Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 68

Văn bản gốc(Tây Tạng)

Trang 20 / 22 (50.000 ký tự/trang)
ྣམ་པར་སྣང་མཛད་དང་། །ཁམས་གསུམ་རྣམ་རྒྱལ་ཉིད་དང་ནི། །
དེ་བཞིན་སྤྱན་རས་གཟིགས་དབང་ཕྱུག །མཁའ་སྙིང་རྡོ་རྗེ་ཁུ་ཚུར་དང་། །འཇམ་དབྱངས་ཆོས་ཀྱི་འཁོར་ལོ་ཅན། །མཁའ་མཛོད་དེ་བཞིན་གནོད་སྦྱིན་དང་། །བསྡུས་པ་དག་ཏུ་ཡོངས་སུ་བསྒྲགས། །ཞི་བ་མདུང་གིས་མཚན་དཀྱིལ་འཁོར། །མ་མོ་མིང་པོའི་དཀྱིལ་འཁོར་དང་། །སྲིང་མོ་
རྣམས་ཀྱིས་བཤད་པ་སྟེ། །དཀྱིལ་འཁོར་བཅུ་དང་ལྔ་རྣམས་ནི། །ཕ་རོལ་ཕྱིན་དྲུག་ལས་བཤད་དེ། །ཕ་རོལ་ཕྱིན་པའི་སྒོ་ནས་གསུངས། །དཀྱིལ་འཁོར་རྡོ་རྗེ་ཅན་དེ་ཉིད། །དེ་བཞིན་བདེ་བར་གཤེགས་པའི་དང་། །རྡོ་རྗེ་མེ་ལྟར་འབར་ཉིད་དང་། །འཇིག་རྟེན་དབང་དང་མཁའ་སྙིང་པོ། །

བསྡུས་དང་མིང་པོའི་གང་ཡིན་དང་། །སྲིང་མོ་ལྷ་དང་ཀླུ་དག་གོ། །ལྷ་མོའི་དཀྱིལ་འཁོར་གཞན་དག་ཀྱང་། །དེ་བཞིན་མཆོག་གྱུར་བཤད་པ་ཡིན། །རྡོ་རྗེ་ཅན་དང་རྒྱལ་ཉིད་དང་། །རྡོ་རྗེ་མེ་འབར་པདྨ་གཉིས། །རིན་ཆེན་མིང་པོ་སྲིང་མོ་དང་། །ཀླུ་དང་སྡུག་བསྔལ་གྲགས་བསྡུས་པ། །འདི་
རྣམས་ཉིད་ཀྱིས་རས་རིས་རྣམས། །གོང་ནས་གོང་དུ་བཤད་པ་ཡིན། །རྡོ་རྗེ་ཅན་དང་བདེ་གཤེགས་ཉིད། །ཕྱག་ན་རྡོ་རྗེ་འཇིག་རྟེན་དབང་། །མཁའ་སྙིང་བསྡུས་པར་བཤད་པ་སྟེ། །ཉི་ཤུ་རྩ་བརྒྱད་དག་ཏུ་བཤད། །དཔལ་མཆོག་དང་པོའི་གསུམ་པ་ལས། །དེ་ནི་དཀྱིལ་འཁོར་བཤད་བྱ་སྟེ། །
རྡོ་རྗེ་ཅན་བདེ་གཤེགས་པདྨ། །མཁའ་སྙིང་མིང་པོའི་དཀྱིལ་འཁོར་དང་། །སྲིང་མོ་ཀླུ་དང་སྡུག་བསྔལ་གྲགས། །གསུམ་པ་བཅུ་པར་བཤད་པ་ཡིན། །རས་རིས་ལྔ་པ་སྣང་བར་གྲགས། །ལྷ་མོ་ལྔ་ཡི་དཀྱིལ་འཁོར་རྣམས། །བསྡུས་པ་ཉི་ཤུ་རྩ་གཅིག་ཏུ། །དཔལ་མཆོག་དང་པོར་
བཤད་པ་ཡིན། །རྡོ་རྗེ་རྣམ་སྣང་ཉི་མ་དང་། །འཇིག་རྟེན་དབང་དང་མཁའ་སྙིང་དང་། །མིང་པོ་རྣམས་དང་སྲིང་མོ་ཀླུ། །སྡུག་བསྔལ་གདོན་དང་བསྡུས་པའོ། །རས་རིས་དཀྱིལ་འཁོར་ལྔ་རྣམས་དང་། །བཞི་པ་དག་ཏུ་ཡོངས་སུ་བསྒྲགས། །དཀྱིལ་འཁོར་རྣམས་ནི་འབྱུང་བ་ཡི། །མདོར་
བསྡུས་ནས་ནི་བཤད་བྱ་བ། །གྲངས་ནི་བདུན་ཅུ་རྩ་དགུ་སྟེ། །འདི་ལ་རྣམ་རྟོག་བྱ་མི་དགོས། །དཀྱིལ་འཁོར་རྣམས་ཀྱི་གྲངས་བྱས་ནས། །ད་ནི་ད་ལྟ་ཉིད་དུ་ཡང་། །ཕྱག་རྒྱའི་དུམ་བུ་བསྡུས་པ་དང་། །མདོར་བསྡུས་ནས་ནི་བཤད་པར་བྱ། །དང་པོ་ཕྱག་རྒྱ་ཆེན་པོ་ཉིད། །དེ་བཞིན་གཉིས་
པ་དམ་ཚིག་སྟེ། །གསུམ་པ་ཆོས་ཀྱི་རྒྱར་གྲགས་པ། །བཞི་པ་ལས་ཀྱི་རྒྱ་ཉིད་དོ། །རྒྱ་ཡི་དུམ་བུ་བསྡུས་པ་ཅན། །སྐྱེ་མེད་ཉིད་དུ་ཤེས་བྱ་སྟེ། །གང་གི་མཆོག་ཏུ་གཙོར་གྲུར་གང་། །ཕྱི་ནང་ཐམས་ཅད་ཡང་དག་འདུས། །འདི་ཡི་ལེགས་སྦྱོར་གཙོ་བོ་ཡང་། །ད་ནི་མ་ལུས་བཤད་
པར་བྱ། །གང་ཞིག་གང་དང་ཡང་དག་སྦྱོར། །ཕྱག་རྒྱ་རིམ་བཞིན་སྦྱར་བར་བྱ། །ཕྱག་རྒྱ་ཆེ་དང་ལས་སུ་གྲགས། །ཡང་དག་སྦྱོར་བར་བཤད་པ་ཡིན། །དམ་ཚིག་རྒྱ་དང་ཆོས་ཀྱང་ནི། །འདེགས་པ་སྦྱོར་བ་ཡིན་པར་འདོད། །འདི་དག་ཉིད་ཀྱི་བསྡུས་པ་དག །ཅི་འདྲ་ཅི་ཕྱིར་བཤད་བྱ་

སྟེ། །ཕྱག་རྒྱ་ཆེ་དང་ཡང་དག་སྦྱོར། །ལས་ཀྱི་ཕྱག་རྒྱར་བཤད་པ་ཡིན། །གང་ཕྱིར་བསྣམས་པ་མེད་ན་ནི། །ང་རྒྱལ་འབྱུང་བར་མི་འགྱུར་ལ། །ཕྱག་རྒྱ་ཆེན་པོ་བསྟེན་མི་འགྱུར། །ཆོས་མེད་པར་ནི་བསྒྲུབ་བྱ་ཡིས། །དམ་ཚིག་ཕྱག་རྒྱ་བསྟེན་མེད་པས། །གང་ཞིག་
བསྒྲུབ་པར་བྱ་སྔགས་ལ། །ས་མ་ཡ་སྟྭཾ་ཞེས་བརྗོད་བྱ། །ལུས་ནི་གནས་པ་མེད་པ་དང་། །དངོས་པོ་མེད་ཅིང་མཚན་མེད་ལ། །སྐྱེ་བ་མེད་པའི་སྦྱོར་བ་ཡིས། །ཕྱག་རྒྱ་འདི་ནི་འབྱུང་བར་འགྱུར། །དང་པོ་ཟླ་བ་བྱུང་བ་ལ། །དེ་འོག་ཡི་གེའི་གཟུགས་ཅན་ཏེ། །ཡི་གེ་ལས་ནི་མཚན་མ་བྱུང་། །
མཚན་ལས་རྡོ་རྗེ་འཛིན་རང་ཉིད། །མེ་ལོང་མཉམ་ཉིད་ཡེ་ཤེས་དང་། །སོ་སོར་རྟོག་དང་བྱ་བའི་བཞི། །རྣམ་པར་དག་པའང་ནམ་མཁའ་སྟེ། །དངོས་མེད་གནས་པ་ལྔ་པ་ཡིན། །ཕྱག་རྒྱ་ཆེན་པོར་སར་གྱུར་ཅིང་། །ཆུ་ཉིད་དམ་ཚིག་ཡིན་པར་བཤད། །ཆོས་ཀྱི་ཕྱག་རྒྱ་མེ་ཉིད་དེ། །རླུང་ནི་
ལས་ལ་རྣམ་པར་གནས། །འབྱུང་དང་འབྱུང་འགྱུར་ཡང་དག་སྦྱོར། །དེ་བཞིན་ཁམས་དང་སྐྱེ་མཆེད་དང་། །རྒྱུ་དང་མི་རྒྱུ་སྣ་ཚོགས་དང་། །དེ་བཞིན་ས་དང་ཕ་རོལ་ཕྱིན། །འདི་དག་ཐམས་ཅད་སྟོང་པ་སྟེ། །ཕྱག་རྒྱའི་སྦྱོར་བ་རྣམ་པ་བཞིར། །མདོར་བསྡུས་ན་ནི་འབྱུང་འགྱུར་བས། །དེ་བས་དེ་
དག་ཉིད་དུ་དགྲོལ། །ལས་ནི་ཆོས་ལ་དགྲོལ་བར་བྱ། །ཆོས་ཀྱང་དེ་བཞིན་དམ་ཚིག་ལ། །དམ་ཚིག་ཀྱང་ནི་རྒྱ་ཆེན་ལ། །རྒྱ་ཆེན་ཟླ་བ་སྟོང་པ་ལའོ། །ཡེ་ཤེས་སེམས་དཔའ་སྙིང་རྡོ་རྗེ། །ལྕེ་ལ་ཡང་ནི་རྩེ་གསུམ་པ། །བཞི་པའང་སྣ་ཚོགས་རྡོ་རྗེ་སྟེ། །ཕྱག་རྒྱའི་དམ་ཚིག་ཡིན་པར་བཤད། །
གང་གིས་བཞི་པོ་འདི་དག་གི། །སྦྱོར་བ་ཡང་དག་མི་ཤེས་པར། །སྤྲོ་བ་དང་ནི་སྡུད་པ་ཉིད། །དེ་ལས་དངོས་གྲུབ་རྒྱབ་ཀྱིས་ཕྱོགས། །དམ་ཚིག་ཡེ་ཤེས་སྔགས་རྣམས་ཀྱི། །ཆོས་ཀྱི་དབྱིངས་ནི་མཚན་མ་ཉིད། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །བཟླས་བརྗོད་ཀྱང་ནི་འདི་ལྟར་བྱ། །ཉོན་
མོངས་ཐམས་ཅད་ཟློག་བྱེད་པའི། །ཡི་གེ་བརྒྱ་པ་དང་པོར་བརྗོད། །ཐོག་མ་དབུས་དང་ཐ་མར་ཡང་། །བྱིན་རློབ་བྱེད་པས་བཟླས་པར་བྱ། །བདག་ལ་བྱིན་རློབ་བྱེད་ཉིད་དང་། །ཚེ་ཡང་རིང་བར་འཕེལ་བྱེད་ཅིང་། །རྒྱ་རྣམས་བརྟན་པོར་བྱེད་པ་དང་། །སྐུ་གསུང་ཐུགས་རྣམས་སྒྲུབ་པ་པོ། །ཨོཾ་བཛྲ་

སཏྭ་ཞེས་བརྗོད་པ། །གསང་སྔགས་རྒྱལ་པོ་མཆོག་གིས་བསྟོད། །ཐེག་ཆེན་མངོན་དུ་ཕྱོགས་རྣམས་ལའང་། །ཁྱབ་བདག་ཡེ་ཤེས་ལྔ་རང་བཞིན། །གཟུགས་དང་སྔགས་དང་ཕྱག་རྒྱ་དང་། །མཆོད་རྟེན་དཀྱིལ་འཁོར་བརྟག་པ་ཡང་། །ཡི་གེ་བརྒྱ་སྔགས་གཅིག་འདྲ་བ། །དེ་འདྲའི་བསོད་
ནམས་ཡོད་མ་ཡིན། །ཡི་གེ་བརྒྱ་པ་བརྗོད་པ་ལས། །བསོད་ནམས་གང་ཞིག་ལེགས་གསུངས་པ། །རྡུལ་ཕྲན་གྱི་ནི་གྲངས་སྙེད་ཀྱི། །སངས་རྒྱས་ཀུན་གྱིས་བརྒྱན་པ་ཡིན། །གང་ཞིག་ས་མ་ཡ་དང་ནི། །མ་ནུ་པཱ་ལ་ཡ་ཞེས་བརྗོད། །རྗེས་སུ་བདག་བསྲུངས་ཤེས་པ་ནི། །ཐམས་ཅད་ཀྱི་
ནི་ཐུན་མོང་གིས། །ལྷ་རྣམས་ཉེ་བར་སྟོན་པ་ཡིན། །བཛྲ་སཏྭ་ཏྭེ་ནོ་དང་། །པ་ཏིཥྛ་ཞེས་བྱ་བ་དང་། །དྲྀ་ཌྷོ་མེ་བྷ་བ་དང་ནི། །སུ་ཏོཥྱོ་མེ་བྷ་བ་ཉིད། །ཨ་ནུ་རགྟོ་མེ་བྷ་བ། །སུ་པོཥྱོ་མེ་བྷ་བ་དང་། །ཁམས་གསུམ་སརྦ་སིདྡྷིམྨེ། །པྲ་ཡཙྪ་སརྦ་ཀརྨ་སུ། །ཙ་ཞེས་ལེགས་པར་བརྗོད་པ་དང་། །
མེ་ཙིཏྟཾ་ཤྲེ་ཡཿཀུ་རུ། །ཧཱུཾ་དང་ཧོའི་ཐོག་མཐའ་ཅན། །ཡི་གེ་ཧ་ཧ་བཞི་པོ་བརྗོད། །བྷ་ག་བཱན་ནི་བདག་གམ་ཀུན། །སརྦ་ཏ་ཐཱ་ག་ཏྲ་ཉིད། །བཛྲ་མཱ་མེ་མུཉྩ་དང་། །བཛྲཱི་བྷ་བ་བཞི་པ་ཡིན། །མ་ཧཱ་ས་མ་ཡ་སཏྭ། །ཨཱཿཉིད་ཀུན་གྱི་ཐུགས་ལ་གནས། །དེ་བས་ཀུན་དུ་ཁྱབ་པ་ཉིད། །གསང་
སྔགས་རྒྱལ་འདི་བླ་མེད་པའི། །སངས་རྒྱས་ཀུན་གྱི་སྙིང་པོ་ནི། །ཡི་གེ་བརྒྱ་ཞེས་བཤད་པ་ཡིན། །ཇི་སྲིད་དཔལ་མཆོག་དང་པོ་དང་། །དཔལ་ལྡན་དེ་ཉིད་བསྡུས་པའི་རྒྱུད། །རྣལ་འབྱོར་རྒྱུད་དང་བྱ་བ་ཉིད། །མདོ་དང་རྟོག་པ་གཉི་ག་ལས། །དངོས་གྲུབ་བསྒྲུབ་པར་བརྩོན་པ་ལས། །
གསང་སྔགས་རྒྱལ་པོ་གསུངས་པ་རྣམས། །དེར་ནི་བཟླས་པའི་བསོད་ནམས་གང་། །དེ་འདིར་ཡི་གེ་བརྒྱ་པ་ཡིན། །འདིར་བཤད་པ། བཛྲ་སཏྭ་རྡོ་རྗེ་ཅན། །ས་མ་ཡ་རྡོར་རྒྱལ་པོ་ཉིད། །མ་ནུ་པཱ་ལ་ཆགས་པ་སྟེ། །ཏིཥྛ་བཛྲ་དག་ལེགས་པ། །དྲྀ་ཌྷོ་མེ་བྷ་བ་རིན་ཆེན། །སུ་ཏོ་ཥྱོ་མེ་བྷ་བ་གཟི། །
ཨ་ནུ་རགྟོ་རྒྱལ་མཚན་ནོ། །སུ་ཏོཥྱོ་མེ་བྷ་བ་བཞད། །སརྦ་སིདྡྷིམྨེ་པྲ་ཡཙྪ་རྡོ་རྗེ་ཆོས། །སརྦ་ཀརྨ་སུ་ཙ་མེ་རྡོ་རྗེ་རྣོན་པོ། །ཙིཏྟཾ་ཤྲེ་ཡཿཀུ་རུ་རྒྱུ། །ཧཱཾ་དང་ཧ་བཞི་རྡོ་རྗེ་སྨྲ། །ཧོ་བྷ་ག་བཱན་ནི་རྡོ་རྗེ་ལས། །བཛྲཱི་བྷ་བ་རྡོ་རྗེ་སྲུང་བ། །ས་མ་ཡ་གནོད་སྦྱིན། ཨཱཿནི་ཁུ་ཚུར་ཤེས་པར་བྱ། །འདིར་

