ་ལ་འདུག་སྟེ། ལྷའི་ང་རྒྱལ་གྱིས་
དཀྱིལ་འཁོར་བཏེག་ལ་ཡིད་ཀྱིས་དཀྱིལ་འཁོར་ནང་དུ་ཞུགས་ཏེ། ལྷག་པ་དང་མ་ཚང་བའི་ཉེས་པ་ཞི་བར་བྱ་བའི་ཕྱིར། ལན་བདུན་བསྐོར་བར་བྱའོ། །དེ་ནས་མེ་ཏོག་གི་ཕྲེང་བ་དོར་ལ་སླར་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་བདག་ཉིད་ལྷར་བསྐྱེད་ལ། མདུན་གྱི་ལྷ་ཡང་ཡི་གེ་

ཡོངས་སུ་གྱུར་པ་ལས་རྡོ་རྗེ། དེ་ལ་འོད་ཟེར་སྤྲོ་བསྡུ་བྱས་ནས། ལྷར་བསྐྱེད་ལ་ཡེ་ཤེས་སེམས་དཔའ་གཞུག་པ་ལ་སོགས་པ་རྫོགས་པར་བྱས་ནས་མཆོད་པ་རྒྱས་པ་དབུལ་བར་བྱའོ། །བསྟོད་པ་བྱས་ནས་བུམ་པ་བཅུག་སྟེ། བཟླས་པ་བྱས་ནས་ཆུར་བཞུ་ལ་སྐུ་ཁྲུས་གསོལ་བར་བྱའོ། །དེ་ནས་སྦྱིན་
སྲེག་བྱ་བ་དང་། གཏོར་མ་བཏང་ནས་སློབ་མ་ལ་དབང་བསྐུར་བའོ། །དེ་ལ་དང་པོར་གསོལ་བ་བཏབ་པ་དང་། གདོང་གཡོགས་བཅིང་བ་དང་། རྒྱུན་བཤགས་བྱ་བ་དང་། སྡོམ་པ་གཟུང་བ་དང་། ལྷར་བསྐྱེད་ཅིང་ལས་ཐམས་ཅད་པའི་བུམ་པས་སྐུ་ཁྲུས་གསོལ་བར་བྱའོ། །དཀྱིལ་འཁོར་དུ་གཞུག་
པ་དང་། ལྷའི་དམ་ཚིག་བསྒྲགས་པ་དང་། སློབ་དཔོན་གྱི་དམ་ཚིག་བསྒྲགས་པ་དང་། ཡེ་ཤེས་དབབ་པ་དང་། ཕྲེང་བ་དོར་བ་དང་། གདོང་གཡོགས་དགྲོལ་བ་དང་། དཀྱིལ་འཁོར་བལྟ་བ་བྱས་ནས། ལྷར་བསྐྱེད་ནས། ཆུ་དང་ཅོད་པན་དང་། བདག་པོ་དང་། མིང་གི་དབང་བསྐུར་བར་བྱའོ། །
དེ་ནས་སྐུ་གསུང་ཐུགས་ཀྱི་བརྟུལ་ཞུགས་དང་། སྤངས་པ་དང་། ཡེ་ཤེས་ལ་སོགས་པའི་དབང་དང་། རྗེས་སུ་གནང་བ་དང་། བརྟུལ་ཞུགས་ཀྱི་དབང་ལ་སོགས་པ་བྱའོ།། །།དཀྱིལ་འཁོར་ཆོ་ག་སྦྱར་བ་འདིའི། །དགེ་བ་གང་དེས་ཐོབ་པ་ཀུན། །ཕྱག་ན་རྡོ་རྗེ་ཐོབ་ནས་ནི། །འགྲོ་དོན་དུ་མ་བྱེད་
པར་ཤོག །ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག །སློབ་དཔོན་འགྲོ་བཟངས་སྙིང་པོས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་བཛྲ་པཱ་ཎི་ནཱི་ལཱཾ་བ་ར་དྷ་ར་སཱ་དྷ་ན་ཙིནྟ་མ་ཎི་ནཱ་མ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས་ཡིད་
བཞིན་གྱི་ནོར་བུ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །རེ་ཞིག་དང་པོ་རྣལ་འབྱོར་པས་ཤིང་གཅིག་ལ་སོགས་པའི་ས་ཕྱོགས་སུ་སྟན་འཇམ་པ་ལ་འདུག་སྟེ། རང་གི་སྙིང་གའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ནག་པོ་བསམས་ནས་དེའི་འོད་ཟེར་གྱིས་ནམ་མཁའ་ལ་གནས་
