Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 68
Văn bản gốc(Tây Tạng)
Trang 4 / 22 (50.000 ký tự/trang)
ྣ་བདུན་དང་། གསང་བ་དང་ཤེས་རབ་ཡེ་ཤེས་དང་སྦྱིན་པར་བྱའོ། ། དེ་ནས་རྡོ་རྗེ་ཆོས་སུ་བྱིན་གྱིས་བརླབས་ལ་ཕྱག་རྒྱ་ཆེན་པོ་དང་། ནུབ་ཕྱོགས་ཀྱི་དབང་བསྐུར་བའི་དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་བཞག་ལ། ཤཱཀྱ་ཐུབ་པའི་རིགས་ཀྱི་བུམ་པས་དེ་བཞིན་དུ་དབང་བསྐུར་བར་བྱ་སྟེ། བཛྲ་སྥོ་ཊ་བཛྲ་ཨ་བྷི་ཥིཉྩ་ཞེས་པ་ནས། བཛྲ་དྷརྨ་ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་ བྱ་བ་ཡན་ཆད་ཀྱིས་སོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པའི་ཆུས་ཀྱང་དེ་བཞིན་དུ་དབང་བསྐུར་རོ། །དེ་ནས་རྡོ་རྗེ་པདྨ་བཟླས་པའི་གོས་དཀར་པོ་དང་རྒྱན་ཐམས་ཅད་དེ་ལ་བྱིན་ལ་དྲི་ལ་སོགས་པས་མཆོད་དེ། རྡོ་རྗེ་ཆོས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་འོད་དཔག་ཏུ་མེད་པའི་དབང་བསྐུར་ བས་དབང་བསྐུར་རོ། །དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་ལྡན་ཞིང་པདྨའི་ཕྲེང་བ་དང་བཅས་པའི་ཅོད་པན་དང་། དར་དཔྱངས་ཀྱིས་དབང་བསྐུར་ལ། ཕྱག་རྒྱའི་རྡོ་རྗེ་པདྨའི་དབང་བསྐུར་བ་དང་། བདག་པོའི་དབང་བསྐུར་བ་དང་། ཕྲེང་བའི་པདྨའི་ཕྲེང་བ་ནས། པདྨའི་ རིགས་ཀྱི་གསང་བའི་དབང་བསྐུར་བ་ཡན་ཆད་བསྐུར་ལ། མཆོད་པ་རྣམ་པ་ལྔ་དང་། སྒེག་མོ་ལ་སོགས་པ་མཆོད་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ལ། རིན་པོ་ཆེའི་ཐུར་མ་ལ་སོགས་པ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །དེ་ནས། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །པདྨའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་དེ་ལ་རྗེས་སུ་གནང་བ་སྦྱིན་པར་བྱའོ། །དེ་ནས་བཀྲ་ཤིས་ཀྱི་རྫས་བརྒྱད་དང་། གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་སོགས་པ་སྦྱིན་པར་བྱའོ། །དེ་ནས་རྡོ་རྗེ་ལས་སུ་ བྱིན་གྱིས་བརླབས་ལ་ཕྱག་རྒྱ་ཆེན་པོ་དང་། བྱང་ཕྱོགས་ཀྱི་དབང་བསྐུར་བའི་དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་བཞག་ལ། མེ་ཏོག་ཆེར་རྒྱས་ཀྱི་བུམ་པས། ཨོཾ་བཛྲ་ཨོཾ་ཨ་བྷི་ཥིཉྩ་ཞེས་པ་ནས། དེ་བཞིན་དུ་བཛྲ་ཀརྨ་ཨཾ་ཨ་བྷི་ཥིཉྩ་ཞེས་པའི་བར་གྱིས་དབང་བསྐུར་རོ། །ཡང་རྣམ་པར་རྒྱལ་བའི་བུམ་པའི་ ཆུས་ཀྱང་དེ་བཞིན་དུ་དབང་བསྐུར་ནས། རྡོ་རྗེ་ལས་ཀྱི་དམ་ཚིག་གི་ཕྱག་རྒྱས་སྣ་ཚོགས་རྡོ་རྗེའི་ཕྲེང་བས་དེ་བཞིན་དུ་དབང་བསྐུར་ལ། རིན་པོ་ཆེ་ཐམས་ཅད་ལས་བྱས་པའི་སྣ་ཚོགས་རྡོ་རྗེའི་ཕྲེང་བའི་ཅོད་པན་དང་། དར་དཔྱངས་ཀྱི་དབང་ཨོཾ་པ་ཊ་ཨ་བ་ལཾ་བ་ན་ཨ་བྷི་ཥིཉྩ་ཏྲཱཾ་ཞེས་བཟླས་པ་དེའི་མགོ་ བོར་བཞག་སྟེ་སྣ་ཚོགས་རྡོ་རྗེའི་དབང་བསྐུར་བ་དང་། བདག་པོའི་དབང་བསྐུར་བ་དང་། མིང་གི་དབང་བསྐུར་བ་དེ་ལ་སྦྱིན་པར་བྱའོ། །དེ་ནས་མཆོད་པ་རྣམ་པ་ལྔ་དང་སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་དེ། དཔལ་རྡོ་རྗེ་སེམས་དཔའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །འཇིག་ རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །སྣ་ཚོགས་འཁོར་ལོ་རབ་ཏུ་བསྐོར། །ཞེས་དེ་ལ་རྗེས་སུ་གནང་བ་སྦྱིན་པར་བྱའོ། །དེ་ནས་ཉེ་བའི་རིན་པོ་ཆེ་སྣ་བདུན་དང་། གསང་བའི་དབང་ཡང་སྦྱིན་པར་བྱའོ། །དེ་ལ་དེ་བཞིན་ གཤེགས་པའི་དབང་བསྐུར་བའི་དུས་སུ་གསུངས་པའི་སྔགས་ཀྱི་དབྱེ་བས་ཕྱེ་ལ་དབང་བསྐུར་བའམ། རིམ་གྱིས་དབང་བསྐུར་བ་བྱས་ཀྱང་འགལ་བ་མེད་དོ། །དེ་ནས་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དམ་ཚིག་དང་། བརྟུལ་ཞུགས་སྦྱིན་པར་བྱ་སྟེ། དེ་ཡང་དེ་ཁོ་ན་ ཉིད་བསྡུས་པའི་རྒྱུད་ལས། དེ་ཉིད་ཀྱིས་ནི་རྡོ་རྗེ་ཟུངས། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླས། །ཞེས་བྱ་བས་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་ཤར་གྱི་སྒོར་ནི་དེ་བཞིན་གཤེགས་པ་དང་རྡོ་རྗེ་རིགས་ཀྱིའོ། །ཕྱི་མ་ནི་རང་ རང་གི་སྒོར་རོ། །དེ་ལ་འདིར་ནི་དེ་བཞིན་གཤེགས་པའི་རྡོ་རྗེའི་གཟུང་བའི་དེ་ཁོ་ན་ཉིད་ཡིན་ཏེ། དེ་ཉིད་ཀྱིས་ནི་བཅོམ་ལྡན་འདས། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས། །ལྟ་ངན་རྣམས་ལ་ཕན་པའི་ཕྱིར། །མྱ་ངན་འདས་འདི་སྟོན་པར་མཛད། །མ་ལུས་འདུལ་བ་ ལ་བརྩོན་པ། །བརྟན་ཞིང་ངེས་པའི་གོ་ཆ་བགོས། །ཤིན་ཏུ་སྲིད་པ་གནས་ཀྱི་མཆོག །གོ་ཆ་ལ་སོགས་བགོས་པས་ན། །སངས་རྒྱས་ཆོས་དང་ཚོགས་ཞེས་པའི། །དཀོན་མཆོག་གསུམ་པོ་ཉིད་དུ་འགྱུར། །སྲིད་པ་ཤིན་ཏུ་ཡང་དག་འགྲུབ། །རྣམ་དག་དཔལ་དུ་བྱེད་པའི་མཆོག །ཅེས་ བྱ་བའི་དེ་ཁོ་ན་ཉིད་འདིས་དེ་བཞིན་གཤེགས་པའི་རྡོ་རྗེ་གཟུང་བར་བྱའོ། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བའི། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་བྱ་བ་འདིས་ནི་ཆོས་ཀྱི་དྲིལ་བུ་དཀྲོལ་ བར་བྱའོ། །ལོངས་སྤྱོད་ཐམས་ཅད་ཉེར་སྤྱོད་པ། །བདག་ཉིད་ཁོ་ན་རྟེན་བྱེད་ཅིང་། །དཀོན་མཆོག་གསུམ་མཆོད་དམ་པ་ནི། །བགྱིའོ་ཞེས་དེ་བརྗོད་དེ་མཆོད། །ཅེས་བྱ་བའི་དམ་ཚིག་འདིས། །དེ་བཞིན་གཤེགས་པའི་སྐུའི་གསང་བས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱང་སྦྱིན་པར་བྱའོ། །དེ་ལ་འདི་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་རྡོ་རྗེ་བཟུང་བའི་དེ་ཁོ་ན་ཉིད་དེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་ བསྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་འདིས་རྡོ་རྗེ་གཟུང་ངོ་། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྲིད་པའི་བདག་པོ་དམ་པ་ཀུན་གྱི་མཆོག །དབང་ཕྱུག་ཉིད་ཀྱི་དམ་པ་དེ་ཉིད་ཀྱི་མཆོག་གི་བཀའ་ཡང་དག་པར་སྩོལ་བར་ མཛད་པ་ནི། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པའི་མཆོག་ནི་བྱེད་པ་ཡིན། །མཆོག་ཏུ་གསང་བའི་ཆོས་ཉིད་འབེབས་པའི་དྲིལ་བུས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་བྱས་ལ། ལྷ་རྣམས་ཡང་དག་ པར་བསྒྲུབས་ཏེ་དཀྲོལ་ལ། །དེ་ནས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་རྟོགས་པ་འབེབས་པས་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་བྱེད་དོ། །རྡོ་རྗེ་ཐམས་ཅད་འབེབས་པ་རབ་ཏུ་བསྒྲུབས་པ་དབང་དུ་བྱས་པ་ཡང་རབ་ཏུ་སྒྲུབ་པར་བྱེད་པ་འགྲུབ་སྟེ། ཆོས་ཉིད་དྲིལ་བུ་དཀྲོལ་བར་བྱའོ། །སྲིད་པའི་ བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་རྟག་ཏུ་བསྐྱེད། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པར་ནི་བསྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་མཆོག་ཏུ་གསང་བའི་ཐེག་པ་ཆེན་པོའི་དམ་ཚིག་གི་སྦྱོར་བ་ནི་བཅོམ་ལྡན་འདས་ཀྱི་དམ་ཚིག་གོ །ཅིའི་ཕྱིར་ཞེ་ན། འདི་ལྟར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པས། །ཕྱག་རྒྱ་དམ་ཚིག་ཅེས་སུ་གྲགས། །ཡིད་ཀྱིས་གཟུགས་ ནི་བརྟན་ཕྱིར་རོ། །དེ་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་འགྱུར་བའི་ཚེ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཤེས་རབ་ཕ་རོལ་ཕྱིན་ཐབས་དང་། །ཡེ་ཤེས་གནས་སུ་བསྒྲུབས་ པས་ན། །ཆོས་ཀུན་རྣམ་པར་དག་པའི་ཕྱིར། །འཁོར་བ་ཡོངས་སུ་དག་པར་འགྱུར། །ཞེས་བྱ་བ་འདིའི་དམ་ཚིག་གིས་དེ་བཞིན་གཤེགས་པའི་རིགས་ཀྱི་སྐུའི་གསང་བ་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་འདི་ནི་རིན་པོ་ཆེའི་རིགས་ཀྱི་འཁོར་ལོས་སྒྱུར་བ་དང་། དེའི་རིགས་ཀྱི་རྡོ་རྗེ་རིན་ཆེན་ གཟུང་བའི་དེ་ཁོ་ན་ཉིད་དོ། །ཉི་མ་འདི་ནི་དམ་པ་སྟེ། །ཀུན་གཟིགས་དེ་བཞིན་གཤེགས་པ་ཡིན། །ནམ་མཁའི་སྙིང་པོ་བཅོམ་ལྡན་འདས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །ཞེས་བྱ་བ་དེ་ཁོ་ན་ཉིད་འདིས་རྡོ་རྗེ་རིན་ཆེན་གཟུང་བར་བྱའོ། ། བསམ་པ་ཐམས་ཅད་གྲུབ་རྣམས་ཀྱིས། །བསམ་པ་འགྲུབ་པ་དམ་པ་ཡིན། །དེ་ཡང་འདོད་པ་རབ་བསྒྲུབ་ཕྱིར། །འདོད་དང་ཐར་པའི་བདེ་བ་ཆེ། །ཞེས་བྱ་བ་ཆོས་ཀྱི་རིན་པོ་ཆེ་ཆེན་པོའི་དྲིལ་བུ་དཀྲོལ་བར་བྱའོ། མི་ཕམ་པ་ཡང་སྦྱིན་བྱ་ཞིང་། །འདོད་དང་བདེ་བ་ཐམས་ཅད་ཀྱི། ། བདག་ཉིད་དང་ནི་གཞན་རྣམས་ཀྱི། །བསམ་པ་ཐམས་ཅད་རྫོགས་པར་བྱ། །ཞེས་བྱ་བ་ནི་དམ་ཚིག་གི་མཆོག་སྟེ། འདིར་རིན་པོ་ཆེའི་རིགས་ཀྱི་སྐུའི་གསང་བར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དངོས་གྲུབ་ཀྱི་བརྟུལ་ཞུགས་སྦྱིན་པར་བྱའོ། །དེ་ལ་འདི་ནི་པདྨའི་རིགས་ཀྱི་འཁོར་ལོས་སྒྱུར་བ་དང་། ། དེའི་རིགས་ཀྱི་རྡོ་རྗེ་པདྨ་གཟུང་བ་དེ་ཁོ་ན་ཉིད་དོ། །དེ་ཉིད་ཀྱིས་ནི་བཅོམ་ལྡན་འདས། །སངས་རྒྱས་སྤྱན་རས་གཟིགས་དབང་ཕྱུག །གདུལ་བྱ་ཡི་ནི་ཐབས་མཛད་པ། །དག་པའི་རོལ་མོ་གར་མཛད་དོ། །ཞེས་བྱ་བ་འདིས་རྡོ་རྗེ་པདྨ་གཟུང་བར་བྱའོ། །ཇི་ལྟར་པདྨ་དམར་པོ་འདི། །ཚོན་ གྱི་ཉེས་པས་མི་གོས་པས། །དེ་བཞིན་སྲིད་གསུམ་དག་པ་ནི། །གནས་ཀྱི་ཉེས་པས་མི་གོས་སོ། །ཞེས་བྱ་བའི་ཆོས་འདིས་པདྨའི་དྲིལ་བུ་དཀྲོལ་བར་བྱའོ། །བྱ་བ་གང་དང་གང་གིས་ནི། །འགྲོ་བ་རྣམས་ནི་འདུལ་འགྱུར་བར། །པདྨ་དག་མཆོག་སྦྱོར་བའི་བདག །དེས་ཀྱང་དེ་ནི་སྦྱང་བར་བྱ། ། ཞེས་བྱ་བ་ནི་དམ་ཚིག་སྟེ། །འདིས་པདྨའི་རིགས་ཀྱི་སྐུའི་གསང་བ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་བརྟུལ་ཞུགས་སྦྱིན་པར་བྱ་སྟེ། །ཨོཾ་པདྨ་མ་ཧཱ་ཧསྟ་བཛྲ་དྷརྨ་ཧཾ་པ་ལཱ་ཡ། དེས་ཀྱང་འདི་སྐད་དུ་རྡོ་རྗེ་ཆོས་ཉིད་ཇི་ལྟ་བུ་ལགས་ཞེས་དྲི་བར་བྱའོ། །དེ་ནས་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་ སྟེ། ཇི་ལྟར་པདྨ་དམར་པོ་འདི། །རིགས་ཀྱི་ཉེས་པས་མི་གོས་བཞིན། །ཐམས་ཅད་དག་པར་བསྒོམས་ན་ནི། །དེ་བཞིན་སྡིག་པ་ཆགས་མི་འགྱུར། །དེ་ལ་འདིའི་སྐབས་སུ་ཆོས་ཉིད་ནི་འདི་ཡིན་ནོ། །རྡོ་རྗེ་ལས་ཀྱི་དེ་ཁོ་ན་ཉིད་དང་། ཆོས་དང་དམ་ཚིག་དང་། དངོས་གྲུབ་ཀྱི་རྡོ་རྗེའི་ བརྟུལ་ཞུགས་ནི་དེ་བཞིན་གཤེགས་པའི་རིགས་སུ་བཤད་པ་ཡིན་ནོ། །དེ་ནས་སློབ་མས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་པར་བྱའོ། །དེ་ནས་རིན་ཆེན་དཔལ་གྱི་ཕྱག་རྒྱ་དང་གཟེངས་བསྟོད་པའི་ཕྱག་རྒྱས་སློབ་མ་ཐམས་ཅད་ལུང་བསྟན་པར་ བྱའོ། །ཨོཾ་འདི་ནི་ངས་ཁྱོད་ལུང་བསྟན་པ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཀུན་ཏུ་བསྒྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་རྡོ་རྗེའི་དེ་བཞིན་གཤེགས་པ་ཆེ་གེ་མོ་སིདྡྷི་ས་མ་ཡ་སྟྭཾ་བྷུརྦྷུ་ཝ་སྦཿ། དེ་ནས་དེ་བཞིན་གཤེགས་པའི་ཁུ་ཚུར་བཅིངས་ཏེ། གཡོན་ པས་ཆོས་གོས་འཛིན་པའི་ཚུལ་དུ་བྱས་ལ། གཡས་པས་མཆོག་སྦྱིན་པའི་ཚུལ་དུ་བྱའོ། །འདི་ནི་གཟེངས་བསྟོད་པའི་ཕྱག་རྒྱའོ། །དབུགས་དབྱུང་བའི་ཆོ་ག་ནི་དཔལ་མཆོག་གམ་གཞན་ལས་ཤེས་པར་བྱའོ། །དེའི་ཕྱིར་ན། །སྡིག་པ་གཞོམ་ཕྱིར་དབང་ནི་བསྐུར་བར་བྱ། །ཞེས་སོ། ། དེ་ཡན་ཆད་ཀྱིས་ནི་སློབ་མ་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པའི་ཆོ་ག་རྒྱས་པའོ། །སྔགས་སྒྲུབ་ཕྱིར་ནི་མོས་ལྡན་སློབ་མ་ལ། །སྔགས་པས་བཀའ་ནི་རབ་ཏུ་བསྒོ་བར་བྱ། །ཞེས་པ་ནི་དབང་མཆོག་ཐོབ་པར་བྱ་བའི་ཡོན་མཆོག་ཅི་ཡོད་ཅེས་བསྒོ་བའོ། །དེས་ཀྱང་མོས་པས་སྤྱི་བོས་ཕྱག་འཚལ་ ཏེ། །ཞེས་བྱ་བ་ནས། རང་གི་ལུས་ཀྱང་དབུལ་བ་ཉིད་དུ་བྱ། །ཞེས་པ་ཡན་ཆད་ནི་ཡོན་དབུལ་བའི་རིམ་པ་བསྟན་ཏེ་དཀྱུས་གསལ། །ཚེ་འདིའི་བདེ་བ་མ་ལུས་དང་། ཞེས་བྱ་བ་ནས། ལྷ་ཡི་བདེ་བ་སྨོས་ཅི་དགོས། །ཞེས་པའི་བར་གྱིས་ནི་ཕན་ཡོན་བསྟན། སངས་རྒྱས་ཀུན་དང་ བླ་མར་མཉམ། །ཞེས་པ་ལ་སོགས་པས་ནི་སློབ་དཔོན་ལ་ཇི་ལྟ་བུར་བལྟ་བའི་ཐབས་བསྟན་ཏེ། སངས་རྒྱས་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པའོ། །དེ་དང་སློབ་དཔོན་ཐ་མི་དད་པའི་ངོ་བོར་བལྟ་བས་ན་བླ་མར་མཉམ་མོ། །རྡོ་རྗེ་སློབ་དཔོན་བརྙས་ན་ནི་ཇི་ལྟ་བུ་ཐོབ་སྙམ་པ་ལ། རྟག་ཏུ་ངན་སོང་གསུམ་གྱི་སྡུག་བསྔལ་འཐོབ་པར་འགྱུར་བས། དེའི་ཕྱིར་ན་སློབ་དཔོན་ལ་བརྙས་པར་མི་བྱའོ། །དེར་མ་བས་ཏེ་རྡོ་རྗེ་སྤུན་ཏེ་དབང་དུས་གཅིག་ཏུ་མནོས་པ་དང་། སྲིང་མོ་སྟེ་གྲོགས་དང་། རྡོ་རྗེ་མ་སྟེ་སློབ་དཔོན་མ་ལ་སོགས་པ་རྣམས་ལ་བརྙས་པ་དང་འཁོན་ཞུགས་པར་ མི་བྱའོ། །འོ་ན་ཐམས་ཅད་ལ་མཉམ་ཞིང་སྙོམས་པར་བྱའམ་ཞེ་ན། དེ་མི་བྱ་སྟེ། དཀོན་མཆོག་གསུམ་ལ་གནོད་བྱེད་ལ། །ཞེས་པ་ལ་སོགས་པ་དེ་དག་ལ་བཟོད་པ་བསྒོམ་པར་མི་བྱའོ། །དེ་ལ་ཉེས་པ་བྱས་ཀྱང་བླ་ན་མེད་པའི་བྱང་ཆུབ་ འགྲུབ་པར་འགྱུར་ཞེས་ནི་ཀུན་རིག་རྣམ་པར་སྣང་མཛད་གསུངས་སོ། །དེ་དག་ཀྱང་ཞེ་སྡང་གི་སེམས་ཀྱིས་གསད་དམ་སྙམ་པ་ལ། དེ་ལྟ་མ་ཡིན་ཏེ། སེམས་ཅན་ཀུན་ལ་སྙིང་བརྩེ་ཆགས། །གྲུབ་པ་མྱུར་དུ་འགྲུབ་པར་འགྱུར། །ཞེས་སོ། །དེ་ཡན་ཆད་ཀྱིས་དཀྱིལ་ འཁོར་གྱི་རིམ་པ་བསྟན་ནས། ད་ནི་བསྒྲུབ་པའི་རིམ་པ་བསྟན་ཏེ། རས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རས་ནི་གསོ་རས་སམ། ཤིང་བལ་གྱི་རས་སྡིག་པས་མ་གོས་པ་ལ་ཁྲུ་བརྒྱད་པའི་ཚད་ཙམ་ལ་སྡོམ་པ་ལ་རབ་ཏུ་གནས་པ་རྣམས་ཀྱིས་བསྒྲུབ་པའི་ དཀྱིལ་འཁོར་བྲི་བར་བྱ་སྟེ། དེ་ཡང་འདིར་སྐུ་གསུམ་གྱི་རྒྱུད་ཅེས་གསུངས་པས་ལས་རྣམ་པ་གསུམ་བྱེད་དེ། དེ་ཡང་གང་ཞེ་ན། སྐུའི་དངོས་གྲུབ་བསྒྲུབ་པ་དང་། །གསུང་གི་དངོས་གྲུབ་བསྒྲུབ་པ་དང་། །ཐུགས་ཀྱི་དངོས་གྲུབ་བསྒྲུབ་པའོ། །དེ་ཡང་ཇི་ལྟར་བསྒྲུབ་པར་བྱ་སྙམ་པ་ལ། དེ་ཡང་རི་མོའི་སྒོ་ནས་བསྒྲུབ་པར་བྱ་སྟེ། དེ་ཡང་དེ་བཞིན་གཤེགས་པ་དང་། །དེ་ཡི་རིགས་ཀྱི་སེམས་དཔའ་དང་། རིགས་ཀྱི་ཁྲོ་བོ་དང་། རིགས་ཀྱི་ཡུམ་རྣམས་བྲི་བར་བྱའོ། །རས་ཀྱི་སྟོད་ཀྱི་དབུས་སུ་བཅོམ་ལྡན་འདས་ཐམས་ཅད་རིག་པ་སྐུ་མདོག་དཀར་པོ་ལོངས་སྤྱོད་རྫོགས་པའི་ཆ་ བྱད་དུ་བཞུགས་པ་ཕྱག་གཉིས་བསམ་གཏན་གྱི་ཕྱག་རྒྱ་ཅན་སེང་གེའི་གདན་ལ་བཞུགས་པ་བྲིའོ། །གཡས་ཕྱོགས་སུ་ཐུགས་ཀྱི་བདག་པོ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་སྐུ་མདོག་དཀར་པོ་གླང་པོ་ཆེའི་གདན་ལ་བཞུགས་པ། བསམ་གཏན་གྱི་ཕྱག་རྒྱའི་སྟེང་ན་རྡོ་རྗེ་ བསྣམས་པ་བྲི་བར་བྱའོ། །གཡོན་ཕྱོགས་སུ་ནི་ཤཱཀྱ་ཐུབ་པ་གསུང་གི་རིགས་ཏེ། སྐུ་མདོག་དམར་སེར་བསམ་གཏན་གྱི་ཕྱག་རྒྱའི་སྟེང་ན་པདྨ་འདབ་མ་བརྒྱད་པ་ཁ་མ་བྱེ་བའི་ནང་ན་རྡོ་རྗེ་གནས་པ་བྲི་བར་བྱའོ། །ཤཱཀྱ་ཐུབ་པའི་འོག་ཏུ་ནི་ཀུན་དུ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་ཟླ་ བ་ལྟ་བུ་ཕྱག་ན་པདྨ་བསྣམས་པ་བྲི་བར་བྱའོ། །ངན་སོང་སྦྱོང་བའི་འོག་ཏུ་ནི་ཕྱག་ན་རྡོ་རྗེ་སྐུ་མདོག་ལྗང་གུ་རྡོ་རྗེ་དྲིལ་བུ་བསྣམས་པ་བྲི་བར་བྱའོ། །དེ་གཉིས་ཀྱི་དབུས་སུ་ནི་སྨན་གྱི་བླ་སྐུ་མདོག་སྔོན་པོ་ཕྱག་གཅིག་ན་འབྲས་བུ་ཨ་རུ་ར་བསྣམས་པ་ཕྱག་གཅིག་མཆོག་སྦྱིན་པའི་ཚུལ་དུ་བཞུགས་པ་བྲི་བར་བྱའོ་ཞེས་ རིགས་བསྣུར་བ་ནི་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་གསུངས་སོ། །རྟ་མགྲིན་དང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་གཉིས་ནི་རང་གི་ལྷ་ལ་བརྟེན་པར་བྲིའོ། །དེ་གཉིས་ཀྱི་བར་དུ་ནི་ཡུམ་བཞི་བྲི་སྟེ་ལོ་ཙ་ན་དང་། ན་བཟའ་དཀར་མོ་དང་། མཱ་མ་ཀཱི་དང་། སྒྲོལ་མ་རྣམས་ནི་རང་རང་གི་ མཚན་མ་ཕྱག་ན་བསྣམས་པ་བྲི་བར་བྱའོ། །གཞན་རྣམས་ནི་དཀྱུས་ན་གསལ་ལོ། །དེ་ནས་རི་མོ་སྐུ་གཟུགས་མངོན་པར་མཆོད་དེ་སྤྱན་དབྱེ་བར་བྱའོ་ཞེས་པ་ལ་སོགས་པ་སྤྱན་དབྱེ་བ་ནི་དང་པོར་སྔགས་པ་ཡོན་ཏན་བཅུ་དང་ལྡན་པས་རབ་ཏུ་གནས་པར་བྱས་ཏེ་བྱིན་གྱི་རླབས་དང་ལྡན་ པར་བྱས་ནས་གཟོད་གནས་དབེན་པར་བསྒྲུབ་པ་བརྩམ་པར་བྱའོ། །དེ་ནས་རྟགས་དང་མཚན་མ་བྱུང་ནས་གདོད་དངོས་གྲུབ་བླང་བར་བྱའོ། །དེའི་དོན་ཡང་འདི་ལྟར་ཤེས་པར་བྱ་སྟེ། དང་པོར་སློབ་དཔོན་ཡོན་ཏན་བཅུ་དང་ལྡན་པ་ནི་འདི་ཡིན་ཏེ། རིགས་བཙུན་པ། སེམས་བརྟན་པ། སྤྱོད་པ་དུལ་ བ། ཤེས་རབ་ཆེ་བ། བཟོད་པ་དང་ལྡན་པ། དྲང་བ། གཡོ་སྒྱུ་མེད་པ། སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས་པ། དཀྱིལ་འཁོར་བྲི་བའི་ལས་ལ་མཁས་པ་དེ་ཁོ་ན་ཉིད་བཅུ་ལ་མཁས་པ། དེ་ལྟ་བུ་ནི་སློབ་དཔོན་དུ་གཟུང་ངོ་། །དེ་ལྟ་བུ་དང་ལྡན་པའི་རྣལ་འབྱོར་པ་དེས་ནི་རབ་ཏུ་གནས་པར་བྱའོ་ཞེས་ ལུང་ལས་ཀྱང་གསུངས་ཏེ། ཇི་སྐད་དུ། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །དེ་ཉིད་བཅུ་ནི་ཡོངས་ཤེས་པ། །འདི་ནི་སློབ་དཔོན་ཡིན་ཞེས་བྱ། །དེ་ཡིས་བསྟན་པའི་གསང་ སྔགས་རྣམས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །དེ་ཁོ་ན་ཉིད་བཅུ་ནི་ཚོགས་མཐོ་བའི་ནང་ནས་ཀྱང་། །དཀྱིལ་འཁོར་དང་ནི་ཏིང་འཛིན་མཆོག །ཕྱག་རྒྱ་སྟང་སྟབས་བདུན་དང་ནི། །བཟླས་བརྗོད་མཆོད་པ་སྦྱིན་སྲེག་དང་། །ལས་ཀྱི་སྦྱོར་བ་ཉེར་བསྡུ་བ། ། དེ་ལྟར་དེ་ཉིད་བཅུ་ཤེས་ཤིང་། །དམན་པའི་སེམས་ནི་སྨོད་བྱེད་པའོ། །ཞེས་གསུངས་སོ། །དེ་ནས་ཡིད་དང་མཐུན་པའི་གནས་ཡིད་དུ་འོང་བར་ཚེས་གྲངས་དང་རྒྱུ་སྐར་བཟང་པོ་དང་། གཟའ་བཟང་པོ་རྒྱུ་བའི་དུས་ཚོད་བཟང་པོ་ལ་སྤྱན་དབྱེ་བའི་མགོ་གཟུགས་པར་ བྱའོ། །གང་ནས་རབ་ཏུ་གནས་པའི་ཡོ་བྱད་ཐམས་ཅད་དང་ལྡན་པར་བྱ་སྟེ། རབ་ཏུ་གནས་པའི་ཁྲུས་ཀྱི་སྟེགས་བུ་དང་། རབ་ཏུ་གནས་པ་དང་འཚམ་པའི་དཀྱིལ་འཁོར་ལ་སོགས་པ་ཡང་ལེགས་པར་རབ་ཏུ་བརྟག་པར་བྱའོ། །དེ་ནས་བའི་རྣམ་པ་ལྔ་དང་། སྔོས་ཆབ་ལ་རྡོ་རྗེ་གནོད་ སྦྱིན་ཡོངས་སུ་བཟླས་པས་གནས་ཉེ་བར་བྱུག་པར་བྱའོ། །དེ་ནས་དྲི་དང་སྦྱར་བའི་ཆུས་ཀྱང་ཉེ་བར་བྱུགས་ལ། བསོད་ནམས་དང་དཔལ་འཕེལ་བར་བྱེད་པའི་གདུགས་དང་རྒྱལ་མཚན་དང་། བླ་རེ་དང་བ་དན་ལ་སོགས་པས་བརྒྱན་པར་བྱའོ། །དེ་རྣམས་ལ་ཡང་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ བཛྲ་ཡཀྵ་ཧཱུྃ་ཞེས་པ་བཟླས་སོ། །དེ་ནས་ནང་པར་གྱི་དུས་སུ་ལེགས་པར་ཁྲུས་བྱས་ལ་གོས་གཙང་མ་བགོས་ཏེ། གཙུག་ཏོར་དང་ཅོད་པན་བཅིངས་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱས་པའམ། ཡང་ན་ཆ་ལུགས་རིགས་དང་མཐུན་པ་ཇི་བཞིན་པས་བྱའོ། །རང་གི་རིགས་ཀྱི་འཁོར་ལོས་སྒྱུར་ བའི་སྦྱོར་བའམ་རྣལ་འབྱོར་ཆེན་པོ་བྱའོ། །དེ་ཡང་། །ཆོ་ག་ཉམས་པས་མི་བྱ་སྟེ། །རས་གནས་རྟག་ཏུ་སྨད་པ་དང་། །ཚེ་འདིར་སྡུག་བསྔལ་ཆེན་པོ་དང་། །འཇིག་རྟེན་གཞན་དུ་འཇིག་རྟེན་འབྱུང་། །དེ་བས་དངོས་གྲུབ་འདོད་པ་ཡིས། །བདག་ཉིད་ཀྱིས་ནི་ཅི་ནུས་དང་། །དེ་བཞིན་ཆོ་གར་གསུངས་ ཚུལ་དུ། །ཀུན་ནས་རབ་ཏུ་འབད་དེ་བྱ། །ཞེས་སོ། །དེ་ལ་དང་པོར་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་གཞོམ་པ་ལ་སོགས་པ་བྱས་ལ། དེ་ལ་སྔོན་དུ་འགྲོ་བ་དང་སྦྱོར་བ་དང་པོ་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་བྱས་ལ། དེ་ནས་བུམ་པ་སྟ་གོན་ལ་གནས་པ་བྱ་སྟེ། བུམ་པའི་སྟེགས་བུ་གྲུ་བཞི་པའམ་སྒོ་བཞི་པ་དཀྱིལ་འཁོར་པདྨ་འདབ་མ་བརྒྱད་པའམ། བཅུ་དྲུག་པ་ལ་བུམ་པ་ཇི་ཙམ་འབྱོར་བ་གཞག་པར་བྱའོ། །དེར་ཕྱོགས་དང་མཚམས་སུ་བུམ་པ་བརྒྱད་ལ་རང་གི་མཚན་མ་བྲིས་པ་དང་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྒོ་བའི་མཚན་མ་དང་། རྡོ་རྗེ་མེ་ཏོག་ལ་སོགས་པ་ བྲིས་པའི་བུམ་པ་གང་བ་འབྱོར་ཚད་ཀྱང་ཕྱོགས་དང་མཚམས་རྣམས་སུ་གཞག་པར་བྱའོ། །དབུས་སུ་ཡང་རྣམ་པར་རྒྱལ་བའི་བུམ་པ་རིགས་ལྔའི་མཚན་མས་མཚན་པ་གཞག་པར་བྱའོ། །དེ་དག་གི་ནང་དུ་འབྲུ་ལྔ་དང་། སྨན་ལྔ་དང་རིན་པོ་ཆེ་ལྔ་ལ་སོགས་པ་བཅུག་ལ་དྲིས་སྦྱར་བའི་ཆུ་བླུགས་ནས། རས་ཟུང་གིས་ མགུལ་པ་བཅིངས་ལ་འདབ་མ་དྲི་ཞིམ་པོས་ཁ་བརྒྱན་པར་བྱ་བ་དང་། སྟེང་དུ་བླ་རེ་བྲེ་བ་དང་། གདུགས་དང་རྒྱལ་མཚན་གྱིས་ཉེ་འཁོར་བརྒྱན་པར་བྱའོ། །དེ་ནས་བུམ་པ་བྱིན་གྱིས་བརླབ་པར་བྱ་སྟེ། ཁཾ་ལས་བུམ་པ་ནག་པོ་ར་རི་མེད་པ་མཆུ་འཕྱང་བ་མགྲིན་པ་རིང་བ་གསུས་པ་ཆེ་བ་མི་གནག་པར་བྱིན་གྱིས་ བརླབས་ཏེ། ཨོཾ་སརྦ་བིཏ་བཛྲ་ཡཀྵ་ཧཱུྃ་ཞེས་བྱ་བ་ཕྱག་རྒྱ་དང་བཅས་པས་གཞལ་ཡས་ཁང་གདན་དང་བཅས་པའི་སྟེང་དུ་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་རྣམས་བསྐྱེད་ལ། ཡེ་ཤེས་སེམས་དཔའ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྔགས་དང་ཕྱག་རྒྱས་དགུག་པ་ལ་སོགས་པ་བྱ་སྟེ། ཕྱག་རྒྱ་བཞིས་ རྒྱས་བཏབ་ནས་རང་རང་གི་སྙིང་པོ་དང་སྔགས་བརྗོད་ཅིང་མཆོད་ཡོན་ལ་སོགས་པས་མཆོད་ལ་བསྟོད་དེ། ཐུན་གསུམ་གྱི་རིམ་པས་བཟླས་བརྗོད་བྱའོ། །དེ་ནས་དཀྱིལ་འཁོར་གྱི་བགེགས་བསྲུང་བ་དང་སྟ་གོན་ཡང་བྱའོ། །དེ་ནས་རབ་ཏུ་གནས་པར་བྱ་བའི་སྐུའི་སྟ་གོན་བྱ་སྟེ་སྐུ་དེ་ཉིད་གང་དང་གང་ ཡིན་པ་སྐུའི་རྣམ་པར་བསྐྱེད་དེ། མཆོད་པ་ལྔས་མཆོད་ལ། དེ་ནས་སྦྱང་བར་བྱ་སྟེ་ཏིལ་དང་ཡུངས་ཀར་གྱིས་བསྐོར་ཞིང་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ་ཞེས་བྱ་བ་དང་། རུ་རུ་སྥུ་རུའི་སྔགས་ཀྱིས་མེ་ལ་སྦྱིན་སྲེག་བྱ་ཞིང་སྦྱང་ངོ་། །དེ་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཡང་བརྗོད་པར་བྱའོ། ། དེ་ནས་བསྟོད་པས་ཀྱང་བསྟོད་དེ། མཆོད་པར་བྱའོ། །དེ་ནས་སྙིང་པོ་དང་སྔགས་ཀྱང་གདོན་ནོ། །ལས་ཐམས་ཅད་པའི་བུམ་པས་ཁྲུས་བྱས་པ་ལས་ཐམས་ཅད་པའི་སྔགས་བཟླས་པའི་སྟན་ཡང་གདིང་བར་བྱའོ། །དེ་ནས་དེར་བཞུགས་སུ་གསོལ་ཏོ། །དེ་ནས་བྲིས་སྐུ་ལ་སོགས་པ་ དེ་མི་དམིགས་པར་བྱས་ཏེ། ཏིང་ངེ་འཛིན་གྱིས་སྐུ་དེ་གང་དང་གང་ཡིན་པ་དེར་བསྐྱེད་ལ་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་བྱས་ལ་མཆོད་པ་བྱས་ཏེ། ཡང་ཕྱག་རྒྱ་བཞིས་རྒྱས་བཏབ་ལ་སྔགས་རྣམས་མངོན་པར་བཟླས་ཏེ། དེ་ནས་ཡང་རིགས་ ཐམས་ཅད་ཀྱི་བདག་པོའི་སྔགས་ཨོཾ་བཛྲ་སཏྭ་ཧཱུྃ་ཞེས་པའོ། །ཨོཾ་བྷ་ག་བ་ཏི་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནེ་སརྦ་ཨཪྠ་སཱ་དྷ་ནི་སྭཱ་ཧཱ་ཞེས་བྱ་བ་ནི་རིགས་ཀྱི་ཡུམ་རྣམས་ཀྱི་རིག་པའོ། །ཨོཾ་ཛི་ན་ཛིཀ་ཅེས་བྱ་བ་ནི་རིགས་ཀྱི་སྙིང་པོའོ། །དེ་བཞིན་དུ་ཨོཾ་ཤཾ་ཀ་རེ་ཤཱནྟིཾ་ཀ་རེ། གྷུཊྚ་གྷུཊྚ་གྷུཊྚི་ནི། གྷ་ཊ་ཡ། གྷ་ཊ་ཡ། གྷུཊྚི་ནི་སྭཱ་ཧཱ། ཨོཾ་བཛྲ་དྷྲྀཀ་སྭཱ་ཧཱ། ཨོཾ་བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊ་བཱིརྱ་སྭཱ་ཧཱ། ཨོཾ་ཨཱ་རོ་ལྀཀ་སྭཱ་ཧཱ། ཨོཾ་རཏྣ་དྷྲྀཀ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་པྲཛྙཱ་དྷྲྀཀ་སྭཱ་ཧཱ། ཞེས་བྱ་བ་ནི་རིགས་སོ་སོའི་སྙིང་པོ་དང་རིག་པའོ། །ཡང་རྒྱུད་འདི་ཉིད་ཀྱི་ སྔགས་དང་རིག་པ་བརྗོད་དོ། །དེ་ནས་ཅོད་པན་དང་དར་དཔྱངས་བཅིངས་པ་དང་གོ་ཆ་བསྐོན་པ་ལ་སོགས་པ་བྱས་ལ། མེ་ཏོག་ལ་སོགས་པ་མཆོད་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བྱས་ཏེ། ཕྱི་དེ་ཉིན་པར་རབ་ཏུ་གནས་པར་བྱའོ། །དེ་ནས་རྩ་བའི་དཀྱིལ་འཁོར་ཆེན་པོ་ལ་མཆོད་པས་ མཆོད་དེ། བསྟོད་པས་བསྟོད་ནས་ཕྱག་བྱ་སྟེ། རྣམ་པར་སྣང་མཛད་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ནི་བརྩེ་བར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་ཁྱེད་རྣམས་ཀྱིས། ། སྐུ་འདི་རབ་ཏུ་གནས་པར་ནི། །མགོན་པོ་བདག་ནི་བགྱིད་པར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བར་མཛད་པའི་རིགས། །བདག་མིང་འདི་ཞེས་བྱ་བ་ཡིས། །རིག་པའི་རྒྱལ་པོ་འདི་ཞེས་པ། །ཡོ་བྱད་འབྱོར་བ་འདི་ཡིས་ནི། །ནང་པར་རབ་གནས་བགྱིད་པར་ འཚལ། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་རབ་གནས་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་བྱ་བ་ལན་གསུམ་དུ་བརྗོད་དོ། །དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ནས་སྦྱིན་སྲེག་བྱ་སྟེ། །དང་པོར་བགེགས་ ཞི་བར་བྱ་བའི་ཕྱིར་རྡོ་རྗེ་མེས་སྦྱིན་སྲེག་བྱའོ། །ཚིམ་པར་བྱ་བའི་ཕྱིར་ནི་རང་གི་སྔགས་ཀྱིས་སོ། །དགོངས་པར་བྱ་བའི་ཕྱིར་ནི་རིགས་ཀྱི་རིག་པས་སོ། །འབྱོར་པར་བྱ་བའི་ཕྱིར་ནི་རིགས་ཀྱི་བདག་པོའི་སྙིང་པོས་བྱའོ། །དེ་ནས་མཆོད་པ་སྣ་ཚོགས་ཀྱིས་མཆོད་ལ་མངོན་པར་འདོད་པའི་དངོས་ གྲུབ་ཀྱི་ཕྱིར་གསོལ་བ་གདབ་སྟེ། རང་གི་དགེ་བའི་རྩ་བ་བསྔོས་ལ། ཡེ་ཤེས་ཀྱི་ལྷ་ནི་གཤེགས་སུ་གསོལ་བར་བྱ་བའི་ཕྱིར་འདིས་བསྐུལ་བར་བྱའོ། །ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །དངོས་གྲུབ་ཚུལ་བཞིན་སྩལ་ལགས་ཀྱི། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་ པར་མཛད་དུ་གསོལ། །དེ་ནས་དམ་ཚིག་གི་ལྷ་རྣམས་མདུན་གྱི་ནམ་མཁའ་ལ་གཞལ་ཡས་ཁང་ཁ་སྦྱོར་བྱས་ཏེ་སྒྲ་ཡིག་དབྱངས་ཡིག་གིས་སྲུབས་དཀྲིས་ཏེ། ཡི་གེ་འབྲུ་ལྔས་ཕྱོགས་མཚམས་བསྲུངས་ཏེ་བཞུགས་སུ་གསོལ་ལོ། །དེ་ནས་བདག་ཉིད་བསྲུང་བའི་ཕྱིར་ཡི་གེ་བརྒྱ་པ་བཟླས་སོ། །དེ་ནས་དེ་ཉིད་དུ་ ཀུ་ཤ་བཏིང་བའི་སྟེང་དུ་ཉལ་བར་བྱའོ། །དེ་ནས་ནང་པར་མལ་ནས་ལངས་ནས་བའི་རྣམ་པ་ལྔ་དང་། སྤོས་ཆུས་ལྷའི་ཁང་པ་བྱུགས་ལ། །དེ་ནས་འཇུག་པའི་དཀྱིལ་འཁོར་ནི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གང་ལྕོགས་པ་ཅིག་བྲི་བར་བྱ་སྟེ། རྣམ་པར་སྣང་མཛད་སྐུའི་དཀྱིལ་འཁོར་རམ། ཤཱཀྱ་ཐུབ་པ་གསུང་གི་དཀྱིལ་འཁོར་རམ། རྡོ་རྗེ་སེམས་དཔའ་ཐུགས་ཀྱི་དཀྱིལ་འཁོར་གང་གྲུབ་པ་གཞུང་ལས་འབྱུང་བ་བཞིན་བྲི་བར་བྱའོ། །དེ་ནས་དགོངས་ཀའི་དུས་སུ་འཇུག་པའི་རིམ་པས་ཞུགས་ཏེ། སྦྱོར་བ་གསུམ་བསྒོམས་ཏེ་བགེགས་ལ་སོགས་པ་བསྐྲད་པར་བྱའོ། །དེ་ནས་བདག་ཉིད་ཀྱིས་ གཞལ་ཡས་ཁང་པ་བསྐྱེད་པ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་དང་། ལས་རྒྱལ་པོ་མཆོག་བྱས་ཏེ། བཟླས་པ་ཡན་ཆད་རྫོགས་པ་དང་། གདོད་རབ་ཏུ་གནས་པ་ལ་འཇུག་པར་བྱ་སྟེ། དང་པོ་བདག་ཉིད་འཇུག་པའི་རིམ་པས་ཞུགས་ལ། དེ་ནས་འཇུག་པའི་རིམ་པས་བཅུག་སྟེ། ཟངས་མའི་སྣོད་ལ་ སོགས་པ་སྤྱན་འབྱེད་ཀྱི་རྫས་རྣམས་བཤམས་ཏེ་ཆུ་རྣམ་པ་བདུན་དང་། དུང་གི་སོ་མངས་དང་། གསེར་གྱི་མིག་ཐུར་དང་། སྤབས་བཞར་དང་། ཆན་གྲི་དང་། ཟངས་ཐུར་དང་། རྨང་ཚེར་ལ་སོགས་པ་ཡོ་བྱད་ཚོགས་པར་བཤམས་པ་དང་། མཆོད་པའི་ཡོ་བྱད་འབྱོར་ཚད་དང་། རས་དཀར་ཁ་ ཚར་མ་ཉམས་པ་དང་། མེ་ལོང་ལ་སོགས་པ་འབྱོར་ཚད་དང་། རིན་པོ་ཆེ་སྣ་བདུན་དང་། རྫས་བརྒྱད་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་ལས་གསུངས་པ་རྣམས་བསོགས་ལ། དེ་རྣམས་ལ་སྔགས་ཀྱིས་བསང་ངོ་། །དེ་ནས་སྐུའི་རྣམ་པ་གང་དང་གང་ཡིན་པ་བདག་ཉིད་ཀྱིས་གསལ་བར་བརྟགས་ ལ། དེ་ནས་ཡེ་ཤེས་ཀྱི་ལྷ་རྣམས་དགུག་པ་དང་། གཞུག་པ་དང་། བཅིངས་པ་དང་། དབང་དུ་བྱས་པས་བསྒྲུབ་པར་བྱའོ། །མཛུབ་མོ་ལྕགས་ཀྱུ་བཅིངས་པ་ནི། །མཐེའུ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །མཁྲིག་མ་མདུད་པས་མཛུབ་གཉིས་གདུབ། །རྒྱབ་གཉིས་ ཀྱང་ནི་བསྙམས་ཏེ་མནན། །ཛཿཧཱུྃ་བཾ་ཧོཿཞེས་བརྗོད་དོ། །དེ་ལྟར་སྤྱན་དྲངས་ནས་མཆོད་ཡོན་དང་། ཞབས་བསིལ་ཕུལ་ཏེ། སྔར་བཤད་པའི་སྔགས་ཀྱིས་སྦྱང་བ་བྱས་ཏེ། དེའི་འོག་ཏུ་དཱུར་བའི་ཆུན་པོ་དང་། ཏིལ་མར་གྱིས་སྦྱང་བ་བྱ་སྟེ་དེའི་སྔགས་ནི་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། དེ་ནས་ལས་ཐམས་ཅད་པའི་བུམ་པས་ཁྲུས་གསོལ་ལོ། །དེ་ནས་ཆུ་བདུན་གྱིས་སྐུ་ཁྲུས་གསོལ་ལོ། །དེ་ནས་རས་ཀྱིས་སྐུ་ཕྱིའོ། །དེ་ནས་སྤྱན་དབྱེ་བ་ལ་སོགས་པ་བྱ་སྟེ། ཆོ་ག་ཞིབ་མོ་ལས་ཤེས་པར་བྱའོ། །དེ་ནས་དབང་བསྐུར་བའི་ཆོ་གས་ཁྲུས་ཀྱང་གསོལ་བར་བྱ་སྟེ། ཇི་ལྟར་ བལྟམས་པ་ཙམ་གྱིས་ཀྱང་། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་བ། །དེ་བཞིན་བདག་གིས་ལྷ་ཡི་ཆུས། །དག་པར་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་སྭཱ་ཧཱ། དེ་ནས་ན་བཟའ་དབུལ་བར་བྱ་སྟེ། ཨོཾ་བཛྲ་བ་ས་སེ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་སྭཱ་ཧཱ། བྱུག་པ་དབུལ་ལོ། །ཨོཾ་བཛྲ་ཨཱ་ཧཱ་ར་ན་བྷཱུ་ཥ་ནེ་སྭཱ་ཧཱ། མཆོད་ཡོན་དབུལ་ལོ། །ཨོཾ་བཛྲ་པུཥྤེ་ཧཱུྃ་ཞེས་བྱ་བ་ལ་སོགས་པས་མཆོད་པ་ལྔ་དབུལ་ལོ། །དེ་ནས་དབུ་རྒྱན་གྱི་དབང་བསྐུར་བར་བྱ་སྟེ། མཐེ་བོང་གཉིས་ནི་བསྣོལ་བྱས་ཏེ། །གུང་མོ་བསྙམས་པའི་ཚིགས་དང་སྦྱར། །རྡོ་རྗེ་ དབྱིངས་ཀྱི་དབང་མོར་བཤད། །ཨོཾ་བྷྲཱུྃ་ཁཾ་ཞེས་བྱ་བ་དང་། ཨ་བྷི་ཥིཉྩ་སྟྭཾ་ཞེས་བྱ་བ་དང་། ཨོཾ་སཏྭ་བཛྲི། རཏྣ་བཛྲི། དྷརྨ་བཛྲི། ཀརྨ་བཛྲི། ཞེས་བྱ་བ་ལ་ཨ་བྷི་ཥིཉྩ་སྟྭཾ་ཞེས་བྱ་བ་བསྣན་ལ། རྡོ་རྗེ་བསྡམས་པའི་གུང་མོ་བསྒྲེང་བ་ནི་སེམས་མ་རྡོ་རྗེ་མའིའོ། །དེ་ཉིད་རིན་ཆེན་འདྲ་བར་ བྱས་པ་ནི་རིན་ཆེན་སེམས་མའིའོ། །དེ་ཉིད་པདྨ་འདྲ་བར་བྱས་པ་ནི་པདྨ་སེམས་མའི་འོ། །དེ་ཉིད་ལས་ཐལ་མོ་སྦྱར་བ་ཕྲལ་བ་ནི་རྡོ་རྗེ་ལས་མའིའོ། །དེ་ནི་རིགས་ཀྱི་དབང་བསྐུར་བའོ། །དེ་བཞིན་གཤེགས་པ་ལ་ནི་རིན་པོ་ཆེའི་མྱུ་གུས་དབང་བསྐུར་བ་སྟེ། རིན་ཆེན་མྱུ་གུའི་ཕྱག་རྒྱ་བཅིངས་ལ་ བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ་ཞེས་པས་དབང་བསྐུར་རོ། །དེ་ནས་ཨོཾ་ཧཱུྃ་ཞེས་བྱ་བ་དང་། རྡོ་རྗེ་ཁུ་ཚུར་གཉིས་སོ་སོར་བཅིངས་ཏེ། མཛུབ་མོ་གཉིས་བཀུག་ལ་གོ་ཆ་བྱས་ཏེ་སྙིང་གར་མདུད་པ་ལྟར་བྱས་ལ། ཡང་མགྲིན་པ་དང་། རྒྱན་དང་། དཔྲལ་བའི་སྟེང་དུ་མདུད་པར་བྱ་ཞིང་། དེ་ནས་ཕྲེང་བ་བཅིང་པའི་ཚུལ་གྱིས་མདུད་པ་བྱ་བ་ དར་དཔྱངས་བཅིངས་པའི་ཚུལ་ཡང་བྱས་ལ་ངོས་གཉིས་སུ་མཐའ་མ་ལ་སོགས་པ་ནས་སོར་མོ་ཐམས་ཅད་བཀྲོལ་ལ། དེ་ནས་མཉམ་པའི་ཐལ་མོས་མཉེས་པར་བྱ་སྟེ། ཨོཾ་བཛྲ་ཏུ་ཥྱ་ཧོཿ། དེ་ནས་སྒེག་མོ་ལ་སོགས་པས་མཆོད་པར་བྱའོ། །ཡང་ན་སྐབས་འདིར་རྡོ་རྗེ་དང་དྲིལ་བུ་ལ་སོགས་པའི་དབང་རྣམས་སྦྱིན་པར་བྱའོ། ། དེ་ནས་མིག་ཐུར་ལ་སོགས་པའི་བྱ་བའི་ལས་རྣམས་སྐབས་འདིར་བྱའོ། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནེ་སྭཱ་ཧཱ། དེ་ནས་སྤབས་བཞར་བ་ལ་སོགས་པ་བྱའོ། །དེ་ནས་ཕྱིར་མི་ལྡོག་པ་ལ་སོགས་པ་ཐམས་ཅད་དབང་སྟེགས་ཀྱི་སྟེང་དུ་བསྐུར་བར་བྱའོ། །དེ་ནས་སྔགས་འདིས་བཀྲ་ཤིས་ཀྱི་ བཤོས་དབུལ་བར་བྱ་སྟེ། ཨོཾ་དི་བྱ་ཨགྣི་ས་མཱ་དྷྱ་ན་པྲི་ཎ་ཡེ་སྭཱ་ཧཱ། དེ་ནས་མེ་ལོང་དང་བཤོས་གཞན་དག་དང་མཆོད་པའི་ཡོ་བྱད་འབྱོར་ཚད་ཀྱིས་མཆོད་པ་དང་། བདག་དབུལ་བ་ལ་སོགས་པའི་མཆོད་པ་བཅུ་དྲུག་གིས་མཆོད་པ་དང་། བསྟོད་པ་ལ་སོགས་པས་བསྟོད་དོ། དེ་ལྟར་བྱས་ནས་ ཡང་དེའི་འོག་ཏུ་ཡང་སློབ་མ་གཞུག་པར་བྱ་སྟེ། ཁྱོད་ཀྱིས་ང་ལ་གསོལ་བཏབ་པའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་སྐད་གསུངས་བཞིན་རབ་གནས་པའི། །དེ་ནི་བྱ་བ་བྱེད་དུ་བཅུག །ཅི་བདེ་བར་ནི་མཆོད་པར་གྱིས། །ཞེས་བསྒོ་སྟེ། དེ་ནས་གོང་ནས་བྱུང་བའི་དབང་ གིས་སློབ་མ་ལ་དབང་བསྐུར་རོ། །དེ་ནས་སྦྱིན་སྲེག་གི་ལས་བྱའོ། །དེ་ལྟར་སྤྱན་དབྱེ་བའི་ལས་བྱས་ནས་འཇུག་པའི་དཀྱིལ་འཁོར་གཤེགས་སུ་གསོལ་བ་ལ་སོགས་པ་བྱའོ། །དེ་ནས་སྒྲུབ་པ་པོས་གནས་དབེན་པར་བསྒྲུབ་པ་བྱ་སྟེ། ཁམས་གསུམ་རྣམ་པར་རྒྱལ་བར་བདག་ ཉིད་བསམས་ལ་བསྲུང་བ་ལ་སོགས་པ་བྱས་ལ། བདག་ལྷའི་ཏིང་ངེ་འཛིན་དུ་ཞུགས་ལ་དངོས་གྲུབ་ཀྱི་མཚན་མ་བྱུང་བྱུང་དུ་བཟླས་པར་བྱའོ། །དེ་ནས་གལ་ཏེ་མཚན་མ་ཞིག་མཐོང་ན་ནི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་པ་ནི་འོག་ནས་འབྱུང་བ་འདིའོ། །འོན་ཏེ་མ་མཐོང་ན་ནི་རིང་པོ་ཞིག་ན་དངོས་ གྲུབ་ཏུ་འགྱུར་ཏེ་ཞེས་པ་ནི་སྐྱེ་བ་བརྒྱུད་ནས་སོ། །དངོས་གྲུབ་ཀྱི་མཚན་མ་ནི་འདི་ཡིན་ཏེ། བཞད་པ་དང་ནི་རྔ་སྒྲ་དང་། །ཞེས་པ་ལ་སོགས་པ་གསུངས་ཏེ། བཞད་པ་ནི་རིས་སུ་བྲིས་པའི་སྐུའོ། །རྔ་སྒྲ་ལ་སོགས་པ་ནི་ནམ་མཁའི་འོ། །དགེ་སློང་དང་བྲམ་ཟེ་ལ་སོགས་ པ་ནི་རྨི་ལམ་གྱི་རྣམ་པར་རོ། །འབྲས་བུ་མཐོང་ན་མྱུར་དུ་ནི། །ཞེས་བྱ་བ་ནི་རྟགས་ཏེ་གང་ཡིན་པ་དེ་མཐོང་ན་མཆོག་སྟེ་སྐུ་དང་བར་མ་སྟེ་གསུང་དང་ཐ་མ་སྟེ། བྱང་ཆུབ་སེམས་དཔའི་དངོས་གྲུབ་ཐོབ་བོ། །ཡང་ན་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པ་དང་། ཕྲིན་ལས་ བཞི་པོ་དག་གི་དངོས་གྲུབ་འགྲུབ་པའི་རྟགས་སོ། །དེ་ནས་མཚན་མ་བྱུང་བ་དང་། །དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། །ཞེས་པ་ནི་དངོས་གྲུབ་བླང་བར་བྱ་བའི་ཐབས་ཏེ། འཇུག་པའི་དཀྱིལ་འཁོར་བཞིན་དུ་བྲིས་ལ་བྱའོ། །ཕྱི་ནང་གི་མཆོད་པ་མང་པོས་མཆོད་པར་བྱ་བའི་ཕྱིར། མཆོད་པ་རྒྱ་ཆེར་བྱས་ནས་ཀྱང་། །ཞེས་སོ། །གང་དུ་གསུངས་པའི་སྔགས་ཀྱི་གྲངས་ཙམ་ཞིག་བཟླས་པར་བྱའོ། །ཡང་ན་རྟགས་ཕྲ་མོ་བྱུང་བྱུང་དུ་བཟླས་པའི་ཕྱིར་ན། མཚན་གཅིག་ཐོག་ཐག་མི་ཉལ་བར་བཟླས་ཞེས་སོ། །ཅི་སྟེ་གཙོ་བོའམ་དེའི་སྲས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའོ། ། ཡང་ན་ལྷ་རྣམས་མཐོང་འགྱུར་ན། །ཞེས་བྱ་བ་ནི་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའོ། །དེ་ལྟ་བུའི་དངོས་གྲུབ་རབ་འབྲིང་ཇི་ལྟ་བུ་ཡིན་པ་སྟེར་བའི་ཕྱིར་ན། བསོད་ནམས་སྣོད་ལས་ཅི་དགའ་བར། །ཞེས་བྱ་བ་ལ་སོགས་པའོ། །དེ་ལ་དངོས་གྲུབ་བླང་པ་ནི། །ཕྱག་འཚལ་དངོས་གྲུབ་ལ་ སོགས་བླང་། །ཞེས་པའོ། །ཕྱི་མ་ནི་དཀྱུས་ན་གསལ་ལོ། །སེམས་ཅན་ཀུན་ལ་ཕན་བརྩོན་པས། །ཞེས་བྱ་བ་ནས། དྲན་བཞིན་ལས་ཀུན་བྱེད་པར་འགྱུར། །ཞེས་བྱ་བའི་བར་གྱིས་ནི་གྲུབ་པར་སྒྲུབ་པ་པོའི་ཡོན་ཏན་བསྟན་པའོ། །དེས་ནི་རས་ལ་སྐུ་གསུང་ཐུགས་བསྒྲུབས་ པའི་ཏིང་ངེ་འཛིན་བསྟན་ཏོ། །ད་འདི་ནས་མ་འོངས་པའི་སེམས་ཅན་ཚེའི་དུས་བྱས་པ་རྣམས་ལ་ཕན་གདགས་པའི་རིམ་པ་བསྟན་ཏེ། དེ་ནས་ལྷ་རྣམས་ཀྱི་དབང་པོ་ཞེས་བྱ་བ་ནས། ཉོན་ཅིག་ཅེས་བྱ་བའི་བར་གྱིས་ནི་ཞུས་པ་དང་གནང་བ་བསྟན་ཏོ། །དེ་ལ་ཡང་དང་པོར་དབང་གིས་ཕན་གདགས་པ་ བསྟན་ཏེ། དེ་བཞིན་དཀྱིལ་འཁོར་བྲིས་ནས་ནི། །ཞེས་པ་ལ་སོགས་པ་སྟེ། དེ་བཞིན་དཀྱིལ་འཁོར་བྲིས་ནས་ནི། ཞེས་བྱ་བ་དེ་ནི་དེ་བཞིན་ནི་གོང་མ་ལ་སྙེགས་པ་སྟེ་རྩ་བའི་དཀྱིལ་འཁོར་ཆེན་པོ་བྲིས་ལ། དེར་སློབ་མ་འཇུག་པའི་རིམ་པ་བཞིན་དུ་གཞུག་ཅིང་དབང་བསྐུར་བ་ནི་གོང་མ་བཞིན་དུ་བུམ་ པ་དང་། ཕྱིར་མི་ལྡོག་པའི་དབང་རྣམས་བསྐུར་ན་སྡིག་པ་ཆེན་པོ་བྱས་པ་དེ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལས་ཐར་ཏེ། དགའ་ལྡན་ལ་སོགས་པའི་ལྷའི་རིགས་སུ་སྐྱེས་ནས་རིམ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཕྱིར་མི་ལྡོག་པའི་ས་ལ་འགོད་པར་འགྱུར་རོ། །ཤི་བའི་ རོ་མེད་ན་མིང་ལ་དབང་བསྐུར་ན་ཡང་ངན་སོང་ལས་ཐར་བར་འགྱུར་ཏེ། དེའི་ཐབས་ཀྱང་དེའི་གཟུགས་བརྙན་བྲི་བའམ་ཞེས་བྱ་བ་ནས། སྙིང་རྗེ་ཅན་གྱིས་དབང་བསྐུར་རོ། །ཞེས་བྱ་བའི་བར་གྱིས་བསྟན་ཏོ། །གཉིས་པ་ལྷར་བརྟགས་པའི་རང་བཞིན་བསྟན་པ་ནི་ཤི་བ་དེ་ཉིད་རང་དད་ པའི་ལྷའི་རང་བཞིན་དུ་བརྟགས་ནས། མཆོད་རྟེན་གྱི་དབུས་སུ་གཞག་པའམ། རང་གི་ཁྱིམ་དུ་བཞག་ན་ཡང་གྲོལ་བར་འགྱུར་རོ། །མཆོད་རྟེན་གྱིས་ཕན་གདགས་པར་བྱ་བ་ནི་རང་གི་མིང་ནས་བརྗོད་ལ་གུར་གུམ་ལ་སོགས་པ་སྔགས་དང་སྤེལ་ཏེ་མཆོད་རྟེན་གྱི་ནང་དུ་བཅུག་ནས། ཁྲིའམ་ འབུམ་ཙམ་དུ་བཏབ་ན་ཡང་སྡིག་པའི་ལས་ཟད་པར་འགྱུར་རོ། །སྡིག་པ་ཆེན་པོ་བྱས་པ་ཡང་བྱེ་བར་མཆོད་རྟེན་གྱི་ལས་བྱས་ན་ཡང་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལས་ཐར་བར་འགྱུར་ཏེ་ལྷའི་གནས་སུ་སྐྱེའོ། །ཡང་ཐབས་གཞན་ཡང་བཟླས་པས་ཕན་གདགས་པ་ཡང་ཡོད་དེ། དེའི་ མིང་ནས་བརྗོད་ནས་ངན་སོང་སྦྱོང་བའི་སྔགས་འབུམ་ཕྲག་སྟོང་ངམ་བྱེ་བ་ཡན་ཆད་བཟླས་ན་ངན་སོང་ལས་ཐར་ནས་ལྷའི་གནས་སུ་སྐྱེའོ། །ཡང་ཐབས་གཞན་དག་ཡོད་དེ། དེའི་མིང་ནས་བརྗོད་ཅིང་རྣལ་འབྱོར་པ་མཁས་པས་འབུམ་ཕྲག་བརྒྱའམ། བརྒྱ་ཕྲག་སྟོང་དུ་སྡིག་པ་བསྲེག་ པའི་སྦྱིན་སྲེག་ཏིལ་ལམ་ཡུངས་ཀར་དང་། ར་དཀར་མོའི་འོ་མ་དང་། འབྲས་དང་གུར་གུམ་ལ་སོགས་པས་བསྒོས་པའི་ཡམ་ཤིང་དང་། བའི་མར་ལ་སོགས་པས་སྦྱིན་སྲེག་བྱས་ན་ཡང་ངན་སོང་ལས་ཐར་ནས་ལྷའི་གནས་སུ་སྐྱེའོ། །དེ་ངན་སོང་ལས་ཐར་ནས་ལྷའི་གནས་སུ་སྐྱེས་པའི་མཚན་ ལྟས་ནི། དེ་ཡི་མཚན་མ་སྟོན་པར་བྱེད། །ཅེས་བྱ་བ་ནས། སྐྱེས་པ་ཡིན་པར་ཤེས་པར་བྱ། །ཞེས་པ་ཡན་ཆད་ཀྱིས་བསྟན་ཏོ། །ཡང་ཐབས་གཞན་རོ་དེ་བསྲེགས་པས་ཕན་གདགས་པ་ཡོད་དེ། དེ་ནི་འདི་ཡིན་ཏེ། ཁྲུ་བཞི་པ་ཡི་ཚད་དུ་ནི། །ཞེས་བྱ་ བ་ལ་སོགས་པ་གསུངས་ཏེ། ཁྲུ་བཞི་པ་ནི་ནང་གི་ཚད་དེ་དེའི་ཕྱི་རོལ་ཁྲུ་བརྒྱད་པར་བྱ་སྟེ། དེའི་ནང་དུ་ཁྲུ་དོ་ཁོར་ཡུག་གི་ཁ་ཁྱེར་ལ་བཏང་ལ། ཁྲུ་དོ་ནི་མེ་ཐབ་ཀྱི་རྒྱར་བཏང་ཞིང་ཟབས་སུ་ནི་ཁྲུ་གང་བརྐོ་བར་བྱའོ། །དེ་ལ་ནང་གི་ཁ་ཁྱེར་ལ་སོར་བརྒྱད་དོ། །དེའི་ཕྱིར་བསྐྱེད་ལ་དེ་ནས་ཁ་ཁྱེར་ལ་སོར་བརྒྱད་དཔངས་ དང་རྒྱར་མཉམ་པར་གཏང་བར་བྱའོ། །དེའི་ཕྱིར་ཁ་ཁྱེར་དཔངས་དང་ཞེང་དུ་ཡང་སོར་བརྒྱད་དོ། །ཆོ་ག་བཞིན་དུ་ཞེས་བྱ་བའི་སྒྲ་ནི་འདི་ལྟར་དོན་ལ་སྙེགས་ཏེ། དང་པོར་ས་བརྟག་པ་དང་། དེ་ནས་ཡུལ་གྱི་རྒྱལ་པོ་ལ་སོགས་པ་ལས་ས་དེ་བསླང་བ་དང་། ས་བདག་དང་ཀླུ་ལ་སོགས་པ་ལ་ གཏོར་མ་བྱིན་ཏེ་ས་བསླང་ཞིང་བརྟག་པ་དང་། ཕྱི་སྦྱང་སྟེ་རོ་ལྔ་དབྱུང་བ་དང་། ནང་སྦྱང་སྟེ་ཏིང་ངེ་འཛིན་གྱིས་སྤྱོད་པ་དང་། ས་གཏེར་དུ་གཞུག་པ་དང་། སྟེགས་བུ་འཐས་པར་བརྩིགས་པ་དང་། སྒོ་དང་ལྷའི་གནས་ཀྱི་ཐིག་གདབ་པ་ལ་སོགས་པ་བྱའོ། །ཁུང་བརྐོས་ལ་ཞེས་བྱ་བ་ ནི་ཟབས་སུ་ཁྲུ་གང་པར་བྱའོ། །རྡོ་རྗེས་མཐའ་མ་བསྐོར་བ་ཡི། །ཞེས་པ་ནི་ཁ་ཁྱེར་ལ་གྲྭ་བཞིར་རྡོ་རྗེ་གསུམ་པ་བཞི་བཏང་བ་དང་། གཞན་ཡང་རྡོ་རྗེ་དང་མེ་ཏོག་གི་ཕྲེང་བས་བསྐོར་བའོ། །འཁོར་ལོ་དབུས་སུ་བྲི་བར་བྱ། །ཞེས་བྱ་བ་ནི་ཐབ་ཀྱི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་ ཅིག་བྲིས་ལ། དེ་ལ་རིགས་ལྔའི་ཕྱག་རྒྱ་རྡོ་རྗེ་དང་། པདྨ་དང་། རིན་པོ་ཆེ་དང་། རྒྱ་གྲམ་དང་། དབུས་སུ་འཁོར་ལོ་དེ་རྣམས་འཇིམ་པ་ལས་འབུར་དུ་དཔངས་སོར་གཅིག་པའི་ཚད་དུ་བྱས་ལ། ཤར་དང་ནུབ་དང་ལྷོ་དང་བྱང་དང་། དབུས་སུ་རིམ་པ་བཞིན་གཞག་པར་ བྱའོ། །ཕྱིའི་ཁ་ཁྱེར་ལ་འཁོར་ལོའམ་པདྨ་འདབ་མ་བཅུ་དྲུག་པར་བྲིས་ལ། སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཅུ་དྲུག་གི་མཚན་མ་རྡོ་རྗེ་དང་ལྕགས་ཀྱུ་ལ་སོགས་པ་བྲི་བར་བྱའོ། །དེའི་ཕྱིར་སྣམ་བུ་ལ་ཕྱག་རྒྱ་ཉི་ཤུ་བྲི་བར་བྱ་བ་ནི། ཤར་ཕྱོགས་ནས་བརྩམས་ ནས། ནགས་ཀྱི་ལྕུག་མ་དང་། བགྲང་ཕྲེང་དང་། རིལ་བ་སྤྱི་བླུགས་དང་། གླིང་བུ་དང་། ཏྲི་ཤཱུ་ལ་དང་། ཟླ་བ་ཕྱེད་པ་དང་། རལ་པ་མིག་དང་། རྒྱལ་མཚན་དང་། དུང་དང་། འཁོར་ལོ་དང་། བེ་ཅོན་དང་། རལ་གྲི་དང་། ཕུབ་དང་། ཕག་དང་། སེང་གེ་དང་། མདུང་ དང་། དྲིལ་བུ་དང་། བ་དན་དང་། རྨ་བྱ་དང་། ར་སྐྱེས་དང་། ཁྱིམ་བྱ་རྣམས་ནི་ཤར་ཕྱོགས་ནས་བརྩམས་ཏེ་བྲི་བར་བྱའོ། །དེ་ལ་འཇིག་རྟེན་གཙོ་བོ་རྣམས་ཀྱི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བྲི་བར་བྱ་ཞེས་སོ། །དེ་ནས་སྒོ་དང་། རྟ་བབས་དང་བཅས་པ་བྲི་བར་བྱའོ། །མཆོད་པའི་ཡོ་བྱད་མེ་ཏོག་ ལ་སོགས་པ་དང་། ལཱ་སྱེ་མ་ལ་སོགས་པ་དང་། །སྒོ་བ་བཞི་ཡན་ཆད་ཀྱི་ཕྱག་རྒྱ་དགོད་པར་བྱའོ། །བྱ་དང་བུམ་པ་གང་བ་དང་། །ཞེས་བྱ་བ་ནས། གདུགས་མཆོག་རྣམས་ནི་ལེགས་པར་གཞག །ཅེས་བྱ་བ་ཡན་ཆད་ཀྱིས་ནི་དཀྱིལ་འཁོར་གྱི་རྒྱན་དུ་བྱ་བ་དང་། །རོ་ལ་དབང་བསྐུར་བའི་ རྫས་སུ་བྱ་བའི་ཆེད་དུའོ། །དེ་ནི་དཀྱིལ་འཁོར་བྲི་བའི་རིམ་པའོ། །དེ་ལྟར་དམ་པའི་བསྲེག་ཁུང་དུ། །སྦྱིན་སྲེག་ཐམས་ཅད་ཡང་དག་བྱ། །ཞེས་པ་ནི་སྦྱིན་སྲེག་འོག་ནས་འབྱུང་བ་བཞིན་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་ཆོ་ག་ཤེས་པ་ཡིས། །ཞེས་པ་ལ། །དེ་ལྟར་ཞེས་བྱ་བ་ ནི་གོང་མ་ལ་སྙེགས་པའོ། །ཆོ་ག་ཤེས་པས་ཞེས་བྱ་བ་ནི་ས་བརྟག་པ་ལ་སོགས་པ་གོང་མ་ལྟར་ཤེས་པའོ། །གཞན་ཡང་བདག་ཉིད་ལྷའི་རྣལ་འབྱོར་དུ་བྱས་ནས་གོང་མ་ལྟར་བྲིས་ནས་དཀྱིལ་འཁོར་གྱི་ཡོ་བྱད་དང་བུད་ཤིང་ལ་སོགས་པ་ལ་ལས་ཐམས་ཅད་པའམ་རྡོ་རྗེ་རྩེ་མོའི་སྔགས་ཀྱིས་ བཏབ་སྟེ། དེ་ནས་ལས་ཐམས་ཅད་པའང་། འཕགས་པ་མི་གཡོ་བས་བགེགས་བསྐྲད་ཅིང་མཚམས་བཅད་དོ། །དེ་ནས་བདག་ཉིད་ལྷར་བྱས་ཏེ་དབང་བསྐུར་བ་དང་ལུས་བསྲུང་བ་ལ་སོགས་པ་བྱས་ཏེ། བདག་ཉིད་ཀྱིས་ཕྱག་རྒྱ་བཅིངས་ཤིང་སྔགས་བརྗོད་པ་དང་། ཐུགས་ཀ་ནས་འོད་ འཕྲོས་པ་ལས་ཁྲོ་བོའི་སྐུར་གྱུར་པས་ཕྱོགས་མཚམས་ཀྱི་བགེགས་བསྐྲད་པར་བྱ་སྟེ། སྟེང་དུ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་ནག་པོ་ཧཱུྃ་ཞེས་བྱ་བའི་ཕྱག་རྒྱ་དང་ལྡན་པས་བསྲུངས་སོ། །ཞབས་ནི་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་པའོ། །ཤར་དུ་རྡོ་རྗེ་གཙུག་ཏོར་གྱིས་བསྲུངས་ཏེ། སྐུ་མདོག་དཀར་ པོ་ཕྱག་གཉིས་རང་གི་ཕྱག་རྒྱ་དང་ལྡན་པ་སྤྱན་གསུམ་པ། གཡས་བརྐྱང་གཡོན་བསྐུམ་གྱིས་བཞུགས་པའོ། །བྱང་དུ་ནི་ཁྲོ་བོ་རྡོ་རྗེ་དུས་ཞེས་བྱ་བས་བསྲུངས་ཏེ། སྐུ་མདོག་ནི་ཆར་སྤྲིན་ལྟ་བུ་ཞབས་གཉིས་ནི་ཟླུམ་པོའི་འདུག་སྟངས་ཅན། ཕྱག་གཉིས་རྡོ་རྗེ་མཆེ་བ་བསྣམས་ པའོ། །ནུབ་ཏུ་ནི་རྟ་མགྲིན་རྡོ་རྗེ་བ་དན་བྱ་བས་བསྲུངས་ཏེ། སྐུ་མདོག་ནི་དམར་པོར་བཞུགས་པ་ཞབས་གཉིས་ས་གའི་འདུག་སྟངས་སུ་གནས་པ་ཕྱག་གཉིས་ན་རྡོ་རྗེའི་བ་དན་ལྕེ་བརྒྱད་པ་བསྣམས་པའོ། །ལྷོར་རྡོ་རྗེ་རྩེ་མོ་སྟེ་གཤིན་རྗེ་གཤེད་ཀྱིས་བསྲུངས་ཏེ། སྐུ་མདོག་ནག་པོར་ གནས་པ་ཞབས་གཉིས་ནི་གཡོན་བརྐྱང་བས་བཞུགས་པ་ཕྱག་ན་ནི་རྡོ་རྗེ་རྩེ་མོའི་བ་དན་བསྣམས་པའོ། །མཚམས་བཞིར་ནི་འཇིགས་བྱེད་ཞགས་པས་བསྲུངས་ཏེ། སྐུ་མདོག་ནི་ངོས་གཉིས་པའོ། ཕྱག་ན་ནི་རྡོ་རྗེ་མཆེ་བ་དང་ཞགས་པ་བསྣམས་པའོ། །འོག་ཏུ་ནི་ཁྲོ་བོ་རྡོ་རྗེ་ གནོད་སྦྱིན་གྱིས་བསྲུང་ངོ་། །ཕྱག་གཉིས་རི་བོ་འདེགས་པ་སྐུ་མདོག་ནག་པོའོ། །ཁྲོ་བོ་དེ་རྣམས་ནི་གྱད་ཀྱི་འདོར་སྟབས་ཅན་ནོ། །ཁྲོ་བོ་དེ་དག་ཐམས་ཅད་ཀྱང་ཞལ་གདངས་པ་མཆེ་བ་གཙིགས་པ་སྐྲ་ཁམ་པ་གྱེན་དུ་འགྲེང་བ། སྟོད་གླང་ཆེན་གྱི་ཀོ་བ་རློན་པ་གསོལ་བ། སྐུ་སྨད་ སྟག་གི་པགས་པས་སྨད་དཀྲིས་པ། སྤྱན་གསུམ་པ་སྨ་ར་སེར་པོའི་མེ་ཆེན་པོ་འབར་བ་ཞལ་ནས་རང་གི་སྔགས་ཀྱི་སྒྲ་སྒྲོགས་པ་རིགས་བཞིའི་སྦྲུལ་གྱིས་སྐུ་ལ་བརྒྱན་པར་བསྒོམ་མོ། །དེ་ནས་བཾ་ལས་རྡོ་རྗེ་ར་བ་བསམ་པར་བྱ་བ་དང་། ཀརྨས་དཀྱིལ་འཁོར་བཅིང་བ་དང་། ཕུར་ བུས་སྔ་ནས་གནས་པ་བསྐྲད་པ་དང་། ཕྱིས་མི་འོང་བར་བྱས་ཏེ་གདབ་པར་བྱའོ། །དེ་ནས་བདག་ཉིད་ཀྱིས་ཚོགས་ཀྱི་ཡན་ལག་བྱ་སྟེ། སྟོང་པར་བསྒོམས་ལ། རིམ་གྱིས་རྟེན་དང་བརྟེན་ཅན་གྱི་ལྷ་དང་། གཞལ་ཡས་ཁང་བསྐྱེད་པ་ཡན་ཆད་བྱའོ། །བྲིས་ནས་ཀྱང་ཞེས་བྱ་ བའི་སྒྲ་ནི་བསྒོམས་ནས་ཞེས་པའི་དོན་ཏོ། །ལྷ་རྣམས་མང་པོ་སྤྱན་དྲངས་ལ། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སོ། །སྤྱན་དྲངས་པ་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུའོ། །དེ་ཡང་གང་དུ་གང་གི་གང་ཕྱིར་ཞེས་པའི་དོན་ཏོ། །སྔགས་ཤེས་སྔགས་དང་ ཕྱག་རྒྱ་ཡིས། །ཞེས་བྱ་བ་ལ་སྔགས་ཤེས་ནི་རྣལ་འབྱོར་པ་ལྷའི་ཏིང་ངེ་འཛིན་དང་ལྡན་པ་དེའོ། །སྔགས་དང་ནི་རྩ་བའི་སྔགས་རྣམས་སོ། །ཕྱག་རྒྱ་ནི་ཕྱག་རྒྱ་བཞི་སྟེ། དམ་ཚིག་དང་། ཆོས་དང་། ལས་དང་ཕྱག་རྒྱ་ཆེན་པོའོ། །ཡང་ན་སྔགས་དང་ཕྱག་རྒྱ་ཕྱི་ནང་གི་ལྷ་མོ་རྣམས་ཀྱི་ སྔགས་དང་ཕྱག་རྒྱའོ། །ཕྱི་ནང་གི་མཆོད་པ་དབུལ་བར་བྱའོ། །མདོར་ན་མཆོད་པ་བྱས་ནས་ནི། །ཞེས་བྱ་བས་ནི་རོ་ལ་རིག་པའི་དབང་དང་ཕྱིར་མི་ལྡོག་པའི་དབང་བསྐུར་རོ་ཞེས་བྱ་བར་འབྲེལ་ཏོ། །དེ་ནས་གཏོར་མ་རྣམས་ཚུལ་བཞིན་དུ་བྱིན་གྱིས་བརླབས་ནས་དམ་ཚིག་ཅན་ལ་གཏོར་མ་ཕུལ་ཏེ། མིང་འདི་ཞེས་བྱ་བའི་སྒྲིབ་པ་བྱང་བར་གྱུར་ཅིག །བདག་གིས་འགྲོ་བའི་དོན་བརྩམས་པའི་སྟོང་གྲོགས་མཛད་དུ་གསོལ་ཞེས་བརྗོད་དོ། །དེ་ནས་འགྲོ་བ་སྦྱོར་བ་ཡང་གཅིག་བསྔོས་ལ་མིང་འདི་ཞེས་བྱ་བའི་ལས་ཀྱི་བག་ཆགས་བྱང་ཞིང་བསོད་ནམས་ཀྱི་ཚོགས་སུ་གྱུར་ཅིག་ཅེས་བརྗོད་དེ་གཏང་ངོ་། ། དེ་ནས། ལྷ་ཡི་སྦྱོར་བ་རབ་གནས་ལ། །ཞེས་བྱ་བ་ལ་སོགས་པས་ནི་སྔགས་མཁན་གཞན་ཞིག་ཡོད་ན་ལྷའི་ཏིང་ངེ་འཛིན་དང་ལྡན་པར་བྱས་ཏེ། བུམ་པ་ལ་རིགས་ལྔའི་སྙིང་པོ་ཤི་བའི་མིང་དང་སྤེལ་ནས་སྔགས་ཟློས་སུ་གཞུག་གོ །དེ་ནས་ངན་སོང་སྦྱོང་བའི་སྔགས་ཅི་མང་དུ་ཟློས་སུ་གཞུག་ གོ །གཞན་མེད་ན་བདག་ཉིད་ཀྱིས་བྱའོ། །ག་བུར་གུར་གུམ་ཞེས་པས་ན། །ཡམ་ཤིང་དང་ནི་དེ་བཞིན་ཏེ། །ཞེས་པའི་བར་གྱིས་ནི་རྫས་ཀྱི་རིམ་པ་བསྟན་ཏོ། །ད་ནི་ཤིང་བརྩིག་པའི་རིམ་པ་བསྟན་ཏེ། རང་གི་སྔགས་ཀྱིས་བཏབ་པའི་ཤིང་། །ཁུང་བུའི་ནང་དུ་གཞུག་པར་བྱ། །ཞེས་ པ་ནི་བུད་ཤིང་ལ་ངན་སོང་སྦྱོང་བའི་སྔགས་ཀྱིས་བཏབ་སྟེ་བརྩིགས་པ་ནི་ཤིང་དྲང་ཞིང་དྲི་དང་ལྡན་པ་རིང་བའི་གདུང་ཀ་བ་བཞི་ཐབ་ཀྱི་ཟུར་བཞི་ལ་བཙུགས་ལ་དེའི་སྟེང་དུ་གདུང་གཉིས་བཞག་ལ་སྔས་བྱ། ཕྱི་མ་དེ་གཉིས་ཀྱི་སྟེང་དུ་ཕྱམ་ཐ་མ་པ་དགོད། དེ་ནས་དེའི་སྟེང་དུ་ཡང་དཀྱིལ་འཁོར་ཞལ་ ཞལ་ལེགས་པར་བྱ། དེའི་སྟེང་དུ་ཁང་པ་རིམ་པ་གསུམ་པ་མཆོད་རྟེན་གྱི་ཚུལ་དུ་བརྩིག་པར་བྱའོ། །དེ་ནས་ཕྲག་གནོན་དང་སྟེང་གནོན་ནི་རོ་བཞག་ལ་བརྩིག་པར་བྱའོ། །ད་ནི་རོ་བྱིན་གྱིས་བརླབ་པར་བྱ་སྟེ། རོ་ལ་སྔགས་ཀྱིས་བཏབ་ནས་སུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་དོན་ཡང་འདི་ལྟར་ཤེས་པར་བྱ་སྟེ། དེ་ཡང་དང་པོར་བདག་ཉིད་ལྷའི་རྣལ་འབྱོར་དུ་བྱས་ཏེ། ཤི་བའི་ལུས་ལ་གནས་པ་དང་། ཁོག་སྲུང་ལ་སོགས་བར་དུ་གཅོད་པའི་བགེགས་བསྐྲད་པ་ནི་རྡོ་རྗེ་གསོར་ཞིང་། ན་མོ་བཛྲ་སཏྭ་ཀྲོ་དྷ་ཨ་ན་ལཱརྐ། མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ། བི་དྲ་བ་བི་དྲ་བ། སརྦ་ཨརྠ་ཡ་ནཱ་ཤ་ཡ་ནཱ་ཤ་ཡ། ཧ་ར་ཧ་ར། པྲཱ་ཎཱཾ་ཧཱྃ་ཕཊ། ཅེས་བརྗོད་ལ་བསྐྲད་དོ། །དེ་ནས་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཆེ་གེ་མོ་ཛཿཛཿ། ཞེས་བརྗོད་པས་ཚེ་འདས་པ་དེ་གང་ན་གནས་ཀྱང་རུང་སྟེ། རང་དབང་མེད་པར་ ལྕགས་ཀྱུ་ཅན་གྱིས་བཀུག་པར་བསམ། བཛྲ་པཱ་ཤ་ཧཱུྃ་ཞེས་པས་རོ་ལ་ཤེས་པ་གཞུག །བཛྲ་སྥོ་ཊ་བཾ་གྱིས་བསྡམས། བཛྲ་གྷཎྜེ་ཧོཿས་སེམས་མ་འཁྲུགས་པར་དག་པར་བྱའོ། །དེ་ནས་ངན་སོང་སྦྱོང་བའི་སྔགས་ཀྱིས་རོ་ལ་བཏབ་ལ། སྔོན་དུ་བཟླས་པའི་བུམ་པའི་ཆུའི་མཆོག་དེས་བཀྲུ་བར་ བྱའོ། །དེས་བཀྲུས་པས་ཀུན་གཞིའི་ལས་དང་ཉོན་མོངས་པ་གངས་ཀྱི་རིམ་པ་བཞིན་དུ་གནས་པ་དག་པར་བསམ་མོ། །དེ་ནས་སྔགས་བཟླས་པའི་དྲི་གུར་གུམ་ལ་སོགས་པས་ལུས་དེ་ལ་བྱུག་པར་བྱ་བ་ནི། བཟླས་པའི་དྲི་ཡིས་བྱུག་པར་བྱ། །ཞེས་སོ། །གོས་རྒྱན་གྱིས་ནི་བཀླུབས་ནས་ནི། ། ཞེས་པས་ནི་སྔགས་བཏབ་པའི་རས་དཀར་པོ་ཡུག་ཁ་ཚར་མ་ཉམས་པས་དཀྲི་བར་བྱའོ། །སྔགས་ཀྱིས་བཏབ་པའི་བདུག་པས་ཀྱང་བདུག་པར་བྱའོ། །མེ་ཏོག་གི་ཕྲེང་བས་ཀྱང་རོ་ལ་གདགས་པར་བྱའོ། །ད་ནི་རོ་ལ་སྔགས་གདབ་ཅིང་བྱིན་གྱིས་བརླབ་པར་བྱའོ། །གཙུག་ཕུད་དཔུང་པ་དེ་ བཞིན་དུ། །སྔགས་བྲིས་ནས་ནི་གདགས་པར་བྱ། །ཞེས་པ་ལ་སོགས་པ་དེ་ནས་གུར་ཀུམ་བཟང་པོས་སྔགས་བྲིས་པ་ནི་ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཁ་ནི་ལུས་ཏེ་མགོ་བོར་གདགས། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ལྐོག་མ་ནི་ངག་སྟེ་ལྕེ་རྩར་གདགས་སོ། །ཨོཾ་ ཙྪིནྡ་ཙྪིནྡ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། སྙིང་ག་སྟེ་ཡིད་ཀྱི་དེར་གདགས་སོ། །དེ་གསུམ་གྱིས་ནི་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་བཅུའི་བག་ཆགས་དག་པར་དམིགས་སོ། །ད་ནི་གནས་བཅོ་བརྒྱད་དུ་གདགས་པར་བྱ་སྟེ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ་ སརྦ་ཀརྨ་ཨཱ་བ་ར་ཎཱ་བི་ཤུདྡྷེ་སྭཱ་ཧཱ། ཀུན་རིག་དཔྲལ་བར་རོ། །ཨོཾ་ཤོ་དྷ་ནེ་ཤོ་དྷ་ཡ། སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཧཱུྃ་ཕཊ་ཧཱུྃ་ངན་སོང་སྦྱོང་བ་སྟེ་མཛོད་སྤུ་ལའོ། །ཨོཾ་ཤོ་དྷ་ནེ་ཤོ་དྷ་ཡ། སརྦ་ཨ་པཱ་ཡ། སརྦ་སཏྭེ་བྷྱོ་ཧཱུཾ་ཏྲཱཾ། རིན་ཆེན་མེ་ཏོག་སྟེ་རྣ་བ་གཡས་པ་ལའོ། །ཨོཾ་ཤོ་དྷ་ནི་ཤོ་དྷ་ཡ། སརྦ་ཨ་བཱ་ ཡ་བི་ཤོ་དྷ་ནི་ཧྲཱིཿ། ཤཱཀྱ་ཐུབ་པ་སྟེ་རྣ་བ་གཡོན་པ་ལའོ། །ཨོཾ་ཤོ་དྷ་ནི་ཤོ་དྷ་ཡ་སརྦ་སཏྭ་ཡ་ཏྲཱ་ཊ་ཨཿ། མེ་ཏོག་ཆེར་རྒྱས་ཏེ་མགོ་བོའི་གཙུག་ཕུད་ལའོ། །ན་མོ་བྷ་ག་ཝ་ཏི་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་ བི་ཤོ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎཱ་བི་ཤོ་དྷ་ནི་སྭཱ་ཧཱ། རྩ་བའི་རིག་པ་སྟེ་དཔུང་པ་གཡས་པ་ལའོ། །ཨོཾ་སརྦ་ཨཱ་བ་ར་ཎཱ་བི་ཤོ་དྷ་ནི་ཧ་ན་ཧཱུྃ་ཕཊ། རྡོ་རྗེ་སེམས་དཔའ་སྟེ་དཔུང་པ་གཡོན་པ་ལའོ། །ཨོཾ་སརྦ་བིཏ་ཧཱུྃ་རྡོ་རྗེ་རྒྱལ་པོ་སྟེ་སྣ་ལའོ། །ཨོཾ་སརྦ་བིཏ་ཕཊ། རྡོ་རྗེ་ ཆགས་པ་སྟེ་རྐང་པ་ལའོ། །ཨོཾ་སརྦ་བིད་ཨཱཿ། རྡོ་རྗེ་ལེགས་པ་སྟེ་པུས་མོ་གཡས་པ་ལའོ། །ཨོཾ་སརྦ་བིཏ་ཏྲ། རྡོ་རྗེ་རིན་ཆེན་ཏེ་པུས་མོ་གཡོན་པ་ལའོ། །ཨོཾ་སརྦ་བིཏ་ཨོཾ། རྡོ་རྗེ་ཉི་མ་སྟེ་བོལ་གོང་གཡས་པ་ལའོ། །ཨོཾ་སརྦ་བིཏ་སྭ། རྡོ་རྗེ་རྒྱལ་མཚན་ཏེ་བོལ་གོང་གཡོན་པ་ལའོ། ། ཨོཾ་སརྦ་བིཏ་ཨཱཿ། རྡོ་རྗེ་བཞད་པ་སྟེ་ལོང་བུ་གཡས་པ་ལའོ། །ཨོཾ་སརྦ་བིཏ་ཧཱུྃ་རྡོ་རྗེ་ཆོས་ཏེ་ལོང་བུ་གཡོན་པ་ལའོ། །ཨོཾ་སརྦ་བིཏ་ཏྲ་ཐ། འཇམ་དཔལ་ཏེ་མིག་གཡས་པ་ལའོ། །ཨོཾ་ཀྵ་རྡོ་རྗེ་འཁོར་ལོ་མིག་གཡོན་པ་ལའོ། །ཨོཾ་བྷ་རྡོ་རྗེ་སྨྲ་བ་སྟེ་མདོམས་སུའོ། །དེ་ལྟར་དབང་པོ་ རྣམས་སུ་ཡི་གེ་དེ་རྣམས་བཞག་ནས། ཏིང་ངེ་འཛིན་གྱིས་ཀྱང་སྔགས་དེ་དག་གི་འོད་ཟེར་གྱིས་སྒྲིབ་པ་རྣམས་སྦྱོང་བར་བསམ་པར་བྱའོ། །དེ་ནས་སྐབས་འདིར་རིག་པའི་དབང་དང་ཕྱིར་མི་ལྡོག་པའི་དབང་རྣམས་བསྐུར་བར་བྱའོ། །དེ་ནས་གསང་སྔགས་ཀྱིས་བཏབ་པའི་དར་ལ་སོགས་ པའི་གོས་ཀྱིས་གཡོགས་ནས་རྒྱན་ཐམས་ཅད་ཀྱིས་བཀླུབས་ནས་བཞག་པ་ལ་ནི། །སྔགས་ཀྱིས་བཏབ་པའི་གོས་ཀྱིས་གཡོགས། །ཞེས་སོ། །སྟན་དང་བཅས་ཏེ་ཐབ་ཏུ་བཞག །ཅེས་པ་ནི་སྟན་པདྨ་འདབ་མ་བརྒྱད་པ་ཅིག་རས་ལ་བྲིས་ཏེ། དེ་དང་བཅས་པར་ཐབ་ཀྱི་དབུས་སུ་ཁ་ནུབ་ཕྱོགས་ སུ་བསྟན་ལ་གཞག་གོ། །དེ་ནས་ཕྲག་གནོན་བཏང་ལ་སྟེང་དུ་ཤིང་བརྩིག་གོ། དེ་ནས་རྣལ་འབྱོར་པ་སྦྱིན་སྲེག་གི་ལས་ལ་འཇུག་པར་བྱ་སྟེ། དེ་ཡང་སྔགས་པ་བདག་ཉིད་ཁ་ཤར་ཕྱོགས་སུ་བལྟས་ལ་ལས་བྱའོ། །དེ་ནས་རྫས་ཀྱི་རིམ་པ་མར་ཁུ་དང་། འོ་མ་ དང་། ཏིལ་དང་། ཡུངས་ཀར་དང་། འབྲས་ཆན་དང་། འབྲས་ཡོས་དང་། དཱུཪྺ་དང་། ཡམ་ཤིང་དང་། མེ་འབར་བའི་ཤིང་ལ་སོགས་པ་ལ་གུར་གུམ་ལ་སོགས་པ་དྲི་ཞིམ་པོ་དག་གིས་བསྒོས་ཤིང་བྱུག་པ་དག་དགྲམ་མོ། །དེ་ནས་ཡོ་བྱད་རྣམས་ལ་ལས་ཐམས་ཅད་པ་རྡོ་རྗེ་གནོད་ སྦྱིན་ནོ། །རྡོ་རྗེ་རྩེ་མོའི་སྔགས་ཀྱིས་གདབ་བོ། །དེ་ནས་རང་རེའི་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །དེ་ནས་བྱིན་ཟ་དགེ་བ་ལེགས་སྦར་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །དེའི་དོན་ཡང་འདི་ལྟར་ཤེས་པར་བྱ་སྟེ། ཤིན་ཏུ་གཙང་བའི་རྩྭ་ཀུ་ཤའི་ཁྲེས་ལ་བདག་ཉིད་བཟང་ པོའི་འདུག་སྟངས་ཀྱིས་འདུག་གོ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་མོ། །དེ་ནས་ཁྲོ་བོ་བགེགས་ལས་རྣམ་པར་རྒྱལ་བར་བདག་ཉིད་བསྐྱེད་ལ། བསྲུང་བའི་ཆོ་ག་གོང་ནས་འབྱུང་བ་བཞིན་དུ་བྱས་ལ། དེ་ནས་སྔོན་དུ་འགྲོ་བའི་ཡན་ལག་རྫོགས་པར་བྱས་ཏེ། བདག་ཉིད་ མངོན་པར་བྱང་ཆུབ་པས་ལྷའི་སྐུའི་རྣམ་པར་བསྒོམ་མོ། །དེ་ཡང་རྒྱུ་འདི་ཉིད་ལས་ཆོས་ཐམས་ཅད་དངོས་པོ་མེད་པར་སེམས་ཀྱིས་བསྒོམ་པར་བྱ་བ་ནི། ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །ཞེས་པ་ལ་སོགས་པའི་གསུང་ལས། བདག་རྣམ་པར་སྣང་མཛད་དུ་དེ་དང་ སྔགས་འདིས་བསྐྱེད་དོ། །ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནི། ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་བ་ར་ཎཱ་བི་ཤུདྡྷེ་སྭཱ་ཧཱ། སྐུ་གོང་ལྟར་བསྐྱེད་དོ། །དེ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱས་བྱིན་གྱིས་བརླབ་པོ། །དེའི་སྔགས་དང་ཕྱག་རྒྱ་ནི་འདི་ཡིན་ཏེ། མཐེ་བོང་གཉིས་ནི་སྐྱིལ་ མོ་ཀྲུང་། །མཛུབ་མོ་གཉིས་ནི་རྩེ་མོ་དགུག །གུང་མོའི་རྩེ་མོ་མཉམ་པ་སྟེ། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་པ་དང་། ཨོཾ་བཛྲི་དྷཱ་ཏྭཱི་ཤྭ་རི་ཧཱུྃ། ཨོཾ་བཛྲ་ཎཱི་ཨ་དྷི་ཏིཥྛ་མཾ་ཞེས་བརྗོད་ཅིང་སྙིང་ག་དང་སྨིན་མཚམས་དང་ལྐོག་མ་དང་སྤྱི་བོར་བྱིན་གྱིས་བརླབ་པོ། །དེ་ནས་དབང་ བསྐུར་ཏེ། རྡོ་རྗེ་བཅིང་བ་ལས་མཐེ་བོང་གཉིས་རྩེ་མོ་ཅན་དུ་བྱས་ཏེ། དེའི་སྟེང་དུ་མཛུབ་མོ་ཕན་ཚུན་ངོས་སྤྲད་དེ། རིན་པོ་ཆེའི་རྩེ་མོ་འདྲ་བར་བྱས་པ་ནི་རིན་པོ་ཆེའི་ཕྱག་རྒྱ་སྟེ། ཨོཾ་བཛྲ་རཏྣ་ཞེས་བྱ་བའི་སྙིང་པོ་དང་བཅས་པས་དབང་བསྐུར་རོ། །དེ་ནས་རང་གི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པ་ཆོས་ཀྱི་ཕྱག་རྒྱ་ ཧཱུྃ་ལས་བསྐྱེད་དེ། དེའི་དབུས་སུ་ཆོས་ཀྱི་ཡི་གེ་སྐུ་བསྐྱེད་པའི་སྙིང་པོ་བསམ་མོ། །དེ་ནས་ལས་ཀྱི་ཕྱག་རྒྱ་རང་གི་སྙིང་གར་རྡོ་རྗེ་རྒྱ་གྲམ་ཡི་གེ་ཨ་ལས་བསམ་མོ། །དེ་ལྟར་བདག་དམ་ཚིག་སེམས་དཔའི་སྐུ་རྫོགས་པར་བསྐྱེད་པ་དེས་རྡོ་རྗེ་ར་བ་དང་དྲ་བ་ལ་སོགས་པ་བསམ་པར་བྱ་སྟེ། ལས་ཐམས་ཅད་པའི་བུམ་པའི་ཆུ་དང་། ཨོཾ་བཛྲ་ཡཀྵ་ཧཱུྃ་ཞེས་བྱ་བས་མེ་བསངས་ཏེ། མཆོད་ཡོན་ལ་སོགས་པ་མཆོད་པ་རྣམ་པ་ལྔ་ནི་གཡོན་དུ་བཞག །རྡོ་རྗེ་དྲིལ་བུ་མདུན་དུ་བཞག །མར་ཁུ་དང་དགང་བླུགས་མདུན་དུ་བཞག །སྲེག་རྫས་རྣམས་གཡས་སུ་གཞག་གོ། །དེ་ནས་ བདག་གིས་རྫས་དེ་རྣམས་སྟོབས་དང་ལྡན་པར་བྱ་བ་དང་། ཆོ་ག་ཐམས་ཅད་ལ་ནུས་པ་ཡོད་པའི་ཆེད་དུ་ཁ་དང་ལག་པ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་དང་ལྡན་པར་བྱ་བའི་ཆེད་དུ་རྡོ་རྗེ་དྲིལ་བུ་གཟུང་བར་བྱ་སྟེ། དེ་ཡང་ཧཱུྃ་དང་ཨཿལས་རྡོ་རྗེ་དྲིལ་བུ་བསྐྱེད་ དེ། དེ་ཁོ་ན་ཉིད་ཀྱིས་གཟུང་བར་བྱའོ། །དེ་ནས་བདག་ཉིད་མཆོད་པ་བརྒྱད་ཀྱིས་མཆོད་དོ། །དེ་ནས་གསང་བའི་ཐབ་ཁུང་མི་དམིགས་པ་ལས་ཡི་གེ་ཧཱུྃ་ངམ་ལྷའི་ཆོས་ཀྱི་ཡི་གེ་ལས་ཐབ་ཁུང་སྔར་བྲིས་པ་བཞིན་བསྐྱེད་ལ། དེ་ནས་པདྨ་འདབ་མ་བརྒྱད་པ་ཅིག་བསམས་ཏེ། དེའི་དབུས་ཀྱི་ ལྟེ་བ་ལ་ཡི་གེ་རཾ་འབར་བ་ལས་གྱུར་པའི་གྲུ་གསུམ་བསྐྱེད་ལ། གྲུ་གསུམ་དེའི་ཤར་ལ་སོགས་པའི་ཟུར་ལ་ཨོཾ་ཨཱཿཧཱུྃ་གསུམ་ཁམས་གསུམ་གྱི་བདག་པོར་བསྒོམས་པ་ལས། འཁོར་ལོ་དང་པདྨ་དང་རྡོ་རྗེ་རང་རང་གི་ཡི་གེས་མཚན་པ་བསྐྱེད་ལ། དེའི་དབུས་སུ་རཾ་ལས་བྱུང་བའི་ འབར་བའི་མེ་རཾ་དང་བཅས་པ་མཐོང་སྟེ། གོང་གི་ཕྱག་མཚན་རཾ་དང་བཅས་པ་འོད་དུ་ཞུ་བ་ལས་མེ་འབར་བར་བསམ་ཞིང་། དམ་ཚིག་གི་གསང་སྔགས་ཧཱུྃ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་བྷ་སྨིཾ་ཀུ་རུ་སརྦ་དུཥྚཱཾ་ཧཱུྃ་ཕཊ་ཅེས་བརྗོད་པས། རྡོ་རྗེ་མེ་ལྷའི་གཟུགས་སུ་གྱུར་ཏེ། དེ་ཡང་སྐུ་མདོག་དཀར་པོ་ཞལ་ གཅིག་ཕྱག་བཞི་པ། སྤྱན་གསུམ་པ་རལ་པའི་ཐོར་ཚུགས་དང་ལྡན་པ། གཡས་གཉིས་ན་དབྱུག་པ་དང་། མི་འཇིགས་པ། གཡོན་གཉིས་ན་ཕྲེང་བ་དང་གུནྡྷེ་འཛིན་པའོ། །གོས་དང་རྒྱན་དང་མཆོད་ཕྱིར་ཐོགས་དཀར་པོ་དང་ལྡན་པ། ལུས་ཀྱི་ཡན་ ལག་ཐམས་ཅད་ལ་མེ་ལྕེ་སྟོང་གིས་དཀྲིས་ཤིང་འོད་འབར་བར་བསམས་ནས། དེ་ལྟར་མེ་ལྷ་དམ་ཚིག་སེམས་དཔའ་བསྐྱེད་ནས་དེ་ནས་མེ་ལྷ་དེའི་ཐུགས་ཀར་ཁྲོ་བོ་རྣམ་པར་རྒྱལ་བ་ཡི་གེ་ཧཱུྃ་ལས་བསྐྱེད། དེ་ལ་ཡེ་ཤེས་ཀྱི་ཁྲོ་བོ་ལྕགས་ཀྱུ་ལ་སོགས་པས་བསྟིམས་ལ། དེ་ནས་ ཞལ་བསིལ་ལ་སོགས་པ་དབུལ་ལོ། །དེ་ནས་སྒེག་མོ་ལ་སོགས་པས་མཆོད་དོ། །དེ་ནས་རྫས་རྣམས་རང་རང་གི་སྔགས་དང་། ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ་སྭཱ་ཧཱ་ཞེས་པས་དབུལ་ལོ། །དེ་ནས་བསྟོད་དེ་ཕྲིན་ལས་བཅོལ། །དེ་ནས་བྱིན་ཟ་དགེ་བ་ལེགས་སྦར་ལ། །ཞེས་པ་ནི་མེ་རྒྱུན་ བཞག་གི་མེའམ། ཤིང་འོ་མ་ཅན་ལས་བྱུང་བའམ། བྲམ་ཟེ་ཐ་མལ་པའི་མེ་ལ་སོགས་པ་བླངས་ཏེ། ལས་ཐམས་ཅད་པའི་ཆུས་བསང་གཏོར་བྱའོ། །དེ་ནས་ཤིང་སྐམ་ཞིང་གཙང་བའི་བུད་ཤིང་བཅུག་ལ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ་ཞེས་བཟླས་ཤིང་རླུང་ཡབ་ཀྱིས་མེ་སྦར་བར་བྱའོ། ། དེ་ནས་འབར་བ་དང་གོང་གི་དམ་ཚིག་གི་མེ་དང་ཐ་མི་དད་པར་བསམས་ལ། ཡེ་ཤེས་ཀྱི་མེ་སྤྱན་དྲང་བར་བྱའོ། །མེ་ལྕེ་སྟོང་གིས་དཀྲིས་ཤིང་འབར་བ་ཡི། །ཟླ་དཀར་ཀུནྡ་བཞིན་ལ་ཞི་བའི་ལུས། །མཐའ་ཡས་པ་ཡི་གཟུགས་ཀྱི་མེ་བཀུག་ལ། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེ་སྔགས་དང་ཕྱག་རྒྱ་ འདིས་སྤྱན་དྲང་བར་བྱ་སྟེ། ལག་པ་གཡས་པ་མི་འཇིགས་པའི་ཕྱག་རྒྱ་བྱས་ལ་མཐེ་བོང་གི་རྩེ་མོ་སྲིན་ལག་གི་དྲུང་དུ་བཙུགས་ལ་དགུག་པའི་ཚུལ་གྱིས་ཡང་ནས་ཡང་དུ་བསྐྱོད་དེ། མངོན་པར་འདོད་པའི་ཚིག་འདི་བརྗོད་ཅིང་སྤྱན་དྲང་ངོ་། །ཨོཾ་གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ ཐམས་ཅད་སྒྲུབ་བྱེད་ཅིང་། །ཐུགས་རྗེས་སེམས་ཅན་དོན་ཀུན་མཛད། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཞེས་སོ། །སྤྱན་དྲངས་པའི་མེ་ལྷ་དེ་ཡང་སྐུ་ལ་མེ་ལྕེ་སྟོང་གིས་དཀྲིགས་པའི་འོད་འབར་བ། སྐུ་མདོག་དཀར་པོ་ཞི་བའི་ཆ་ལུགས་སུ་བཞུགས་པ་དེ་ལ་འཐོར་འཐུང་བྱ་སྟེ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ཏེ། དམ་ཚིག་སེམས་དཔའ་དང་གཉིས་སུ་མེད་པར་བསྟིམ་པར་བྱའོ། །དེ་ནས་གདན་བསྟབ་པར་བྱའོ། །ཨརྒྷཾ་དབུལ་བར་བརྟགས་ནས་དེ་བཞིན་དུ་ཞེས་བྱ་བ་ནི་མཆོད་ཡོན་ དབུལ་བར་བྱ་སྟེ། ལག་པ་གཡས་པའི་སོར་མོ་ཐམས་ཅད་བཀུག་ལ་མཐེ་བོང་དང་མཛུབ་མོ་གཉིས་སྦྱར་བས་མེ་ཏོག་བླངས་ཏེ་ཞབས་བསིལ་ཕུལ་ཏེ་སོར་མོ་རྣམས་བརྐྱང་བ་ནི་ཞབས་བསིལ་གྱི་ཕྱག་རྒྱ་སྟེ། ཨོཾ་པྲ་བ་ར་ས་ཏྐཱ་ར་ཏྱཾ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་བྱའོ། །དེ་ནས་མཆོད་ཡོན་ཕྱག་ཏུ་ དབུལ་བར་བྱའོ། །ཨི་མཾ་ཨརྒྷཾ་མ་ཡ་ཏྲ་ཏ་མ་ཀྲི་ཧ་ན་སིདྡྷིམྨེ་པྲ་ཡཙྪ་སྭཱ་ཧཱ། མཆོད་ཡོན་ལེན་གསུམ་དབུལ་བར་བྱའོ། །དེ་ནས་ལྕེ་ལ་རྡོ་རྗེ་དཀར་པོ་རྣམ་པར་བསམས་ལ། ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ་ཅེས་པས་མེའི་ཆོས་ཀྱི་ཕྱག་རྒྱ་དགོད་དེ། དེ་ལ་སོགས་པ་ལས་ཀྱི་ཕྱག་ རྒྱ་དང་། དབང་བསྐུར་བ་དང་། དམ་ཚིག་བསྒྲགས་པ་དང་། བརྟན་པར་བྱ་བ་དང་། ལས་བཅོལ་བ་དང་། ཕྱི་ནང་གི་མཆོད་པས་མཆོད་པ་དང་། དེ་ནས་མེ་ལྷའི་ལྕེ་དང་དགང་གཟར་དང་། བླུགས་གཟར་གྱི་ཁ་ལ་རཾ་བསམས་ཏེ། པུས་མོ་གཉིས་ཀྱི་བར་དུ་ལག་པ་བཞག་ སྟེ་སྲེག་རྫས་ཀྱིས་མཆོད་པ་དང་བསྟོད་པ་ལ་སོགས་པ་བྱའོ། །བློ་མཆོག་ལྡན་པའི་མདུན་དུ་གཟུགས་སོགས་བཞག །ཅེས་པ་ནི་མེ་ལྷ་དེ་མཆོད་པས་མཆོད་པའི་རྟེན་ལ་དབང་པོར་མདུན་དུ་བཞུགས་སུ་གསོལ་བའོ། །ཇི་སྐད་གསུངས་པའི་ཡོན་ཏན་འདོད་པ་ཡིས། ། ཞེས་བྱ་བ་ནི་ཀུན་རིག་རྣམ་པར་སྣང་མཛད་ལ་སོགས་པ་མཆོད་དེ། དེའི་དོན་ཡང་འདི་ལྟར་ཤེས་པར་བྱ་སྟེ། དེ་ནས་མེ་ལྷ་དམ་ཚིག་སེམས་དཔའ་དེའི་ཐུགས་ཀར་རྡོ་རྗེ་འཁོར་ལོའི་སྔགས་དང་ཕྱག་རྒྱས་རིན་པོ་ཆེའི་གཞལ་ཡས་ཁང་རེ་མིག་དགུ་ལྟེ་བ་དང་བཅས་པའི་འཁོར་ལོ་རྩིབས་ བཅུ་དྲུག་པ་གྲུ་ཆད་དང་། ཁྱམས་དང་། སྒོ་ཁྱུད་དང་། རྟ་བབས་དང་། ཐེམ་སྐས་ལ་སོགས་པས་བརྒྱན་པར་བསམས་ལ། མེ་ལྷའི་ཐུགས་ཀའི་ཟླ་བ་དང་པདྨའི་སྟེང་དུ་ལྷ་རྣམས་རེ་རེ་ས་བོན་གྱི་ཡི་གེ་ཡོངས་སུ་གྱུར་པའི་མཚན་མ་ལས་བྱུང་བ་ལས་དང་རྗེས་སུ་མཐུན་པའི་རྒྱན་དང་། ཁ་དོག་ལ་སོགས་པ་དང་ལྡན་པའི་ཀུན་རིག་རྣམ་པར་སྣང་མཛད་ལ་སོགས་པ་དམིགས་ཏེ་གསལ་བར་བསམ་མོ། །དེ་བཞིན་གཤེགས་པ་ཚོགས་དེ་ལྟར་སྤྱན་དྲངས་ལ་ཞེས་བྱ་བ་ནི་སྒོ་དབྱེ་བ་བྱས་ནས། བདག་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་པ་ ལས་རྡོ་རྗེ་བསྡུ་བའི་སྙིང་པོ་ཨོཾ་བཛྲ་ས་མཱ་ཛཿཛཿཞེས་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གཉིས་བསྣོལ་ཏེ་དཔུང་མགོར་བཞག་ལ་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བྱས་ལ་གུང་མོ་དང་མཐེ་བོང་གཉིས་གཏོགས་ཤིང་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་རྣམས་རང་རང་གི་གནས་ནས་ བསྐུལ་ཏེ། ཇི་ལྟར་བསམ་པའི་གནས་ཀྱི་ཁོ་ར་ཁོར་ཡུག་དུ་བཞུགས་པར་བསམ་མོ། །དེ་ནས་མཆོད་ཡོན་ཕུལ་ཏེ་བསྟོད་པས་བསྟོད་ལ། རྡོ་རྗེ་གནོད་སྦྱིན་གྱིས་རང་བཞིན་གྱིས་ཕྱི་ནས་འོང་བའི་བགེགས་བསྐྲད་པར་བྱའོ། །དེ་ནས་ཤར་ཕྱོགས་ཀྱི་སྒོར་རྡོ་རྗེ་ལྕགས་ཀྱུའི་ ལས་ཀྱི་ཕྱག་རྒྱ་བཅིངས་ཏེ་ཕྱག་རྒྱ་དེ་ཉིད་ཤར་ཕྱོགས་ཀྱི་སྒོར་ལྕགས་ཀྱུ་ལྟར་གྱུར་པར་བསམས་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿཛཿཞེས་བརྗོད་པས་ལྕགས་ཀྱུས་དགུག་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་སོ་སོའི་སྒོ་དྲུང་དུ་བྱོན་པར་བསམ་མོ། །ཕྱག་རྒྱ་དེ་ཉིད་བཀྲོལ་ནས་ལྷོ་ཕྱོགས་ཀྱི་སྒོར་ ཞགས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཕྱག་རྒྱ་དེ་ཉིད་ལྷོ་ཕྱོགས་ཀྱི་སྒོར་ཞགས་པར་གྱུར་པར་བསམས་ལ་ཨོཾ་བཛྲ་པཱ་ཤ་ཧཱུྃ་ཞེས་བརྗོད་པས་ཞགས་པས་དྲངས་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་སོ་སོའི་སྒོའི་ནང་དུ་ཞུགས་པར་བསམ་མོ། །ཕྱག་རྒྱ་དེ་ཉིད་བཀྲོལ་ནས་ ནུབ་ཕྱོགས་ཀྱི་སྒོར་ལྕགས་སྒྲོག་གི་ཕྱག་རྒྱ་བཅིངས་ཏེ། ཕྱག་རྒྱ་དེ་ཉིད་ནུབ་ཕྱོགས་ཀྱི་སྒོར་ལྕགས་སྒྲོག་ཏུ་གྱུར་པར་བསམས་ལ། ཨོཾ་བཛྲ་སྤོ་ཊ་བཾ་ཞེས་བརྗོད་པས་ལྕགས་སྒྲོག་གིས་བསྡམ་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་སོ་སོའི་སྒོའི་ནང་དུ་ཞུགས་པར་བསམ་མོ། ། ཕྱག་རྒྱ་དེ་ཉིད་བཀྲོལ་ནས་བྱང་ཕྱོགས་ཀྱི་སྒོར་རྡོ་རྗེ་འབེབས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཕྱག་རྒྱ་དེ་ཉིད་བྱང་ཕྱོགས་ཀྱི་སྒོར་དྲིལ་བུར་གྱུར་པར་བསམས་ལ། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿཞེས་བརྗོད་ཅིང་དྲིལ་བུ་བསྐྱོད་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་མཉེས་པར་བསམས་ཏེ་ཕྱག་རྒྱ་དེ་ཉིད་དགྲོལ་ ལོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ལ་དབང་བསྐུར་བ་དང་བྱིན་གྱིས་བརླབ་པ་དང་། ཕྱག་རྒྱ་བཞིས་རྒྱས་གདབ་པ་རྣམས་བྱའོ། །ཨརྒྷཾ་ལ་སོགས་དབུལ་ཞིང་དེ་བཞིན་དུ། །བདེ་གཤེགས་གསུངས་པའི་མཆོད་པ་གང་ཡིན་བྱ། །ཞེས་བྱ་བ་ནི་ཕྱག་བཙལ་བ་དང་། མཆོད་པ་རྣམ་པ་ལྔས་ མཆོད་པ་དང་། ཕྱི་ནང་གི་མཆོད་པ་བརྒྱད་ཀྱིས་མཆོད་པ་དང་། མཆོད་པ་ཉི་ཤུས་མཆོད་པ་བྱ་སྟེ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཚན་མའི་དབུས་སུ་རང་གི་ཆོས་ཀྱི་ཡི་གེས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་མཐོང་སྟེ། ཡང་མཆོད་ཡོན་ཕུལ། འཐོར་འཐུང་གིས་སྔ་མ་བཞིན་དུ་ སྦྱིན་སྲེག་གི་ཡོ་བྱད་ཐམས་ཅད་བསང་གཏོར་བྱས་ལ། དགང་གཟང་དང་བླུགས་གཟར་ལག་ཏུ་ཐོགས་ཏེ། དེ་ནས་བྱིན་ཟ་ལ་ནི་བརྟག་པར་བྱ། །ཞེས་པ་ནི་བྱིན་ཟ་བརྟག་སྟེ། དབྱིབས་དང་ཁ་དོག་ལེགས་པར་བསམ་པའོ། །བསྲེག་བྱས་བཀང་སྟེ་སྦར་བར་བྱ་བའི་ཕྱིར། །ཞེས་པ་ནི་དགང་གཟར་ མར་གྱིས་བཀང་སྟེ་སྦར་བར་བྱའོ། །སྲེག་རྫས་ཀྱིས་མཆོད་པར་བྱའོ། །དེ་ནས་བསྲེག་བྱས་བཀང་སྟེ་རིམ་གྱིས་ནི། །རྒྱལ་ལ་སོགས་ལ་བརྒྱ་རྩ་བརྒྱད་དུ་བཏགས། །ཞེས་པ་ནི་དེ་ལས་དང་པོར་གཙོ་བོ་ལ་དབུལ་ལོ། །དེ་ནས་རྒྱལ་བ་རིགས་ལྔ་དང་། སེམས་དཔའ་བཅུ་དྲུག་ལ་བརྒྱ་རྩ་བརྒྱད་ དབུལ་ལོ། །དེ་ནས་སྦྱོང་བའི་སྔགས་ཀྱི་རྒྱལ་པོ་ལ། །བསྲེག་པར་བྱ་བ་ཉི་ཤུ་རྩ་གཅིག་དབུལ། །ཞེས་པ་ནི་རྫས་དེ་རྣམས་ནི་མེའི་ཞལ་དུ་བསྟབ་བོ། །ལྷག་མ་རྣམས་ལ་ནི་ཉི་ཤུ་རྩ་གཅིག་གིས་མཆོད་དོ། །དེ་ནས་བསྟོད་པས་བསྟོད་དོ། །དེ་ནས་གང་འདོད་པའི་དངོས་གྲུབ་ རྣམས་གསོལ་བ་གདབ་བོ། །དེ་ནས་བཟོད་པར་གསོལ་ཏེ་ཡི་གེ་བརྒྱ་པས་བྱའོ། །དེ་ནས་སྤྱན་དྲངས་པ་གཤེགས་སུ་གསོལ་ལོ། །དམ་ཚིག་སེམས་དཔའ་ལུས་ལ་བསྡུའོ། །དེ་ནས་སྤྱན་དྲངས་ཡོ་བྱད་ལན་གསུམ་དང་། །མཆོད་ཡོན་ལ་སོགས་པདྨའི་དཀར་ཞལ་མཆོད། ། ཅེས་བྱ་བ་དེ་ལས་ཡེ་ཤེས་ཀྱི་མེ་ལྷ་དེ་ཤར་ལྷོ་མཚམས་ནས་ཐབ་ནང་གི་རང་གི་ལུས་ལ་ཞུགས་པའི་ཕྱིར་སྤྱན་དྲངས་ཏེ། མེ་ལྷ་དེ་ལ་མཆོད་ཡོན་ལ་སོགས་པ་ཕུལ་ཏེ། ཡོ་བྱད་ལྷག་མ་རྣམས་ཀྱིས་ལན་གསུམ་གསུམ་དུ་སྦྱིན་སྲེག་བྱའོ། །དེའི་མཐའ་མར་ཡོན་བདག་གཡོན་དུ་བཞག་ལ་ སྒྲུབ་པ་པོས་དངོས་གྲུབ་གང་འདོད་པ་གསོལ་བ་གདབ་བོ། །དེ་ནས་བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ནི་གྲུབ་ལགས་ཀྱིས། །ཇི་བཞིན་དོན་དུ་སླར་གཤེགས་ལ། །སླར་ཡང་སེམས་ཅན་དོན་ལ་གཤེགས། །ཞེས་པས་གཤེགས་སུ་ གསོལ་ལོ། །ཕྱག་ན་རྡོ་རྗེ་པདྨའི་ཞགས་པ་བསྣམས། །ཞེས་བྱ་བ་ལ་སོགས་པ་ནི་ཡང་མེ་ཐབ་དང་ཡོ་བྱད་རྣམས་བསངས་ལ། བདག་དམ་ཚིག་སེམས་དཔར་བསྒོམས་པའི་ཐུགས་ཀར་ཡི་གེ་ཧཱུྃ་བསམས་པ་ལས། བདག་ཉིད་ཁྲོ་བོ་ཕྱག་ན་རྡོ་རྗེ་ཧཱུྃ་ཞེས་བྱ་བར་གྱུར་ཏེ་བཞིན་དང་ ཆ་ལུགས་ཁྲོ་བོའི་ཚུལ་ཅན་དུ་བསམ་མོ། །མདུན་དུ་མེ་ཐབ་ཏུ་ཡང་ཡི་གེ་ཧཱུྃ་ལས་རྡོ་རྗེ་སེམས་དཔར་གྱུར་ནས། རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་ཨོཾ་བཛྲ་སཏྭ་ཀྲོ་དྷ་ཨ་ན་ལཱརྐ་མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ་བི་དྲ་བ་བི་དྲ་བ། སརྦ་པཱ་པཾ་ནཱ་ཤ་ཡ་ནཱ་ཤ་ཡ་ཧ་ར་ཧ་ར་པྲཱ་ཎཱ་ན་ཧཱུྃ་ཕཊ་ཅེས་བརྗོད་པས་ཁྲོ་བོ་ ཁམས་གསུམ་རྣམ་པར་རྒྱལ་བའི་གཟུགས་སུ་གྱུར་ཏེ། སྐུ་མདོག་སྔོན་པོ་ཞལ་བགྲད་ཅིང་མཆེ་བ་གཙིགས་པ། ཕྱག་ན་རྡོ་རྗེ་དང་པདྨ་དང་རལ་གྲི་དང་ཞགས་པ་བསྣམས་པའོ། །ཞབས་ཀྱི་པདྨས་སྡིག་མནན་ཅིང་། །ཞེས་པ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཞབས་ ཀྱི་པདྨས་མ་ཧཱ་དེ་བ་མནན་པའོ། །སྐུ་ལ་སྦྲུལ་གྱིས་བརྒྱན་པ། སྐུ་སྨད་སྟག་གི་པགས་པས་དཀྲིས་པ་འཁོར་ཁྲོ་བོ་མང་པོས་བསྐོར་བ་ནི། །རྒྱན་རྣམས་ཀུན་གྱིས་ལེགས་བརྒྱན་པ། །ཞེས་པའོ། །རྫོགས་སངས་རྒྱས་ནི་དབུ་རྒྱན་མཐོ། །ཞེས་པ་ནི་རིགས་ལྔའི་སངས་རྒྱས་ཀྱིས་དབུ་ ལ་བརྒྱན་པའོ། །བསམས་སམ་ནི་ཏིང་ངེ་འཛིན་ནོ། །བྲིས་པ་ནི་མིག་གི་རྟེན་ཏོ། །དེ་ལྟར་ཁྲོ་བོ་དེ་བསྐྱེད་ལ་ཡེ་ཤེས་ཀྱི་ཁྲོ་བོ་ཡང་སྤྱན་དྲངས་ཏེ། བསྟིམས་ལ་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་དབུལ་ལོ། །དེ་ཡི་སྙིང་པོས་དེ་བཞིན་དུ། །ཞེས་བྱ་བ་ནི་དང་པོར་ཁྲོ་བོའི་ སྔགས་གོང་མས་མར་དང་ཡམ་ཤིང་ཕུལ་ལ། དེ་ནས་རྫས་རྣམས་གཅིག་ཏུ་བསྲེས་ཏེ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བཏབ་ལ། ལག་པ་གཡོན་པ་ཁུ་ཚུར་བཅངས་ནས། བྲང་ལ་དཔུང་པ་དམ་དུ་བཅུམ་ལ་ལག་པ་གཡས་པས་སྦྱིན་སྲེག་བྱའོ། །རྣམ་པར་རྒྱལ་བའི་སྔགས་དང་ ཤི་བའི་མིང་སྤེལ་ལ་བརྒྱའམ་སྟོང་ངམ་བྱེ་བའི་ཚད་དུ་སྦྱིན་སྲེག་བྱའོ། །བར་བར་དུ་མིང་འདི་ཞེས་བྱ་བའི་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་ཏིལ་བསྲེག་གོ། །ཕྱི་མ་དཀྱུས་ན་གསལ་ལོ། །དེ་ནས་ཁྲོ་བོ་གཤེགས་སུ་གསོལ་ལ་བདག་ཉིད་ ཕྱག་རྒྱ་བཀྲོལ་ཞིང་ལུས་བསྲུང་བ་ལ་སོགས་པ་བྱའོ། །དེ་ནས་ཐལ་བར་གྱུར་པ་དང་། །ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་བསྲེགས་ནས་ཐལ་བར་གྱུར་པ་དང་། རྡོ་རྗེ་བསྡུ་བའི་སྔགས་སཾ་ཧ་ར་ཎ་བཛྲ་ཧཱུྃ་ཞེས་པའི་ཆོ་གས་བསྡུ་བར་བྱའོ། །དེ་ལྟར་རུས་པ་དང་ཐལ་བ་དེ་བསྡུས་ནས་སྣོད་གཙང་ མར་བཅུག་སྟེ། མཆོད་རྟེན་གདབ་པའི་ཕྱོགས་སུ་གཞག་གོ། སྔགས་ཀྱིས་བཏབ་པའི་དྲི་ཆུ་དང་། །ཞེས་པ་ལ་སོགས་པ་ནི་ག་བུར་ལ་སོགས་པའི་དྲི་ཆུ་དང་། བ་སྐྱེས་འོ་མ་ལ་སོགས་ཏེ་བའི་རྣམ་ལྔ་དང་། རུས་པ་ལ་ངན་སོང་སྦྱོང་བའི་སྔགས་འབུམ་ཡན་ཆད་བཟླས་ལ། གཟུགས་སུ་བྱ་བའམ་ ཞེས་པ་ནི་དཀྱིལ་འཁོར་གྱི་ལྷ་གང་ཡང་རུང་བར་བྱ་བའམ། ཡང་ན་ནི། མཆོད་རྟེན་གྱི་ནི་ལྷར་བྱས་ལ། །ཞེས་བྱ་བ་ནི་ཡང་ན་མཆོད་རྟེན་གྱི་གཟུགས་སུ་བྱས་ཏེ། གཅིག་གམ་གཉིས་སམ་གསུམ་མམ་ལྔའམ་ཡང་ན་བརྒྱ་རྩ་བརྒྱད་ཀྱི་བར་དུ་གདབ་བོ། །སྔགས་དང་ཕྱག་རྒྱས་གདབ་པར་བྱ། ། ཞེས་པ་ནི་ངན་སོང་སྦྱོང་བའི་སྔགས་དང་ཕྱག་རྒྱས་གདབ་བོ། །ཇི་ཙམ་དུ་སྔགས་གདབ་པ་ན་འབུམ་ཕྲག་གཉིས་ཀྱི་བར་དུ་བཟླས་ཞེས་སོ། །དེ་ནས་མཆོད་རྟེན་ལ་སོགས་པ་ལ་འབར་བར་གྱུར་ཏམ་ཡང་ན་སྐུའི་ཞལ་འཛུམ་པ་ལ་སོགས་པའི་མཚན་མ་བྱུང་བྱུང་དུ་བཟླས་སོ། །མཚན་མ་ནི་ དཀྱུས་ན་གསལ་ལོ། །ཅི་སྟེ་མཚན་མ་དེ་དག་ནི། །སྡིག་ཅན་བློ་ཡིས་མ་མཐོང་ན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚན་མ་དེ་དག་མ་ཐོབ་ན་འབུམ་ཕྲག་སྟོང་མན་ཆད་བཟླས་ཤིང་། ཇི་སྲིད་མཚན་མ་དགེ་བ་མ་བྱུང་གི་བར་དུ་དེ་བཞིན་གཤེགས་པ་རྣམས་མཆོད་ཅིང་རྩེ་གཅིག་ པའི་སེམས་ཀྱིས་མཉམ་པར་གཞག་ཅིང་བཟླས་བརྗེད་བྱའོ། །དེ་ལྟར་བཟླས་པའི་མཐར་མཚན་གཅིག་བཟླས་པ་རབ་ཏུ་བྱས་ན་ཤི་བ་དེ་ངེས་པར་སྡིག་པ་ལས་གྲོལ་ཞིང་མཚན་མ་བཟང་པོ་རྣམས་འབྱུང་བར་འགྱུར་རོ། །དེ་དག་ནི་རོའི་དབང་དུ་བྱས་པའི་རིམ་པ་སློབ་དཔོན་ཀུན་དགའ་སྙིང་པོས་ མཛད་པ་རྫོགས་སོ།། །།ཡང་ན་མེད་པར་གྱུར་ན་ཡང་། །ཞེས་བྱ་བ་ལ་སོགས་པས་ནི་རོ་མེད་པར་གྱུར་ན་མིང་ཙམ་གྱིས་རྣམ་པ་བཟུང་ནས། སྔགས་ལ་སོགས་པ་བཟླས་པ་དང་བདག་ལྷའི་སྐུར་བསྐྱེད་པ་དེས་ན་སྦྱོང་བའི་སྔགས་བཟླས་ཤིང་ཤི་བའི་མིང་ངམ་རུས་པ་དང་ སྤེལ་ཏེ་བཟླས་པའི་ཕྱིར་ན། ཟློས་ཤིང་བསྒོམས་པའི་ཚུལ་གྱིས་ནི། །མིང་ཙམ་ལེགས་པར་བྲིས་ནས་ཀྱང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཀྱི་འོད་ཟེར་གྱིས་དམིགས་པར་བྱ་བའི་རྟེན་ཤོག་བུའམ་གྲོ་ག་ལ་བྲིས་ཏེ་དེ་ལ་བསྟིམས་པས་དེ་ལས་དང་ཉོན་མོངས་པའི་བག་ ཆགས་དག་པར་བྱེད་དེ། འཇིམ་པ་དང་བསྲེས་ཏེ་མཆོད་རྟེན་གྱི་ཕྲེང་བ་བྱ་བའམ། ཡང་ན་ལྷའི་གཟུགས་སུ་བྲིས་ཀྱང་རུང་སྟེ། སྡིག་པ་བསྲེག་པའི་སྦྱིན་སྲེག་གམ། །དབང་རྣམས་རྫོགས་པར་བསྐུར་ན་ཡང་། །གདོན་མི་ཟ་བར་མཐོ་རིས་སུ་སྐྱེའོ། །ཡང་ན་ཐལ་བ་ཉིད་དམ་རུས་པ་ལ། ཡུངས་ཀར་རམ་བྱེ་མ་ལ་སོགས་པ་ལ་མིང་ནས་བརྗོད་ཅིང་སྔགས་བཟླས་ན་ཡང་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར་རོ། །དེ་ལྟ་བུ་བྱས་པས་ཀྱང་ངན་སོང་ལས་ཐར་ཏེ་མཐོ་རིས་སུ་སྐྱེའོ། །ད་ནི་དགེ་བ་དང་ལྡན་པའི་ཇི་ལྟ་བུར་བྱས་པ་དེ་ཐམས་ཅད་སླ་བར་འགྱུར་བའི་གང་ཟག་གི་རིམ་པ་སྟོན་ཏེ། དགེ་ བའི་མཆོག་ནི་བསྐྱེད་པ་དང་། །བྱང་ཆུབ་ས་བོན་བསྐྱེད་པའི་བདག །ཅེས་གསུངས་ཏེ། དགེ་བ་ནི་ཆོས་སྤྱོད་བཅུའོ། །མཆོག་ནི་ཇི་ལྟར་དགེ་བ་བྱས་ཀྱང་དམིགས་པ་མེད་པར་བྱས་པའོ། །ཡང་ན་དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་ནི་མཆོག་སྟེ་དེ་བསྐྱེད་པའོ། །དེ་གང་དང་ལྡན་པ་ དེ་ནི་སངས་རྒྱས་འབྲས་བུ་རྒྱུར་ལྡན་པ་སྟེ་སངས་རྒྱས་ནི་རིགས་ལྔའོ། །འབྲས་བུ་ནི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའོ། །རྒྱུ་ནི་རང་གི་རྟོག་པའི་ཁྱད་པར་རོ། །དེ་གང་སྙམ་པ་ལ། སྦྱིན་པའི་ཕ་རོལ་ཕྱིན་པར་ལྡན། །ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། སྦྱིན་པ་ནི་ཡོངས་སུ་གཏོང་བའི་ མཚན་ཉིད་དེ། དེ་ཡང་རྣམ་པ་བཞི་སྟེ། ཟང་ཟིང་དང་། མི་འཇིགས་པ་དང་། ཆོས་དང་། བྱམས་པའོ། །ཚུལ་ཁྲིམས་ནི་ཡང་དག་པའི་དོན་ལ་མི་འདའ་བའོ། །བསླབ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སོ། །བཟོད་པ་ནི་མི་འཁྲུགས་པའི་མཚན་ཉིད་དོ། ། དེ་ལ་ཡང་གཉིས་ཏེ། ཐེག་པ་ཆེན་པོའི་ཆོས་ཟབ་མོ་ལ་ཡིད་ཆེས་པའི་བཟོད་པ་དང་། གནོད་པ་བྱེད་པ་ལ་ཅི་མི་སྙམ་པའི་བཟོད་པའོ། །བརྩོན་འགྲུས་ནི་སྐྱོ་དུབ་མེད་པའི་མཚན་ཉིད་དེ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་སོ། །བསམ་གཏན་ནི་ཆོས་ཉིད་ཀྱི་དོན་ལ་མཉམ་པར་ འཇོག་པའི་མཚན་ཉིད་དོ། །དེ་ལ་ཡང་གཉིས་ཏེ། ཆོས་ཉིད་ཀྱི་བསམ་གཏན་དང་ཏིང་ངེ་འཛིན་གྱི་བསམ་གཏན་ནོ། །ཤེས་རབ་ནི་སྤྱི་དང་རང་གི་མཚན་ཉིད་འབྱེད་པའི་མཚན་ཉིད་དོ། །དེ་ལ་ཡང་གཉིས་ཏེ་ཟག་པ་དང་བཅས་པའི་ཤེས་རབ་དང་། ཟག་པ་མེད་པའི་ཤེས་རབ་བོ། །དེ་ནི་རྒྱུ་སྟེ་རྒྱུ་ ཕ་རོལ་ཏུ་ཕྱིན་པ་དྲུག་གིས་འབྲས་བུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྐྱེ་བའི་ཕྱིར་རོ། །དེ་ལྟ་བུའི་སེམས་ནི་འཇིག་རྟེན