བཤད་པ། ཨོཾ་ནི་རིག་པ་བྷ་ག་སྟེ། །ཧཱུཾ་ནི་རྡོ་རྗེ་གྱུར་པ་ཡིན། །ཧ་བཞི་དག་ནི་ཡེ་ཤེས་ཏེ། །ནམ་མཁའ་རྣམ་དག་ལྔ་པའོ། །ཤུག་རག་ཏྭ་ཙེ་པི་ཤ་ན། །ཙི་ཏཾ་ཉིད་ནི་ལྔ་པའོ། །ཤེས་རབ་ཐབས་དང་ལྡན་པར་ནི། །འདི་དག་ཉིད་ཀྱིས་ཤེས་པར་བྱ། །བྱང་ཆུབ་སེམས་ནི་
གནས་མེད་པ། །དེ་ནི་བསྐུལ་བ་ཉིད་དུ་བྱ། །ཡི་གེ་བརྒྱ་པ་བརྗོད་ནས་སུ། །སངས་རྒྱས་སྤྲིན་ནི་སྤྲོ་བར་བྱ། །ཤེས་རབ་ཐབས་དང་རོར་ལྡན་པ། །རུ་དྷི་རར་བཅས་བླངས་ནས་ནི། །ཡི་གེ་བརྒྱ་པའི་འཁོར་ལོ་ནི། །བཅུ་དྲུག་རྩིབས་ཅན་རིམ་གསུམ་བྲི། །ལྟེ་བར་རྡོ་རྗེ་རྒྱ་གྲམ་བྲི། །ཕྱོགས་བཞི་
དག་ཏུ་ཧ་བཞི་བྲི། །བསྒྲུབ་བྱ་དངོས་སུ་ཆུད་བྱས་ལ། །དེ་ཉིད་གསུམ་ནི་བྲི་བར་བྱ། །རྩིབས་ལ་ཡི་གེ་བརྒྱ་པ་ཡིས། །བཅུ་དྲུག་རྐང་པར་བྱས་པ་བྲི། །དང་པོ་བསྐོར་བའི་ནང་དུ་ནི། །ཡི་གེ་མ་མོ་ལྔ་བཅུས་བསྐོར། །གཉིས་པ་ལ་ནི་འདོད་རྒྱལ་བྲི། །གསུམ་པར་གཙོ་བོ་གནོད་མཛེས་ཀྱི། །
གྲོ་གའི་གཞིའམ་རས་ལ་བྲི། །གི་ཝང་དག་གམ་སྣག་ཚ་ཡིས། །བཅུ་བཞི་དག་ལ་བྲིས་ནས་ནི། །གསེར་གྱིས་ལེགས་པར་གཡོགས་པར་བྱ། །གལ་ཏེ་བདག་ཉིད་དཔལ་འདོད་ན། །མཆོད་ཅིང་རྟག་ཏུ་བཅང་བར་བྱ། །གང་ཞིག་ཡི་གེ་བརྒྱ་པ་འཆང་། །དུས་མིན་འཆི་བ་ཉིད་དང་ནི། །ནད་
དང་མྱ་ངན་འབྱུང་མི་འགྱུར། །གང་ཞིག་ཡི་གེ་བརྒྱ་པ་འཆང་། །དབུལ་དང་སྡུག་བསྔལ་སོགས་མི་འབྱུང་། །རྒྱལ་པོའི་སྒོ་ནི་ཆེར་མཆོད་ཅིང་། །དགྲ་རྣམས་ཀྱང་ནི་ཟད་པར་འགྱུར། །འདོད་པ་ཐམས་ཅད་རབ་ཏུ་འགྲུབ། །ཡི་གེ་བརྒྱ་པ་གང་ཞིག་འཆང་། །བུ་འདོད་པས་ནི་བུ་རྙེད་ཅིང་། །ནོར་
འདོད་པས་ནི་ནོར་ཐོབ་འགྱུར། །ཡུལ་མེད་པ་ནི་ཡུལ་ཐོབ་ཅིང་། །བུ་མོས་ཁྱོ་ནི་དམ་པ་རྙེད། །ཇི་ལྟར་སངས་རྒྱས་ལ་རབ་དང་། །དེ་བཞིན་གཞན་གྱིས་མི་ཐུབ་ལ། །གལ་ཏེ་ཚེ་ནི་རིང་འདོད་ན། །ཡི་གེ་བརྒྱ་པ་བཅང་བར་བྱ། །སོམ་ཉི་ཡིད་གཉིས་རྣམ་སྤངས་ནས། །གང་ཞིག་ཡི་གེ་བརྒྱ་
འཆང་བ། །ཚེ་འདིར་བདེ་བར་འགྱུར་བ་དང་། །ཤི་འཕོས་བདེ་བ་ཅན་དུ་འགྲོ། །གང་ཞིག་དོན་ནི་རྒྱས་པ་དང་། །དད་དང་ལྡན་ཞིང་དབང་པོ་ཐུལ། །བླ་མ་ལ་གུས་དུལ་བ་དང་། །ཕྲག་དོག་ཆགས་པ་སྤངས་ལ་སྦྱིན། །གལ་ཏེ་ཚེ་འདི་རིང་འདོད་ན། །ཆད་ལྟ་ཁྲོས་བཅས་སྒྱུ་ཅན་དང་། །བྲ་ཡ་

ཅན་དང་གདུག་ཅན་ལ། །སྔགས་པས་སྦྱིན་པར་མི་བྱའོ། །མི་གཙང་ཐམས་ཅད་ཟ་བའམ། །དགྲ་ཡི་ནང་དུ་ཕྱིན་ན་ཡང་། །གཙང་མར་གྱུར་པས་རབ་མཆོད་ལ། །ཡི་གེ་བརྒྱ་པ་བཅང་བར་བྱ། །གནོད་མཛེས་མགོན་པོའི་སྤྱན་སྔར་ནི། །བུམ་ཆུ་ལ་བརྒྱར་བཟླས་ནས་སུ། །དད་དང་ལྡན་ལ་
བྱིན་ན་ནི། །ཚེ་དང་ནད་མེད་འཕེལ་བར་འགྱུར། །སྡུག་བསྔལ་འཕྲོག་ཅིང་དཔལ་བསྐྱེད་ལ། །སྡིག་པ་ཐམས་ཅད་བཟློག་པ་སྟེ། །ངན་འགྲོ་ཐམས་ཅད་གཞིག་པའི་ཕྱིར། །ཡི་གེ་བརྒྱ་པ་བཅང་བར་བྱ། །གང་ཞིག་ཡི་གེ་བརྒྱ་པ་འཆང་། །དག་བྱེད་བཀྲ་ཤིས་དཔལ་དང་ལྡན། །བགེགས་
རྣམས་ཐམས་ཅད་འཇིག་པར་བྱེད། །ལྷ་རྣམས་ཀུན་གྱི་བྱིན་གྱིས་རློབ། །ཟས་དང་དེ་བཞིན་ཆང་རྣམས་ལ། །ཡི་གེ་བརྒྱ་པ་བཟླས་ན་ནི། །བདུད་རྩིར་བྱེད་པའི་མཆོག་ཡིན་ཏེ། །དུག་རྣམས་མ་ལུས་སེལ་བར་བྱེད། །གང་ཞིག་ཡི་གེ་བརྒྱ་པ་འཛིན། །མཁའ་འགྲོ་འབྱུང་པོ་རོ་ལངས་དང་། །
གྲིབ་གནོན་དང་ནི་བརྗེད་བྱེད་ཀྱིས། །འཚེ་བར་བྱེད་པར་མི་ནུས་སོ། །རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ནི། །ཡི་གེ་བརྒྱ་པའི་སྔགས་གསུངས་ཏེ། །བདུད་རྩིར་བྱེད་པ་ཉིད་དང་ནི། །རྒ་དང་ན་དང་འཇིག་བྱེད་པའི། །ཡི་གེ་བརྒྱ་པ་བརྗོད་ནས་ནི། །མཉམ་པར་བཞག་པས་སྔགས་ཟློས་པ། །ལྟུང་བ་ཆེ་
དང་ལྡན་རྣམས་ཀྱང་། །སངས་རྒྱས་ངེས་པར་མཐོང་བར་འགྱུར། །གཡུལ་དུ་རྒྱལ་མཚན་ལ་བཏགས་ཏེ། །ཡི་གེ་བརྒྱ་པ་མཆོད་བྱས་ནས། །རྒྱལ་པོའི་མདུན་དུ་བཟུང་ན་ནི། །དགྲ་ལས་རྒྱལ་ཞིང་ཕ་རོལ་ཐུབ། །གཡུལ་སོགས་འཇིགས་པ་མི་བཟད་ལ། །མཚོན་གྱི་ཆར་འབབ་འཁྲུག་པ་རུ། །
ཕ་རོལ་གནོད་པ་བྱས་ན་ནི། །རྒྱལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཡི་གེ་བརྒྱ་པ་བཟླས་པ་ཡིས། །མཚོན་ཆ་གཞོན་པ་ལམ་འཇུག་དང་། །རྩེད་མོ་གླུ་གར་དགའ་སྟོན་ཆེར། །འབྱོར་པ་བདེ་བར་འབྱུང་བར་འགྱུར། །གསང་སྔགས་ཡི་གེ་བརྒྱ་བཟླས་ན། །བླུན་པོ་བློ་ནི་འཕེལ་འགྱུར་ལ། །སྐལ་
ངན་རྣམས་ཀྱང་སྐལ་ལྡན་འགྱུར། །བྱུར་དང་སྡུག་བསྔལ་རྣམ་པར་འཇིག །གལ་ཏེ་དངོས་གྲུབ་སྒྲུབ་འདོད་ན། །དམ་ཚིག་སྤྱོད་པ་ལ་གནས་ཤིང་། །གསང་སྔགས་ཡི་གེ་བརྒྱ་བཟླས་པ། །སྔགས་པ་ཡིས་ནི་རྟག་ཏུ་བྱ། །དཀྱིལ་འཁོར་སྦྱིན་སྲེག་དུས་དག་དང་། །སྒྲུབ་པ་རས་རིས་བྲི་བ་དང་། །

རྐང་བསྐུ་མིག་སྨན་ས་འོག་ལ། །གུས་པས་ཡི་གེ་བརྒྱ་པ་བཟླས། །གསང་སྔགས་ཡི་གེ་བརྒྱ་བཟླས་པས། །ཚུལ་འཆལ་བརྟུལ་ཞུགས་ཅན་འགྱུར་ཞིང་། །བཅིངས་པ་འཆིང་བ་ལས་གྲོལ་འགྱུར། །བུད་མེད་ཉིད་ཀྱང་སྐྱེས་པར་འགྱུར། །ཡི་གེ་བརྒྱ་པ་ཞེས་བྱ་བ། །རང་
བཞིན་གྱིས་ནི་གྲུབ་པ་སྟེ། །ལན་ཅིག་བརྗོད་པ་ཙམ་གྱིས་ཀྱང་། །ཤེས་རབ་ཕ་རོལ་ཕྱིན་འབྲས་མཉམ། །སེམས་རྟོགས་པར་ནི་གང་གསུངས་དང་། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །གང་ཡང་རྡོ་རྗེའི་བདག་ཉིད་གནས། །ཇི་བཞིན་རྡོ་རྗེ་འཛིན་པ་བདག །དེ་བཞིན་གཤེགས་པའི་
ང་རྒྱལ་དང་། །མེ་ལོང་ལ་བལྟ་སྔོན་འགྲོ་དང་། །དབབ་དང་བརྟན་པར་བྱ་བ་དག །ཐམས་ཅད་ཡི་གེ་བརྒྱ་པས་བྱ། །ཡི་གེ་བརྒྱ་པ་ཟློས་བྱེད་ཅིང་། །སེམས་དང་མཁའ་ལ་བཞག་ན་ནི། །དག་པའི་ཤེལ་དང་འདྲ་བ་ཡི། །བདུད་རྩིའི་རྒྱུན་ནི་འབབ་པར་འགྱུར། །རྡོ་རྗེ་སེམས་དཔའ་རང་ཉིད་
ནི། །མངོན་སུམ་ཡི་གེ་བརྒྱ་ཉིད་དེ། །སངས་རྒྱས་མཛད་པ་མཛད་པའི་ཕྱིར། །སྔགས་ཀྱི་གཟུགས་ཀྱིས་གཟུགས་པ་ཡིན། །ཚེ་དང་མདོག་དང་གཟི་བསྐྱེད་ཅིང་། །ལུས་ནི་ཞི་དང་རྒྱས་པར་འགྱུར། །ཇི་སྲིད་ཉི་ཟླ་སྐར་མ་གནས། །དེ་སྲིད་ལུས་ནི་བརྟན་པར་བྱེད། །གང་ཞིག་ཡི་གེ་བརྒྱ་པ་
བསྒྲུབ། །སྲོག་ཆགས་གསད་པར་མི་བྱ་ཞིང་། །དཀོན་མཆོག་གསུམ་ནི་ཡོང་མི་སྤང་། །ལྷ་གཞན་དག་ལ་ཕྱག་མི་བྱ། །ཡི་གེ་བརྒྱ་པའི་གསང་སྔགས་ནི། །རྣལ་འབྱོར་པ་ཡི་ཁྱད་པར་མཐུ། །བྱང་ཆུབ་སེམས་ཀྱི་རང་བཞིན་དང་། །འདྲ་བ་མ་བྱུང་འབྱུང་མི་འགྱུར། །ནད་ནི་ཆེན་པོར་འབྱུང་བ་
དང་། །མུ་གེ་དགྲ་དང་འཐབ་པ་དང་། །ཚེ་དང་གནོད་བྱེད་གྲིབ་མས་ཕོག །ཡི་གེ་བརྒྱ་པ་བཟླས་པར་བྱ། །བདུད་ཀྱི་ལས་ཉིད་བྱུང་བ་ན། །ཡི་གེ་བརྒྱ་པ་བྲིས་ནས་ནི། །རྒྱལ་མཚན་ལ་ནི་བཏགས་ནས་སུ། །ཕྱོགས་ཀུན་དུ་ནི་བསྐོར་བར་བྱ། །རྡོ་རྗེ་སེམས་དཔའི་རང་བཞིན་སྐུར། །བདག་ཉིད་
ཡོངས་སུ་བསམས་ནས་ནི། །རྔ་ཆེན་དག་ནི་བརྡུངས་ནས་སུ། །གུ་གུལ་གྱིས་ནི་བདུག་པར་བྱ། །གང་དུ་སྤྱོད་པའི་གནས་ལས་ནི། །དགྲ་བོ་ངེས་པར་འབྱུང་བ་དང་། །དེར་ནི་བདུད་རྣམས་འཇིག་འགྱུར་བའི། །དངོས་གྲུབ་ཡི་གེ་བརྒྱ་པས་བྱ། །ལྕགས་ལས་ཁྲུ་གང་ཙམ་གྱིས་ནི། །ཞི་བའི་སྤོས་

ཁང་བྱས་ནས་སུ། །ཡུ་བ་རིན་ཆེན་རྡོ་རྗེས་བརྒྱན། །ཁ་ནི་སྣ་ཚོགས་རྡོ་རྗེས་མཚན། །སྣོད་ཉིད་ཀྱི་ནི་ནང་དག་ཏུ། །ཤིན་ཏུ་མཛེས་པའི་པདྨ་བྱ། །དེ་ཡི་དབུས་སུ་བྲི་བ་ནི། །རྡོ་རྗེ་རྩེ་གསུམ་པ་ཉིད་དེ། །དྲག་ཅིང་འབར་བའི་ཕྲེང་བས་འཁྲིགས། །བསྲེག་པའི་བསྐལ་པ་ལྟ་བུར་མཆོག །ཧ་ཧ་ཞེས་
བྱའི་སྒྲ་ཡིས་འཁྲུགས། །བ་ཡི་མར་དང་ཡང་དག་ལྡན། །ས་ནི་ལེགས་པར་བརྡུངས་ནས་སུ། །ཤིན་ཏུ་མཛེས་པའི་པདྨོ་ནི། །བྲིས་ནས་སྔགས་པས་འདབ་བརྒྱད་དང་། །དབུས་སུ་སྣ་ཚོགས་རྡོ་རྗེ་བྲི། །སྤོས་དང་མེ་ཏོག་རྣམས་དང་ནི། །ཞོ་དང་བུ་རམ་ཁ་རས་མཆོད། །བ་ཡི་རྣམ་ལྔས་
བསང་བྱ་ཞིང་། །ཤ་ནི་རྣམ་པར་སྤང་བར་བྱ། །འབྲུ་རྣམས་ཀུན་དང་ལྡན་པ་དང་། །ཏིལ་དང་མ་ཤ་ཡང་དག་ལྡན། །འབྱུང་པོ་ཐམས་ཅད་ཚིམ་བྱེད་པ། །ཕྱོགས་རྣམས་ཀུན་དུ་གཏོར་བར་བྱ། །གང་ཞིག་ཁྱིམ་དེར་གནས་པ་ཡི། །འབྱུང་པོ་རིང་དུ་སོང་ནས་ནི། །དཔག་ཚད་བརྒྱར་ནི་ཕྱིན་
ནས་སུ། །ཧ་ཧ་ཟེར་ཞིང་སེམས་མེད་གནས། །ཇི་སྲིད་ཉི་ཟླ་གནས་ཀྱི་བར། །ཁྱིམ་དང་གྲོང་རྡལ་ལྗོངས་རྣམས་སུ། །ནོར་དང་འབྲུ་རྣམས་འབྱོར་པ་དང་། །བྱ་བ་ཐམས་ཅད་འཕེལ་བར་འགྱུར། །རྡོ་རྗེ་སེམས་དཔའི་བསྙེམས་པ་ཡིས། །ཕྱོགས་རྣམས་ཀུན་དུ་སོང་ནས་ནི། །སྐད་གདངས་ཆེ་
བ་དག་གིས་ནི། །ཡི་གེ་བརྒྱ་པའི་སྔགས་ཟློས་ཤིང་། །གཡས་ཀྱིས་རྡོ་རྗེ་བསོར་བྱས་ལ། །གཡོན་གྱིས་དེ་བཞིན་དྲིལ་བུ་གཟུང་། །ཨ་མྲྀ་ཏ་ཧཱུཾ་ཞེས་བརྗོད་ཅིང་། །རྟག་པར་ཕྱོགས་སུ་ཚམ་ངམ་བྱ། །དེ་འོག་རྡོ་རྗེ་བསྡམས་པ་ཡིས། །ཡུ་བ་ནས་ནི་བཟུང་ནས་སུ། །རྡོ་རྗེ་སེམས་དཔའ་
བསྒྱིངས་པ་ཡིས། །གསང་སྔགས་ཡི་གེ་བརྒྱ་པ་བཟླས། །རིག་འཛིན་འདིས་ནི་ཞི་བ་ལ། །འབྱུང་པོ་བཟློག་པའི་ཕྱག་བྱ་ཞིང་། །གདོན་རྣམས་མ་ལུས་རྣམ་འཇིག་ཕྱིར། །ཞི་བའི་མཆོག་ཏུ་བཤད་པ་ཡིན། །གཙོ་བོར་གྱུར་པ་བརྒྱ་ཉིད་ནི། །ལུས་ཉིད་ལ་ནི་རྟེན་བྱེད་པས། །དེས་ན་འདི་ཡི་
མིང་གི་གཙོ། །རྒྱུད་འདིར་ཡི་གེ་བརྒྱ་པར་བཤད། །མཚམས་མེད་ལྔ་དང་ལྡན་པ་ཡང་། །ཡི་གེ་བརྒྱ་པ་ཞེས་བྱ་བའི། །མཚན་མཆོག་གང་གིས་ཐོས་གྱུར་པ། །ངན་འགྲོ་ཀུན་ལས་གྲོལ་བར་འགྱུར། །གང་ལ་དམིགས་ཏེ་གསང་སྔགས་ནི། །ཡི་གེ་བརྒྱ་ཞེས་བྱ་བ་བྲི། །རྡོ་རྗེ་སེམས་དཔའ་རང་