པའི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་བལྟས་ཏེ། མཆོད་པ་རྣམ་པ་ལྔས་མཆོད་ཅིང་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེ་ནས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཞེས་བྱ་བ་ཚད་མེད་པ་ཚངས་པའི་གནས་བཞི་བསམས་ལ། གཅིག་

དང་དུ་མ་དང་བྲལ་བས་སེམས་ཅན་གྱི་ཁམས་མ་ལུས་པ་དང་། བདག་ཉིད་ཀྱང་སྟོང་པར་བསམས་ལ་ཐོ་རངས་ཀྱི་སྐར་མ་དང་འདྲ་བར་བདག་ཉིད་མི་དམིགས་ཤིང་། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་ནི་བརྟན་པར་བྱའོ། །དེ་ནས་ཡི་གེ་པྃ་ལས་བྱུང་བའི་པདྨ་ནག་པོའི་
ལྟེ་བར་ཡི་གེ་ཧཱུྃ་ལས་བྱུང་བའི་པདྨ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་ཁ་དོག་ནག་པོ་དང་རིང་བའི་སྤྲིན་སྒྲའི་ཡི་གེ་ཧཱུྃ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་བསམ་ཞིང་དེའི་འོད་ཟེར་གྱིས་ནམ་མཁའ་ལ་ཁྲོ་བོའི་རིགས་ཀུན་བཀུག་ལ་དེ་ཉིད་གཞུག་སྟེ། དེ་ཡོངས་སུ་གྱུར་པ་ལས་
བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་སྐུ་མདོག་ནག་པོ་སྤྲིན་ལྟ་བུ། ཞལ་གཅིག་པ། ཕྱག་གཉིས་པ། སྤྱན་གསུམ་དམར་བ། མཆེ་བ་གཙིགས་པ། ཞལ་ཁྲོ་གཉེར་ཅན། དབུ་སྐྲ་གྱེན་དུ་བརྫེས་པ། རལ་པའི་ཅོད་པན་གྱི་དབུས་ན་མི་བསྐྱོད་པ་སྐུ་མདོག་སྔོན་པོས་བརྒྱན་པ། གཡོན་བརྐྱང་
བས་གནས་པ། ཕྱག་གཡས་པས་རྡོ་རྗེ་ཕྱར་ཏེ་གནས་པ། ཕྱག་གཡོན་པ་ཁྲོ་བོའི་ཁུ་ཚུར་གྱིས་གདུག་པ་གནོན་པའི་སྡིགས་མཛུབ་འཆང་བ། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་ནག་པོ་དང་ལྡན་པ། གོས་སྔོན་པོའི་ག་ཤ་དང་། ཤམ་ཐབས་བསྣམས་པ། རིགས་ཀྱི་ཀླུ་
བརྒྱད་ཀྱིས་བརྒྱན་པ། ཕྱག་གཉིས་ལ་འཇོག་པོ་དང་རིགས་ལྡན་དམར་པོ། ཞབས་གཉིས་ལ་མཐའ་ཡས་དང་ནོར་རྒྱས་ཀྱི་བུ་ནག་པོ། སྙན་གཉིས་ལ་པདྨ་དང་པདྨ་ཆེན་པོ་སེར་པོ། སྐ་རགས་སུ་བཅིངས་པ་ནི་དུང་སྐྱོང་དཀར་པོ། རལ་པ་གཅིག་པའི་སྲད་བུ་ནི་ཧུ་ལུནྟ་ལྗང་གུ་འཛིན་པ། བདུད་
ཐམས་ཅད་དང་། དབང་ཕྱུག་ཆེན་པོ་དང་། ཁྱབ་འཇུག་ལ་སོགས་པ་མུ་སྟེགས་པའི་ལྷའི་གཞུང་དང་གཟུགས་འཇོམས་པར་མཛད་པར་བསམས་ལ། དེ་དང་འདྲ་བའི་གོས་སྔོན་པོ་ཅན་མདུན་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་པར་བསམས་ལ་རང་གི་སྙིང་ག་ནས་སྤྲོས་པའི་
མཆོད་པའི་ལྷ་མོའི་ཚོགས་ཀྱིས་མཆོད་ལ། ཛཿཧཱུཾ་བཾ་ཧོཿཞེས་