ཉིད་ནི། །འཆི་བདག་སྒོར་བཞུད་བསྣམས་ནས་བྱོན། །གླེགས་བམ་ལ་ནི་བྲིས་ནས་སུ། །དེ་བཞིན་བརྒྱ་རྩ་བརྒྱད་པ་ནི། །དབུས་སུ་ག་བུར་བཅུག་ནས་བཅང་། །ཁྱིམ་དུ་དུས་གསུམ་དག་ཏུ་མཆོད། །དེ་ནི་དབུལ་པོར་མི་འགྱུར་ལ། །ནད་ཀྱང་འབྱུང་བར་མི་འགྱུར་ཞིང་། །ཡམས་
དང་གནོད་བྱེད་ཉིད་དང་ནི། །འཆི་བདག་ལ་ནི་རྒྱབ་ཀྱིས་ཕྱོགས། །གང་ཞིག་གསང་སྔགས་རྒྱལ་པོ་འདི། །ལུས་དང་ངག་སེམས་དང་བ་ཡིས། །མོས་པས་མཉམ་གཞག་བཟླས་ན་ནི། །སངས་རྒྱས་མཆོག་ཉིད་ཐོབ་པར་འགྱུར། །དེ་ནི་དུས་བྱེད་གྱུར་པ་ན། །དུར་ཁྲོད་ཀྱི་ནི་སེམས་ཅན་རྣམས། །
གང་ཞིག་དྲི་ནི་སྣོམ་བྱེད་པ། །བདེ་བ་ཅན་དུ་འགྲོ་བར་འགྱུར། །སྐྱེ་བ་དེ་དང་དེ་དག་ཏུ། །འཁོར་ལོས་སྒྱུར་བའི་རིགས་ཅན་འགྱུར། །མཐར་ནི་ཐར་པར་གཞོལ་འགྱུར་ཞིང་། །སངས་རྒྱས་ཉིད་ནི་ཐོབ་པར་འགྱུར། །ལས་རྣམས་ཐམས་ཅད་བྱེད་འདི་ཉིད། །བྱ་བ་ཐམས་ཅད་སྒྲུབ་པར་བྱེད། །
ཞི་དང་རྒྱས་པར་བྱེད་པ་དང་། །ཚེ་རིང་མངོན་པར་འཕེལ་བར་བྱེད། །གྲོ་གའི་གཞི་ལ་བྲིས་ནས་ནི། །གང་ཞིག་འཕྲལ་ལ་འཆང་བྱེད་པ། །ཚེ་ཟད་གྱུར་པའང་བདེ་བར་ནི། །ལོ་ནི་སུམ་བརྒྱ་འཚོ་བར་འགྱུར། །འདིར་བཤད་པ། ཨོཾ་བཛྲ་སཏྭ་རྡོ་རྗེ་སེམས་དཔའི་སྒོ་ནས་སོ། །ས་མ་ཡ་རྡོ་རྗེ་རྒྱལ་
པོའི་སྒོ་ནས་སོ། །མ་ནུ་པཱ་ལ་ཡ་རྡོ་རྗེ་ཆགས་པའི་སྒོ་ནས་སོ། །བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་རྡོ་རྗེ་ལེགས་པའི་སྒོ་ནས་སོ། །དྲྀ་ཌྷོ་མེ་བྷ་བ་རྡོ་རྗེ་རིན་ཆེན་གྱི་སྒོ་ནས་སོ། །སུ་ཏོཥྱོ་མེ་བྷ་བ་རྡོ་རྗེ་གཟི་བརྗིད་ཀྱི་སྒོ་ནས་སོ། །ཨ་ནུ་རཀྟོ་མེ་བྷ་བ་རྡོ་རྗེ་རྒྱལ་མཚན་གྱི་སྒོ་ནས་སོ། །སུ་པོཥྱོ་མེ་བྷ་བ་རྡོ་རྗེ་བཞད་པའི་སྒོ་ནས་སོ། །སརྦ་སིདྡྷིམྨེ་པྲ་ཡཙྪ་རྡོ་རྗེ་ཆོས་ཀྱི་
སྒོ་ནས་སོ། །སརྦ་ཀརྨ་སུ་ཙ་མེ་རྡོ་རྗེ་རྣོན་པོའི་སྒོ་ནས་སོ། །ཙིཏྟཾ་ཤྲེ་ཡཿཀུ་རུ་རྡོ་རྗེ་རྒྱུའི་སྒོ་ནས་སོ། །ཧཱུཾ་ཧ་ཧ་ཧ་ཧ་རྡོ་རྗེ་སྨྲ་བའི་སྒོ་ནས་སོ། །ཧོ་བྷ་ག་བཱ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་རྡོ་རྗེ་ལས་ཀྱི་སྒོ་ནས་སོ། །མཱ་མེ་མུཉྩ་བཛྲཱི་བྷ་བ་རྡོ་རྗེ་སྲུང་བའི་སྒོ་ནས་སོ། །མ་ཧཱ་ས་མ་ཡ་སཏྭ་རྡོ་རྗེ་གནོད་སྦྱིན་གྱི་སྒོ་ནས་སོ། །ཨཱཿརྡོ་རྗེ་ཁུ་ཚུར་གྱི་སྒོ་ནས་སོ། །ཡི་གེ་བརྒྱ་པ་བཤད་
པ་ལས། །བསོད་ནམས་ལེགས་པར་གང་བསགས་པ། །དེས་ནི་འཇིག་རྟེན་མ་ལུས་པ། །རྡོ་རྗེ་འཛིན་པ་ཉིད་གྱུར་ཅིག །ཡི་གེ་བརྒྱ་པའི་བཤད་པ་ལ། །སློབ་དཔོན་པདྨའི་རྡོ་རྗེ་ལྕགས་ཀྱུས་སྟོང་ཕྲག་བརྒྱ་པ་ལས་ཇི་སྙེད་པ་རྣམས་བརྗེད་དུ་དོགས་ནས་བྲིས་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་སྙིང་པོའི་སྔགས། ཡི་གེ་བརྒྱ་པའི་ཆོ་ག་རྫོགས་སོ།། །།

༄༅༅། །རྒྱ་གར་སྐད་དུ། ཤ་ཏཱཀྵ་ར་བི་དྷིཿ། བོད་སྐད་དུ། ཡི་གེ་བརྒྱ་པའི་ཆོ་ག །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དང་པོར་སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་སྟེ། ས་ཕྱོགས་དེར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་བར་སྣང་ལ་དམིགས་
ཏེ། དེ་རྣམས་ལ་དང་པོར་མཆོད་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ལམ་ལ་གནས་པ་ལ་སོགས་པ་བྱས་ནས། དེའི་འོག་ཏུ་བདག་དང་དངོས་པོ་ཐམས་ཅད་མི་སྣང་
བར་བྱས་ཤིང་སྔགས་འདིས་སྟོང་པ་ཉིད་དུ་བསྒོམ་མོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། དེ་ནས་ཨོཾ་ཙིཏྟཾ་པྲ་ཏི་བྱ་དྷཾ་ཀཱ་རོ་མི། ཞེས་བྱ་བའི་སྔགས་འདིས་ཨ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་ཅན་བསྐྱེད་པར་བྱའོ། །དེ་ནས་ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི།
ཞེས་བྱ་བའི་སྔགས་འདིས་དེ་ཉིད་སྤྲོ་བར་བྱའོ། །ཨོཾ་ཏིཥྛ་བཛྲ། ཞེས་བྱ་བས་ཧཱུཾ་ལས་བྱུང་བ་ནམ་མཁའི་ཁམས་ཐམས་ཅད་དང་མཉམ་པར་གནས་པའི་རྡོ་རྗེ་བསམས་ལ། དེ་ནས་རྡོ་རྗེའི་གཟུགས་དེ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་འདུས་པ་དང་། རྡོ་རྗེ་དང་ཟླ་བ་ཡོངས་སུ་
གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཕྱག་གཉིས་པ། སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་བསྣམས་པར་སྔགས་འདིས་བདག་ཉིད་བསམ་པར་བྱའོ། །སཏྭ་སརྦ་ཏ་ཐཱ་ག་ཏ་ཏ་ཐཱ་མ་ཧཾ། དེའི་འོག་ཏུ་ཧཱུཾ་ལས་བྱུང་བའི་འཁོར་ལོ་རྩིབས་བཅུ་དྲུག་པ་བསམས་ལ། དེའི་སྟེང་དུ་སྣ་
ཚོགས་རྡོ་རྗེ། དེའི་ལྟེ་བར་དཔལ་རྡོ་རྗེ་སེམས་དཔའ་སྣ་ཚོགས་པདྨའི་སྟེང་དུ་བཞུགས་པར་བསམ་མོ། །ཤར་ཕྱོགས་སུ་མི་བསྐྱོད་པ། ལྷོར་རིན་ཆེན་འབྱུང་ལྡན། ནུབ་ཏུ་འོད་དཔག་ཏུ་མེད་པ། བྱང་དུ་དོན་ཡོད་གྲུབ་པའོ། །ཤར་ལྷོར་རྡོ་རྗེ་སེམས་མ། ཕྱག་གཉིས་པ་སྐུ་མདོག་ནག་པོ།
ཕྱག་གཡོན་པ་དཀུར་བརྟེན་པ། ཕྱག་རྐེད་པར་འཇོག་པ། ཕྱག་གཡས་ན་རྡོ་རྗེ་བསྣམས་པའོ། །ལྷོ་ནུབ་ཏུ་རྡོ་རྗེ་རིན་ཆེན་མ་སྐུ་མདོག་སེར་བ་ཕྱག་གཉིས་པ་ཕྱག་གཡོན་པ་དཀུར་བརྟེན་པ། ཕྱག་གཡས་ན་རིན་པོ་ཆེ་བསྣམས་པའོ། །ནུབ་བྱང་དུ་རྡོ་རྗེ་ཆོས་མ་སྐུ་མདོག་དམར་བ། ཕྱག་གཉིས་

པ་ཕྱག་གཡོན་པ་དཀུར་བརྟེན་པ། ཕྱག་གཡས་ན་པདྨ་བསྣམས་པའོ། །བྱང་ཤར་དུ་རྡོ་རྗེ་ལས་མ་སྐུ་མདོག་ལྗང་གུ་ཕྱག་གཉིས་པ་ཕྱག་གཡོན་དཀུར་བརྟེན་པ། ཕྱག་གཡས་ན་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །འཁོར་ལོའི་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་བསྐོར་ཕྱོགས་
སུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྩིབས་བཅུ་དྲུག་ལ་བསམ་པར་བྱ་སྟེ། དེ་ལ་རྩིབས་ཀྱི་དབུས་སུ་ཐམས་ཅད་ཀྱང་སྣ་ཚོགས་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པར་བྱའོ། །དེ་ལ་དབང་ལྡན་གྱི་ཕྱོགས་སུ་རྡོ་རྗེ་སེམས་དཔའ་སྐུ་མདོག་ལྗང་གུ་གཡོན་པ་བསྙེམས་པས་དཀུར་
བརྟེན་པ། ཕྱག་གཡས་ན་རང་གི་ཐུགས་ཀར་རྡོ་རྗེ་བསྟོད་པའི་ཚུལ་གྱིས་བསྣམས་པའོ། །རྡོ་རྗེ་རྒྱལ་པོ་སྐུ་མདོག་སེར་པོ་རྡོ་རྗེ་ལྕགས་ཀྱུས་འགུགས་པའི་ཚུལ་དུ་བཞུགས་པའོ། །རྡོ་རྗེ་ཆགས་པ་སྐུ་མདོག་ནག་པོ་ཕྱག་ན་མདའ་གཞུ་བསྣམས་པའོ། །རྡོ་རྗེ་ལེགས་པ་སྐུ་མདོག་མརྒད་ལྟ་བུ། ཕྱག་
གཉིས་ཀྱིས་ལེགས་སོ་ཞེས་བྱ་བ་སྦྱིན་པར་བྱེད་པའོ། །རྡོ་རྗེ་རིན་ཆེན་སྐུ་མདོག་སེར་པོ་རང་གི་དབང་བསྐུར་བའི་གནས་སུ་ཕྱག་གཉིས་ཀྱིས་དབང་བསྐུར་བའི་ཕྲེང་བ་འཆིང་བའི་ཚུལ་གྱིས་བཞུགས་པའོ། །རྡོ་རྗེ་ཉི་མ་སྐུ་མདོག་དམར་པོ་ཕྱག་གཉིས་ཀྱིས་ཐུགས་ཀར་ཉི་མའི་དཀྱིལ་འཁོར་འཛིན་པའོ། །
རྡོ་རྗེ་རྒྱལ་མཚན་སྐུ་མདོག་ནམ་མཁའ་ལྟར་སྔོ་བསངས་ཕྱག་གཉིས་ཀྱིས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་པའོ། །རྡོ་རྗེ་བཞད་པ་སྐུ་མདོག་པདྨའི་རྩ་བ་ལྟར་དཀར་པོ་ཕྱག་གཉིས་ཀྱིས་སོའི་ཕྲེང་བ་གཉི་ག་དང་བཅས་པའི་རྡོ་རྗེ་གཉིས་བསྣམས་པའོ། །རྡོ་རྗེ་ཆོས་སྐུ་མདོག་དམར་སྐྱ་ཕྱག་
གཡོན་པས་པདྨའི་སྡོང་བུ་འཛིན་ཅིང་ཕྱག་གཡས་པས་པདྨའི་འདབ་མ་འབྱེད་པའོ། །རྡོ་རྗེ་རྣོན་པོ་སྐུ་མདོག་གུར་ཀུམ་གྱི་མདོག་ཅན། ཕྱག་གཡོན་པས་ཐུགས་ཀར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བསྣམས་པ་ཕྱག་གཡས་ཀྱིས་རལ་གྲི་འཕྱར་བའོ། །རྡོ་རྗེ་རྒྱུ་གསེར་གྱི་མདོག་ཅན་
ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་ལྡན་པའོ། །རྡོ་རྗེ་སྨྲ་བ་སྐུ་མདོག་དམར་པོ་ཕྱག་གཡོན་པ་ན་དུང་བསྣམས་པ་ཕྱག་གཡས་པ་ལྕེའི་ཕྱག་རྒྱ་དང་ལྡན་པའོ། །རྡོ་རྗེ་ལས་སྐུ་མདོག་ལྗང་གུ་ཕྱག་གཉིས་རྡོ་རྗེ་རྩེ་གསུམ་བསྣམས་ནས་སྤྱི་བོར་འཇོག་ཅིང་གར་མཛད་པས་བཞུགས་པའོ། །རྡོ་རྗེ་སྲུང་བ་སྐུ་མདོག་

སེར་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་གོ་ཆ་བསྣམས་པའོ། །རྡོ་རྗེ་གནོད་སྦྱིན་སྐུ་མདོག་ནག་པོ་ཕྱག་གཉིས་ཀྱིས་མཆེ་བ་གཉིས་རང་བཞིན་གྱིས་ཐད་ཀར་བསྣམས་ནས་གདུག་པ་ཐམས་ཅད་འཇིགས་པར་བྱེད་པས་བཞུགས་པའོ། །རྡོ་རྗེ་ཁུ་ཚུར་སྐུ་མདོག་དཀར་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་བསྣམས་པ་དང་ལྡན་
པར་བསམ་མོ། །དེ་ནས་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ལ་ས་མ་ཡ་ཧོ། །ཧཾ་ཞེས་བྱ་བས་བདག་ཉིད་ལ་བལྟས་ལ། ས་མ་ཡ་སྟྭཾ། ཞེས་བྱ་བ་འདིས་མདུན་དུ་ཡེ་ཤེས་སེམས་དཔའ་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པར་བསྒོམས་ལ། ས་མ་ཡ་སྟྭཾ་ཨ་ཧཾ། ཞེས་བྱ་བ་འདིས་སྙིང་གར་བཅུག་
སྟེ། བདག་དང་མི་གཉིས་པའི་བདག་ཉིད་དུ་བསྒོམ་མོ། །དེ་ནས་ཡི་གེ་ཧཱུཾ་ལས་བྱུང་བ་རྡོ་རྗེ་འོད་དང་ལྡན་པའི་ཚུལ་ཅན་གྱི་ལྕེ་བསམ་མོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྔ་རྣམས་ཀྱི་བུམ་པའི་དབང་བསྐུར་བ་དང་ཅོད་པན་གྱི་དབང་དང་། ཕྲེང་བའི་དབང་དང་། རྡོ་རྗེའི་དབང་
ལ་སོགས་པ་རྡོ་རྗེ་སེམས་མ་ལ་སོགས་པ་རྣམས་ཀྱིས་དབང་བསྐུར་བར་བསམ་མོ། །ཡི་གེ་བརྒྱ་པའི་ཆོ་ག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཀྵ་སུ་ཏྲ་ལཀྵ་ཎ། བོད་སྐད་དུ། བཟླས་པའི་ཕྲེང་བའི་མཚན་ཉིད། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའ་ལ་
ལྷ་མོ་སངས་རྒྱས་སྤྱན་མས་ཞུས་པ། བཟླས་པའི་ཕྲེང་བའི་དོན་ཅི་ལགས། །མཆོག་གི་དབང་ཕྱུག་གིས་གསུང་དུ་གསོལ། རྡོ་རྗེ་སེམས་དཔས་གསུངས་པ། ལྷ་མོ་ཉོན་ཅིག་རབ་ཏུ་བཤད་དོ། །ཁྱོད་ཀྱིས་ཞུས་པ་དེ་བརྗོད་པར་བྱའོ། །དེ་ཐམས་ཅད་ཀྱི་གཏམ་བཤད་དོ། །སེམས་ཅན་ཐམས་ཅད་ལ་
ཕན་པའི་དོན་དུའོ། །མི་སྤང་བའི་སེམས་ཀྱི་སྡོམ་པ་དེ་བཞིན་དུ་བསོད་ནམས་དང་ཡེ་ཤེས་མི་སྤང་བ་ཐོབ་པའི་རྣལ་འབྱོར་པའི་བཟླས་པའི་ཕྲེང་བ་འདིའོ། །གང་ལ་བཟླས་པའི་ཕྲེང་བ་ལ་དད་པ་མོས་པ་གུས་པས་གཟུང་ངོ་། །སྡིག་པ་ཐམས་ཅད་སྤོང་ངོ་། །སྡུག་བསྔལ་ཐམས་ཅད་དང་བྲལ་བར་འགྱུར་
རོ། །གང་དུ་བཟུང་ན་མགྲིན་པ་དང་ལག་པའི་རྩ་བར་རོ། །དེས་ནི་བྱ་བ་ཐམས་ཅད་འགྲུབ་པར་ངེས་སོ། །བཟླས་པ་བྱས་པས་ལྷ་མོ་དང་དཔའ་བོ་ངེས་པར་གྲུབ་པ་རབ་ཏུ་སྟེར་རོ། །རྣལ་འབྱོར་མཆོག་གིས་ཐོབ་པའི་རྡོ་རྗེ་སེམས་དཔའ་དང་མཉམ་པར་འབྱུང་ངོ་། །བྱིས་པ་གཞོན་ནུ་རྣམས་ཀྱིས་སྡིག་པ་

མང་པོ་བྱས་པ་དང་། ཐམས་ཅད་སྤངས་པ་འབྱུང་བར་འགྱུར་རོ། །རྐང་པ་གཅིག་པའི་བཟླས་པའི་སྐུད་པ་འཛིན་པས། བཟླས་ན་ལྷའི་སྐྱེ་བ་དྲན་པར་འགྱུར་རོ། །ཕྱེད་ཀྱི་ཚད་ཀྱིས་བཟླས་ན་དེས་ལྷ་དང་ལྷ་མོའི་བདེ་བ་མཐོང་ངོ་། །མང་བ་ཡིས་བཟླས་ན་བརྫུན་པའི་ངག་སྤངས་
པའོ། །དུང་གི་ལ་བཟླས་པའི་ཡོན་ཏན་གཅིག་འབྱུང་ངོ་། །ལུང་ཏང་ལ་བཟླས་པས་ཡོན་ཏན་གཉིས་འབྱུང་ངོ་། །ལྕགས་ལ་བཟླས་པས་ཡོན་ཏན་གསུམ་འབྱུང་ངོ་། །དེ་ལ་ལ་བཟླས་པས་ཡོན་ཏན་བཞིའོ། །ནོར་བུ་མུ་ཏིག་བྱི་རུ་ལ་བཟླས་པས་ཡོན་ཏན་བཅུ་དྲན་ནོ། །དབང་པོའི་དམིགས་
ལ་བཟླས་པས་ཡོན་ཏན་བཅུ་འབྱུང་ངོ་། །པདྨ་ལ་བཟླས་པས་ཡོན་ཏན་བྱེ་བའོ། །ཡོན་ཏན་བྱེ་བ་རུ་དྲཱཀྵ་ལའོ། །བོ་དེ་ཙི་ལ་བཟླས་པས་བཅུ་དྲུག་དང་འདྲ་བར་དུས་འདས་པ་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ངོ་། །བཟླས་པ་ཕྲེང་བའི་ཡོན་ཏན་འདི་དག་རྡོ་རྗེ་སེམས་དཔས་གསུངས་པའོ། །མཁས་
པས་ལྷག་པ་དང་ཆད་པར་མི་བྱའོ། །ལྷག་པ་ཆད་པ་ལ་བགེགས་ཆེན་པོ་འཇུག་གོ། །དེས་ན་མཉམ་པར་བྱའོ། །བཟླས་པའི་དུས་སོང་ནས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །སྡིགས་མཛུབ་སྙིང་གར་བྱས་ཏེ་མཛུབ་མོས་བཟླས་ན་བགེགས་བཀུག་ནས་ཚར་གཅོད་པར་འགྱུར་རོ། །གུང་མོས་
བགྲངས་པས་ཐེ་ཚོམ་མེད་པར་དངོས་གྲུབ་འབྱུང་ངོ་། །སྲིན་ལག་གིས་བགྲངས་པས་གནོད་སྦྱིན་གྱི་དངོས་གྲུབ་འགྲུབ་བོ། །མཐེ་ཆུང་གིས་བགྲངས་པས་ཤ་ཟ་དགུག་པ་དང་བསྐྲད་པ་འགྲུབ་བོ། །མདོ་འཛིན་ལ་བསྐོར་ཞིང་བྱའོ། །བཟླས་པའི་ཕྲེང་བའི་མཚན་ཉིད་རྫོགས་སོ།། །།པཎྜི་ཏ་ས་
ར་ཧེ་ཏ་དང་། ལོ་ཙཱ་བ་དགེ་སློང་ཤེས་རབ་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སྣ་ཀྲུ་བི་དྷིཿ། བོད་སྐད་དུ། སྐུ་ཁྲུས་གྱི་ཆོ་ག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དང་པོ་རྣལ་འབྱོར་པ་མན་ངག་ཐོབ་པས་རྫོགས་པའི་རྣལ་འབྱོར་དང་ལྡན་
པས། རང་དང་གཞན་གྱི་ངོ་བོ་ཐོབ་པའི་ཕྱིར་བསོད་ནམས་འབྱུང་བའི་སངས་རྒྱས་ལ་སྐུ་ཁྲུས་གསོལ་བར་བྱའོ། །དེ་ལ་འདིའི་ཆོ་ག་ནི། ཅི་འབྱོར་ཞིང་གང་ཐོབ་པའི་མེ་ཏོག་བདུག་པ་མར་མེ་དྲི་མཆོག་ཞལ་ཟས་དང་། ན་བཟའ་རྒྱན་སོགས་མཆོད་ཡོན་བུམ་པར་འབྲུ་ལྔ་ནི་ནས་གྲོ་སོ་བ་ཏིལ་སྲན་མ། བོ་ག་

འདི་དང་། ཡུངས་ཀར་དང་སྟར་ཀ་ཤྲི་ཕ་ལ་གོ་ཡུ་ཛཱ་ཏི་ཕ་ལ་ལ་སོགས་པ་དང་། སྨན་ལྔ་ནི་ཧ་ས་དེ་བ་ཀཎྜ་ཀ་རི་གྲྀ་ཧ་དེ་བ་བ་ལ་མུ་ཏྲ་ལ་སོགས་པ་དང་། དྲི་ཞིམ་པོའི་སྨན་དང་དྲི་ཞིམ་པོའི་མར་ཁུ་མར་ཞོ་དང་འོ་མ་དང་། མ་སུ་རའི་ཕྱེ་མ་དང་། གྲོ་བག་ཕྱེ་དང་། དར་ཁ་དོག་ལྔ་པའི་འཕན་དཔྱངས་ལ་
བུམ་པ་བྱིན་གྱིས་བརླབ་པའི་རིམ་པ་བྱའོ། །དེའི་ཆོ་ག་འདིའོ། །མདུན་དུ་གང་ཡིན་པའི་ཁ་དོག་ལ་སོགས་པས་མཎྜལ་བྱའོ། །གཡས་སུ་ཅི་འབྱོར་པའི་རྫས་བཞག་ལ། དེ་ནས་མཎྜ་ལ་སྔོན་དུ་བུམ་པ་བཅུའམ་ལྔའམ་གཅིག་གི་ནང་དུ་སྲོག་ཆགས་མེད་པའི་དྲི་ཞིམ་པོའི་ཆུས་ཡོངས་སུ་གང་བ་འབྲུ་
དང་བྲི་ཧ་དེ་བ་ལ་སོགས་པ་གོས་ཕྲོག་ཅན་གྱིས་མགྲིན་པ་བཅིངས་ལ། གཡོན་དུ་སྣོད་ཅིག་ཡང་དག་པར་གཞག་གོ། །མཆོད་ཡོན་གྱི་སྣོད་དྲི་ཞིམ་པོའི་ཆུ་དང་ཞོ་དང་བོ་ག་ལིང་དང་སྨན་དང་ཡུངས་ཀར་དང་ཀོ་སུ་མ་དང་གོ་ཡུ་རྣམས་ཡང་དག་པར་བཤམས་ལ། ཡི་དམ་གྱི་ལྷའི་སྔགས་ཉི་ཤུ་རྩ་
གཅིག་བཟླས་ལ། དེ་ནས་ལས་ཐམས་ཅད་པའི་སྣོད་གཡས་སུ་དྲི་ཞིམ་པའི་ཆུས་ཡོངས་སུ་གང་བ་གཞག་གོ། །བདུད་རྩི་འཁྱིལ་བའི་སྔགས་ཀྱང་བཟླས་ཏེའོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པར་ཟླ་བ་རྡོ་རྗེ་ལ་སོགས་པའམ། སྐད་ཅིག་མས་བསྒོམ་པའི་རིམ་པས་རྫོགས་པར་བྱའོ། །པདྨ་
ལྔ་ལ་ཧཱུཾ་གྱུར་པ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་འོད་ཀྱིས་དེ་བཞིན་གཤེགས་པ་གཞུག་པར་བྱའོ། །དེ་ཞུ་བས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དྲིལ་བུ་བསྒྱིང་བས་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྙིང་གར་ཟླ་བ་རྡོ་རྗེ་ཧཱུཾ་གི་རྣམ་པའོ། །
ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་བོ། །མི་བསྐྱོད་པའི་དབུ་རྒྱན་བསམ་གཏན་བྱའོ། །དེ་བཞིན་དུ་བུམ་པ་རྣམ་པར་སྣང་མཛད། རིན་ཆེན་འབྱུང་ལྡན། སྣང་བ་མཐའ་ཡས་དོན་ཡོད་གྲུབ་པ། སྤྱན་མ། མཱ་མ་ཀཱི། གོས་དཀར་མོ། སྒྲོལ་མ་བདུད་རྩི་འཁྱིལ་པ་མཐའ་མར་རྫོགས་པ་ནི་
ཕྱག་གཉིས་པ་ཞལ་གཅིག་པ་རང་གི་མཚན་མ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རང་གི་ས་བོན་དང་མཚན་མ་ལས་ཉི་མའི་དཀྱིལ་འཁོར་ལ་གཡོན་བརྐྱང་བའི་བདུད་རྩི་འཁྱིལ་པ་སྡིགས་མཛུབ་དང་རྡོ་རྗེ་བསོར་བ་བསྒོམ་མོ། །ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ཅིང་སོར་མོའི་རྡོ་རྗེ་དང་།

ཡི་གེ་གསུམ་གྱི་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། དེ་ནས་དྲིལ་བུའི་སྔགས་ཀྱིས་མཆོད། དེ་ལ་སྔགས་ནི། ཨོཾ་ཨཱཿཧཱུཾ། ཨོཾ་བཛྲ་གྷཎྜ་ར་ཎ་ར་ཎ་པྲ་ར་ཎ་པྲ་ར་ཎ་སཾ་པྲ་ར་ཎ་སཾ་པྲ་ར་ཎ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏ་མ་ཧཱ་པྲཛྙཱ་པཱ་ར་མི་ཏཱ་སྭ་བྷཱ་བ་བི་ཤུདྡྷེ་བཛྲ་ཧྲྀ་ད་ཡ་
སནྟོ་ཥ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་ཉིད་གཡས་པའི་སོར་མོས་རྡོ་རྗེ་དང་སྤོས་ཁང་བཟུང་ལ་གཡོན་པས་དྲིལ་བུ་དཀྲོལ་ལོ། །ཡི་གེ་བརྒྱ་པ་ལན་གསུམ་བརྗོད་དོ། །ཨོཾ་བཛྲ་དྷྲྀཀ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་ཛི་ན་ཛིཀ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་རཏྣ་དྷྲྀཀ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་ཨཱ་རོ་ལི་ཀ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་
དྷྲྀཀ་ཨཱཿསྭཱ་ཧཱ། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཨོཾ་ཤཾ་ཀ་རི་ཤཱནྟིཾ་ཀ་རི་གོ་ཏྲ་ནི་ག་ཏེ་ག་ཏེ་ཀུ་ཏྲ་ནི་སྭཱ་ཧཱ། ཨོཾ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ཀ་ཊི་ཀ་རོ་ཊི་བི་རི་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ན་མཿས་མནྟ་ཀཱ་ཡ་བཱཀ་ཙིཏྟཱ་བཛྲཱ་ཎཱཾ་ན་མོ། བཛྲ་ཀྲོ་དྷཱ་ཡ་མ་ཧཱ་དཾ་ཥྚྲོཏྐ་ཊ་བྷཻ་ར་ཝཱ་ཡ་ཨ་སི་
མུ་སལ་པ་ར་ཤུ་པཱ་ཤ་ཧསྟཱ་ཡ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གརྫ་གརྫ། བི་སྥོ་ཊ་ཡ་སརྦ་བི་གྷྣཱཾ་བི་ནཱ་ཡ་ཀཾ་མ་ཧཱ་ག་ཎ་པ་ཏི་ཛཱི་བ་ཏཱིནྟ་ཀ་ར་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། འདི་ནི་སྤྱན་དྲང་བའི་སྔགས་སོ། །དེ་ནས་སྔགས་འདི་རིམ་
པ་ཇི་ལྟ་བར་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པར་མཆོད་ཡོན་མེ་ཏོག་ལ་སོགས་པ་སྦྱིན་ནོ། །སྔོན་དུ་བརྗོད་པའི་དྲིལ་བུ་དཀྲོལ་ཞིང་སྦྱིན་ནོ། །སྣང་གསལ་མར་མེ་དྲི་མཆོག་ཞལ་ཟས་ཀྱིས་གང་བའི་སྣོད་སྦྱིན་ནོ། །དེ་ནས་གཡོན་པའི་དྲིལ་བུ་དཀུར་བརྟེན་ལ་གཡས་པའི་སོར་མོ་རྡོ་རྗེ་དང་བཅས་པའི་
རྩེ་གསུམ་པའི་ཕྱག་རྒྱ་བུམ་པའི་སྟེང་དུ་ཡང་དག་པར་བཞག་ལ་ཡང་མེ་ཏོག་ལ་སོགས་པས་མཆོད་དོ། །ཞུ་བའི་བསམ་གཏན་གྱི་བུམ་པ་བྱིན་གྱིས་བརླབ་པོ། །དེ་ནས་ཐང་སྐུ་ལ་སོགས་པ་ལ་བཅོམ་ལྡན་འདས་མའི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པར་བསམ་མོ། །ཁྲུས་ཀྱི་ལས་ཀྱི་ཡོ་བྱད་
དང་། ཤིས་པའི་ཆོ་ག་ནི་སྣོད་ཀྱི་སྟེགས་གྲུ་གསུམ་པའི་ཤིང་བཞག་ལ། དེའི་གྲུ་ལ་ཆང་པ་གཉིས་དང་མེའི་སྣོད་དང་མར་མེ་གསུམ་བཞག་ལ་སྔོན་དུ་གཡས། ཡུངས་ཀར་ལས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་མངོན་པར་བསྔགས་ཏེ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། སྔགས་འདིས་

མེའི་ནང་དུ་བླུགས་ལ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྙེན་ལ་ལན་གསུམ་བསྐོར་ཏེ་ཕྱི་རོལ་དུ་དོར་རོ། །བསང་གཏོར་གྱིས་ཁྲུས་བྱ་བའི་ཐབས་ནི། དེ་བཞིན་དུ་མེ་ཏོག་ལ་སོགས་པ་ལ་བདུད་རྩི་འཁྱིལ་པའི་བསང་གཏོར་གྱིས་གཏོར་ཏེ། བསང་གཏོར་གྱིས་མེ་ལོང་ལེགས་པར་ཕྱིས་ལ། ཨོཾ་
འདི་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། རིག་པ་དང་ནི་ཞབས་སུ་ལྡན། །བདེ་བར་གཤེགས་པ་འཇིག་རྟེན་མཁྱེན། །བླ་ན་མེད་པའི་སྐྱེས་བུ་དང་། །འདུལ་བའི་ཁ་ལོས་སྒྱུར་བ་དང་། །ལྷ་དང་མི་ཡི་སྟོན་པ་ནི། །སངས་རྒྱས་
བཅོམ་ལྡན་འདས་ཉིད་དོ། །དེ་དག་ལ་འདིར་མཆོད་པའི་རྫས་རྣམས་དང་། ཁྲུས་ཀྱི་ཡོ་བྱད་ཐམས་ཅད་ཐོགས་ཏེ་སྔོན་དུ་མཆོད་པ་ལྔས་མཆོད་དོ། །རིམ་པས་འདག་པའི་ཚལ་དང་སོ་ཤིང་དང་བུམ་པའི་ཆུས་བཀྲུའོ། །ཞོ་དང་འོ་མ་དང་འབྲུ་ལྔ་དང་པོ་ག་ལིང་དང་སྟར་ཀ་ལ་སོགས་པའི་འབྲས་བུ་དང་། སྨན་
ལྔ་དང་དེ་བཞིན་དུ་སྨན་ཐམས་ཅད་དང་། རིན་པོ་ཆེ་དང་གུར་ཀུམ་དང་དྲི་བཟངས་ཐམས་ཅད་དོ། །དེར་རྫས་རྣམས་ཏེ་བུམ་པའི་ཆུས་བཀྲུའོ། །ཨོཾ་རང་གི་རྫས་དང་སྣ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧྲི་ཡ་བྲི་ཧེ་ཧཱུཾ། ཞེས་པའི་སྔགས་ཀྱིས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཆུས་
བཀྲུ་བའི་སྔགས་སོ། །ལས་ཐམས་ཅད་པའི་བུམ་པས་བྱའོ། །དེ་ནས་ལྷ་ལ་དབང་བསྐུར་ཆེན་པོ་བྱ་སྟེ། བདུད་རྩི་འཁྱིལ་པའི་སྔགས་ཕྲེང་རྣམས་དང་། དེ་བཞིན་གཤེགས་པ་དང་ལྷ་མོའི་སྔགས་བརྗོད་ཅིང་། དེ་བཞིན་བལྟམས་པ་རྩོམ་དུས་སུ། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །
ལྷ་ཡི་ཆུ་ནི་དག་པ་ཡིས། །བདག་གིས་དེ་བཞིན་ཁྲུས་བྱའོ། །ཞེས་པས་སོ། །ཡང་དག་པར་རྒྱལ་བའི་བུམ་པ་ལ་མེ་ཏོག་ལ་སོགས་པས་མཆོད་དེ། ཡི་གེ་བརྒྱ་པ་དང་དེ་བཞིན་དུ་བཛྲ་དྷྲྀཀ་ལ་སོགས་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡེ་ཧྲི་བི་ཧཱུཾ། ཞེས་པས་དབང་བསྐུར་རོ། །
དེ་ནས་དྲི་ཞིམ་པོའི་བདུག་པ་ལ་རས་དག་པས་བདུག་སྟེ། མེ་ལོང་གི་ཆུ་དག་པར་བྱའོ། །དྲི་ཞིམ་པའི་རྫས་ཀྱིས་མེ་ལོང་ལ་མཎྜལ་ལྔའི་མཚན་མ་བྱས་ཏེ། དེར་མེ་ཏོག་བཞག་སྟེ་གཞུག་པར་བྱའོ། །དྲིལ་བུ་དང་བདུག་སྤོས་ཐོགས་ཏ་སྔོན་དུ་མཆོད་པའི་བདུག་པ་དང་མེ་ཏོག་ལ་སོགས་པས་

མཆོད་པ་བྱ་སྟེ་ལྷ་བཤོས་ཀྱི་སྣོད་དབུལ་ལོ། །ཡི་དམ་གྱི་ལྷའི་དཀྱིལ་འཁོར་གྱི་རིམ་པ་ལ་ཞལ་ཟས་ལ་སོགས་པའི་མཆོད་པ་ཕུལ་ལ་གཏོར་མ་སྦྱིན་ནོ། །བསྟོད་པས་བསྟོད་དེ་མེ་ཏོག་དོར་ཏེ་གཞག་གོ། །སེམས་ཅན་གྱི་དོན་དུ་བསོད་ནམས་བསྔོའོ། །དེ་ནས་གཤེགས་སུ་གསོལ་ལོ་
འདི་ནི་ཁྲུས་ཀྱི་ཆོ་གའོ།། །།པཎྜི་ཏ་ས་ར་ཧེ་ཏ་དང་། ལོ་ཙཱ་བ་ནག་ཚོ་དགེ་སློང་ཤེས་རབ་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཙཻ་ཏྱ་བི་དྷིཿ། བོད་སྐད་དུ། མཆོད་རྟེན་སྒྲུབ་པའི་ཆོ་ག །བཅོམ་ལྡན་འདས་འཇམ་དཔལ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །
གང་གིས་སྐུ་གསུམ་བརྙེས་ཏེ་འགྲོ་དོན་མཐར་ཕྱིན་པ། །དེ་ལ་ཕྱག་འཚལ་ནས་ནི་དེ་ཉིད་བསྒྲུབ་བྱའི་ཕྱིར། རང་གིས་རྟོགས་པ་གཙོར་བྱས་ལུང་ཀུན་ཚུལ་མི་འགལ། །རྣལ་འབྱོར་གཞུང་ལུགས་མཆོད་རྟེན་བཤད་པར་བྱ། དེ་ལ་དང་པོར་གནས་དབེན་པ་ཡིད་དུ་འོང་བར་བྱི་དོར་བྱས་ལ་ཇི་སྐད་
བཤད་པའི་ས་སྦྱང་བ་ལ་སོགས་པའི་ཆོ་ག་བྱས་ཏེ། དེར་སྟེགས་བུ་ཇི་ལྟར་མོས་པ་བྱས་ལ་བའི་ལྕི་བ་དང་ཙནྡན་དང་གུར་ཀུམ་ལ་སོགས་པ་ཅི་འབྱོར་པའི་དྲི་ཞིམ་པོའི་ཆུས་སྐྱང་ནུལ་བྱས་ཏེ་མེ་ཏོག་གི་སིལ་མ་བཀྲམ། ཉེ་འཁོར་སྤོས་ཆུས་ཆག་ཆག་གདབ། བླ་རེ་དང་འཕན་ལ་སོགས་པ་དག་དང་རོལ་
མོའི་རྣམ་པ་དག་དང་། གདུགས་དང་རྒྱལ་མཚན་ལ་སོགས་པ་དག་དང་། མཆོད་པའི་བྱེ་བྲག་རྣམས་འབྱོར་ཚད་བཤམས་ལ་གཞག །གཞན་ཡང་མཆོད་རྟེན་ནམ་ཚ་ཚའི་ཡོ་བྱད་སྐོལ་ཕོར་དང་། སྐུ་གདུང་དང་། རྩ་བའི་སྙིང་པོའམ་རྟེན་འབྲེལ་གྱི་སྙིང་པོ་དང་། གཙུག་ཏོར་དྲི་མ་མེད་པའི་གཟུངས་
དང་། འབྲུ་མར་ག་བུར་ལ་སོགས་པ་དྲི་ཞིམ་པོས་བསྒྱུར་བ་དང་། ཕག་ཟེ་དང་གང་གི་དོན་དུ་བྱ་བའི་མིང་དང་། མེ་ཏོག་ལ་སོགས་ཏེ་མཆོད་པ་ལྔ་དང་། འཁོར་ལོ་ལ་སོགས་པ་དག་ཀྱང་བཤམས་ཏེ་གཞག །ཚ་ཚ་འདེབས་པའི་སློབ་དཔོན་ལ་སོགས་པ་ཀུན་ཀྱང་ཇི་སྐད་གསུངས་པའི་ཁྲུས་
དག་བྱས་ཏེ། གོས་གཙང་མ་བགོ་བ་དང་རྒྱན་གྱིས་བརྒྱན་ཏེ། ཤར་དང་ནུབ་གང་བདེ་བར་སྟན་བཏིང་སྟེ་སྡིག་པ་བཤགས་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། རྗེས་སུ་ཡི་རང་བ་དང་། སྡོམ་པ་གཟུང་བ་དང་། ཕྱག་བཞི་པས་ཕྱག་བྱ་སྟེ། ཆོ་གའི་རིམ་པ་རང་གི་ལུགས་བཞིན་བྱས་ལ་

མཉམ་པར་བཞག་ནས་རྟག་ཏུ་བྱམས་པ་དང་ལྡན་པའི་སེམས་ཀྱིས་མཆོད་རྟེན་གདབ་པར་བྱའོ། །མཆོད་རྟེན་གདབ་པའི་ས་གར་བརྐོ་བའི་གནས་དེར་བརྟག་ཅིང་བྱིན་གྱིས་བརླབས་ཏེ་བགེགས་བསྐྲད་པ་དང་། གཏོར་མ་བྱིན་ཏེ་ཚོན་སྐུད་ལ་སྔགས། ཨོཾ་བཛྲ་སུ་ཏྲ་ས་མ་ཡ་ཧཱུཾ་ཕཊ། ཅེས་བྱ་བ་དང་རྡོ་རྗེའི་སྐུད་
པར་བསམས་ལ། ས་ཁྱོན་ཅི་རན་ཙམ་ཚོན་སྐུད་ཀྱིས་བསྐོར་ཏེ། སེང་ལྡེང་ངམ་ལྕགས་ཕུར་བྱིན་གྱིས་བརླབ་པ་ལ་སོགས་པ་དང་སྔགས་བཟླས་ཏེ་གདབ་བོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཱན་ཧཱུཾ་ཕཊ། ཕུར་བུའི་སྔགས་དེ་ལན་བདུན་བཟླས་ལ་དབུས་དང་ཕྱོགས་བཞིར་གདབ་བོ། །ཡུངས་ཀར་
དང་སྤོས་ཆུ་བསྲེས་ལ་སྔགས་བཟླས་ལ་ཕྱོགས་དེར་གཏོར་རོ། །བདུད་རྩི་ཐབ་སྦྱོར་གྱི་སྔགས་དང་ཕྱག་རྒྱ་བྱའོ། །དེ་ནས་ཅི་ཙམ་འདོད་པའི་ས་དེ་དག་བརྐོའོ། །སྔགས་ལ་ཨོཾ་བཛྲ་ཁ་ན་ཁ་ནཱ་ཡ་ཧཱུཾ་ཕཊ། ཅེས་བརྗོད་དོ། །ས་གཞི་དེ་ཉིད་རིན་པོ་ཆེར་གྱུར་པར་བསམ་མོ། །དེ་ནས་བརྐོས་ཏེ་
ཆོ་ག་པ་དང་ཧཱུཾ་བཞིས་ཕུར་བུ་ཐམས་ཅད་བཏོན་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནེ་སྭཱ་ཧཱ། ཞེས་ལན་བརྒྱ་རྩ་བརྒྱད་བཟླས་པའི་འོ་མས་ཕུར་བུ་བཀྲུས་ཏེ་བུ་གར་བླུགས་སོ། །ས་བླངས་པ་རྣམས་ཀྱང་ཕྱོགས་གཅིག་ཏུ་སྣོད་གཙང་མའི་སྟེང་དུ་བཞག་སྟེ། ས་བརྡུང་བའི་ཐོ་བ་
ལ་རྡོ་རྗེ་ཐོ་བའི་ཕྱག་རྒྱ་དང་སྔགས། ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། ཅེས་བརྡུང་ངོ་། །དེ་ནས་འཇིམ་པ་སྤྲུ་བའི་ཚེ་སྤོས་ཆུ་ལ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བདུན་ནམ་ཉི་ཤུ་རྩ་གཅིག་བཟླས་ཏེ་བྱིན་གྱིས་བརླབས་ལ་སྤོས་ཆུ་དེ་ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་ཏེ། དེའི་
འོད་ཟེར་གྱིས་སྤོས་ཆུ་ཉིད་ཁྱབ་པར་འཁྱིལ་ནས་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམས་ལ་སྦྲུའོ། །སྔགས་ལ་ཨོཾ་བཛྲ་པྲ་མརྡ་ནཱ་ཡ་སྭཱ་ཧཱ། ཞེས་པས་སོ། །དེ་ནས་འཇིམ་པ་དེ་ལ་བདུད་རྩི་ཐབ་སྦྱོར་གྱི་ཕྱག་རྒྱ་ལག་པ་གཡོན་པའི་ཐལ་མོ་བང་བར་བཀན་ལ་མཐེའུ་ཆུང་གི་སེན་མོ་མཐེ་བོས་
མནན་ཏེ། སོར་མོ་གསུམ་ནས་རེ་ཙམ་ཕྱེ་སྟེ་གཞག་པའི་སྟེང་དུ་ལག་པ་གཡས་པའི་ཐལ་མོ་ཁ་སྦུབ་ལ། གཡོན་པ་ལྟར་བྱས་ཏེ་འཇིམ་པའི་སྟེང་དུ་བཞག་ལ་རིག་པ་ཆེན་མོའི་སྔགས། ཨོཾ་སུཀྵྨེ་སུཀྵྨེ་སུཀྵྨ་ཨ་ནུ་ག་ཏེ་ནིར་ཀུ་ལེ་ནིརྦ་ཎི་སརྦ་བུདྡྷ་ཡཱ་ནུ་ག་ཏེ་ཡ་ཤོ་བ་ཏི་ཡ་ཤོ་ཛི་ནི་དྷརྨ་དྷཱ་ཏུ་གརྦྷེ། དྷརྨ་

རཱ་ཛ་བ་ཤི་ཏེ། སརྦ་བུདྡྷ་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་ལན་ཉི་ཤུ་རྩ་གཅིག་བཟླས་ལ་བྱིན་གྱིས་བརླབས་པས་དེ་ལས་ཡེ་ཤེས་ཀྱི་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སེམས་ཅན་གྱི་དོན་བྱས་ཏེ་སླར་བསྡུས་པས་འཇིམ་པ་དེ་ཉིད་རིན་པོ་ཆེ་སྣ་ལྔའི་གོང་བུའི་རང་བཞིན་དུ་གྱུར་པར་བསམ། དེ་
ནས་འབི་འབི་བྱ་བའི་སྔགས་ལ། ཨོཾ་བཛྲོད་བྷཱ་བཱ་ཡ་སྭཱ་ཧཱ། ཞེས་ལན་བདུན་བཟླས་པས་ཡེ་ཤེས་ལྔའི་འོད་ཟེར་གྱི་སྤྲིན་གྱིས་ཕྱོགས་བཅུ་མཐའ་ཡས་པར་འཕྲོས་ཤིང་ཁེངས་ཏེ་འགྲོ་བ་མང་པོའི་དོན་བྱས་ནས། སླར་འདུས་པ་འབི་འབིའི་ནང་དུ་ཞུགས་ཏེ་ཐིམ་པར་གྱུར་པས། ཡེ་ཤེས་ལྔ་རྒྱས་ཏེ་
ཤེལ་སྒོང་དག་པ་ལྟར་བསམ་མོ། །རང་རང་གི་ས་བོན་གྱིས་སེང་གེ་ལ་སོགས་པ་དང་། རིན་པོ་ཆེའི་གདན་དང་ཉི་ཟླ་དང་པདྨའི་གདན་ཁྲིར་ཕྱོགས་ཕྱོགས་སུ་གདན་བཤམས་ལ། དེ་རྣམས་ཀྱི་དབུས་སུ་ས་བོན་གྱི་ཡི་གེ་དང་འབྱིན་པའི་ཡི་གེས་རང་རང་གི་སྒྲུབ་ཐབས་ལས་ཇི་སྐད་གསུངས་པ་དང་།
ཏིང་ངེ་འཛིན་གསུམ་དང་ལྡན་པ་དང་། རྣལ་འབྱོར་གསུམ་གྱིས་རྫོགས་པ་ཕྱག་རྒྱ་བཞི་དང་ལྡན་པས་དཀྱིལ་འཁོར་གྱི་ལྷ་རིམ་པ་བཞིན་དུ་རང་རང་གི་སྒྲུབ་ཐབས་ལས་བསྟན་པ་ཇི་བཞིན་དུ་བྱས་ཏེ། ཙནྡན་གྱི་ལྡེ་གུས་ཐིག་ལེ་ཟླུམ་པོར་བྱས་ལ་བྱིན་གྱིས་བརླབ་པ་ནི་ཧཱུཾ་དམར་པོ་ལས་ཡེ་ཤེས་ཀྱི་མེ་
དཔུང་རབ་ཏུ་འབར་བས་དེ་ཉིད་དུ་རབ་ཏུ་སྦྱངས་ཏེ། གཞི་དེ་ཡང་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་དཀྱིལ་འཁོར་དུ་བསམ་མོ། །དེ་ནས་རེ་རེའི་གདན་དུ་ཡང་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་བསམ་མོ། །དེའི་དབུས་སུ་གོང་དུ་བཤད་པ་ལྟར་ལྷ་རེ་རེ་ནས་རང་གི་རྟོག་
པ་ལས་འབྱུང་བ་ལྟར་བཞུགས་སུ་གསོལ་ཏེ་དམ་ཚིག་སེམས་དཔར་བྱས་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་ལྕགས་ཀྱུ་ལ་སོགས་པའི་སྔགས་དང་ཕྱག་རྒྱས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ཏེ་བསྒྲུབ་པར་བྱའོ། །བདག་ཉིད་ཀྱང་ཕྱག་རྒྱ་ཆེན་པོ་དང་ལྡན་པས་སྙིང་གར་ཟླ་བའི་
དཀྱིལ་འཁོར་གྱི་དབུས་སུ། རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལས་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བར་བསམས་ལ། བ་སྤུའི་གསེབ་ཐམས་ཅད་ནས་ཀྱང་ཡེ་ཤེས་ཀྱི་འོད་ཟེར་དང་། བདེ་བར་གཤེགས་པ་འཁོར་དང་བཅས་པ་སྤྲིན་ཕུང་ལྟར་མུ་འབྱམ་པར་འཕྲོ་ཤིང་། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དོན་

མཛད་ཅིང་བྱིན་གྱིས་བརླབས་ནས་སླར་འདུས་ཏེ། དམ་ཚིག་སེམས་དཔའ་དེ་ཉིད་ལ་ཐིམ་པར་བསམ་མོ། །དེ་ནས་མཆོད་པ་ལྔ་ལ་སོགས་པའི་མཆོད་པའི་ཚོགས་ཀྱིས་ཡང་དག་པར་མཆོད་ནས། ལྷ་སོ་སོའི་བསྟོད་པ་རེ་རེ་ནས་བྱས་ལ་སོ་སོའི་ཕྲིན་ལས་དང་དམ་ཚིག་གི་སྒོ་ནས་སྨོན་ལམ་གདབ་བོ། །དེ་
ལ་འདི་ཉིད་ཀྱི་ཆོ་གའི་རིམ་པ་ནི་འདི་ཡིན་ཏེ། འབི་འབིའི་ནང་དུ་ལྷ་སོ་སོའི་སྙིང་པོ། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿ། ཞེས་བྱ་བ་ལ་སོགས་པ་དང་སྙིང་པོ་གོང་མ་གཉིས་བཅུག་ལ། སྔགས་བཛྲ་དྷརྨ་དྷཱ་ཏུ་གརྦྷེ་ཛྭ་ལ་སྭཱ་ཧཱ། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དེ་དེའི་ནང་དུ་ཞུགས་
པར་བསམ་མོ། །དེ་ནས་སྐོལ་ཕོར་དུ་ཡུངས་མར་རམ་ཏིལ་མར་གྱིས་བསྐུ་བའི་སྔགས་ཨོཾ་ཨ་ར་ཛེ་བི་ར་ཛ་སྭཱ་ཧཱ། ཞེས་གསུམ་བརྗོད་པས་བྱང་ཆུབ་ཀྱི་སེམས་བསྒོམ་པར་བསམ་མོ། །དེ་ནས་སྐོལ་ཕོར་དུ་གཞུག་པའི་སྔགས། ཨོཾ་བཛྲ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་བརྗོད་པས། ཐབས་དང་ཤེས་
རབ་འབྲེལ་པ་ལས་ཆོས་ཀྱི་དབྱིངས་སུ་བསམ་མོ། །དེ་ནས་བརྡུང་བ་ནི། ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ། གོང་མའི་སྙིང་པོ་གཉིས་ཀྱང་བརྗོད་ལ། དབྱུང་བའི་སྔགས་ཨོཾ་དྷརྨ་ར་ཏེ་སྭཱ་ཧཱ། ཞེས་བརྗོད་པས། རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་དང་། ཐབས་དང་ཤེས་
རབ་འབྲེལ་པ་ལས་ཆོས་ཀྱི་སྐུར་གྲུབ་པར་བསམས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷརྨ་ཀཱ་ཡ་མ་ཧཱ་སུ་ཁ་སུ་ར་ཏ་ས་མ་ཡ་སྟྭཾ། དེ་ལས་གཟུགས་སྐུ་རྣམ་པ་གཉིས་བྱུང་བས་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པར་བསམས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་སམྦྷོ་ག་ཀཱ་ཡ་ས་མ་ཡ་སྟྭཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནིརྨ་ཎ་ཀཱ་ཡ་ས་
མ་ཡ་སྟྭཾ། དེ་ལ་དང་པོར་མཆོད་རྟེན་ནི་ཆོས་ཀྱི་སྐུའི་གཟུགས་བརྙན་ཞེས་སྨོས་ཏེ། ས་དང་རྡོ་དང་ཤིང་དང་གསེར་དངུལ་ལ་སོགས་པ་དག་ལས་སེམས་ཅན་གྱི་རྩོལ་བས་བསྒྲུབས་ཏེ། དབྱིབས་ཀྱི་བྱེ་བྲག་ཏུ་བྱས་པ་དེ་དག་ནི་གཟུགས་བརྙན་ཞེས་གདགས་ཏེ། ཅིའི་ཕྱིར་ཞེ་ན། གཞུང་དག་ལས།
ཆོས་ཀྱི་སྐུ་ནི་སྐུ་མེད་ནམ་མཁའ་འདྲ། །ཞེས་འབྱུང་སྟེ། བརྗོད་དུ་མེད་པའི་ངོ་བོ་ཉིད་ཡིན་ཡང་ཆོས་ཐམས་ཅད་ཀྱི་རྒྱུ་དང་འབྲས་བུའི་དོན་གྱིས་མཆོད་རྟེན་གྱི་དབྱིབས་ལྟ་བུར་གྲུབ་པས། དེས་ན་ཆོས་ཀྱི་སྐུ་ནི་རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་དེ་ལ་ཆོས་ཀྱི་སྐུ་ཞེས་འདོད་

དོ། །དེ་བས་ན་འདི་ལྟར་སྣང་བ་ནི་གཟུགས་བརྙན་ཡིན་པར་ཤེས་པར་བྱའོ། །ཡང་ན་གཟུགས་འདི་ལྟར་གྲུབ་པ་ནི་སྐུ་གསུམ་གྱི་ཚུལ་ཡིན་ཏེ་རྨང་དགེ་བ་བཅུ་དང་། བང་རིམ་དང་པོ་ནས་ཁ་ཁྱེར་གྱི་བར་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྲོག་ཤིང་ཤེས་པ་
བཅུའི་བར་དུ་རྒྱུའི་ཆོས་བསོད་ནམས་ཀྱི་ཚོགས་ཡིན་ཏེ་སྤྲུལ་པའི་སྐུ་ཡིན་པ་དང་། འཁོར་ལོ་བཅུ་གསུམ་སྟོབས་བཅུ་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཆར་ཁེབས་ཐུགས་རྗེ་ཆེན་པོ་དང་། ཟླ་ཚེས་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་དང་། མེ་ལོང་ཡེ་ཤེས་གཞི་
དང་། ཏོག་མངོན་པར་ཤེས་པ་དྲུག་དང་། དར་གྱི་ཅོད་པན་དང་གདུགས་ཀྱིས་ཆོས་ཀྱི་སྐུར་མངའ་གསོལ་ཏེ་ཆོས་ཀྱི་རྒྱལ་པོར་གྱུར་པ་དང་། ཆུ་སྲིན་གྱི་རྒྱལ་མཚན་ཐུན་མོང་མ་ཡིན་པའི་རྒྱན་ཆེན་པོ་སྟེ། ནམ་མཁའ་ལྡིང་གི་ཁ་ནས་བྱུང་བ་ནི་ཐམས་ཅད་དུ་ཐོགས་པ་མེད་པའི་སྟོབས་དང་ཡེ་
ཤེས་ཀྱི་ཤུགས་མངའ་བ་དང་། བ་དན་ཆོས་ཀྱི་གྲགས་པ་ཆེན་པོ་དང་། དྲིལ་བུ་སྙན་པས་ཕྱོགས་བཅུར་ཁྱབ་པ་དང་། རྡོ་རིངས་མི་འཇིགས་པ་བཞི་བརྙེས་པ་དང་། ཐེམ་སྐས་སྲུང་བ་མེད་པ་གསུམ་མམ་སོ་སོ་ཡང་དག་པར་རིག་པ་བཞིའམ་རྣམ་པར་ཐར་པ་བཞི་སྟེ། སྟོང་པ་ཉིད་དང་མཚན་མ་མེད་པ་
དང་སྨོན་པ་མེད་པ་དང་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་ཞིང་རྣམ་པར་དག་པའི་ལམ་མཁྱེན་པ་དང་། དྲིལ་བུ་ཚངས་པའི་དབྱངས་སམ་གསུང་ཡན་ལག་དྲུག་ཅུ་དང་ལྡན་པས་དེ་དག་ནི་འབྲས་བུའི་ཆོས་ཡེ་ཤེས་ཀྱི་ཚོགས་ཡིན་པས་ཆོས་ཀྱི་སྐུར་བསྟན་པ་དང་། ཨ་མ་ལ་སར་རིན་པོ་ཆེའི་ཕྲེང་
བ་དང་། གཞན་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་སྦྲས་པ་མཛེས་པ་དང་བལྟ་བས་ཆོག་མི་ཤེས་པ་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཚིམ་པར་བྱེད་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་དེ་དག་ནི་རྒྱུ་དང་འབྲས་བུའི་ཆོས་ཏེ། ཉན་ཐོས་དང་རང་རྒྱལ་བ་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་སྤྱི་
ལ་བསྟན་པའི་ཆོས་ཤིན་ཏུ་རྒྱ་ཆེ་བའོ། །དེ་བས་ན་འདི་ནི་སྐུ་གསུམ་གྱི་དམ་ཚིག་གི་སེམས་དཔར་བྱས་ལ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་དམ། དཀྱིལ་འཁོར་གང་དང་གང་ལ་མོས་པའི་ལྷ་རྣམས་སྐུ་གསུམ་བརྙེས་པའམ། ལྡན་པ་དེ་དག་གི་སྐུ་གསུམ་ཡེ་ཤེས་ཀྱི་སེམས་དཔའ་ཆོས་

ཀྱི་དབྱིངས་ནས་སྤྱན་དྲངས་ཏེ། བསྟིམས་ནས་བསྒྲུབ་པ་ནི་ལྕགས་ཀྱུ་ལ་སོགས་པ་སྔགས་དང་ཕྱག་རྒྱ་དང་གོང་དུ་བསྟན་པའི་སྐུ་གསུམ་གྱི་སྙིང་པོས་བྱའོ། །སྲོག་ཤིང་གི་སྔགས་ལ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཤེས་པ་བཅུ་དང་ལྡན་པར་གྱུར་ཅིག །བདེ་བར་གཤེགས་པའི་བསྟན་
པ་དམ་པའི་ཆོས་ཡུན་རིང་དུ་མི་ནུབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ལྷག་པའི་བསམ་པ་རྣམ་པར་དག་པས་ཀུན་དུ་བཟང་པོའི་སྨོན་ལམ་ལ་འཇུག་པར་གྱུར་ཅིག །འཁོར་ལོའི་སྔགས་ལ། ཨོཾ་པྲ་མརྡ་ན་ཡེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མ་
འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ཐོབ་པར་གྱུར་ཅིག །རྣམ་པར་ཐར་པ་བརྒྱད་ཐོབ་པར་གྱུར་ཅིག །ཡེ་ཤེས་བཞི་དང་ལྡན་པར་གྱུར་ཅིག །དར་གྱི་ཅོད་པན་གྱི་སྔགས་ལ། ཨོཾ་པ་ཀཾ་པ་ལ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དུས་དང་རྣམ་པ་ཐམས་ཅད་དུ་དར་གྱི་ལྷབ་ལྷུབ་ལ་སོགས་པ་མཆོད་
པ་དང་བསྙེན་བཀུར་གྱི་རྣམ་པ་མང་པོས་དེ་བཞིན་གཤེགས་པ་ཐམས་ཅད་དང་། དེ་དག་གི་མཆོད་རྟེན་དང་སྐུ་གཟུགས་དང་གསུང་རབ་ལ་སོགས་པ་ཡང་དག་པ་ལ་མཆོད་པ་བྱེད་པར་གྱུར་ཅིག །བ་དན་གྱི་སྔགས་ལ། ཨོཾ་པཱ་ཏཾ་ཀེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཆོས་ཀྱི་གྲགས་པ་དང་སྙན་པ་བསམ་
གྱིས་མི་ཁྱབ་པ་ཐོབ་པར་གྱུར་ཅིག །ཆུ་སྲིན་གྱི་རྒྱལ་མཚན་གྱི་སྔགས་ལ། ཨོཾ་ཀུམྦྷི་ར་དྷྭ་ཛ་སྭཱ་ཧཱ། སེམས་ཅན་ཐམས་ཅད་འཁོར་བ་མི་སྤོང་བའི་བདུད་བཞི་ལས་རྒྱལ་ཞིང་ཆོས་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །གདུགས་ཀྱི་སྔགས་ལ། ཨོཾ་པྲ་མ་ན་ཡེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་བླ་
ན་མེད་པའི་སྐྱབས་དང་ལྡན་ཞིང་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་ཅིག །མེ་ཏོག་གི་ཕྲེང་བའི་སྔགས་ལ། ཨོཾ་རཏྣ་མཱ་ལེ་ཏྲཾ། ཞེས་བྱ་བའམ། ན་མཿཤྲེ་ཡ་དྷཱ་ནུ་ག་ཏ་པྲ་ཏིཥྛ་ཏ། པུཥྤེ་ཀེ་ཏ་བེ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་མཚན་དང་དཔེ་
བྱད་དུ་ལྡན་ཏེ་བལྟ་བས་ཆོག་མི་ཤེས་པ་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །གདན་དབུལ་བའི་སྔགས་ལ། ཨོཾ་སུནྡ་རི་ཛ་ཡེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་གདན་གྱི་ཁྱད་པར་སྟོབས་བཅུ་དང་ལྡན་ལ་གླང་པོ་ཆེའི་གདན་དང་། མི་འཇིགས་པ་བཞི་དང་ལྡན་པ་སེང་གེའི་གདན་དང་། རྫུ་འཕྲུལ་

གྱི་རྐང་པ་བཞི་དང་ལྡན་པ་རྟའི་གདན་དང་། དབང་བཅུ་དང་ལྡན་པ་རྨ་བྱའི་གདན་དང་། ཐམས་ཅད་དུ་ཐོགས་པ་མེད་པའི་ཤུགས་དང་ལྡན་པའི་ནམ་མཁའ་ལྡིང་གི་གདན་དང་། དགོས་འདོད་རེ་བ་ཡིད་བཞིན་དུ་བྱུང་བ་རིན་པོ་ཆེའི་གདན་དང་། ཆགས་པའི་སྐྱོན་གྱིས་མ་གོས་པ་པདྨའི་
གདན་དང་། ཐམས་ཅད་དུ་རང་བཞིན་གྱིས་འོད་གསལ་བ་ཉི་མ་དང་ཟླ་བའི་གདན་ཐོབ་པར་གྱུར་ཅིག །དེ་ནས་མཆོད་རྟེན་ལ་ན་བཟའ་གསོལ་བའི་སྔགས་ལ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་བི་ཤུདྡྷེ་དྷརྨ་ཏེ་སྭཱ་ཧཱ། གཞལ་ཡས་ཁང་དུ་གཤེགས་སུ་གསོལ་བའི་སྔགས་ལ། ཨོཾ་དྷ་ར་དྷ་ར་ཀུ་ཊ་ག་ར་ཡེ་
སྭཱ་ཧཱ། བཞུགས་སུ་གསོལ་བའི་སྔགས་ལ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བརྗོད་པས། རིན་པོ་ཆེའི་གཞལ་མེད་ཁང་ཆོས་ཀྱི་དབྱིངས་ཟླ་བའི་དཀྱིལ་འཁོར་དུ་བཞུགས་པར་བསམས། དེ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་བཅིངས་ལ་དབུར་བཞག་སྟེ་དབང་བསྐུར་བར་བྱའོ། །
སྔགས་ལ་ཨོཾ་བཛྲ་དྷཱ་ཏུ་ཨ་དྷི་ཏིཥྛ་ཧཱུཾ། དེ་ལྟར་དབང་བསྐུར་བས་དེའི་ངོ་བོ་ཉིད་དུ་བརྟན་པར་གྱུར་པ་ཡིན་ནོ། །དེ་ལྟར་མཆོད་རྟེན་གདབ་པ་ཡང་སྔར་བཤད་པ་ལྟར་རིམ་པ་བཞིན་བྱ་སྟེ། དང་པོར་མཉམ་པར་བཞག་སྟེ། ཆོས་ཐམས་ཅད་ལ་མི་གནས་པའི་འདུ་ཤེས་བསྐྱེད་ནས། འགྲོ་བ་མཐའ་དག་
དང་གང་གི་དོན་དུ་བྱ་བ་དེ་ལ་བྱམས་པ་དང་སྙིང་རྗེས་འདི་སྐད་བརྗོད་པར་བྱའོ། །ངོ་མཚར་ཆེན་པོ་གྲངས་མེད་པའི་བརྩོན་འགྲུས་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སེམས་ཅན་ཐམས་ཅད་དབུགས་དབྱུང་ངོ་། །བདུད་ལ་སོགས་པ་ཕས་ཀྱི་
རྒོལ་བ་བགེགས་དང་ལོག་འདྲེན་ཐམས་ཅད་ཕམ་པར་བགྱིའོ། །སེམས་ཅན་རྣམས་ཉིང་མཚམས་སྦྱོར་བའི་ཉོན་མོངས་པའི་རྙོག་པ་བསལ་བར་བགྱིའོ། །ང་རྒྱལ་གྱི་རི་བོ་བསྙིལ་བར་བགྱིའོ། །སྐྱེ་བའི་ལྗོན་ཤིང་རྩད་ནས་གཅོད་དོ། །འཆི་བདག་གི་ཉི་མ་ཕྱེ་མར་བརླག་གོ། །མ་རིག་པའི་མུན་པ་བསལ་
བར་བགྱིའོ། །མ་དད་པ་དང་ཕྱི་རོལ་བདག་དང་ལྟ་བ་ཕྱིན་ཅི་ལོག་པ་དག་ཡང་དག་པའི་ལྟ་བ་ལ་གཟུད་ཅིང་དད་པར་བགྱིའོ། །ལས་ཀྱི་ཆུ་བོ་བཟློག་པར་བགྱིའོ། །སྲིད་པའི་རྒྱ་མཚོ་བསྐམ་པར་བགྱིའོ། །ཆོས་ཀྱི་སྒྲོན་མ་རབ་ཏུ་སྦར་བར་བགྱིའོ། །བྱང་ཆུབ་ཀྱི་ལམ་བསྟན་པར་བགྱིའོ། །བཟོད་པ་དང་

ངེས་པ་ལ་གཟུད་པར་བགྱིའོ། །བསམ་གཏན་གྱི་བདེ་བ་ལ་ཆེར་སྩལ་ཏོ། །འདོད་ཆགས་ཀྱི་མེ་དཔུང་ཞི་བར་བགྱིའོ། །ཞེ་སྡང་གི་མཚོན་རྣོན་པོ་བཅིལ་བར་བགྱིའོ། །བདེ་བ་ལ་གཟུད་དོ། །ཕྲག་དོག་གི་འཚུབ་མ་ཞི་བར་བགྱིའོ། །སེར་སྣའི་མདུད་པ་དགྲོལ་བར་བགྱིའོ། །སྡུག་བསྔལ་ཐམས་ཅད་ཞི་
བར་བགྱིའོ། །འཇིགས་པ་མ་མཆིས་པར་བགྱིའོ། །བདེ་བ་ཆེན་པོའི་གྲོང་ཁྱེར་དུ་འཇུག་ཅིང་གནས་པར་བགྱིའོ། །དེ་བས་ན་བདག་ལ་ལས་ཀྱི་དངོས་གྲུབ་མཆོག་སྩལ་ནས་གནང་བ་དམ་པ་མཛད་དུ་གསོལ། དེ་ནས་གོང་དུ་བཤད་པ་ཇི་བཞིན་དུ་བྱས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་
སོགས་པ་དག་དང་འཁོར་ཕུན་སུམ་ཚོགས་པ་དང་བཅས་ཏེ། ཚུལ་བཞིན་དུ་སོ་སོའི་སྐུ་མདོག་དང་ཕྱག་མཚན་དང་། སྔགས་དང་ཕྱག་རྒྱ་དང་ཆོ་ག་གོ་རིམས་ཇི་ལྟ་བ་བཞིན་དུ་བྱའོ། །ཡང་ན་ཡེ་ཤེས་ལྔ་ལས་གྲུབ་པའི་མཆོད་རྟེན་རང་བཞིན་གྱིས་དག་ཅིང་གསལ་བ་དེ་དག་གི་བུམ་པའི་དབུས་སུ་
གོང་དུ་སྨོས་པའི་སྙིང་པོ་གང་ཡང་རུང་བ་བཅུག་ལ་དེ་དག་ལས་ཡེ་ཤེས་ཀྱི་འོད་ཟེར་གྲངས་མེད་པ་འཕྲོས་པས་དེ་བཞིན་གཤེགས་པའི་སྐུ་གྲངས་མེད་པའི་སྤྲིན་ཕུང་གིས་ནམ་མཁའི་མཐའ་ཀླས་ཤིང་ཆོས་ཀྱི་དབྱིངས་མུར་ཐུག་པར་བརྒྱན་ཞིང་བཀླུབས་པར་གྱུར་ནས་འཇིག་རྟེན་ཐམས་ཅད་བྱིན་གྱིས་
བརླབས་ཏེ་འགྲོ་བ་ཐམས་ཅད་ཀྱི་དོན་མཛད་ཅིང་རེ་བ་བསྐངས་ནས་སླར་འདུས་དེ་ཉིད་ཀྱི་དབུའི་སྤྱི་གཙུག་དང་ཐུགས་ཀར་ཐིམ་པས་བསྒྲུབ་པར་བྱ་བ་དེའི་ལས་དང་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་ཐམས་ཅད་རྣམ་པར་དག་སྟེ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཉིད་དུ་གྱུར་པར་བསམས་ལ། ཨོཾ་སརྦ་ཏ་
ཐཱ་ག་ཏ་ཀཱ་ཡ་བཱཀ་ཙིཏྟ་མ་ཧཱ་ས་མ་ཡ་སྟྭཾ། ཞེས་བརྗོད་དོ། །སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་སྔགས་དང་ཕྱག་རྒྱས་བྱ་བའམ། ཕྱག་རྒྱ་བཞིས་བརྟན་པར་བྱས་ཏེ། དུང་ཕོར་གྱི་ནང་དུ་དྲི་སྤོས་སྣ་ཚོགས་དང་། འབྲས་ཡོས་དང་འོ་མར་ལྡན་པའི་མཆོད་ཡོན་གསོལ་ཏེ། ཨརྒྷའི་ཕྱག་རྒྱའི་
སྟེང་དུ་དུང་ཕོར་བཞག་ལ་ཡོན་ཆབ་ཀྱི་ནང་དུ་ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་འོད་ཟེར་གྱིས་ཡོན་ཆབ་ཉིད་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམས་ལ། སོ་སོའི་རིགས་ཀྱི་སྙིང་པོ་བཟླས་ལ་དབུལ་ལོ། །ཨོཾ་ཨ་མྲྀ་ཏེ་ཨརྒྷཾ་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་ལན་གསུམ་སྤྱི་བོར་བཞག་སྟེ་སྦྲེང་ངོ་། །

འཕགས་པ་ཐམས་ཅད་མཉེས་པར་གྱུར་ཅིག །ཕྱག་རྒྱ་རྒྱ་མཚོ་སྤྲིན་ཉིད་ཀྱི་དབུའི་གཙུག་ཏུ་བཀྲམ་སྟེ་ཡེ་ཤེས་ཀྱི་འོད་ཟེར་འདུས་པའི་སྐུ་ནང་དུ་ཐིམ་ཞིང་ཕུན་སུམ་ཚོགས་པའི་དབང་བསྐུར་བར་བསམ་མོ། །དེ་ནས་མཆོད་པ་ལྔ་དང་མཆོད་པ་ཉི་ཤུ་དང་། སྒེག་མོ་ལ་སོགས་པ་མཆོད་པ་
བརྒྱད་ཀྱིས་མཆོད་པ་དང་། མཆོད་པ་ཐམས་ཅད་རྣམ་པར་སྦྱང་ཞིང་དག་པར་བྱ་བའི་སྔགས། ཨོཾ་སརྦ་པཱུ་ཛ་ཨཱ་ཡུ་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་ལས་བྱུང་བའི་མཆོད་པ་ཐམས་ཅད་ཀྱང་སྔགས་དང་ཕྱག་རྒྱར་བཅས་ཏེ་དབུལ་ལོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་བླངས་ལ་བསྟོད་པ་བྱའོ། །འགྲོ་བ་རྒྱུ་ལྔའི་
འཁོར་ལོའི་དཀྱིལ་འཁོར་དུ། སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོ་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། །སེམས་ཅན་ཁམས་ན་བཞུགས་
པའི་སྤྱོད་གྱུར་ཀྱང་། །ཆགས་པས་མ་གོས་པདྨ་ལྟར་དག་པ། །འདོད་ཆགས་དག་པའི་བདག་ཉིད་ཁྱོད་ལ་འདུད། །སེམས་ཅན་བཀྲེས་པ་ཆོས་ཀྱིས་ཕོངས་གྱུར་པ། །མ་རིག་ཐིབས་པོའི་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མ་ཁྱོད་ལ་ཕྱག་
འཚལ་ལོ། །སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་ལ། །ཐུགས་རྗེས་ཐབས་དང་ཤེས་རབ་གྲུར་ཞུགས་ནས། །ཞི་བ་རིན་ཆེན་མཆོག་གླིང་སྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་ཁྱེད་ལ་རྣམ་པར་འདུད། །སེམས་ཅན་ལས་ཀྱི་ཆུ་བོས་བདས་པ་རྣམས། དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་
ཅིང་། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་བདག་ཁྱེད་ལ་ཕྱག་འཚལ་ལོ། །དེ་ནས་སྨོན་ལམ་རྒྱ་ཆེར་གདབ་པོ། །བདག་ཅག་གིས་ཆེ་གེའི་དོན་དུ་ཆོས་ཀྱི་སྐུའི་གཟུགས་བརྙན་བཞེངས་སུ་གསོལ་ཏེ། མཆོད་ཅིང་བསྟོད་དེ་བསྒྲུབས་པ་ལ་སོགས་པ་དག་པའི་རྩ་
བ་འདིས་ཆེ་གེ་མོ་ལ་སོགས་པའི་སེམས་ཅན་ཐམས་ཅད་འཁོར་བས་མཚམས་སྦྱོར་བའི་བག་ཆགས་ཐམས་ཅད་རྩད་ནས་གཅོད་དེ་སྐུ་གསུམ་ཡོངས་སུ་རྫོགས་པར་གྱུར་ཅིག །མཆོད་རྟེན་གཅིག་བྱས་པས་ཀྱང་ཆེ་གེ་མོ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་བྱེ་བར་བསགས་པའི་སྡིག་པ་

ཐམས་ཅད་བྱང་བར་གྱུར་ཅིག་ལ་སོགས་པ་སྨོན་ལམ་གཞན་དག་ཀྱང་རྒྱ་ཆེར་བྱའོ། །དེ་ལྟར་མཆོད་རྟེན་གྲུབ་པའི་རྟགས་གསུངས་པ། དེ་ནས་མཆོད་རྟེན་འབར་འགྱུར་ཏམ། །ཡང་ན་གཟུགས་ཀྱི་ཞལ་འཛུམ་མམ། །དྲི་དང་དུད་པ་འོད་ཀྱང་རུང་། །སྣང་ངམ་ཡང་ན་ངད་ལྡང་ངམ། །ལྷ་ལ་སོགས་པའི་
རྣམ་པ་ནི། །སྣ་ཚོགས་བར་སྣང་སྣང་གྱུར་ཏམ། །རྫུ་འཕྲུལ་རྣམ་པར་འཕྲུལ་པ་དང་། །མེ་ཏོག་ལ་སོགས་འབབ་པ་དང་། །དུང་དང་རྔ་ལ་སོགས་པའི་སྒྲ། །དྲིལ་བུ་པི་ཝང་ལ་སོགས་རྣམས། །ཅི་སྟེ་མཚན་མ་དེ་དག་ནི། །སྡིག་པའི་བློས་ནི་མ་མཐོང་ན། །འབུམ་གྱི་ཕྲག་ནི་བརྒྱ་སྟོང་ངམ། །
ཇི་སྲིད་མཚན་མ་བྱུང་བར་དུ། །དེ་བཞིན་གཤེགས་རྣམས་མཆོད་ནས་ནི། །མཉམ་པར་བཞག་པས་བཟླས་པ་བྱ། །དེ་ཡི་མཐར་ནི་མཁས་པས་ཀྱང་། །མཚན་གཅིག་མི་ཉལ་ཐོག་ཐག་བཟླས། །དེ་ནས་དེ་ཡི་སྡིག་པ་ནི། །དག་པ་ཉིད་དུ་ངེས་པར་མཐོང་། །ཞེས་སྨོས་སོ། །མཆོད་
རྟེན་ཆོ་ག་བདག་གིས་ཅུང་ཟད་ཙམ། །བྱས་ལ་བསོད་ནམས་རྣམ་པ་ཅི་ཡོད་པ། །དེས་ནི་འགྲོ་ཀུན་སྐྱེ་ཤི་རྒྱུན་བཅད་དེ། །བླ་མེད་སྐུ་གསུམ་རྫོགས་ཏེ་སངས་རྒྱས་ཤོག །།བི་མ་ལ་ཨུཥྞཱི་ཥའི་གཟུངས་ལས་མཆོད་རྟེན་སྒྲུབ་པའི་ཆོ་ག་རྣལ་འབྱོར་གྱི་རྒྱུད་དང་བསྡེབས་ཏེ་སློབ་དཔོན་ཞི་བའི་སྙིང་པོས་
མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཀཱོ་བྷྱ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། མི་འཁྲུགས་པའི་སྒྲུབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །མི་འཁྲུགས་པ་ལ་ཕྱག་འཚལ་ཏེ། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །དལ་འབྱོར་
ཐེག་ཆེན་རིགས་ཆེན་དང་། །སྙིང་རྗེ་ཤེས་རབ་ཡོན་ཏན་དང་། །བྱམས་དང་སྙིང་རྗེ་ལྡན་པ་དང་། །དད་ཅིང་བླ་མ་ལ་གུས་པས། །སྐྱབས་སུ་སོང་ཞིང་སེམས་བསྐྱེད་པ། །དམ་ཚིག་སྡོམ་ལྡན་དབང་ཐོབ་པས། །ལས་དང་ཆོ་ག་ཤེས་ནས་ནི། །དགོན་པའི་གནས་དང་གྲོང་གི་མཐར། །ལས་བྱ་
བདེ་བའི་སྟན་འདུག་ནས། །ཁྲུས་བྱས་གཙང་མའི་གོས་ཅན་གྱིས། །རང་ལྷར་གསལ་བའི་ཐུགས་ཀ་རུ། །པདྨ་ཟླ་བའི་སྟེང་དུ་ཧཱུཾ། །དེ་ནས་འོད་ཟེར་འཕྲོས་པ་ཡིས། །བླ་མ་དང་ནི་མི་བསྐྱོད་པ། །སྤྱན་དྲངས་མདུན་དུ་བཞུགས་པ་ལ། །བདུན་པོ་རྣམ་པར་དག་པར་བྱ། །ཚད་མེད་བཞི་དང་ལྡན་

པར་བསྒོམ། །ཆོས་རྣམས་ཐམས་ཅད་དངོས་མེད་པར། །སེམས་ཀྱིས་བསྒོམ་པར་བྱས་ནས་ནི། །བྷྲཱུཾ་དང་པཾ་ལས་སྣ་ཚོགས་བསྒོམ། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །རང་གི་ས་བོན་དབུས་བསམས་ནས། །དམ་ཚིག་དག་དང་ཕྱག་རྒྱ་དག །བསམ་ཞིང་དེ་བཞིན་ཉིད་དུ་
སྦྱར། །རྣལ་འབྱོར་པས་ནི་བསྒྲུབ་པར་བྱ། །ལྷ་ཡི་རྣལ་འབྱོར་ཚུལ་དུ་བསྒྱུར། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །གཡོན་པ་མཉམ་གཞག་རྡོ་རྗེ་དང་། །གཡས་པ་ས་གནོན་ཚུལ་ཅན་ནོ། །རྒྱན་དང་ལྡན་པར་རང་ཉིད་བསྒོམ། །ཐུགས་ཀར་པད་ཟླའི་སྟེང་དུ་ནི། །དེ་སྟེང་རང་གི་ས་བོན་དང་། །
ཕྱག་མཚན་ཕྱག་རྒྱས་བྱིན་གྱིས་བརླབ། །རང་ཉིད་མི་འཁྲུགས་པར་བསྒོམས་ནས། །སངས་རྒྱས་བཞི་པོ་ཕྱོགས་དང་བསྟུན། །རང་རང་ཕྱག་རྒྱ་ལྡན་པར་བསྒོམ། །ཧཱུཾ་ལས་འོད་འཕྲོས་པདྨོ་ཡི། །འདབ་མ་བརྒྱད་ལ་ལྷ་མོ་བརྒྱད། །ཕྱག་མཚན་བརྒྱད་ལས་སྐུ་བསྐྱེད་དོ། །རྩ་སྔགས་བརྒྱད་པོ་བརྗོད་པ་
ལས། །དྲི་ཟའི་ཕྱོགས་སུ་པདྨ་ཅན། །སྐུ་མདོག་དཀར་མོ་དཔལ་བེའུ་བསྣམས། །མེ་ཡི་ཕྱོགས་སུ་འཇིགས་བྱེད་མ། །སྐུ་མདོག་དཀར་མོ་འཁོར་ལོ་བསྣམས། །གཤིན་རྗེའི་ཕྱོགས་སུ་རྣམ་རྒྱལ་མ། །སྐུ་མདོག་སྔོན་མོ་རྒྱལ་མཚན་བསྣམས། །བདེན་བྲལ་ཕྱོགས་སུ་མདངས་ལྡན་མ། །སྐུ་
མདོག་སྔོན་མོ་གདུགས་བསྣམས་པ། །ཀླུ་ཡི་ཕྱོགས་སུ་འོད་ལྡན་མ། །སྐུ་མདོག་དམར་སྐྱ་པདྨ་བསྣམས། །རླུང་གི་ཕྱོགས་སུ་དཀར་ཤམ་མ། །སྐུ་མདོག་དམར་སྐྱ་བུམ་པ་བསྣམས། །གནོད་སྦྱིན་ཕྱོགས་སུ་དྲི་མེད་མ། །སྐུ་མདོག་ལྗང་གུ་འབུད་དུང་བསྣམས། །དབང་ལྡན་ཕྱོགས་སུ་ཡིད་གཞུངས་
མ། །སྐུ་མདོག་ལྗང་གུ་ཉ་བསྣམས་པའོ། །སྒོ་མ་བཞི་པོ་འདོད་ལྷ་སྟེ། །ཕྱོགས་དང་བསྟུན་ཞིང་ཕྱོགས་སྐྱོང་དང་། །གཞལ་ཡས་རིམ་པར་བསྒོམ་པར་བྱ། །དེ་ལྟར་དམ་ཚིག་ལྷ་བསྐྱེད་དེ། །ཐུགས་ཀའི་རྡོ་རྗེའི་ཧཱུཾ་ལས་ནི། །འོག་མིན་གནས་སུ་འོད་འཕྲོས་པས། །མི་འཁྲུགས་མདུན་ནམ་སྤྱི་
བོར་བསམ། །རང་ལུས་མི་འཁྲུགས་བསྒོམས་བསྟིམས་ལ། །ལྟག་འོག་རིམ་པ་ཇི་བཞིན་དུ། །ལྷ་ཡི་གོ་རིམས་ཇི་བཞིན་པར། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །ཡང་ན་རང་ཉིད་ལྷར་བསྒོམས་ལ། །མི་འཁྲུགས་མདུན་དུ་བསྒོམ་པར་བྱ། །གཟུངས་དྲང་པ་ཡི་ཏིང་འཛིན་ནི། །ཐུགས་

ལས་འོད་ཟེར་འཕྲོས་པ་ཡིས། །དེ་ཉིད་སུམ་བརྩེགས་རང་རང་གཞན། །ལྷ་དང་བུམ་པ་མཆོད་རྟེན་གཏོར། །བུམ་པ་མཆོད་རྟེན་ལ་སོགས་ནང་། །རྒྱ་མཚོ་ཟླ་བ་པདྨ་ལ། །ལྷ་བསྐྱེད་ཡེ་ཤེས་བསྟིམ་པར་བྱ། །དད་པ་དང་ནི་དམ་ཚིག་གིས། །བདག་ལ་རབ་ཏུ་དགོངས་པར་མཛོད། །ཨོཾ་ཨཀྵོ་བྷྱ་ཛ། ཨ་བིགྷྣཱཾ་
ཏ་ཀྲྀཏ་ཧཱུཾ་ཕཊ། ཐལ་སྦྱར་སོར་གཉིས་ཕྱིར་བསྐྱེད་དེ། །ཏ་ཐཱ་ག་ཏོ་ཏ་བྷ་བཱ་ཡ་སྭཱ་ཧཱ་ཛཿཧཱུཾ་བཾ་ཧོཿ། དེ་ཉིད་གདན་ལ་བཞུགས་པ་ལ། །མཆོད་བསྟོད་ལ་སོགས་དབུལ་བྱ་སྟེ། །ཨོཾ་ཨརྒྷཾ་པྲ་ཏཱིཙྪ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་བི་དྱེ་ཤཔྟ། བ་ལིཾ་ཏ་པཱུ་ཇ་ཁཱ་ཧི་ཁཱ་ཧི། ཆོས་ཉིད་མཉམ་པའི་
དང་ལས་མ་གཡོས་ཀྱང་། །ཐུགས་རྗེས་རྟག་ཏུ་མྱ་ངན་མི་འདའ་ཞིང་། །ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པ། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །གཏོར་མ་མགྲོན་དུ་དམིགས་ལ་བསྔོ། །སྒྲ་དང་སེམས་དང་གཞི་ལ་གཞོལ། །ཡན་ལག་བཞི་དང་དམིགས་པ་གསུམ། །
རང་དོན་དུ་ནི་བསྙེན་པ་ཡིན། །གྲངས་དང་དུས་དང་མཚན་མའོ། །དངོས་གྲུབ་སྒྲུབ་པའི་བཟླས་པ་ནི། །ངག་དང་ཤིབ་བུ་རྡོ་རྗེའི་བཟླས། །ཡིད་ཀྱིས་བཟླས་པ་བྱས་པ་བཞི། །མེ་དང་སྒྲ་དང་སྒྲ་མཐར་གསུམ། །བརྗོད་པ་མེད་པའི་བསམ་གཏན་ཏེ། །ཐུན་གསུམ་དག་ཏུ་བཟླས་པ་བྱ། །གཏོང་མ་
མཆོད་བསྟོད་གཏོར་མ་བཏང་། །ཡེ་ཤེས་གཤེགས་དང་དམ་ཚིག་བསྡུ། །དེ་ལྟར་ཐུན་གསུམ་སྦྱོར་བ་ཡིས། །བསྙེན་པ་སྔོན་དུ་སོང་བ་དང་། །གང་འདོད་དངོས་གྲུབ་བབ་པའི་ཕྱིར། །དེ་ནས་ལས་ལ་སྦྱར་བར་བྱ། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྦར། །བརྩོན་འགྲུས་ཆེན་པོའི་མེ་
ལྕེས་སྡིག་སྒྲིབ་སྲེག །པདྨའི་དྲོད་ལ་ཆར་ཆུ་ཡིས། །ཁ་ཟུམ་འོད་ཀྱིས་འབྱེད་པ་དང་། །ཉི་མ་མེ་ཤེལ་མེ་འབྱུང་བཞིན། །མི་ཡི་ལུས་ལ་དངོས་གྲུབ་སྟེར། །མི་གནས་བསོད་ནམས་སྟེར་བར་བྱེད། །སྒྲ་ཡིས་ཐར་པ་སྟེར་བར་བྱེད། །འདི་ནི་ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །སྤྱི་བོའི་གཙུག་ཏུ་
ཀུན་གྱིས་བཀུར་བར་འོས། །ངན་སོང་རྣམས་ལས་ཐར་ལམ་འདིས་སྒྲུབ་བོ། །རང་གཞན་མདུན་དུ་བསྒོམས་ཀྱང་དངོས་གྲུབ་སྟེར། །མགོན་པོ་མི་འཁྲུགས་པ་ཡི་ནི། །སྒྲུབ་པའི་ཐབས་མཆོག་འདི་བྲིས་པའི། །བདག་གི་དགེ་བའི་ལས་འདི་ཡིས། །བདག་དང་འགྲོ་བ་ཐམས་ཅད་ནི། །མྱུར་བ་

ཉིད་དུ་སངས་རྒྱས་ནས། །འགྲོ་ལ་ཕན་ཕྱིར་ཆོས་སྟོན་ཞིང་། །སེམས་ཅན་སྡུག་བསྔལ་ལས་གྲོལ་ཤོག །བཅོམ་ལྡན་འདས་མི་འཁྲུགས་པའི་སྒྲུབ་ཐབས་རྒྱས་པ་སློབ་དཔོན་དཱི་པ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་
ཁྲིམས་རྒྱལ་བས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄། །མི་འཁྲུགས་པའི་སྒྲུབ་ཐབས་བཞུགས།། ༄༅༅། །བཅོམ་ལྡན་འདས་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །སྒྲུབ་པོ་དམ་ཚིག་ལྡན་པ་ཡིས། །དགོན་པའམ་གྲོང་མཐའ་ལ་སོགས་པར། །ཁྲུས་བྱས་གཙང་མར་ཡོངས་
བྱས་ཏེ། །བདེ་བའི་སྟན་ལ་འདུག་བྱས་ནས། །རང་ལྷར་གསལ་བའི་ཐུགས་ཀ་རུ། །པདྨ་ཟླ་བའི་སྟེང་དུ་ཧཱུཾ། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །བླ་མ་དང་ནི་མི་བསྐྱོད་པ། །སྤྱན་དྲངས་མདུན་དུ་བཞུགས་པ་ལས། །བདུན་པོ་རྣམ་པར་དག་པ་བྱ། །ཚད་མེད་བཞི་དང་ལྡན་པར་ནི། །ཆོས་རྣམས་
ཐམས་ཅད་དངོས་མེད་པར། །སེམས་ཀྱིས་བསྒོམ་པར་བྱ་བ་ཡིན། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ། །རང་རིག་ས་བོན་དེ་དབུས་སུ། །བསམས་ནས་དམ་ཚིག་ཕྱག་རྒྱ་བཅའ། །དེ་ནས་རང་གི་ས་བོན་དང་། །ཕྱག་མཚན་ཕྱག་རྒྱས་དེ་བྱིན་བརླབ། །དེ་རྣམས་གྱུར་པ་མི་འཁྲུགས་པ། །ཞལ་
གཅིག་ཕྱག་གཉིས་སྐུ་མདོག་སྔོ། །གཡོན་པ་པད་གཞག་རྡོ་རྗེ་དང་། །གཡས་པ་ས་གནོན་ཚུལ་ཅན་བསྒོམ། །ལྟག་འོག་རིམ་པ་ཇི་བཞིན་དུ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །རང་ཉིད་རང་ལྷར་བསྒོམས་ནས་ནི། །མི་འཁྲུགས་མདུན་ནམ་སྤྱི་བོར་བསྒོམ། །རང་ལུས་མི་འཁྲུགས་
བསྒོམས་ལ་བསྟིམ། །ཐུགས་ཀར་པད་ཟླ་ཧཱུཾ་ལས་ནི། །དབུས་སུ་མི་འཁྲུགས་པ་ཉིད་བསྒོམ། །ཕྱོགས་བཞིར་སངས་རྒྱས་བཞི་བསྒོམ་བྱ། །མཆོད་དང་བསྟོད་དང་བཟླས་པ་དང་། །གཉིས་སུ་མཆོད་བསྟོད་གཏོར་མ་སྦྱིན། །དེ་ལྟར་ཐུན་བཞིའི་རིམ་པ་ནི། །བསྙེན་པ་སྔོན་དུ་སོང་བ་ཡིས། །གང་
འདོད་པ་ཡི་དོན་དུ་ནི། །སྒྲུབ་པ་ལས་ལ་སྦྱར་བར་བྱ། །བཅོམ་ལྡན་འདས་མི་འཁྲུགས་པའི་སྒྲུབ་ཐབས་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། །།

༄༅༅། །རྒྱ་གར་སྐད་དུ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནི་མཎྜ་ལ་བི་དྷིཿ།བོད་སྐད་དུ། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཇོམས་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །བཅོམ་ལྡན་འདས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །བདེན་པར་གསུངས་ལ་ཕྱག་འཚལ་ཏེ། །དཀྱིལ་
འཁོར་ཆོ་ག་བྲི་བར་བྱ། །གང་དུ་ལས་ནི་ཡོད་གྱུར་ན། །ལས་ཀྱི་ཆོ་ག་རྣམས་མེད་པ། །དེ་ནི་སྤྱི་ཡི་རྒྱུད་དག་ལས། །གསུངས་པའི་ཆོ་ག་མཁས་པས་བརྟེན།།དཀྱིལ་འཁོར་སུམ་སྟོང་དག་དང་ནི། །ལྔ་བརྒྱར་གསུངས་པ་གང་ཡིན་པའི། །སྤྱི་ཡི་ཆོ་ག་བཤད་པར་བྱ། །ཡིད་དང་མཐུན་པའི་
གནས་དག་ཏུ། །སྔགས་མཁན་གཞན་ལ་ཕན་བརྩོན་པ། །སྙིང་རྗེ་ལྡན་པས་དབང་བསྐུར་རོ། །གྲངས་སམ་དུས་སམ་མཚན་མའམ། །བསྙེན་པ་ཚུལ་བཞིན་བྱས་པ་ཡིས། །ས་ཡི་ཆོ་ག་ཚུལ་བཞིན་བྱ། །ལྷ་དང་བུམ་པ་ལྷག་གནས་དང་། །གསོན་གཤིན་སློབ་མ་གང་རུང་བས། །བདུན་
པོ་རྣམ་པར་དག་པ་དང་། །སྐྱབས་འགྲོ་སེམས་བསྐྱེད་སྦྱིན་པར་བྱ། །སོ་ཤིང་སྲུང་སྐུད་ཀུ་ཤ་དང་། །ཆོས་བཤད་པ་ནི་བྱས་ཀྱང་རུང་། །གཏད་དང་དྲག་པོའི་ལས་དང་ནི། །སྦྱང་དང་བྱིན་རླབས་བྱ་མི་དགོས། །གྲུ་བཞི་སྒོ་བཞི་ཐིག་བཏབ་ལ། །དེ་ཡི་དབུས་སུ་པདྨ་ནི། །འདབ་མ་བརྒྱད་པ་ཁྲུ་
དོ་བྲི། །དཀྱིལ་འཁོར་ལྷག་མའི་ཚད་དང་ནི། །ཅི་འདོད་པ་ནི་ཉིད་དུ་བྲི། །ཡོ་ལོང་ཆུང་ངུ་དག་གིས་ཀྱང་། །བཟླས་བརྗོད་བྱས་པས་དཀྱིལ་འཁོར་བྲི། །ཕྱི་ནས་གཅིག་ཉིད་ཀྱིས་ཀྱང་ནི། །ཚིག་རྐྱང་དུ་ནི་བྲི་བར་བྱ། །དཀྱིལ་འཁོར་ཀུན་དུ་ཟླུམ་པོར་བྱ། །དེ་ནས་ཕྱོགས་མཚམས་སྐྱོད་པ་དང་། །
འདོད་པའི་ལྷ་རྣམས་བྲི་བར་བྱ། །སོ་སོའི་སྔགས་ཀྱི་རིམ་པ་བཞིན། །དེ་ནས་སྤྱན་ཡང་དྲང་བར་བྱ། །བདག་པོ་རྣམས་ཀྱི་སྙིང་པོ་ཡིས། །དེ་ཡི་འོག་ཏུ་མཆོད་པར་བྱ། །བུམ་པ་གང་བ་དེ་སྟེང་དུ། །ཆོ་ག་བཞིན་དུ་རྫས་གཞག་གོ། །ལས་ཀུན་བྱེད་པའི་དཀྱིལ་འཁོར་དེ། །བསང་བ་གསང་བའི་
བདག་པོ་གསུང་། །དཀྱིལ་འཁོར་འདི་ནི་ཀུན་བྲིས་ནས། །དངོས་གྲུབ་ཐམས་ཅད་འགྲུབ་པ་དང་། །སྒྲུབ་པ་པོ་ནི་དབང་བསྐུར་བ། །དཀྱིལ་འཁོར་འདི་དག་ཉིད་དུ་བྱ། །མཆོད་པ་ལ་སོགས་ཐམས་ཅད་ཀྱང་། །རྒྱུད་ལས་བཤད་པ་བཞིན་དུ་བྱ། །ཞེས་བཤད་པས་འདིར་ཁྱད་པར་ནི། འདབ་མ་

བརྒྱད་པ་དབུས་སུ་ནི། །རྡོ་རྗེ་ཆེན་པོ་བྲི་བར་བྱ། །འདབ་མ་བརྒྱད་ལ་བཀྲ་ཤིས་བརྒྱད། །ཤར་དུ་དཔལ་བེའུ་འཁོར་ལོ་སྟེ། །ལྷོ་རུ་པདྨ་རྒྱལ་མཚན་གཉིས། །ནུབ་ཏུ་གདུགས་དང་བུམ་པ་སྟེ། །བྱང་དུ་དུང་དང་ཉ་བྲིའོ། །ཕུར་བ་ར་བ་དྲ་བ་གཞག །སྲུང་བ་རྩ་བའི་སྔགས་སམ་
ནི། །ཡང་ན་དེ་ཡི་སྙིང་པོས་བྱ། །བླ་རེ་བ་དན་སྐུ་གཟུངས་སོགས། །མཆོད་དང་གཏོར་མ་ལ་སོགས་དགྲམ། །འབྲུ་སྨན་རིན་ཆེན་ལྔ་ལྡན་པའི། །བུམ་པ་དེ་ཡི་དབུས་སུ་གཞག །ཁྲུས་དང་ཆོས་གོས་ལྡན་པ་ཡི། །རྡོ་རྗེ་སློབ་དཔོན་མཉམ་བཞག་པས། །བདག་དང་གནས་དང་རྣལ་འབྱོར་
བསྲུང་། །ཤཾ་གིས་ཐམས་ཅད་སྟོང་པ་ལས། །བཾ་མམ་བྷྲཱུཾ་ལས་གཞལ་ཡས་ཁང་། །དེ་ནང་པདྨ་ཟླ་དབུས་སུ། །བཅོམ་ལྡན་མི་འཁྲུགས་བསྐྱེད་པ་ལས། །པད་འདབ་བརྒྱད་ལ་ལྷ་མོ་བརྒྱད། །པདྨ་ཅན་དང་འོད་ཅན་མ། །མདངས་ལྡན་མ་དང་དྲི་མེད་མ། །དཀར་དང་དམར་དང་སྔོ་དང་ལྗང་། །
དཔལ་བེའུ་པདྨ་གདུགས་དང་དུང་། །དབང་པོ་གཤིན་རྗེ་ཆུ་བདག་དང་། །གནོད་སྦྱིན་ཕྱོགས་སུ་བསྒོམ་པར་བྱ། །འཇིགས་བྱེད་མ་དང་རྣལ་འབྱོར་མ། །དཀར་ཤམ་མ་དང་ཡིད་གཞུངས་མ། །དཀར་སྔོ་དམར་སྐྱ་ལྗང་བའི་མདོག །འཁོར་ལོ་རྒྱལ་མཚན་བུམ་པ་ཉ། །མེ་དང་སྲིན་པོ་རླུང་ལྷ་དང་། །དབང་
ལྡན་ངོས་སུ་རྣམ་པར་བསམ། །ཀུན་ཀྱང་སེམས་དཔའི་སྐྱིལ་མོ་ཀྲུང་། །ཟླ་བའི་རྒྱབ་བརྟེན་རིན་ཆེན་བརྒྱན། །གཡོན་པ་ཐམས་ཅད་དཀུ་ལ་གཏད། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱི་སྔགས། །ཨོཾ་མཾ་ག་ལ་ཤྲཱི་ཡཾ་ཛ་ད་མ་ཛ་སྭཱ་ཧཱ། ཨོཾ་མཾ་ག་ལ་པདྨ་སྭཱ་ཧཱ། ཨོཾ་མཾ་ག་ལ་ཚ་ཏྲཾ་སྭཱ་ཧཱ། ཨོཾ་