Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 68
Văn bản gốc(Tây Tạng)
Trang 3 / 22 (50.000 ký tự/trang)
སྒྲ་གཅན་འཛིན་པདྨའི་སྡོང་བུ། ཉི་མ་པདྨ། སྤེན་པ་དབྱུག་ཏོ་བསྣམས་པ་བཙུན་མོ་དང་བཅས་པའོ། །རྒྱུ་སྐར་ནི་ཉི་ཤུ་རྩ་བརྒྱད་དེ། དབང་ལྡན་ནས་བརྩམས་ཏེ། ཤར་དུ་བྲི་བ་ནི་སྨིན་དྲུག་མདོག་དམར་བུམ་པའི་སྟེང་ན་བཞུགས། སྣར་མ་མདོག་ལྗང་གུ་བ་དཀར་པོ་ཞོན། མགོ་སེར་པོ་ཤ་བ་ཞོན། ལག་དམར་པོ་སྦྲུལ་ལ་ཞོན། ནབ་སོ་སེར་པོ་པདྨ་ལ་འདུག །སྐག་ལྗང་གུ་བྱ་རོག་ལ་འདུག །ཕྱག་ན་རིན་པོ་ཆེའི་སྙན་ཆ་དང་། གདུ་བུ་ཤེ་ དག་བསྣམས་པའོ། །མེ་ནས་བརྩམས་ཏེ་ལྷོའི་ཕྱོགས་སུ་དངར་བ་ལ། མཆུ་སེར་པོ་མ་ཧེ་ལ་ཞོན། གྲེ་ལྗང་གུ་ཁྲི་ལ་འདུག །དབོ་སེར་པོ་གསེར་ཁྲི་ལ་འདུག །མེ་བཞི་སེར་པོ་གླང་པོ་ཆེ་ལ་འདུག །ནག་པ་ལྗང་གུ་རྨ་བྱ་ལ་འདུག །ས་རི་དམར་པོ་འཕྱང་མོ་ཉུག །ས་ག་ དཀར་པོ་རྟ་ཞོན་པ་ཕྱག་མཚན་རིན་པོ་ཆེའི་མེ་ཏོག་ཤེ་དག་བསྣམས་པའོ། །བདེན་བྲལ་ནས་ནུབ་ཏུ་དངར་བ་ལ་ལྷ་མཚམས་མདོག་སེར་ཁྱིམ་བྱ་ལ་ཞོན། སྣྲོན་དམར་པོ་སྟན་ནང་ཚངས་ཅན་ལ་འདུག །སྣྲུབས་མདོག་ལྗང་གུ་ས་བདག་ལ་འདུག །ཆུ་སྟོད་མདོག་སེར་ཕུབ་ལ་འདུག ། ཆུ་སྨད་མདོག་ལྗང་གུ་མི་ལ་ཞོན། བྱི་བཞིན་མདོག་སྔོ་སྲེ་མོ་ལ་ཞོན། གྲོ་བཞིན་མདོག་དམར་ཀུཪྨ་ལ་འདུག་པའོ། །ཕྱག་མཚན་ནི་པདྨའི་སྡོང་བུ་ཤེ་དག་བསྣམས་པའོ། །རླུང་གི་ཕྱོགས་ནས་བྱང་ཕྱོགས་སུ་བྲི་བར་བྱ་སྟེ། མོན་དྲེ་ལྗང་གུ་གླང་ཁྱུ་བ་ལ་འདུག །མོན་གྲུ་དམར་ པོ་སྟན་བར་ཚངས་ཅན་ལ་འདུག །ཁྲུམས་སྟོད་ལྗང་སེར་ཁྲི་ལ་འདུག །ཁྲུམས་སྨད་སེར་པོ་རིན་པོ་ཆེའི་ཁྲི་ལ་འདུག །ནམ་གྲུ་མདོག་དམར་ངང་པ་ལ་ཞོན། ཐ་སྐར་མདོག་དམར་མི་ལ་ཞོན། བྲ་ཉེ་མདོག་སྔོ་འཁོར་ལོའི་སྟེང་ལ་འདུག །ཕྱག་མཚན་ཨུཏྤལ་ཤེ་དག་ བསྣམས་པའོ། །དེ་ལྟར་ཉིས་བརྒྱ་བདུན་ཅུ་རྩ་བཞིའོ། །ཁྲོ་བ་མ་རུངས་འཚེ་བ་ཡི། །ཞེས་པ་ནི་དམྱལ་བ་སྲུང་ཆེན་པོ་རྣམས་ལ་བྱ་སྟེ། ཡང་སོས་དང་ཐིག་ནག་ལ་སོགས་པ་བརྒྱད་དང་། ཆུ་བུར་དང་། ཆུ་བུར་རྡོལ་བ་ལ་སོགས་པ་བརྒྱད་ན་གནས་ཤིང་གྲང་བའི་བརྒྱད་དེ་ བཅུ་དྲུག་པོ་ལ་བྱའོ། །འཚེ་བའི་ཞེས་བྱ་བ་ནི་ལས་ཀྱིས་སྐྱེས་པའི་སེམས་ཅན་དེ་རྣམས་ལ་སྲུང་མ་དེ་རྣམས་ཀྱིས་འཚེ་བར་བྱེད་པས་ནའོ། །བགེགས་བི་ན་ཡ་ག་ནི་ཞེས་པ་ལ་བགེགས་ནི་བར་དུ་གཅོད་པ་སྟེ། ཚངས་པ་དང་སྲིན་པོའི་གདོན་དང་། བརྗེད་བྱེད་ཀྱི་གདོན་ དང་། གནོན་པོ་དང་། སྐེམ་བྱེད་དང་། གྲིབ་གནོན་དང་། མ་མོའི་གདོན་དང་། བི་ན་ཡ་ག་བཙུན་མོ་དང་བཅས་པ་སྟེ་བརྒྱད་དོ། །སེམས་ཅན་ཀུན་ལ་ཕན་སེམས་པའི། །དྲང་སྲོང་སྐལ་བ་ཆེན་པོ་རྣམས། །ཞེས་པ་ནི་དྲང་སྲོང་ནི་བརྒྱད་དེ། མེ་བཞི་རིན་པོ་ཆེ་འབར་བ་བསྣམས་ པའོ། །ནག་པ་འཁོར་ལོ། ཡང་དག་ཤེས་རྡོ་རྗེ་འཁོར་ལོ། མདུན་བདར་རྩེ་གསུམ། གྱ་གྱུ་རིན་པོ་ཆེའི་སྒྲོམ། གྱུར་མིད་དགྲ་སྟ། ཨ་གུར་མེ་དཔུང་། གཡོག་འདོར་འཁོར་ལོ་བསྣམས་པ་སྟེ། མེ་ལྷའི་འཁོར་ཡིན་པས་ཤར་ལྷོ་མཚམས་ནས་བྲིའོ། །མཁའ་འགྲོ་མ་དང་བུད་མེད་བྲི། །ཞེས་ པ་ནི་ལས་དང་རྫུ་འཕྲུལ་གྱིས་མཁའ་ལ་འགྲོ་ལ། མཐུ་དང་རྫུ་འཕྲུལ་གྱིས་མཁའ་ལ་འགྲོ་བ་སྟེ། དྲག་མོ་དང་། བདུད་རྩི་མོ་དང་། ཟ་བ་མོ་དང་། རྡོ་རྗེའི་མཆུའི་ཆུང་མ་དང་། ནོར་ལྷའི་ཆུང་མ་དང་། ཕག་མགོ་མའོ། །བུད་མེད་ནི་རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཀུན་གྲུབ་ གྲུབ་པར་བྱེད་པའི་སྲིང་མོ་གསུམ་སྟེ། དགའ་བ་མོ་དང་། འཇོམས་པར་བྱེད་པ་མོ་དང་། སྦྲང་རྩིར་འཛིན་པ་མོའོ། །དེ་བཞིན་སྲིང་མོ་རྣལ་འབྱོར་མ། །ཞེས་པ་ནི་སྲིང་མོ་ནི་བཞི་སྟེ། རྒྱལ་མ་དང་། རྣམ་པར་རྒྱལ་མ་དང་། མི་ཕམ་མ་དང་། རིག་སྔགས་འཆང་མ་རྣམས་སོ། །དེ་ནི་ནུབ་ནས་བྱང་ལོགས་ སུའོ། །རྣལ་འབྱོར་མ་ནི་པདྨ་ཅན་དང་། འཇིགས་བྱེད་མ་དང་། རྣམ་རྒྱལ་མ་དང་། མདངས་ཅན་མ་དང་། འོད་ལྡན་མ་དང་། དྲི་མེད་མ་དང་། ཡིད་བཟང་མ་སྟེ་བརྒྱད་དོ། །འབྱུང་བ་བཞིའི་ལྷ་ཆེན་པོ། །ཞེས་པ་ནི་མེ་ལྷ་དང་། ཆུ་ལྷ་དང་། རླུང་ལྷ་དང་། སའི་ལྷ་རྣམས་སོ། །ཁྱིམ་དང་རི་ལ་གནས་ པ་དང་། ཞེས་པ་ནི་ཁྱིམ་གྱི་ལྷ་ཀུན་སྣང་བ་དང་། རིའི་ལྷ་རབ་ཏུ་བརྟན་པའི་བློ་གྲོས་སོ། །ཤིང་དང་ཀུན་དགའ་གནས་ལ་སོགས། །ཞེས་པ་ནི་ཤིང་གི་ལྷ་ཀུན་ནས་འོད་ཟེར་དང་། ཀུན་དགའ་ར་བའི་ལྷ་ཀུན་དུ་སྣང་བའི་བློ་གྲོས་དང་། གནས་ཀྱི་ལྷ་ཚོགས་སྒོའོ། །དུར་ཁྲོད་ཀྱི་ལྷ་འབྱུང་པོ་ དགེ་བ་དང་། གྲོང་ཁྱེར་གྱི་ལྷ་བསོད་ནམས་དགེ་བའི་བློ་གྲོས་སོ། །མིང་ངམ་བརྡ་འམ་ཡང་ན་ནི། །ཐིག་ལེ་རྣམས་ཀྱང་བྲི་བར་བྱ། །ཞེས་པ་ནི་མིང་ནི་སྙིང་པོའོ། །བརྡ་ནི་ཕྱག་མཚན། ཐིག་ལེ་ནི་གདན་ཙམ་བྱས་པ་ལ་བཞག་པའོ། །དེ་ལ་རྡོ་རྗེ་ར་བའི་ཕྱི་རོལ་དུ་ཤིང་སྣ་ཚོགས་ཀྱི་ནང་དུ་ཤར་ལྷོ་ མཚམས་སུ་ཁྲོ་བོ་མ་རུངས་འཚེ་བ་སྟེ་དམྱལ་བ་རྣམས་བྲི་བར་བྱའོ། །ལྷོ་ནུབ་མཚམས་སུ་འབྱུང་པོ་ཡི་དགས་འདྲེ་རྣམས་དང་ཞེས་པ་སྟེ། ཡི་དགས་རྣམས་བྲི་བར་བྱའོ། །ནུབ་བྱང་དུ་བགེགས་དང་བི་ན་ཡ་ག་སྟེ་བགེགས་དང་བྱོལ་སོང་རྣམས་བྲི་བར་བྱའོ། །བྱང་ཤར་དུ་མིའི་ འགྲོ་རིས་རྣམས་བྲི་བར་བྱའོ། །དེ་རྣམས་ཀྱང་མིང་ངམ་བརྡའམ་ཐིག་ལེར་བྲི་བར་བྱའོ། །གཞན་རྣམས་ནི་ཁོར་ཡུག་ལ་ཅི་རིགས་སུ་བྲི་བར་བྱའོ་ཞེས་སློབ་དཔོན་རྒྱལ་བ་འོད་ཀྱང་བཞེད་དོ། །དེ་ཡན་ཆད་དུ་དཀྱིལ་འཁོར་བྲི་བ་དང་ལྷ་དགོད་པར་བྱའོ།། །།ད་ནི་དཀྱིལ་འཁོར་ གྱི་རྒྱན་དགོད་པའི་རིམ་པ་འབྱུང་སྟེ། དེ་ལའང་འཕགས་པའི་དཀྱིལ་འཁོར་མཆོད་པ་དང་། སློབ་མ་དབང་བསྐུར་བ་དང་། སྦྱིན་གཏོར་བསྔོ་བའོ། །དེ་ནས་མཁས་པས་དཀྱིལ་འཁོར་ལ། །བླ་རེ་རྒྱལ་མཚན་ལྷབ་ལྷུབ་དང་། །གདུགས་དང་རྔ་མ་ལྡ་ལྡི་དང་། །འཕན་དང་སྣ་ ཚོགས་ན་བཟའ་མཆོད། །ཅེས་པ་ནི་རྒྱན་དགྲམ་ཞིང་འཕགས་པ་མཆོད་པའོ། །གསེར་ལས་བྱས་པའི་བྱ་རྣམས་ནི། །བརྒྱད་དམ་བཅུ་དྲུག་ལྷག་ཀྱང་རུང་། །ཞེས་པ་ནི་འཕགས་པ་མཆོད་པའི་བུམ་པ་གང་བ་རྒྱུ་གསེར་ལ་སོགས་པ་ལས་བྱས་པ་བརྒྱའམ་ལྔ་བཅུའམ་བཅུ་དྲུག་ གམ་བརྒྱད་ལས་ཉུང་བར་མི་བྱའོ། །དབང་བསྐུར་རིན་ཆེན་ཆུས་བཀང་བའི། །བུམ་པ་ལྔ་ནི་གཞག་པར་བྱ། །ཞེས་པ་ནི་རྣམ་པར་རྒྱལ་བ་ལ་སོགས་པར་བྱིན་གྱིས་བརླབས་པའི་བུམ་པ་སློབ་མ་དབང་བསྐུར་བའི་བུམ་པ་ལྔ་འོག་ནས་འབྱུང་བ་བཞིན་བྱིན་གྱིས་བརླབས་ལ་གཞག་ པར་བྱའོ། །གཞན་ཡང་མཆོད་པའི་ཁྱད་པར། །མར་མེ་གཏོར་མ་བུམ་པ་དང་། །མཛེས་པའི་བཤོས་རྣམས་གཞག་པར་བྱ། །ཞེས་པ་ནི་ཕྱི་མ་ནི་གོ་སླའོ། །བུམ་པ་ནི་གསང་བའི་བུམ་པ་སྟེ། རྡོ་རྗེ་གནོད་སྦྱིན་གྱི་བྱིན་གྱིས་བརླབས་པའི་ལས་ཐམས་ཅད་པའི་བུམ་པའོ། །གཞན་ཡང་ བཟའ་བ་དང་བཅའ་བ་ལ་སོགས་པ་སྣ་ཚོགས་པ་དང་། གཏོར་མ་ཆ་བཅུ་གཉིས་ལ་སོགས་པ་སྣ་ཚོགས་པ་ལས་བྱས་པ་གཞག་གོ། །མེ་ཏོག་དྲི་རྣམས་སྣ་ཚོགས་དང་། །ཞེས་པ་ལ་སོགས་པ་ནི་ཁྲོ་བོ་རྣམ་པར་རྒྱལ་བའི་བུམ་པ་སྟེ། བྱིན་གྱིས་བརླབས་པ་ཚུལ་ལྟར་བྱས་ལ་ཤི་བའི་ རུས་པ་དང་མིང་བཀྲུ་བ་དང་། སློབ་མ་སྣོད་དུ་རུང་བར་བྱ་བའི་ཆེད་དུ་བསྟན་པའོ། །བུམ་པ་ལ་ཡང་དབྱེ་བ་བུམ་པ་གང་བ་མཆོད་ཅིང་དབང་སྐུར་བ་བྱེད་པ་དང་། དབང་བསྐུར་བའི་བུམ་པ་རྣམ་པར་སྣང་མཛད་ལ་སོགས་པར་བྱིན་གྱིས་བརླབས་པ་དང་། གསང་བའི་ བུམ་པ་ལས་ཐམས་ཅད་པར་བྱིན་གྱིས་བརླབས་པ་དང་། རྡོ་རྗེ་སེམས་དཔའི་བུམ་པ་བདག་ཉིད་དང་སློབ་མ་དབང་བསྐུར་བ་དང་། ཁམས་གསུམ་རྣམ་པར་རྒྱལ་བའི་བུམ་པ་ཁྲུས་ཀྱི་བུམ་པ་དང་ལྔ་རུ་ཤེས་པར་བྱའོ། །དེ་ཡང་ཡོ་བྱད་ནི་རིན་པོ་ཆེ་སྣ་ལྔ་ལས་བྱས་པ་མཆུ་འཕྱང་བ་ནག་པོ་ར་ རི་མེད་པ་མགྲིན་པ་རིང་བའོ། །ལས་ཐམས་ཅད་པ་དང་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་བུམ་པ་གཉིས་ནི་ལྕེའུ་དང་བཅས་པའོ། །སྨན་ལྔ་དང་། སྙིང་པོ་ལྔ་དང་། འབྲུ་ལྔ་དང་། དྲི་ལྔ་དང་། སྤོས་ལྔ་དང་། རིན་པོ་ཆེ་སྣ་ལྔ་ལ་སོགས་པ་འབྱོར་ཚད་དུ་བཤམས་ལ་བྱིན་གྱིས་བརླབས་པ་ ནི། ལས་བུམ་བསྐྱེད་ལ་དེའི་ནང་དུ་ཏིང་ངེ་འཛིན་ནི་བྱེ་བྲག་གིས་ཤེས་པར་བྱའོ། །བུམ་པ་བཞག་པ་ནི་དགོངས་ཀའི་དུས་སུ་འཇུག་པ་ལ་སོགས་པ་འོག་ནས་འབྱུང་བ་བཞིན་བྱས་ལ་གཞག་པར་བྱའོ། །དེ་ལྟར་དཀྱིལ་འཁོར་ལེགས་པར་བཀོད་ནས་གནས་པར་བྱའོ། །དེ་ནས་ཁྲུས་ལ་སོགས་བྱས་ལ། །ཞེས་བྱ་བ་ ལ་སོགས་པ་གསུངས་པ་ལ། དེ་ནས་ནི་བཀྲ་ཤིས་པའི་དོན་ཏེ། དཀྱིལ་འཁོར་བྲིས་པའི་རྟིང་ཐོགས་སོ། །ཁྲུས་བྱས་ལ་ཞེས་པ་ནི་དང་པོར་རེ་ཞིག་རང་གི་སྡོམ་པ་ལ་གནས་པའི་ནང་གི་བདག་ཉིད་ཅན་ནི་ཁྲུས་དང་། ཕྱིའི་ཡང་ཅི་ནུས་པར་བྱའོ། །དེ་ལ་སྡོམ་པ་གསུམ་ལ་རབ་ཏུ་གནས་ཤིང་སྐྱོང་བ་ནི་ཁྲུས་ གཅིག་པའོ། །བཤགས་པ་དང་གསོལ་བ་འདེབས་པ་ལ་སོགས་པ་ནི་གཉིས་པའོ། །ཕྱག་རྒྱ་དགྲོལ་བ་ནི་གསུམ་པའོ། །ཆུའི་ཁྲུས་ནི་བཞི་པ་སྟེ། འདི་དག་དང་གོས་གསུམ་བརྗེ་བར་ཡང་བྱའོ། །དེ་ལ་སྡོམ་པ་གསུམ་ལ་གནས་པ་ནི་གོས་དང་པོའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ནི་གཉིས་པའོ། ། ཕྱིའི་གོས་གཙང་མ་ནི་གསུམ་པ་ཞེས་བཤད་དོ། །ཆུ་དང་སའི་ཁྲུས་ལ་སོགས་པ་བྱས་ལ། ལུས་དྲི་ཞིམ་པོས་བྱུགས་ལ། ཇི་སྙེད་པའི་གོས་དང་། རྒྱན་གདགས་ཤིང་ཤིན་ཏུ་སེར་བའི་གོས་བགོ་བ་དང་། མེ་ཏོག་གི་ཕྲེང་བ་གདགས་པ་དང་། ཤིང་ཐོག་དྲི་ཞིམ་པོས་ཁ་བཀང་སྟེ་དབུ་རྒྱན་ལ་སོགས་པས་ མཛེས་པར་བྱས་ལ་གནས་པའོ། །རྡོ་རྗེ་འཛིན་མས་ཞུགས་ནས་ཀྱང་། །མེ་ཏོག་ཐོགས་ཏེ་སྒོ་ཕྱོགས་འདུག །ཅེས་པ་ནི་དཀྱིལ་འཁོར་བྲིས་པའི་རྟིང་ལ་ཕྱི་རོལ་ཀུན་དུ་སྤོས་ཆུས་བྱུག་ཅིང་མེ་ཏོག་སིལ་མ་བཀྲམ་ལ། དགོངས་ཀའི་དུས་སུ་བཛྲ་སཏྭ་ཧཱུྃ་ཞེས་བཟླས་ཤིང་རྡོ་རྗེ་སེམས་མའི་དམ་ཚིག་ གི་ཕྱག་རྒྱས་མེ་ཏོག་གི་ཕྲེང་བ་ཐོགས་ལ་རྡོ་རྗེ་ཤུགས་ཀྱི་དཀྱིལ་འཁོར་དུ་ཞུགས་ལ། ཡང་རྡོ་རྗེ་དྲིལ་བུ་དཀྲོལ་ཏེ་དཀྱིལ་འཁོར་ལན་བདུན་དུ་བསྐོར་བ་བྱས་ལ། དཀྱིལ་འཁོར་ཐམས་ཅད་ཀྱིས་ལྷག་པ་དང་། མ་ཚང་བའི་ཉེས་པ་ཞི་བར་བྱ་བའི་ཕྱིར་བལྟས་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ དེ་ལ་ཕུལ་ལ་རྡོ་རྗེ་གར་བྱས་ཏེ་བླངས་ལ་རང་གི་མགོ་ལ་བཅིང་བར་བྱ་ཞིང་བཛྲ་སཏྭ་ཧཱུྃ་ཞེས་བར་མ་ཆད་པར་བཟླ་བར་བྱའོ། །དེ་ཡང་རྡོ་རྗེ་དྲིལ་བུ་རབ་བསྐུལ་བས། །མཁས་པས་མ་ཚང་ཡོངས་སུ་བཀང་། །ལྷག་མ་གང་ཡིན་དོར་བྱེད་དེ། །འགྲུབ་འགྱུར་སྨད་པར་མི་བྱའོ། །ཞེས་གསུངས་པ་ཡིན་ནོ། །དེ་ནས་གོང་གི་ བུམ་པ་རྣམས་དཀྱིལ་འཁོར་དུ་དགོད་པར་བྱ་སྟེ། དེ་ནས་ཡི་གེ་ཧཱུྃ་ལས་བདག་ཉིད་རྡོ་རྗེ་ཧཱུྃ་མཛད་དུ་བསམ་པར་བྱའོ། །དེ་ནས་དབུས་སུ་འདུག་ནས་ནི། །རྡོ་རྗེ་སློབ་དཔོན་མཉམ་གཞག་པས། །རྡོ་རྗེ་སྒོ་ནི་རྣམ་བཞིའོ། །ཡིད་ཀྱིས་སུ་ནི་དབྱེ་བར་བྱ། །ཨོཾ་བཛྲོད་གྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ་ཞེས་བྱ་བ་ཕྱག་རྒྱ་ དང་ལྡན་པས་དཀྱིལ་འཁོར་གྱི་སྒོ་ཐམས་ཅད་དབྱེ་བར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་དང་ལྡན་པའི་རྣལ་འབྱོར་ཆེན་པོ་བྱས་ནས། རྣམ་པར་རྒྱལ་བའི་བུམ་པ་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་བུམ་པ་ལ་རྡོ་རྗེ་དང་བཅས་པའི་མེ་ཏོག་གིས་ལྷག་མ་རྡོ་རྗེ་སེམས་དཔས་ཡོངས་སུ་བཟུང་ བ་ལས། ཨོཾ་བཛྲ་སཏྭ་ཧཱུྃ་ཞེས་བྱ་བ་འདི་ལན་བརྒྱ་རྩ་བརྒྱད་བཟླས་ལ་ཡང་བཛྲོད་ཏ་ཀ་ཧཱུྃ་གི་སྔགས་སྟོང་རྩ་བརྒྱད་མངོན་པར་བཟླས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྤྱན་སྔར་ལེགས་པར་གཞག་གོ། །བུམ་པ་ལྷག་མ་རྣམས་ལ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་སྔགས་ཤོ་དྷ་ནི་ལ་སོགས་ པ་བརྒྱ་རྩ་བརྒྱད་བཟླས་ཏེ། དཀྱིལ་འཁོར་གྱི་ཕྱི་རོལ་ཀུན་དུ་གཞག་པར་བྱའོ། །དེའི་རྗེས་ལ་བུམ་པ་གང་བ་ལ་རྣམ་པར་སྣང་མཛད་དམ་བིཏ་ལ་སོགས་པ་བཟླས་ལ་ཕྱི་རོལ་དུ་གཞག་པར་བྱའོ། །ཡང་བུམ་པ་གཅིག་ལ་རྡོ་རྗེ་སེམས་དཔའ་བརྒྱ་རྩ་བརྒྱད་བཟླས་ཏེ་འཇུག་པའི་སྒོར་མངོན་པར་ཕྱོགས་ཏེ་གཞག་ པར་བྱའོ། །མ་འབྱོར་ན་རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ལྔ་ལ་བུམ་པ་རེ་རེ་དབུལ་བར་བྱའོ། །ཨོཾ་བཛྲ་སཏྭ་མུཥྚི་ཨ་ཞེས་པ་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པའི་རིགས་ཀྱི་བུམ་པ་ལའོ། །ཨོཾ་རཏྣ་མུཥྚི་ཏཾ་རིན་ཆེན་འབྱུང་ལྡན་ཀྱི་རིགས་ཀྱི་བུམ་པ་ལའོ། ། ཨོཾ་བཛྲ་དྷརྨ་མུཥྚི་ཁཾ་ཞེས་བྱ་བ་ནི་ཤཱཀྱ་ཐུབ་པའི་རིགས་ཀྱི་བུམ་པ་ལའོ། །ཨོཾ་ཀརྨ་མུཥྚི་ཧཾ་ཞེས་པ་ནི་མེ་ཏོག་ཆེར་རྒྱས་ཀྱི་རིགས་ཀྱི་བུམ་པ་ལའོ། །དེ་རྣམས་ལན་བརྒྱ་རྩ་བརྒྱད་བཟླས་ལ་རིགས་དེ་ལ་དབུལ་བར་བྱའོ། །དེ་བཞིན་དུ་བུམ་པ་གང་བ་ཡང་དབུལ་བར་བྱ་སྟེ། བཅུ་ལས་ཉུང་བ་མི་བྱའོ། །ལས་ ཐམས་ཅད་པའི་བུམ་པ་ལ་ནི་རྡོ་རྗེ་གནོད་སྦྱིན་གྱི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། དབང་ལྡན་གྱི་ཕྱོགས་སུ་གཞག་པར་བྱའོ། །ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་བུམ་པ་ལ་ནི་དེ་ཉིད་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ་ལྷོ་སྒོར་བྱ་བའི་ཆོ་ག་ཡིན་ཏེ། སྟེགས་བུ་ཁྲུ་གང་བ་པདྨ་འདབ་མ་བརྒྱད་བྲིས་པའི་སྟེང་དུ་བཞག་ ལ་ཁྲུས་ལ་སོགས་པ་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ཡིད་ཀྱིས་མངོན་སུམ་ལྟ་བུར་མངོན་དུ་བྱས་ལ། མཆོད་པ་ལྔ་དང་ཁ་ཟས་ཀྱི་བྱེ་བྲག་རྣམས་ཀྱིས་ཅི་ནུས་པས་ཡང་དག་པར་མཆོད་པ་ནས་རང་གི་གདོང་ཇི་ལྟ་བ་བཞིན་དུ་གཡོགས་ཏེ། ཕྱོགས་བཞི་ནས་སྡོམ་པ་བཟུང་བའི་བར་དུ་བྱས་ནས། ཕྱི་རོལ་ན་ གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ལ་མཆོད་པ་ལྔས་མཆོད་དེ། ས་མ་ཡ་སྟྭཾ་ཞེས་བརྗོད་ནས་སེམས་མ་རྡོ་རྗེ་མ་བཅིངས་ལ། སློབ་མ་འཇུག་པའི་ཆོ་གས་འཇུག་གོ། གཙོ་བོ་རྒྱལ་བ་སྲས་དང་འཁོར། །མང་པོ་རྣམས་ནི་སྤྱན་དྲངས་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། དང་པོར་ ཁྲུས་ལ་སོགས་པ་བྱས་ནས། དེ་ནས་ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་བཟུང་ལ། དེ་ནས་སྡིག་པ་དྲལ་བ་དང་། ཕྱག་རྒྱ་དགྲོལ་བ་ཇི་ལྟ་བ་བཞིན་དུ་བྱས་ལ་རྣལ་འབྱོར་ཆེན་པོ་བྱའོ། །དེ་ནས་སྦྱོར་བ་དང་པོ་དང་དཀྱིལ་འཁོར་རྒྱལ་མཆོག་རྣམ་པར་བསྒོམས་ནས། བསྡུ་བ་བྱས་ལ་ཕྱག་ བཙལ་བ་དང་ཆེད་དུ་བརྗོད་པ་བརྗོད་པ་དང་། རང་གི་སྙིང་གར་གཞུག་པ་དང་། ཕྱིར་ཕྱུང་ནས་ཆེད་དུ་བརྗོད་པ་ནས་རང་རང་གི་གནས་སུ་གནས་པར་བྱས་ནས། དེ་ནས་རྡོ་རྗེ་སེམས་དཔའ་དང་ལྷན་ཅིག་ཏུ་གྱུར་པའི་རྣལ་འབྱོར་པས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཕྲེང་བ་ལ་སོགས་པའི་དབང་བསྐུར་བ་བླངས་ལ་ དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ། གཙོ་བོ་རྒྱལ་བ་ནི་ཀུན་རིག་རྣམ་པར་སྣང་མཛད་ལ་སོགས་པའོ། །སྲས་ནི་འཁོར་སེམས་དཔའ་དང་སེམས་མའོ། །འཁོར་ནི་འཇིག་རྟེན་པའོ། །མང་པོ་རྣམས་ནི་བརྗོད་ཀྱིས་མི་ལང་བའོ། །སྤྱན་དྲངས་ཏེ་ནི་ཚིགས་བཅད་དང་སྔགས་དང་ ཕྱག་རྒྱས་སོ། །དེ་ཡང་འདི་སྐད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་འཇིག་རྟེན་པ་ཡན་ཆད་དང་བཅས་པའོ། །དེ་རྡོ་རྗེ་དབྱིངས་ཀྱི་ཁང་པ་བརྩེགས་མ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་འདུས་པར་མཛད་དེ། རྡོ་རྗེ་སློབ་དཔོན་ གྱིས་བརྟགས་པའི་དཀྱིལ་འཁོར་བྱེ་བ་མཐའ་ཡས་པའི་གཞལ་ཡས་ཁང་དུ་བཞུགས་ཏེ། ཀུན་ནས་ཡོངས་སུ་བསྐོར་བའི་ཚུལ་གྱིས་འདུས་པར་གྱུར་ཅིང་ཚོགས་པར་མཛད་དོ་ཞེས་པའི་བར་དུའོ། །ཕྱག་རྒྱ་སྔགས་དང་བདག་ལྡན་ཞིང་། །ཞེས་པ་ནི་བདག་དང་དམ་ཚིག་ལ་སོགས་པ་ ཕྱག་རྒྱ་བཞི་དང་ལྡན་པའོ། །དེ་ཡང་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་དང་ལས་ཀྱི་ཕྱག་རྒྱར་བཤད་པ་གང་ཡིན་པ་དེ་ནི་བདག་ལྡན་ཞིང་ངོ་། །དེ་ལ་ཡང་བསྒྲུབ་པའི་ཡན་ལག་བཅུ་དྲུག་ཏུ་བསྟན་པ་ནི། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་། ལས་ཀྱི་ཕྱག་རྒྱ་དང་། དགུག་ པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། མཆོད་པ་དང་། སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་དང་། རིག་པའོ། །འདི་དག་ནི་རྣམ་པར་སྣང་མཛད་ལ་སོགས་པ་རེ་རེ་ཞིང་སོ་སོར་ བསྒྲུབ་པར་བྱ་བའི་ཕྱིར་གསུངས་ལ། དཀྱིལ་འཁོར་གྱི་ལྷ་རྣམས་བསྒྲུབས་པ་ནི་ཕྱག་རྒྱ་བཞི་བཞིར་བསྟན་པས་ན་ཕྱག་རྒྱ་ཞེས་བྱའོ། །ལྕགས་ཀྱུ་ལ་སོགས་རྣལ་འབྱོར་གྱིས། །ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ཕྱག་རྒྱ་བཞིས་བཞག་པ་དེ་བཞིན་དུ། སེམས་མ་རྡོ་རྗེ་མ་ལ་སོགས་པ་བྱེད་ པ་པོར་གྱུར་པ་རྣམས་ཀྱིས་བསྒྲུབ་པར་བྱ་ཞིང་བདག་ཉིད་ཀྱི་དབང་དུ་བྱའོ། །ཅི་ཞིག་སྨྲ་ཞིང་དབང་དུ་བྱེད་ཅེ་ན། ཛཿཧཱུྃ་བཾ་ཧོཿཐུགས་རྗེའི་བདག །ཅེས་བྱ་སྟེ། འདིས་ནི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་སྤྱིའི་ཡི་གེ་བཞི་པོ་བསྒྲུབ་པའི་སྙིང་པོར་གསུངས་པ་ཡིན་ནོ། །ལ་ལ་དག་ཛཿཧཱུྃ་བཾ་ཧོཿཞེས་བྱ་བ་འདིས་བདག་ རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྒོ་སྲུང་གི་ཕྱག་རྒྱའི་སྙིང་པོ་ཡིན་པར་འདོད་དོ། །ཡང་ཇི་ལྟར་ཤེས་ཤེ་ན། དགུག་པ་ལ་སོགས་པའི་དོན་གསལ་བར་བྱེད་པའི་ཕྱིར་རོ། །གཞན་དག་ནི་ཛཿཧཱུྃ་བཾ་ཧོཿཞེས་བརྗོད་ལ། ལེགས་པའི་ཆོ་གས་ཡིད་ཀྱིས་ནི། །ལུས་ལ་ སངས་རྒྱས་ཀུན་གཞུག་གོ། །ཞེས་བྱ་བ་འདིར་ཡང་ཡིན་གྱི། སྒོ་སྲུང་རྣམས་ཀྱི་སྙིང་པོ་ཡི་གེ་བཞི་ཡིན་པར་ཁས་བླངས་ན་ནི་ཨ་ཞེས་བྱ་བ་དབབ་པའི་སྙིང་པོ་ཡིན་པའི་ཕྱིར་དང་། ཧོཿཞེས་བྱ་བ་རྡོ་རྗེ་ཆགས་པའི་སྙིང་པོ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཉིད་ཀྱི་དོན་འདི་བཤད་པར་ མཛད་པ་ཡིན་ཏེ། །དེ་ནས་ཀུན་མཆོག་ལ་སོགས་པ། །མངོན་བྲིས་ནས་ནི་ཡང་དག་བསྒྲུབ། །དམ་ཚིག་མཆོག་ནི་བཅིང་ནས་ཀྱང་། །ཛཿཧཱུྃ་བཾ་ཧོཿཞེས་བརྗོད་དོ། །ཞེས་བྱའོ། །དོན་དེ་དག་ཀྱང་བསྟན་པ་ཙམ་དུ་མཛད་པ་ཡིན་གྱི། བསྒྲུབ་པའི་གོ་རིམས་ནི་འདི་ཡིན་ནོ། །རྡོ་རྗེ་ བསྡུ་བའི་ཕྱག་རྒྱ་བཅིང་ལ། །རྡོ་རྗེ་སེ་གོལ་བརྡབ་པའི་སྒྲ་བྱེད་ཅིང་། །ཨོཾ་ཛཿཧཱུྃ་བཾ་ཧོཿས་མ་ཡ་ཞེས་བརྗོད་ཅིང་། ཚུར་གཤེགས་ཞེས་ནི་བརྗོད་ནས་ཀྱང་། །ཞེས་གསུངས་ཏེ། ཚིགས་སུ་བཅད་པ་མང་པོ་ཡང་བརྗོད་དོ། །དེ་ནས་བརྗོད་པ་ཙམ་གྱིས་བསྟི་གནས་ཀྱི་སར་བྱོན་པ་དང་། པུས་མོ་གཉིས་ཀྱི་ལྷ་ང་ས་ལ་བཙུགས་ལ། རྡོ་རྗེ་ཐལ་མོ་བསྐོར་ནས་ཤིས་པ་བརྗོད་པའི་ཚུལ་དུ་སྙིང་གར་འཇོག་པའི་ཕྱག་རྒྱ་དང་། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཞེས་བྱ་བ་ལ་སོགས་པའི་བསྟོད་པས་མཆོད་པར་བྱའོ། །དེ་ནས་གསང་བ་བཅིངས་ནས་ཀྱང་། །མཛུབ་གཉིས་ ལྕགས་ཀྱུའི་ཚུལ་དུ་བྱ། །ཞེས་པས་ནི་སྒོ་དབྱེ་བ་བྱས་ནས་རྡོ་རྗེ་ལྕགས་ཀྱུའི་ལས་ཀྱི་ཕྱག་རྒྱ་འདིས་རྣམ་པར་སྣང་མཛད་དང་། ངན་སོང་སྦྱོང་བའི་རིགས་བཀུག་ལ་ཤར་སྒོར་གཞག་པར་བྱའོ། །རིན་ཆེན་དཔལ་གྱི་རིགས་ནི་ལྷོ་སྒོ་དང་ཉེ་བར་རོ། །ཤཱཀྱ་ཐུབ་པའི་རིགས་ནི་ནུབ་སྒོ་ དང་ཉེ་བར་རོ། །མེ་ཏོག་ཆེར་རྒྱས་ཀྱི་རིགས་ནི་བྱང་སྒོ་དང་ཉེ་བར་རོ། །དེའི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་ལས་མཁྲིག་མ་མདུད་ལ་མཐེའུ་ཆུང་གཉིས་སྦྲེལ་ཏེ། མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་བྱས་པའོ། །དེ་ཉིད་ལས་མཛུབ་མོ་ངོས་སྦྱོར་བ་ནི་ཞགས་པའི་ཕྱག་རྒྱ་སྟེ། དེས་རང་རང་གི་སྒོ་ནས་རང་ རང་གི་གནས་སུ་གཞུག་པར་བྱའོ། །དེ་ཉིད་ལས་མཛུབ་མོ་བསྡམས་པ་ནི་ལྕགས་སྒྲོག་གི་ཚུལ་ལོ། །དེས་ནི་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ། །དེ་ཉིད་ལས་མཐེ་བོ་གཉིས་ནང་དུ་བཀུག་ནས་ཕྱག་རྒྱ་བསྐོར་བ་ནི་དྲིལ་བུའི་ཕྱག་རྒྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་དབང་དུ་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་ གྱིས་བགེགས་བསལ་བ་དང་། ར་བ་དང་དྲ་བ་བྱས་ནས། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་ལ། རྡོ་རྗེ་གོ་ཆས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ནས། རྡོ་རྗེ་སེམས་དཔའི་མཆོད་ཡོན་ཕུལ་ལ། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་ཀུན་རིག་རྣམ་པར་སྣང་མཛད་ལ་སོགས་པ་བལྟ་བར་བྱས་ནས་རིམ་པ་ འདིས་བསྒྲུབ་པར་བྱའོ། །ཀུན་རིག་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དོ། །ཤོ་དྷ་ནིའི་སྔགས་ཀྱི་རྗེས་ལ་བཛྲ་དྷཱ་ཏུ་དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ་ཨ་ཧཾ་བཛྲ་དྷཱ་ཏུ་ཞེས་བྱ་བ་ནས། དེ་བཞིན་དུ་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། བཛྲ་ཨ་བེ་ཤ་ཛཿཧཱུྃ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཨ་ཧཾ་བཛྲ་ཨ་བེ་ཤ་ཞེས་ལན་གསུམ་བརྗོད་པའི་བར་དུའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་གཞག་པར་བགྱི་ཞེས་བྱ་བ་དམ་ཚིག་གི་ཕྱག་རྒྱས་རྣམ་པར་སྣང་མཛད་ལ་སོགས་པར་དག་པར་བསྒྲུབས་ལ་དེའི་འོག་ཏུ་ཆོས་དང་ལས་དང་ཕྱག་རྒྱ་ཆེན་ པོས་གཞག་པར་བྱའོ། །འདི་དག་ག་ལས་ཤེས་ཤེ་ན། བཤད་པ་ལས་སྟོན་ཏེ། དཔལ་མཆོག་དང་པོ་ལས། དམ་ཚིག་ཆེན་པོའི་སེམས་དཔའ་ལ་སོགས་པ་རྣམས་ལ་ཡང་རྣལ་འབྱོར་གྱིས་ཚུལ་ཐམས་ཅད་ལས། དམ་ཚིག་གི་ཕྱག་རྒྱ་ཡང་དག་པར་བསྒྲུབས་ནས་དེའི་རྗེས་ལ་ཕྱག་རྒྱ་གཞན་སྦྱར་བར་བྱའོ་ ཞེས་དོན་འདི་སྟོན་ལ། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་ཀྱང་། རྡོ་རྗེ་དབབ་པ་བྱས་ནས་ནི། །ཕྱག་རྒྱ་ཆེན་པོ་ཆོ་ག་བཞིན། །བཅིངས་ནས་དེ་ཡི་མདུན་ཕྱོགས་སུ། །སེམས་དཔའ་ཆེན་པོ་དེ་བསྒོམ་མོ། །ཡེ་ཤེས་སེམས་དཔའ་དེ་མཐོང་ནས། །རང་གི་ལུས་སུ་བསྒོམ་པར་བྱ། །བཀུག་ ཅིང་བཅུག་ལ་བཅིངས་པ་དང་། །དབང་དུ་བྱས་ཏེ་བསྒྲུབ་པར་བྱའོ། །ཞེས་གསུངས་པས་དང་པོ་ཁོ་ན་དམ་ཚིག་གི་ཕྱག་རྒྱ་བཅིངས་པར་གསུངས་སོ། །དེ་ཡང་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་ནས་དམ་ཚིག་གི་ཕྱག་རྒྱ་བྱིན་གྱིས་རློབ་པར་བྱེད་པའི་ཕྱིར་སྔོན་དུ་འགྲོ་བའོ། །དེ་ནས་ཆོས་དང་ལས་དང་། ཕྱག་རྒྱ་ཆེན་པོས་ལྷ་རྣམས་གཞག་པར་བྱའོ། །དེ་ནས་བཛྲ་རཏྣ་ཞེས་བརྗོད་ཅིང་རྡོ་རྗེ་རིན་ཆེན་གྱིས་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་དེས་དེ་བཞིན་གཤེགས་པ་རྣམས་དབང་བསྐུར་བ་དང་། བྱམས་པ་ལ་སོགས་པ་དང་། དཔེ་མེད་པ་ཡང་དེ་ཉིད་ཀྱིས་དབང་བསྐུར་བར་བྱའོ། ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་སངས་རྒྱས་ལྔའི་ཕྱག་རྒྱས་དབང་བསྐུར་བར་བྱའོ། །ཨརྒ་མཆོག་བཏགས་བསང་ལ་སོགས་པ་ཡི། །དབྱངས་སྙན་པ་ཡིས་བསྟོད་པ་ལྷ་རྫས་ཀྱི། །མཆོག་གི་དམ་པ་རྣམས་ཀྱིས་ལེགས་པར་མཆོད། །ཅེས་པ་ནི་དེ་ ནས་ཨརྒ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་མཆོད་ཡོན་ཕུལ་བའོ། །མཆོད་པ་བཏགས་ནས་སྥ་ར་ཎ་ཁཾ་ཞེས་པས་མེ་ཏོག་གི་ཤིང་བརྒྱའམ་ཤིང་བཞིའམ་མེ་ཏོག་ཐམས་ཅད་ལ་ཡང་རྡོ་རྗེ་མེ་དང་མེ་ཏོག་གི་སྔགས་མངོན་པར་བཟླས་པ་དང་། དྲི་ཞིམ་པོ་ཐམས་ཅད་དང་། ཁ་ལ་བསྒོ་བའི་དྲི་རྣམས་ལ་ཡང་རྡོ་རྗེ་མེ་དང་དྲིའི་རིག་པར་བཟླས་པ་དང་། ག་པུར་དང་། ཨ་ག་རུ་དང་། དུ་རུ་ཀ་དང་། ཙནྡན་ལ་སོགས་པ་དང་བཅས་པ། བདུག་སྤོས་ཀྱི་སྣོད་དུ་སྦྱར་བའི་སྤོས་སྣོད་འབུམ་མམ། ཁྲིའམ་སྟོང་ངམ་བརྒྱ་འམ། མ་འབྱོར་ན་སྤོས་སྣོད་བཅུ་ལ་རྡོ་རྗེ་མ་དང་། བདུག་པའི་ རིམ་པ་མངོན་པར་བཟླས་ཏེ། ལྷ་ཐམས་ཅད་ལ་དབུལ་བར་བྱའོ། །སྭ་ཏི་ཀ་ལ་སོགས་པ་ཡོན་ཏན་འབུམ་དང་ལྡན་པ། ཤིན་ཏུ་ལེགས་པར་སྦྱར་བའི་ཁ་ཟས་བཟའ་བ་དང་། བཅའ་བའི་བྱེ་བྲག་རྣམ་པ་སྣ་ཚོགས་ཀྱིས་གང་བའི་སྣོད་འབུམ་མམ། ཁྲི་འམ་སྟོང་ངམ་བརྒྱ་འམ་བཅུ་ལ་རྡོ་རྗེ་མེ་མངོན་ པར་བཟླས་ཤིང་། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྲཱ་ཏ་ཅེས་བྱ་བ་བཟླས་ལ་དབུལ་བར་བྱའོ། །མར་ལ་སོགས་པའི་མར་མེ་གྲངས་སྟོང་ངམ་ཐ་ན་སྣོད་ཆེན་པོ་བཞི་གཏམས་པ་ལ་རྡོ་རྗེ་མེ་དང་མར་མེའི་རིག་པ་བཟླས་ཤིང་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བྱའོ། །རོལ་མོའི་ཆ་བྱད་བཅུ་ལ་ དཔལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རོལ་མོའི་རིག་པ་མངོན་པར་བཟླས་ལ། བཛྲ་སྥ་ར་ཎ་ཁཾ་ཞེས་བྱ་བས་དབུལ་བར་བྱའོ། །གར་མཁན་དང་རོལ་མོ་ལ་སོགས་པའི་མཆོད་པ་རྣམས་ཀྱང་ཨོཾ་དང་ཧཱུཾ་མངོན་པར་བཟླས་པ་དབུལ་བར་བྱའོ། ། གཞན་ཡང་རས་ཟུང་རེ་འབུམ་མམ་ཁྲིའམ་སྟོང་ངམ་རྣམ་པར་སྣང་མཛད་ལ་སོགས་པ་ལ་རེ་རེ་ཞིང་རས་ཟུང་རེའམ། སོ་སོར་མ་འབྱོར་ན་ཐམས་ཅད་སྤྱི་ལ་རས་ཟུང་གཅིག་དང་། བླ་རེ་རྣམ་པ་སྣ་ཚོགས་པ་གཅིག་དང་། གྲྭ་བཞིར་བ་དན་སྣ་ཚོགས་གདགས་པ་དང་། གདུགས་ དང་རྒྱལ་མཚན་དང་། བ་དན་རྣམས་ཀྱང་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་སེམས་དཔའ་དང་། ཡི་གེ་ཨོཾ་ལན་བདུན་བཟླས་ཏེ། ལྷ་ཐམས་ཅད་ལ་དབུལ་བར་བྱའོ། །གདུ་བུ་དང་། རྣ་ཆ་དང་། དཔུང་རྒྱན་དང་། ཅོད་པན་ལ་སོགས་པ་ཡང་ངོ་། །རྡོ་རྗེ་རིན་ཆེན་གྱི་དར་དཔྱངས་སྤྱང་བར་བྱའོ། ། མེ་ཏོག་གི་ཆུན་འཕྱང་སྤྲོས་ཤིང་བརྒྱན་པ་དང་། དྲ་བ་དང་། དྲ་བ་ཕྱེད་པས་བརྒྱན་པ་དང་། ཟླ་བ་ཕྱེད་པས་ཉེ་བར་མཛེས་པར་བྱས་པའི་རྟ་བབས་ཡིད་དུ་འོང་བའི་དྲིལ་བུ་ལ་སོགས་པ་དང་བཅས་པ་དང་། རྟ་དང་གླང་པོ་ཆེ་དང་། བ་ལང་གི་ཁྱུ་ཤིན་ཏུ་བརྟགས་པ་རྣམས་ཀྱང་ཡི་གེ་ཧཱུཾ་དང་། ཨོཾ་མངོན་པར་བཟླས་ཤིང་བཛྲ་སྥ་ར་ཎ་ཁཾ་ཞེས་བྱ་བས་དེ་བཞིན་གཤེགས་པ་ཐམས་ཅད་ལ་དབུལ་བར་བྱའོ། །གསང་བ་ལ་སོགས་པའི་ཞེས་བྱ་བ་ནི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་མཆོད་པ་བཅུ་དྲུག་དང་། སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་བཞིས་དཀྱིལ་འཁོར་གྱི་ལྷ་ ཐམས་ཅད་མཉེས་པར་བྱེད་པའོ། །དབྱངས་སྙན་པ་ཡིས་བསྟོད་པ་དང་། །ལྷ་རྫས་ཀྱིས་ཞེས་བྱ་བ་ནི་ལཱ་སྱེ་ལ་སོགས་པའི་མཆོད་པ་བརྒྱད་དང་། མཚན་བརྒྱ་རྩ་བརྒྱད་པའི་བསྟོད་པ་དབྱངས་དང་བཅས་པས་བསྟོད་དོ། །མཆོག་གི་དམ་པ་རྣམས་ཀྱིས་ལེགས་པར་མཆོད། །ཅེས་པ་ནི་གོང་ གི་དོན་བསྡུས་པ་སྟེ། གོང་གི་མཆོད་པ་དེ་རྣམས་ཀྱིས་མཆོད་པའི་དོན་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སློབ་དཔོན་གྱིས་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་ཕྱིར། སེམས་ཅན་གྱི་དོན་མཛོད་ཅིག་པར་གསོལ་བ་གདབ་པར་བྱའོ། །ད་ནི་གཏོར་མའི་མཆོད་པ་བསྟན་པའི་ཕྱིར། དེ་ནས་འབྱུང་ པོ་རྣམས་ཀྱིས་གཏོར་མ་བྱ། །སེམས་ཅན་བཀྲེས་ཤིང་སྐོམ་ལ་བཏུང་བ་དང་། །ཕྱོགས་སྐྱོང་གནས་པ་རྣམས་ལ་རྣམ་པར་བརྟག །དེ་ཡི་གཏོར་མ་ཇི་ལྟར་མཐུན་པར་བྱ། །ཞེས་པ་ནི་རྒྱུད་གཞན་ལས་འབྱུང་བ་བཞིན་ཡོ་བྱད་ཚོགས་པར་བསགས་ལ། ཚངས་པ་ལ་སོགས་པ་གླིང་བཞི་ན་གནས་པ་ ལ་གཅིག །ལྷ་མིན་དྲི་ཟ་ལ་གཅིག །གནོད་སྦྱིན་སྲིན་པོ་ལ་གཅིག །འབྱུང་པོ་ཡི་དགས་ལ་གཅིག །ཀླུ་སྦྲུལ་རིགས་ལ་གཅིག །རྒྱལ་པོ་བཞི་ལ་གཅིག །གཟའ་དང་རྒྱུ་སྐར་ལ་གཅིག །དམྱལ་སྲུང་བཅུ་དྲུག་ལ་གཅིག །བགེགས་ཀྱི་རིགས་ལ་གཅིག །དྲང་སྲོང་ ཆེན་པོ་རྣམས་ལ་གཅིག །མཁའ་འགྲོ་མ་རྣམས་ལ་གཅིག །འབྱུང་བ་བཞི་ལ་སོགས་པ་རྣམས་ལ་གཅིག་དབུལ་བར་བྱའོ། །ཡང་ན་མགོན་པོ་རྣམས་ལ་གཅིག །འགྲོ་བ་རིས་དྲུག་རྣམས་ལ་སྤྱིར་གཅིག །ཀླུ་རྣམས་ལ་ཀླུ་སྨན་སྣ་ཚོགས་ལ་སྦྱར་བ་གཅིག །མཁའ་འགྲོ་མ་དང་སྲིན་པོ་ལ་ཤ་ཁྲག་ སྣ་ཚོགས་ལས་བྱས་པ་གཅིག །བགེགས་ཀྱི་རིགས་ཐམས་ཅད་ལ་གཅིག་གོ། །དེའི་ཕྱིར་ན། གཏོར་མ་ཇི་ལྟར་མཐུན་པར་བྱ། །ཞེས་སོ། །དེ་རྣམས་ལ་ཡང་དང་པོ་རྒྱུ་བསྟན་པ་དང་། བྱིན་གྱིས་བརླབས་པ་དང་། སྨོན་ལམ་གྱི་སྟོབས་བརྗོད་པ་དང་། མགྲོན་རྣམས་བསམ་པ་དང་། སྤྱན་ དྲངས་པ་དང་། དམ་ཚིག་གི་ཕྱག་རྒྱ་བསྟན་པ་དང་། མཆོད་པ་དང་། བསྟོད་པ་དང་། གཏོར་མ་བསྔོ་བ་དང་། སྨོན་ལམ་གདབ་པ་དང་། ཕྲིན་ལས་བཅོལ་བ་དང་། གཤེགས་སུ་གསོལ་བ་དང་། དེ་ལྟར་རྒྱུད་གཞན་ལས་གསུངས་པའི་ཆོ་གས་ཕྱི་རོལ་དུ་གཏོར་མ་སྦྱིན་ནོ། །དེ་ནས་སྦྱིན་སྲེག་ གི་ཆོ་གས་དཔལ་རྡོ་རྗེ་སེམས་དཔའི་སྔགས་སམ་སརྦ་བིཏ་ཀྱིས་ཞི་བའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ལ། དཔལ་ཀུན་རིག་ལ་སོགས་པའི་སྙིང་པོས་ཀྱང་སྲེག་བླུགས་བདུན་བདུན་དབུལ་བར་བྱའོ། །དེའི་རྗེས་ལ་ཇི་སྲིད་དཀྱིལ་འཁོར་ཐོག་མ་དང་ཐ་མ་མེད་པར་མཐོང་བར་གྱུར་པའི་སྒྲའམ་གཟུགས་ལ་ སོགས་པའི་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་དང་བསྒོམ་པ་བྱའོ། །དེའི་ཕྱིར་ན། དེ་ནས་མཚན་མ་སྐྱེས་ཏེ་མགུ་ནས་ནི། །ཐོག་མ་ཐ་མ་མེད་པར་མངོན་སུམ་མཐོང་། ཞེས་སོ། །ད་ནི་སློབ་མ་དབང་བསྐུར་བ་སྟོན་ཏེ། དེ་ལ་ཡང་སྟ་གོན་ལ་གནས་པ་དང་། དབང་བསྐུར་བ་ གཉིས་ཀྱིས་བསྟན་ཏེ། དེ་ནས་སྔགས་པ་བླ་མེད་བྱང་ཆུབ་ཀྱི། །གནས་སུ་སློབ་མ་ཡོངས་སུ་སྨིན་པར་བྱ། །ཞེས་པ་ལ་སོགས་གསུངས་པ་ནི་དེ་ནས་ཞེས་བྱ་བ་ནི་དཀྱིལ་འཁོར་མཆོད་པའི་རྗེས་ཐོགས་ལ་བྱའོ། །སྔགས་པ་ནི་སློབ་དཔོན་ནོ། །བླ་མེད་བྱང་ཆུབ་ཀྱི་གནས་ནི་དཀྱིལ་འཁོར་ཆེན་པོའོ། །སློབ་ མི་ཡོངས་སུ་སྨིན་པར་བྱ་བ་ནི་སྡོམ་པ་ལ་གནས་ཤིང་དབང་བསྐུར་བར་བྱའོ། །འགྲོ་ལ་ཕན་ཕྱིར་ཞེས་པ་ནི་སློབ་དཔོན་གྱིས་སློབ་མ་དེ་ལ་ཕན་པར་བྱ་བའི་ཕྱིར་ཏེ། མྱུར་དུ་བྱང་ཆུབ་ཐོབ་པར་བྱ་བའི་ཆེད་དུ་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་གོ། །དེའི་དོན་ཡང་འདི་ཡིན་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་ཡང་ དོན་དམ་པ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་དུ་གཞུག་གོ། །དེ་ཡང་གསོལ་བ་གདབ་པ་ནི། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །ཞེས་བྱ་བ་ནས། །མགོན་པོ་བདག་ནི་འཇུག་པར་འཚལ། །ཞེས་བྱ་བ་ཡན་ཆད་དང་། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། ། ཞེས་བྱ་བ་ནས། སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་བྱ་བ་ཡན་ཆད་ཀྱིས་སྡོམ་པ་བཟུང་བ་དང་། བདག་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཞེས་བྱ་བ་ནས། སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག་ཅེས་པ་ཡན་ཆད་ཀྱིས་སེམས་བསྐྱེད་པར་བྱའོ། །དེ་ནས་བྱིན་གྱིས་བརླབ་པར་བྱ་བ་ནི་ སློབ་མ་དེ་ཉིད་རྡོ་རྗེ་སེམས་དཔའི་གཟུགས་སུ་བསྐྱེད་ནས། གནས་བཞིར་བྱིན་གྱིས་རྡོ་རྗེ་སེམས་མའི་ཕྱག་རྒྱས་བརླབ་པར་བྱས་ནས། རྡོ་རྗེ་བཞད་པས་བྱིན་གྱིས་བརླབས་པའི་ཆོ་གས་སོ་ཤིང་སྦྱིན་པ་དང་། རྡོ་རྗེ་གནོད་སྦྱིན་གྱིས་བྱིན་གྱིས་བརླབས་པའི་སྲུང་སྐུད་གདགས་པ་དང་། རྡོ་རྗེ་སེམས་དཔའ་དང་ རྡོ་རྗེ་རྣོན་པོས་བྱིན་གྱིས་བརླབས་པའི་ཀུ་ཤ་སྦྱིན་པ་དང་། རྡོ་རྗེ་བསྲུང་བའི་ཆུས་ཁ་བཀྲུ་བ་དང་། སྨོན་ལམ་གདབ་པའོ། །ཟབ་ཅིང་རྒྱ་ཆེ་བའི་ཆོས་བསྒྲགས་ལ་ཞེས་པ་ནི་ཟབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྟན། རྒྱ་ཆེ་བ་ནི་སྡོང་པོས་བརྒྱན་པའི་དོན་བསྟན་པའོ། །བསྲུང་བ་བྱས་ནས་ ཞེས་པ་ནི་རྡོ་རྗེ་གོ་ཆ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་གྱིས་བསྲུང་པ་བྱས་ལ། ཤེས་ལྡན་ནང་པར་དཀྱིལ་འཁོར་མཐོང་བར་འགྱུར་རོ་ཞེས་བྱ་བ་ནས་གནས་སུ་གཏོང་བའོ། །དེས་ནི་སློབ་མ་སྟ་གོན་ལ་གནས་པའོ། །ད་ནི་སློབ་མ་ལ་དབང་བསྐུར་བར་བྱ་སྟེ། དེ་ཡང་བརྟུལ་ཞུགས་སྡོམ་གནས་པ། ཞེས་པ་ནི་འོག་ནས་འབྱུང་བའི་དམ་ཚིག་དང་། རིགས་ལྔའི་སྡོམ་པ་ལ་གནས་པ་དེ་ལ་དེ་སྐད་ཅེས་བྱའོ། །རབ་ཞི་ཁ་ནས་སྔགས་བརྗོད་ཅེས་བྱ་བ་ནི་ལས་ཀྱི་རྡོ་རྗེ་སློབ་དཔོན་གྱིས་སོ། །གཞུག་པར་བྱ་ཞེས་པ་ནི་སློབ་མ་སེམས་རྣམ་པར་དག་པ་དེའོ། །དར་ལ་སོགས་པས་མིག་གཉིས་གཡོགས་ ནས་ནི། །ཞེས་པ་ནི་ལེ་བརྒན་རྩིའི་ཁ་དོག་དམར་པོས་གདོང་གཡོགས་བྱས་ལ། སོགས་པས་ནི་སྟོད་གཡོགས་དང་། སྨད་གཡོགས་རྡོ་རྗེ་འཛིན་མའི་སྔགས་སམ་རྡོ་རྗེ་གནོད་སྦྱིན་བཟླས་པའི་ཆུས་བསང་ངོ་། །རྡོ་རྗེ་འཛིན་མ་དཔལ་གྱི་པདྨར་ལག་གཉིས་བྱ། །ཞེས་པ་ནི་རིགས་ ཀྱི་དམ་ཚིག་གི་ཕྱག་རྒྱ་ལ་འདིར་སེམས་མ་རྡོ་རྗེ་མའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་སེམས་དཔའ་ནི་མ་ཡིན་ནོ། །རིན་ཆེན་མེ་ཏོག་ལ་སོགས་དེ་བརྒྱན་ལ། །གཡོན་གྱི་ལག་པ་བཀང་སྟེ་གཞུག་པར་བྱ། །ཞེས་པ་ནི་ཕྱག་རྒྱ་དེ་རིན་པོ་ཆེ་སྣ་ལྔའམ། མེ་ཏོག་གམ། སློབ་དཔོན་མཉེས་པར་བྱེད་ པའི་ཡོན་གྱིས་བཀང་ལ་གཞུག་པར་བྱའོ། །ཨོཾ་བཛྲ་ཨ་དྷི་ཏིཥྛ་ཧཱུྃ་གིས་རྡོ་རྗེ་སེམས་དཔར་སློབ་མ་བྱིན་གྱིས་བརླབས་པའོ། །ཨོཾ་བཛྲ་ས་མ་ཡ་ཧཱུྃ་ནི་ཕྱག་རྒྱ་བཅིང་བའོ། །ཨོཾ་བཛྲ་པྲ་བེ་ཤ་ཡ་བཛྲ་ཧཱུྃ་ནི་མིག་དགབ་པའོ། །ཨ་ས་མེ་ཏྲི་ས་མེ་མ་ཧཱ་ས་མ་ཡེ་ཧཱུྃ་ནི་ཆོས་གོས་གསུམ་བསྐོན་ཞིང་སེམས་ དཔའ་ཆེན་པོར་བྱའོ། །ཡང་སློབ་དཔོན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ཏེ། བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ། །སེམས་ཅན་ཀུན་ལ་སྨན་སླད་དུའོ། །སློབ་མ་རྣམས་ནི་གཞུག་པར་བགྱི། །ཞེས་པས་རྗེས་སུ་གནང་བ་ནོད་པར་བྱའོ། །དེ་ནས་སློབ་མས་ གསོལ་བ་གདབ་པ་དང་། ཕྱག་བྱ་བ་དང་། བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་གདབ་པ་དང་། སློབ་དཔོན་ལ་གསོལ་བ་གདབ་པ་དང་། རྡོ་རྗེ་སློབ་དཔོན་གྱིས་རིགས་ཐམས་ཅད་ལ་གསོལ་བ་གདབ་པ་དང་། རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་བསྐུར་བ་དང་། སྡོམ་པ་ སྦྱིན་པ་དང་། སློབ་མས་སྡོམ་པ་བླང་བ་དང་། བྱིན་གྱིས་བརླབ་པ་དང་། དཀྱིལ་འཁོར་དུ་འཇུག་པ་དང་། ཡེ་ཤེས་དབབ་པ་དང་། འོག་ནས་འབྱུང་བས་དམ་ཚིག་བསྒྲགས་པ་དང་། སྣང་བ་དྲི་བ་བྱས་ནས། དེ་ནས། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །ཞེས་པ་ནི་སངས་རྒྱས་ཀྱི་དངོས་གྲུབ་ནི་བླ་ ན་མེད་པའི་བྱང་ཆུབ་པོ། །དེ་ཐོབ་པར་བྱ་བའི་ཕྱིར་ཀུན་རིག་རྣམ་པར་སྣང་མཛད་ལ་སོགས་པ་བདག་ལ་ཐུགས་བརྩེ་བར་དགོངས་ནས་གཙོ་བོ་ཁྱེད་རྣམས་ཀྱིས་བཞེས་སུ་གསོལ་ཞེས་པའི་དོན་ཏོ། །ཨོཾ་བཛྲ་པྲ་ཏི་གྲྀཧྞ་ཞེས་པ་ལ་སོགས་ཀྱིས་མེ་ཏོག་དོར་རོ། །ཨོཾ་པྲ་ཏཱིཙྪ་བཛྲ་ས་མ་ཡ་སྟྭཾ་གྱིས་མེ་ཏོག་བླངས་ལ་སློབ་མའི་ མགོ་ལ་བཅིང་བའོ། །མེ་ཏོག་རིན་ཆེན་ལ་སོགས་པ་དེ་བསྒྱུར་བར་མེ་ཏོག་གང་ལ་བབ་པ་དེ་རིགས་ཀྱི་བུ་ཁྱོད་ཀྱི་ཡི་དམ་གྱི་ལྷ་ཡིན་གྱིས་གཙོ་བོའམ་རིགས་ཏེ་སེམས་དཔའ་གང་ལ་བབ་པ་དེ་ཁྱོད་ཀྱིས་བསྒྲུབ་པར་གྱིས་ཤིག་དེ་བསྒྲུབས་ན་ཁྱོད་ཀྱིས་ཐུན་མོང་དང་ཁྱད་པར་གྱི་དངོས་གྲུབ་འགྲུབ་པར་འགྱུར་ཏེ་ཐེ་ཚོམ་ མེད་དོ། དེ་ནས་སྔགས་ལ་མཁས་པ་ཡིས། །ཞེས་པ་ནི་རྡོ་རྗེ་སློབ་དཔོན་ནོ། །དེས་སློབ་མ་ལ་སྔགས་འདིས་དམ་ཚིག་སྦྱིན་པར་བྱའོ། །ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཕཊ་ཅེས་པ་ལ་སོགས་པས་ནི་དམ་ཚིག་སྦྱིན་པ་དང་། བསྟན་པ་དང་། ཐོབ་པར་བྱ་བའོ། །དེ་ནས་འདིས་དམ་ཚིག་བསྒྲག་པར་བྱའོ། ། ཞེས་པ་ནི་དམ་ཚིག་ནི་མི་འདའ་བའོ། །གང་ལས་མི་འདའ་ཞེ་ན། བསྒྲགས་པ་འདི་ལས་སོ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །ཞེས་པ་ནི་རྡོ་རྗེའི་ཆུ་འདི་ནི་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་བར་བྱས་པའི་ཆུ་འདིས་སློབ་མ་རྡོ་རྗེ་འཛིན་པར་བསྒོམས་པ་ལ་བླུད་པས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཆུ་ འདིས་གྲུབ་པར་གྱུར་ཅིག །ཅི་སྟེ་དམ་ཚིག་འདི་ལས་འདས་ན་ནི་རྡོ་རྗེ་འཛིན་པའི་ཆུ་འདིས་སྙིང་ལ་རེག་ནས་དེ་མ་ཐག་ཏུ་རྡོ་རྗེ་འཛིན་པས་སྙིང་བཀས་ནས་དམྱལ་བར་བསྒྱུར་རོ། །དེར་མ་ཟད་དེ་བདུན་རྒྱུད་ཀྱི་རིགས་ཀུན་ཀྱང་རླག་པར་བྱེད་དོ། །གཏན་ཚིགས་དེ་བས་ན་བུ་ཁྱོད་ཀྱིས་ཞེས་ པ་ནི་བོད་པར་བྱའོ། །རྒྱལ་བས་ཏེ་ཤཱཀྱ་ཐུབ་པས་སོ། །དེས་གསུངས་པའི་སྡོམ་པ་དང་དམ་ཚིག་ནི་བསྲུང་བར་བྱ་བའོ། །དེ་ལ་སྡོམ་པ་ནི་ཐུན་མོང་དང་ཁྱད་པར་རོ། །དམ་ཚིག་ནི་སྐུ་གསུང་ཐུགས་སོ། །དེ་ལྟར་བླ་མས་ཕོག་པའི་བཀའ་ལས་མ་འདའ་བར་བསྲུང་བར་གྱིས་ཤིག་པའོ། ། སྡོམ་པ་ཕྱི་མ་ནི་དཀྱུས་ན་གསལ་བས་མ་བཀྲོལ་ལོ། །བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་འཇུག་པའི་རིམ་པ་བྱས་ནས་བདག་གི་དེ་ཁོ་ན་ཉིད་དེ་རིགས་ཀྱི་ལྷ་གང་བསྒོམ་པའི་རིམ་པའི་མན་ངག་མེ་ཏོག་གང་ལ་བབ་པའི་བསྒོམ་པའི་རིམ་པ་ བསྟན་པ་དང་སྔགས་ཀྱི་དེ་ཁོ་ན་ཉིད་བཟླས་པའི་རིམ་པ་དང་། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་བཞི་དེ་བཞིན་དུ་བསྟན་ནོ། །མོས་པ་བརྟན་དང་ལྡན་པར་དམ་བཅས་ནས། །ཞེས་པ་ནི་མོས་པ་ནི་གསང་སྔགས་རྡོ་རྗེའི་ཐེག་པ་ལ་མོས་པའོ། །བརྟན་པ་ནི་ལས་དང་འབྲས་བུ་ བདེན་པ་དང་། དཀོན་མཆོག་ལ་མངོན་པར་ཡིད་ཆེས་པའི་དད་པ་དང་བརྩོན་འགྲུས་ལ་ལྡོག་པ་མེད་པའོ། །དམ་བཅས་ནས་ཞེས་པ་ནི་སྡོམ་པ་དང་ཚུལ་ཁྲིམས་ལ་གནས་པ་སྟེ། ཐུན་མོང་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པ་དང་། སྐུ་གསུང་ཐུགས་ཀྱི་དམ་ ཚིག་ལ་གནས་པའོ། །སརྦ་བིཏ་ཀྱིས་ཇི་ལྟར་དབང་བསྐུར་ཏེ། །ཞེས་པ་ནི་དབང་ལ་རྣམ་པ་བཞི་སྟེ། རིག་པའི་དབང་དང་། སློབ་དཔོན་གྱི་དབང་བཅུ་དང་། རིན་པོ་ཆེ་སྣ་བདུན་ལ་སོགས་པའི་དབང་དང་གསང་བའི་དབང་སྟེ་བཞིའོ། །དེ་ལ་སརྦ་བིཏ་ཀྱིས་ཇི་ལྟར་བསྐུར་བ་དེ་ནི་སརྦྦ་བིཏ་ནི་རྡོ་རྗེ་ སེམས་དཔའི་བུམ་པ་སྟེ། རིག་པའི་དབང་བསྐུར་བར་བྱ་སྟེ། སརྦྦ་བིཏ་ཀྱིས་བུམ་པའི་དབང་དང་། ཅོད་པན་དང་། དར་དཔྱངས་ཀྱི་དབང་དང་། རྡོ་རྗེའི་དབང་དང་། དྲིལ་བུའི་དབང་དང་། བདག་པོའི་དབང་དང་། མིང་གི་དབང་བསྐུར་བའོ། །ཏེ་ཞེས་པ་ནི་ལྷག་མ་དང་བཅས་པའི་ཚིག་དང་། སློབ་དཔོན་ གྱི་དབང་བཅུ་ལ་སོགས་པ་དང་འབྲེལ་ཏོ། །ཡང་ན་རིགས་རྣམས་ཀྱི་བུམ་པའི་དབང་དང་འབྲེལ་ཏོ། །སློབ་དཔོན་གྱི་དབང་བཅུ་ནི་དཀྱིལ་འཁོར་ཆེན་པོའི་ཤར་གྱི་སྒོར་ཁྲུ་གཉིས་དོར་བར་དཀྱིལ་འཁོར་དབུས་མའི་ཕྱེད་ཀྱི་ཚད་ཙམ་གྱི་ཟུར་བཞི་པ་སྒོ་ནུབ་ཏུ་བཏོད་ལ་འོག་ནས་འབྱུང་བ་བཞིན་བྲིས་པར་ དབང་བསྐུར་བར་བྱའོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་བྱང་དུ་ཡང་དེ་བཞིན་དུ་བྲིས་ལ་དབང་བསྐུར་བར་བྱའོ། །དེ་ཡང་། བུམ་པ་ལ་སོགས་ཇི་སྙེད་མང་ཐོགས་པས། །བཅུ་པོ་རྣམས་ཀྱིས་དབང་བཅུ་ཅི་དགར་བསྐུར། །ཞེས་གསུངས་ཏེ། ཉོན་མོངས་པ་ལྔ་འཇོམས་པ་རིགས་ལྔའི་བུམ་པའི་དབང་དང་། ཐབས་མཁས་པ་ཕྲེང་བའི་དབང་དང་། བྱང་ཆུབ་ཀྱི་སེམས་ཀྱི་ཅོད་པན་གྱི་དབང་དང་། མི་འདའ་བ་ཕྱག་རྒྱའི་དབང་དང་། རྒྱལ་བའི་སྲས་ཀྱི་མིང་གི་དབང་དང་། དེ་བཞིན་གཤེགས་པའི་ཕྲིན་ལས་ལ་བཞག་པ་ལས་ཀྱི་དབང་དང་། འཁོར་བ་གཏིང་ནས་འཇོམས་པ་འཁོར་ལོའི་དབང་དང་། གཉིས་སུ་མེད་པ་ གཟུངས་ཀྱི་དབང་དང་། ཆོས་ཉིད་ཀྱི་དོན་མཐོང་བ་གསང་བའི་དབང་དང་། བདེ་བ་ཆེན་པོ་ཐབས་དང་ཤེས་རབ་ཀྱི་དབང་དང་བཅུའོ། །དེ་བཅུས་ནི་སློབ་དཔོན་དུ་འོས་པ་རྣམས་ལ་ཅི་དགའ་སྟེ་རིགས་ཀྱི་དབྱེ་བས་གཅིག་གམ། ལྔ་ཆར་ལ་སོགས་པ་ཇི་ལྟར་དགའ་བར་བསྐུར་རོ། །དེ་ནས་གསང་བ་ཤེས་རབ་ ཡེ་ཤེས་ཀྱི་དབང་སྦྱིན་ཏེ། དེ་ཡང་རིགས་ཀྱིས་ཤེས་པར་བྱའོ། །དེ་ནས་ལག་ཏུ་དྲིལ་བུ་དང་རྡོ་རྗེ་སྦྱིན། །ཞེས་པ་ནི་དེ་བཞིན་གཤེགས་པའི་རིགས་ལ་ནི་དེ་བཞིན་གཤེགས་པའི་རྡོ་རྗེ་དང་དྲིལ་བུ་སྦྱིན་ནོ། །རྡོ་རྗེའི་རིགས་ལ་ནི་ཁྲོ་བོའི་རྡོ་རྗེ་དང་དྲིལ་བུ་སྦྱིན་ནོ། །རིན་པོ་ཆེའི་རིགས་ལ་ནི་རྡོ་རྗེ་རིན་པོ་ཆེ་དང་དྲིལ་བུ་སྦྱིན་ ནོ། །པདྨའི་རིགས་ལ་ནི་རྡོ་རྗེ་པདྨ་དང་དྲིལ་བུ་སྦྱིན་ནོ། །ལས་ཀྱི་རིགས་ལ་ནི་རྡོ་རྗེ་སྣ་ཚོགས་དང་དྲིལ་བུ་སྦྱིན་ནོ། །དེ་རྣམས་ཀྱིས་རྡོ་རྗེའི་དེ་ཁོ་ན་ཉིད་དང་། དྲིལ་བུའི་དེ་ཁོ་ན་ཉིད་དང་། ཕྱག་རྒྱའི་དེ་ཁོ་ན་ཉིད་བསྟན་ཏོ། །འདིར་རྡོ་རྗེ་དྲིལ་བུའི་ནི་སྨོས་ལ་ཕྱག་རྒྱ་ཆེན་པོ་ནི་མ་སྨོས་ན་དགོས་པ་ཅི་ཡོད་ཅེ་ན། རིགས་ཀྱི་ སྐུ་གསུང་ཐུགས་ལས་ཐུགས་དང་གསུང་སྨོས་པས་སྐུ་མ་སྨོས་ཀྱང་རྒྱུད་གཞན་ལས་གསུང་སྨོས་པས་ཉེས་པ་མེད་དོ། །འཁོར་ལོ་ལ་སོགས་རིན་ཆེན་བདུན་ཐོགས་ལ། །མི་དབང་དབང་ཕྱུག་འཁོར་ལོ་ཐོབ་པ་དང་། །སྡིག་པ་གཞོམ་ཕྱིར་དབང་རྣམས་བསྐུར་བར་བྱ། །ཞེས་པ་ནི་ས་དང་པོ་ལ་སོགས་པའི་ ས་ལ་གནས་པར་བྱ་བའི་ཕྱིར། རིན་པོ་ཆེ་སྣ་བདུན་དང་། བཀྲ་ཤིས་བརྒྱད་དང་། ཉེ་བའི་རིན་པོ་ཆེ་སྣ་བདུན་དང་། བརྟུལ་ཞུགས་དང་། ལུང་བསྟན་པ་དང་། གཟེངས་བསྟོད་པ་ལ་སོགས་པ་ཐམས་ཅད་ཀྱང་བསྐུར་རོ། །དེ་ལ། མི་ཡི་དབང་ཕྱུག་འཁོར་ལོ་ཐོབ་པ་དང་། །ཞེས་པ་ནི་མིའི་དབང་ ཕྱུག་ནི་གསུམ་སྟེ། ས་དང་པོ་དང་། བརྒྱད་པ་དང་། བཅུ་པའོ། །དེ་ཐོབ་པར་བྱ་བའི་ཕྱིར་ཤར་གྱི་སྒོར་ནི་མིག་གི་ཐུར་དང་། མདའ་གཞུ་དང་རྡོ་རྗེ་སེམས་དཔའི་དབང་དང་། བརྟུལ་ཞུགས་སྦྱིན་པར་བྱའོ། །ལྷོ་སྒོར་ནི་རིན་པོ་ཆེ་སྣ་བདུན་ནོ། །ནུབ་ཏུ་བཀྲ་ཤིས་བརྒྱད་དོ། །བྱང་དུ་ཤེས་ རབ་ཡེ་ཤེས་ཀྱི་དབང་བསྐུར་རོ། །དེའི་ཕྱིར་ན་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་སྦྱངས་པའི་ཕྱིར་དབང་ནི་བསྐུར་བར་བྱའོ། །ཡང་སློབ་མ་འཇུག་པའི་ཆོ་ག་དབང་བསྐུར་བའི་ཆོ་ག་འདིའི་དོན་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་དེ་ལྟར་བརྗོད་པར་བྱ་སྟེ། ཇི་ལྟ་བ་བཞིན་དུ་ནི་དབང་བསྐུར་ བར་འོས་པའི་སློབ་མ་བསླབ་པ་ཡོངས་སུ་བཟུང་བ་འམ། དགེ་སྦྱོང་ངམ། དགེ་སློང་གི་སྡོམ་པ་ཡོངས་སུ་བཟུང་བ་ལྷག་པར་གནས་པའི་ཆོ་ག་ཇི་ལྟ་བ་བཞིན་བྱས་པས། སློབ་དཔོན་གྱི་ཞབས་ལ་མངོན་པར་ཕྱག་བྱས་ནས། སེམས་ཅན་མ་ལུས་པ་རྣམས་ཀྱི་ཕན་པ་དང་། བདེ་བ་དམ་པ་འགྲུབ་པར་བྱ་བའི་རྒྱུར་ བདག་དེ་བཞིན་གཤེགས་པའི་རིགས་དང་། རྡོ་རྗེའི་རིགས་དང་། རྡོ་རྗེའི་རིགས་ཀྱི་བདག་པོ་ལ་སོགས་པར་འགྱུར་བར་བྱའོ་ཞེས་བྱ་བ་ནི། བསམ་པ་མངོན་དུ་བྱས་ལ་སློབ་དཔོན་གྱི་ཞབས་གཉིས་ལ་ཕྱག་བྱས་ཏེ། འདི་སྐད་བརྗོད་པར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་བ་བས། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །དེ་ནས་ཡོལ་བའི་མཐར་སློབ་མ་རྡོ་རྗེ་བསྲུང་བ་ཡོངས་སུ་བཟླས་པའི་རས་ཤིན་ཏུ་དམར་བའི་སྟོད་གཡོགས་དང་། ། སྨད་གཡོགས་བསྐོན་ཞིང་། ཡང་སྒོ་སྲུང་རྣམས་ཀྱི་སྔགས་བཟླས་པའི་དར་གྱིས་གདོང་གཡོགས་བཅིངས་ནས་སློབ་མ་ཕྱག་བཞི་བྱེད་དུ་གཞུག་གོ། །དེ་ནས་ལག་ན་མེ་ཏོག་ཐོགས་པས་སློབ་དཔོན་ལ་ཕྱག་བྱས་ནས། བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་ཡང་བྱས་ལ་ འདི་སྐད་ཅེས་བརྗོད་པར་ཡང་བྱའོ། །གཙོ་བོས་བདག་ལ་སྡོམ་པ་སྩོལ། །ཐུབ་པ་ཉི་མ་མ་ལུས་པ། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །སློབ་དཔོན་དབང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་བའི། །མི་ལྡོག་འཁོར་ལོའི་འབྱོར་པར་ལྡན། ། ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །གསང་བ་ཆེན་པོར་འཇུག་པར་བགྱི། །གསང་བའི་རིགས་མཆོག་ཐམས་ཅད་དུ། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང་། །དཔེ་བྱད་རྣམས་དང་ ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་ཕྱུག་ཆེན་པོ་རྨད་བྱུང་བ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ནས་སློབ་དཔོན་གྱིས་རིགས་ཐམས་ཅད་ལ་གསོལ་བ་གདབ་ པར་བྱ་སྟེ། ཆེ་གེ་ཞེས་བྱ་འདི་ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་པ། །དམ་ཚིག་མཆོག་དང་གསང་བ་ཡིས། །འཁོར་ལོ་ལ་ཡང་འཇུག་པར་འཚལ། །དེ་ནས་ཡང་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གསང་བ་ཆེན་པོའི་རིགས་དག་པ། །གསང་བ་ཡོངས་སུ་འཛིན་པར་ནི། ། བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །དེས་ཀྱང་འཚལ་ཞེས་བརྗོད་པར་བྱའོ། །དེ་ནས་སྡོམ་པ་དཔོག་པ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །ཞེས་བྱ་བ་ནས། འདི་ནི་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །ཞེས་བྱ་བ་ ཡན་ཆད་ཀྱིས་དཔོག་གོ །དེས་ཀྱང་འདི་སྐད་བརྗོད་པར་བྱ་སྟེ། སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་ནི་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །ཞེས་བྱ་བ་ལ་སོགས་པ་ནས། སེམས་ཅན་མྱ་ ངན་འདས་ལ་འགོད། །ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །གང་ཞིག་སྡོམ་པ་འཛིན་པར་མི་བྱེད་པ་དེ་ལ་དེང་ཁྱོད་ཅེས་བྱ་བ་ལ་སོགས་པ་བརྗོད་པར་མི་བྱ་སྟེ། སློབ་དཔོན་དུ་རྗེས་སུ་གནང་བ་དང་། དབང་བསྐུར་བར་མི་བྱའི་འཇུག་པ་ཙམ་གྱིས་བྱེད་དུ་གཞུག་གོ། །དེ་ནས་བྱང་ཆུབ་སེམས་བསྐྱེད་ནས། ། དེ་ཡི་སྙིང་གར་སྙིང་པོས་ནི། །རྡོ་རྗེ་རབ་ཏུ་གཞག་པར་བྱ། །སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ། ཨོཾ་བཛྲ་ས་ཏྭ་ས་མ་ཡ་ཧཱུྃ་ཞེས་ཟློས་ཤིང་། རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱས་དེ་རྡོ་རྗེ་སེམས་དཔར་བསྐྱེད་ལ། རིགས་ཀྱི་དམ་ཚིག་བཞིས། ཨོཾ་བཛྲ་ཨ་དྷི་ཏིཥྛ་ཧཱུྃ་ཞེས་པ་དང་། སྙིང་ག་དང་། དཔྲལ་ བ་དང་། ལྐོག་མ་དང་། སྤྱི་བོར་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་བསྐྱེད་དེ། དྲི་དང་མེ་ཏོག་ལ་སོགས་པས་མཆོད་ནས། ཡོན་གྱི་མཆོག་བླངས་ཏེ། དེ་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ། ཨོཾ་བཛྲ་ས་མ་ཡ་སྟྭཾ་ཞེས་བྱ་བ་འདིས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་འཆིང་ དུ་བཅུག་ནས། གུང་མོ་གཉིས་ཀྱིས་ཕྲེང་བ་འཛིན་དུ་བཅུག་སྟེ། ས་མ་ཡ་ཧཱུྃ་ཞེས་བྱ་བ་འདིས་གཞུག་པར་བྱ་ཞིང་། བཛྲ་ཨཾ་ཀུ་ཤ་ཛཿ། ཞེས་བྱ་བ་དང་། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱས་དགུག་པར་བྱའོ། །ཡང་དེ་བཞིན་དུ་ལྷོ་ནས་བཅུག་ལ་བཛྲ་པཱ་ཤ་ཧཱུྃ་ཞེས་བྱ་བ་དང་། རྡོ་རྗེ་ཞགས་པའི་ལས་ཀྱི་ཕྱག་རྒྱས་གཞུག་པར་ བྱའོ། །ཡང་དེ་བཞིན་དུ་ནུབ་ཀྱི་སྒོ་ནས་བཅུག་ལ་བཛྲ་སྥོ་ཊ་བཾ་ཞེས་བྱ་བ་དང་། རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱས་བཅིང་བར་བྱའོ། །དེ་ནས་དེ་བཞིན་དུ་བྱང་ཕྱོགས་ཀྱི་སྒོ་ནས་བཅུག་ལ་བཛྲ་ཨཱ་བེེ་ཤ་ཨཿཞེས་པ་དང་། རྡོ་རྗེ་འབེབས་པའི་ཕྱག་རྒྱས་གདབ་པར་བྱའོ། །དེ་ནས་ཡང་ཤར་ཕྱོགས་ཀྱི་སྒོ་ནས། དེ་བཞིན་དུ་ བཅུག་ལ་འདི་སྐད་དུ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །དེ་ནས་སྒོ་དབྱེ་བའི་ཕྱག་རྒྱས་རང་གི་སྙིང་ག་ཕྱེ་ལ། རང་གི་སྙིང་ག་ན་གནས་པའི་རྡོ་རྗེའི་དབུས་ན་ཡི་གེ་ཨ་རྡོ་རྗེ་དམར་པོའི་འོད་ཟེར་གྱི་ཕྲེང་བ་དང་ལྡན་པ་ བསམས་ནས། དེ་ནས་སློབ་མའི་སྙིང་ག་ན་གནས་པའི་རྡོ་རྗེའི་དབུས་སུ་བློས་བཅུག་ལ། དེའི་ལུས་ཐམས་ཅད་གང་བར་བསམས་ཤིང་། འདི་སྐད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨྲོས་ཤིག་ཅེས་བརྗོད་དོ། །དེ་ནས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ། འདི་ནི་རྡོ་རྗེ་དམ་ ཚིག་སྟེ། ཞེས་བྱ་བ་ལ་སོགས་པ་བརྗོད་དུ་བཅུག་ལ། བཛྲ་ཨཱ་བེ་ཤ་ཨཿཞེས་བྱ་བ་ལན་བརྒྱའི་བར་དུ་ཟློས་ཤིང་དབབ་པར་བྱའོ། །དབབ་པའི་ཆོ་ག་དེ་ལྟ་བུ་དང་། གཞན་དག་ཀྱང་ཤེས་པར་བྱའོ། །དེ་ནས་དེ་ལ་བབས་པར་ཤེས་པ་དང་། སློབ་དཔོན་གྱིས་དཔལ་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་ རྒྱ་བཅིངས་ཏེ། ཀྱེ་རྡོ་རྗེ་སེམས་དཔའ། ཀྱེ་རྡོ་རྗེ་རིན་ཆེན། ཀྱེ་རྡོ་རྗེ་ཆོས། ཀྱེ་རྡོ་རྗེ་ལས། པྲིཏྟ་སཏྭབིཏ་བཛྲ་ཞེས་བརྗོད་པར་བྱའོ། །གལ་ཏེ་བབས་པ་དེ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིངས་ལ། སློབ་དཔོན་གྱིས་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་བཅིང་བར་བྱའོ། །གང་གི་ཚེ་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱ་ འཆིང་ན་དེའི་ཚེ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །གང་གི་ཚེ་རྡོ་རྗེ་ཆགས་པའི་འཆིང་ན། དེའི་ཚེ་རྡོ་རྗེ་བསྲུང་བའི་འོ། །གང་གི་ཚེ་རྡོ་རྗེ་ལེགས་པའི་འཆིང་ན་དེའི་ཚེ་རྡོ་རྗེ་ལས་ཀྱིའོ། །གང་གི་ཚེ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་འཆིང་ན་དེའི་ཚེ་རྡོ་རྗེ་སྨྲ་བའི་ཕྱག་རྒྱའོ། །གང་གི་ཚེ་རྡོ་རྗེ་ཉི་མའི་འཆིང་བ་དེའི་ཚེ་རྡོ་རྗེ་རྒྱུའོ། ། གང་གི་ཚེ་རྡོ་རྗེ་རྒྱལ་མཚན་གྱི་འཆིང་པ་དེའི་ཚེ་རྡོ་རྗེ་རྣོན་པོའི་འོ། །གང་གི་ཚེ་རྡོ་རྗེ་བཞད་པའི་ཕྱག་རྒྱ་འཆིང་པ་དེའི་ཚེ་སློབ་དཔོན་གྱིས་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ལྟ་བུ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་དེ་རྣམས་དགོངས་པར་མཛད་པར་འགྱུར་རོ། །དེ་ནས་བབས་པ་དེའི་ལྕེ་ལ་ཡི་ གེ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསམས་ལ་སྨྲོས་ཤིག་རྡོ་རྗེ་ཞེས་བརྗོད་པར་བྱའོ། །དེ་ནས་མངོན་པར་འདོད་པ་ཐམས་ཅད་སྨྲ་བར་འགྱུར་རོ། །དེ་ནས་ཕྲེང་བ་དོར་ཏེ། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་ཕྱིར་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་ བཞེས་སུ་གསོལ། །ཨོཾ་བཛྲ་པྲ་ཏི་གྲིཧྞ་ཧཱུྃ་ཞེས་པའོ། །དེ་ནས་བླངས་ལ་མགོ་ལ་བཅིང་ངོ་། །དེ་ནས། རིན་ཆེན་མེ་ཏོག་ལ་སོགས་པ། །ཞེས་པའི་ཚིགས་བཅད་བརྗོད། ཨོཾ་པྲ་ཏཱིཙྪ་བཛྲ་ས་མ་ཡ་སྟྭཾ་ཞེས་པས་བཅིང་ངོ་། །དེ་ནས་གདོང་གཡོགས་བཀྲོལ་བ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཞེས་པ་ལ་སོགས་པའི་ དཀྱིལ་འཁོར་བསྟན་ཏོ། །ཕྱིའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཟླ་བའི་དཀྱིལ་འཁོར་བྲིས་ལ། སློབ་མ་རྡོ་རྗེ་སེམས་དཔར་བསྐྱེད་ནས་བྱིན་གྱིས་བརླབས་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞག་སྟེ། དྲིལ་བུ་དཀྲོལ་ཞིང་མཆོད་པ་རྣམ་པ་ལྔས་མཆོད་ལ། བཀྲ་ཤིས་འདོན་ཅིང་རྣམ་པར་རྒྱལ་བའི་བུམ་པའམ། སརྦ་བིཏ་ཀྱིས་བྱིན་གྱིས་བརླབས་པའི་རྡོ་རྗེ་སེམས་དཔའི་བུམ་པ་ལས་རྡོ་རྗེ་ཁུ་ཚུར་གྱིས་ཆུ་བླངས་པ་དེ་དང་། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བའི་སྔགས་འདིས་སྤྱི་བོ་ནས་དབང་བསྐུར་བར་བྱའོ། །དེ་ནས་དབུ་རྒྱན་གྱི་དབང་དང་། མེ་ཏོག་གི་ཕྲེང་བའི་དབང་བསྐུར་བ་དང་། །ཕྱག་རྒྱའི་ཕྲེང་བའི་དབང་དང་། རྡོ་རྗེའི་དབང་བསྐུར་བ་དང་། དྲིལ་བུའི་དབང་བསྐུར་བ་དང་། བདག་པོའི་དབང་བསྐུར་བ་དང་། མིང་གི་དབང་བསྐུར་བ་ཐམས་ཅད་ལ་མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་པོ་རེ་དང་དབང་རེར་སྦྱར་བར་བྱའོ། །མིང་གི་དབང་ལ་སོགས་པ་བསྐུར་བར་བསྲུང་པ་འདི་ཐམས་ཅད་ཀྱིས་ཀྱང་ཕྱིར་མི་ལྡོག་པའི་ ས་བོན་བསྐྱེད་པའི་ཕྱིར་ཡིན་པས་སྡོམ་པ་གཟུང་བ་དང་། སྡོམ་པ་གཟུང་བའི་སྤྱིའི་དབང་བསྐུར་བ་ཡིན་ནོ། །སློབ་དཔོན་དུ་དབང་བསྐུར་བར་འོས་པ་རྣམས་ཀྱིས་ནི་ཁྱད་པར་ཡོད་པར་བཤད་དེ། སློབ་དཔོན་དུ་དབང་བསྐུར་བར་འོས་པ་དཀྱིལ་འཁོར་ཆེན་པོར་བཅུག་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ཉིད་ དང་། སློབ་དཔོན་གྱི་ལས་ཐམས་ཅད་བསླབ་པར་བྱ་སྟེ། འདི་ཙམ་གྱིས་ནི་གསང་བའི་དབང་བསྐུར་བ་ཡིན་ནོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་ཏེ། དེ་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་འདི་ཡིན་ཏེ། མི་མཉམ་མེད་པས་ཟུར་བཞི་སྟེ། །དྲན་དང་དབང་པོ་སྒོ་བཞི་སྟེ། །བསམ་གཏན་རྣམས་ཀྱི་རྟ་ བབས་བཞི། །ཁ་ཁྱེར་ལ་བརྟེན་རྡོ་རྗེའི་མཆོག །ལྷ་མོས་མཆོད་པ་བཟུང་རྣམས་ཡིན། །སྣ་ཚོགས་པ་ཡི་རྒྱན་རྣམས་ཀུན། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །རྡུལ་ཡབ་བསྐྱོད་པ་སྣ་ཚོགས་མཆོག །དམ་ཆོས་མཆོག་ནི་ཀུན་དུ་འཕྲོ། །རླུང་གིས་བསྐྱོད་པ་སྣ་ཚོགས་མཆོག །དར་འཕན་དྲིལ་བུའི་སྒྲ་ སྒྲོགས་ཡིན། །མེ་ལོང་ཡེ་ཤེས་དག་མེ་ཏོག །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་། །དྲ་བ་དྲ་ཕྱེད་རིན་ཆེན་མཆོག །ཉི་མ་ཟླ་བ་ཡང་དག་ལྡན། །ཀུན་གྲུབ་མི་ཟད་བདེ་བ་སྟེ། །བདེ་བ་ཆེན་པོ་ཞེས་བཤད་དོ། །ཕྱིའི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ། །འདི་ནི་ནང་རིམ་དག་གི་ཐིག ། དཀྱིལ་འཁོར་བརྒྱད་པ་འདྲ་བ་ནི། །འདི་ནི་རྣམ་པར་ཐར་པ་བརྒྱད། །དངོས་གྲུབ་ཀུན་གྱིས་བདེ་བ་སྟེར། །ཐེག་པ་ཆེན་པོའི་བྱང་ཆུབ་སེམས། །འཁོར་ལོ་བཅུ་དྲུག་བསྐོར་བ་ནི། །སྡེ་སྣོད་འཁོར་ལོ་བསྐོར་བས་ནའོ། །ཐེག་ཆེན་བྱང་ཆུབ་སེམས་དང་ནི། །ལྡན་ཕྱིར་རྡོ་རྗེ་ཐིག་ གིས་བསྐོར། །རྣམ་པར་སྣང་མཛད་དང་། ངན་སོང་ཐམས་ཅད་སྦྱོང་བ་དང་། རིན་ཆེན་དཔལ་དང་། ཤཱཀྱ་ཐུབ་པ་དང་། མེ་ཏོག་ཆེར་རྒྱས་ཀྱི་དཀྱིལ་འཁོར་ནི་ཐབས་རྣམ་པ་ལྔ་བསྟན་པའི་ཕྱིར། ཤེལ་དང་། བཻ་ཌཱུརྱ་དང་། གསེར་དང་། པདྨ་རཱ་ག་དང་། མརྒད་ཀྱི་མདོག་ཅན་ལྟ་ བུ་སྟེ། སྐབས་འདི་ནི་ལྷག་མའོ། །དབུས་མ་ཤེལ་ལྟ་བུའི་མདོག་ཅན་ནི་བཅོམ་ལྡན་འདས་ཀུན་རིག་གི་དཀྱིལ་འཁོར་ཏེ། བྱང་ཆུབ་སེམས་དཔའ་རྣམས་རྣམ་པར་བསྟན་པ་ཡིན་ནོ། །གཉིས་པ་བཻ་ཌཱུརྱའི་མདོག་ཅན་ནི་ངན་སོང་ཐམས་ཅད་སྦྱོང་པའི་དཀྱིལ་འཁོར་ཏེ། བསྡུ་བའི་དངོས་ པོ་སྟོན་པ་ཡིན་ནོ། །གསུམ་པ་གསེར་གྱི་མདོག་ཅན་ནི་རིན་ཆེན་དཔལ་གྱི་དཀྱིལ་འཁོར་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྟོན་པར་བྱེད་པ་ཡིན་ནོ། །བཞི་པ་པདྨ་རཱ་གའི་མདོག་ཅན་ནི་ཤཱཀྱ་ཐུབ་པའི་དཀྱིལ་འཁོར་ཏེ། མི་དམིགས་པའི་ཐུགས་རྗེ་ཆེན་པོ་དང་། ཏིང་ངེ་འཛིན་ དང་། གཟུངས་དང་རྣམ་པར་ཐར་པ་ལ་སོགས་པ་སྟོན་པར་བྱེད་པ་ཡིན་ནོ། །ལྔ་པ་མརྒད་ཀྱི་མདོག་ཅན་ནི་མེ་ཏོག་ཆེར་རྒྱས་ཀྱི་དཀྱིལ་འཁོར་ཏེ། སེམས་ཅན་སྨིན་པ་དང་གྲོལ་བར་བྱེད་པའི་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པའི་ཐོབ་པ་ལས་བྱུང་བ་ཐེག་པ་ཆེན་པོ་ གཞན་གྱི་ལྟ་བ་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་དཀྱིལ་འཁོར་རོ། །འཁོར་ལོ་རྩིབས་བཅུ་དྲུག་པར་འབྱུང་བ་ནི་རྟེན་འབྲེལ་བཅུ་གཉིས་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། །སྟོང་པ་བཅུ་དྲུག་རྣམ་པར་དག་པ་ཡིན་ནོ། །ཁ་དོག་ལྔ་པོ་ནི་དེ་བཞིན་གཤེགས་པ་རྣམས་སེམས་ཅན་གྱི་ ཁམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཆགས་པ་ཡིན་ནོ་ཞེས་དེ་སྟོན་པར་བྱེད་པའོ། །བུམ་པ་ནི་གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་གསོལ་བར་བསྟན་པ་ཡིན་ལ། བུམ་པ་གང་བ་ནི་བྱང་ཆུབ་ཐོབ་པར་བྱེད་པའི་བསོད་ནམས་དང་ ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་པའི་དོན་སྟོན་པའོ། །གང་དུ་བཟླས་པ་ཡང་དག་བཤད། །དེ་ཉིད་གསལ་བར་སྟོན་པ་ཡིན། །གང་ཕྱིར་འདི་ནི་ཡང་དག་བཤད། །གྲགས་པའི་དྲི་ནི་བླ་ན་མེད། །རྫུ་འཕྲུལ་འཇུག་པ་གང་ཡིན་པ། །ཚུལ་ཁྲིམས་དྲི་ནི་བླ་ན་མེད། །བཟའ་བ་ རྣམ་པ་སྣ་ཚོགས་ནི། །ཆོས་ཀྱི་ཟས་ནི་བླ་ན་མེད། །ལྷ་ཡི་གར་བཤད་སྣ་ཚོགས་པ། །རྟོག་པ་ཐམས་ཅད་རྣམ་འཕེལ་བའོ། །གྲོང་ཁྱེར་དུ་ནི་གང་བཤད་པ། །དེ་ཉིད་ཐར་པའི་གྲོང་ཁྱེར་བཟང་། །དཀྱིལ་འཁོར་དུ་ནི་གང་བཤད་པ། །ཆོས་ཀྱི་རང་བཞིན་གྲོང་ཁྱེར་ཡིན། །ཞེས་བཅོམ་ལྡན་ འདས་ཀྱིས་གསུངས་སོ། །ཡང་མིའུ་ཐུང་ལྟ་བུ་ཞལ་བཞི་པ་གསུས་ཁྱིམ་ཆེ་བ་རལ་པ་ཅན་དཀྱིལ་འཁོར་གྱི་བདག་པོའི་ཡོན་ཏན་དང་ལྡན་པའི་ཚོགས་ལྟ་བུ་ཞལ་བཞི་པོ་དེ་དཀྱིལ་འཁོར་གྱི་སྒོར་ཡོངས་སུ་གྱུར། གདུལ་བྱ་རྣམས་རང་གི་སྐུར་ཞུགས་པར་མཛད་པའི་ཕྱིར། དེ་རྣམས་ཀྱང་སྡིག་ པ་སེལ་ཅིང་སངས་རྒྱས་ཀྱི་ཡོན་ཏན་བསྐྱེད་པར་མཛད་པས་བཞུགས་པར་གསང་བའི་དཀྱིལ་འཁོར་གྱི་གཟུགས་ཅན་བསྒོམ་པར་བྱའོ། །དེ་རྣམས་ལ་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་སུམ་ཅུ་རྩ་བདུན་ཏེ་དེ་བརྗོད་པར་བྱའོ། དཀྱིལ་འཁོར་ཐམས་ཅད་ཀྱི་དབུས་ན་བཞུགས་པ་ནི་བཅོམ་ལྡན་ འདས་རྣམ་པར་སྣང་མཛད་དེ། སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པར་གྱུར་པ་ལ་སོགས་པའི་ཚུལ་མཛེས་པར་སྣང་བ་ཡིན་ནོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་ཀྱི་མཚན་ཉིད་གྱི་ཅན་གྱི་ཐུགས་གང་ཡིན་པ་དེ་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའོ། །བཅོམ་ལྡན་ འདས་ངན་སོང་སྦྱོང་བ་དེ་ཉིད་རྣམ་པ་བཞིར་འདོད་དེ། དེའི་རྒྱུའི་གནས་སྐབས་ཀྱི་བྱང་ཆུབ་ཀྱི་ཐུགས་དང་། འབྲས་བུར་གྱུར་པའི་ཐུགས་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔའོ། །དེ་ཉིད་ཀྱི་བསྡུ་བའི་དངོས་པོ་བཞིའི་སྤྱོད་པ་དང་འབྲས་བུའི་ཐུགས་ནི་རྡོ་རྗེ་རྒྱལ་པོའོ། །དེ་ཉིད་ཀྱི་སེམས་ཅན་སྨིན་པ་དང་གྲོལ་ བར་མཛད་པའི་ཐུགས་གང་ཡིན་པ་དང་། དེ་བཞིན་དུ་ལམ་བསྒོམས་པ་དང་། འབྲས་བུའི་རང་བཞིན་གྱི་ཐུགས་གང་ཡིན་པ་དེ་ནི་རྡོ་རྗེ་ཆགས་པའོ། །དེ་ཉིད་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་དང་། འབྲས་བུའི་ཐུགས་གང་ཡིན་པ་དེ་ནི་རྡོ་རྗེ་ལེགས་པའོ། །བཅོམ་ལྡན་འདས་ རྣམ་པར་སྣང་མཛད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་རིན་ཆེན་དཔལ་ལོ། །རིན་ཆེན་དཔལ་དེ་ཡང་ནོར་དང་མི་འཇིགས་པ་དང་། བྱམས་པ་དང་། ཆོས་སྦྱིན་པའི་ཚུལ་གྱིས་རྣམ་པ་བཞིར་འགྱུར་རོ། །དེ་ལ་ནོར་སྦྱིན་པའི་སྤྱོད་པ་དང་། ནོར་སྦྱིན་པའི་འབྲས་བུ་གང་ཡིན་པ་ དེ་ནི་རྡོ་རྗེ་རིན་ཆེན་ནོ། །མི་འཇིགས་པ་སྦྱིན་པའི་སྤྱོད་པ་དང་། མི་འཇིགས་པ་སྦྱིན་པའི་འབྲས་བུ་གང་ཡིན་པ་དེ་ནི་རྡོ་རྗེ་ཉི་མའོ། །བྱམས་པའི་སྦྱིན་པའི་སྤྱོད་པ་དང་། དེའི་འབྲས་བུ་གང་ཡིན་པ་དེ་ནི་རྡོ་རྗེ་དཔལ་ལོ། །ཆོས་སྦྱིན་པའི་སྤྱོད་པའོ། །ཆོས་སྦྱིན་པའི་འབྲས་བུ་གང་ཡིན་པ་དེ་ནི་རྡོ་རྗེ་ བཞད་པའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་ཐུགས་རྩེ་གཅིག་པ་ཉིད་ཀྱི་རྣམ་པའི་ཤེས་རབ་ཀྱི་སྤྱོད་པ་དང་། དེའི་ འབྲས་བུ་གང་ཡིན་པ་དེ་ནི་རྡོ་རྗེ་ཆོས་སོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའི་ཕྱིར་ཤེས་རབ་བསྒོམས་པ་དང་། དེའི་འབྲས་བུ་གང་ཡིན་པ་དེ་ནི་རྡོ་རྗེ་རྣོན་པོའོ། །རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་སྤྲུལ་པའི་རྣམ་པའི་ཤེས་རབ་དང་། དེའི་འབྲས་བུ་གང་ཡིན་པ་དེ་ནི་རྡོ་རྗེ་ རྒྱུའོ། །ཤཱཀྱ་ཐུབ་པའི་དེ་ཉིད་ཀྱི་སོ་སོ་ཡང་དག་པའི་རིག་པ་བཞི་རང་བཞིན་གྱིས་སྤྱོད་པ་གང་ཡིན་པ་དང་། དེའི་འབྲས་བུ་གང་ཡིན་པ་དེ་ནི་རྡོ་རྗེ་སྨྲ་བའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་མེ་ཏོག་ཆེར་རྒྱས་སོ། །བཅོམ་ལྡན་འདས་མེ་ཏོག་ ཆེར་རྒྱས་དེ་ཡང་རྣམ་པ་བཞི་སྟེ། མེ་ཏོག་ཆེར་རྒྱས་དེས་སངས་རྒྱས་སྤྲུལ་པའི་ཕྱིར་བརྩོན་འགྲུས་གང་བསྒོམས་པའི་སྤྱོད་པ་དང་། སེམས་ཅན་སྨིན་པར་བྱ་བའི་སྤྱོད་པ་དང་། དེ་དག་གི་འབྲས་བུ་གང་ཡིན་པ་དེ་ནི་རྡོ་རྗེ་ལས་སོ། །ཐེག་པ་གཞན་འདོད་པའི་སེམས་ཀྱིས་འཇིགས་པ་ལས་སེམས་ བསྲུང་བའི་བརྩོན་འགྲུས་གང་ཡིན་པ་དང་། དེའི་འབྲས་བུ་གང་ཡིན་པ་དེ་ནི་རྡོ་རྗེ་བསྲུང་བའོ། །ཆོས་རྣམས་རང་བཞིན་གྱིས་འོད་གསལ་བ་གདོད་ནས་དག་པ་ནམ་མཁའ་དང་མཉམ་པ་ཞེས་བྱ་བར་སོ་སོར་རྟོག་པའི་བརྩོན་འགྲུས་བསྒོམས་པ་འདིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ དང་། ཉེ་བའི་ཉོན་མོངས་པ་ཟ་བ་དང་། གདུག་པ་ཐམས་ཅད་ཟ་བ་དང་། དེའི་འབྲས་བུ་གང་ཡིན་པ་དེ་ནི་རྡོ་རྗེ་གནོད་སྦྱིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་རང་བཞིན་དུ་བསྒོམས་པའི་བརྩོན་འགྲུས་དང་། དེའི་འབྲས་བུ་གང་ཡིན་པ་ དེ་ནི་རྡོ་རྗེ་ཁུ་ཚུར་རོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་ཀྱིས་ཐུགས་བསྡུས་པར་གྱུར་པ་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་མ་དང་སངས་རྒྱས་སྤྱན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྡུས་པར་གྱུར་པ་གང་ཡིན་པ་དེ་ནི་རིན་ཆེན་སེམས་མ་དང་མཱ་མ་ཀཱིའོ། །ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་བསྡུས་པར་གྱུར་པ་གང་ཡིན་པ་དེ་ནི་ཆོས་མ་དང་གོས་དཀར་མོའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པར་གྱུར་པ་གང་ཡིན་པ་དེ་ནི་ལས་མ་དང་དམ་ཚིག་སྒྲོལ་མའོ། །དེ་ཉིད་ཀྱི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་ དང་། ཤེས་རབ་དང་། སྨོན་ལམ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ལྷ་མོ་ལས་སྒེག་མོ་དང་། ཕྲེང་བ་མ་དང་། གླུ་མ་དང་། གར་མ་དང་། བདུག་པ་མ་དང་། མེ་ཏོག་མ་དང་། མར་མེ་མ་དང་། བྱུག་པ་མ་ཡིན་ནོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ ཀྱིས་བྱང་ཆུབ་ཀྱི་ཐུགས་བསྐྱེད་ནས། ཐར་པའི་གྲོང་ཁྱེར་ཆེན་པོར་སེམས་ཅན་རྣམས་འདྲེན་པར་མཛད་པའི་ཕྲིན་ལས་གང་ཡིན་པ་དེ་ནི་རྡོ་རྗེ་ལྕགས་ཀྱུའོ། །བྱང་ཆུབ་ཀྱི་སྤྱོད་པའི་ཞགས་པས་སེམས་ཅན་གཞུག་པར་མཛད་པ་གང་ཡིན་པ་དེ་ནི་རྡོ་རྗེ་ཞགས་པའོ། །བྱང་ཆུབ་ཀྱི་ བསམ་གཏན་གྱིས་ཐེག་པ་གཞན་ལ་འདོད་པ་ལས་སེམས་རབ་ཏུ་དྲལ་ཏེ། འཆིང་བར་མཛད་པ་གང་ཡིན་པ་དེ་ནི་རྡོ་རྗེ་ལྕགས་སྒྲོག་གོ། །བཅིང་བ་འབེབས་པས་རྗེས་སུ་ཆགས་པར་མཛད་པ་གང་ཡིན་པ་དེ་ནི་རྡོ་རྗེ་འབེབས་པ་ཡིན་ནོ། །དེ་ཡང་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་དབང་དུ་ མཛད་ནས། འདི་ཉིད་ཀྱི་རྒྱུད་ཆེན་པོ་ལས། །བྱང་ཆུབ་སེམས་དང་དེ་བཞིན་སྦྱིན། །བསམ་གཏན་སངས་རྒྱས་རྗེས་སུ་བརྙེས། །ཞེས་གསུངས་པ་ཡིན་ནོ། །བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སུམ་ཅུ་རྩ་གཉིས་པོ་རྣམས་ནི། དམ་པའི་ཆོས་ ཀྱི་གྲོང་ཁྱེར་ཆེན་པོ་ཡོངས་སུ་སྐྱོང་བའོ། །ཉན་ཐོས་དང་རང་སངས་རྒྱས་ནི་བདེན་པ་བཞི་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་ཐེག་པ་ཆུང་ངུའི་གྲོང་ཁྱེར་ཡོངས་སུ་སྐྱོང་བའོ། །འཇིག་རྟེན་གསུམ་སྣང་ལ་སོགས་པའི་ཁྲོ་བོ་རྣམས་ནི་རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ་ལས་བྱུང་བའོ། ། འཇིག་རྟེན་པ་ལ་སོགས་པ་རྣམས་ནི་ཐེག་པ་ཆེ་ཆུང་སྣོད་ཇི་ལྟ་བ་བཞིན་དུ། ངན་སོང་ལས་དྲངས་ཏེ་གནས་པར་བྱ་བའི་དོན་ཏོ། །དེ་ལ་འདི་དག་ཐམས་ཅད་ནི། །སློབ་དཔོན་གྱི་ལས་ཡིན་ཏེ། སེམས་དཔའ་ཆེན་པོ་ཕྱག་རྒྱ་ཆེར། །བསྒོམ་ཞིང་བྱིན་གྱིས་རློབ་བགྱིད་ཅིང་། །དཀྱིལ་འཁོར་གྱི་ནི་ དབུས་ཉིད་དུ། །ཅི་རིགས་པར་ནི་མཆིས་ནས་ཀྱང་། །ཕྱག་རྒྱ་ལ་གནས་དེ་བཞིན་ལངས། །ཀུན་དུ་རྣམ་པར་བལྟས་ནས་ནི། །རྡོ་རྗེ་སེམས་དཔའ་ཞེས་བརྗོད་ནས། །བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར། །ཞེས་བྱ་བ་ནས། །བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ་སློབ་དཔོན་ དཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་སྨན་སླད་དུ། །སློབ་མ་རྣམས་ནི་གཞུག་པར་བགྱི། །ཞེས་བྱ་བ་གང་བཤད་པ་འདི་དག་ཐམས་ཅད་ནི་སློབ་དཔོན་གྱི་ལས་ཡིན་ནོ། །ད་ནི་དབང་བསྐུར་བའི་ཆོ་ག་བརྗོད་པར་བྱ་སྟེ། རྩ་བའི་དཀྱིལ་འཁོར་ལས་ཁྲུ་གཉིས་དོར་བར་ཤར་སྒོར་བལྟས་པ་དང་། དཀྱིལ་འཁོར་དབུས་མའི་ཕྱེད་ཀྱི་ཚད་ཙམ་ཟུར་བཞི་པ་སྒོ་ནུབ་ཏུ་བཏོད་པའི་དཀྱིལ་འཁོར་ཚོན་སྣ་ལྔས་བྲིས་ལ། དེའི་དབུས་སུ་པདྨ་འདབ་མ་བརྒྱད། དེའི་སྟེང་དུ་དཔལ་རྡོ་རྗེ་སེམས་དཔའི་རྡོ་རྗེ་རྩེ་ལྔ་པ་ཁ་དོག་དམར་པོ་འོད་དམར་པོའི་ཕྲེང་བ་དང་ལྡན་པ་བྲི་བར་བྱའོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་སྒོར་བལྟས་པ་ཀུན་ནས་ཟླུམ་པར་དཀྱིལ་འཁོར་གཞན་དག་བྲིས་ལ། དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་རྡོ་རྗེ་རིན་པོ་ཆེ་དང་། རྡོ་རྗེ་པདྨ་དང་། སྣ་ཚོགས་རྡོ་རྗེ་གོ་རིམས་ཇི་ལྟ་བ་བཞིན་བྲིས་ལ། དཀྱིལ་འཁོར་དེ་རྣམས་རྩ་བའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་མཆོད་ནས། དེ་ རྣམས་ལ་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་སེང་གེའི་གདན་ནམ་ཁྲི་ལ་ཟླ་བའི་དཀྱིལ་འཁོར་དར་གྱིས་གཡོགས་པ་གཞག་པར་བྱའོ། །དེ་ནས་སློབ་མ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པར་བྱིན་གྱིས་བརླབས་ལ། ཤར་ཕྱོགས་ཀྱི་སྒོའི་དབང་བསྐུར་བའི་དཀྱིལ་འཁོར་དུ་རྣམ་པར་སྣང་མཛད་ ཀྱི་ཕྱག་རྒྱ་ཆེན་པོས་སེང་གེའི་གདན་ལ་བཞག་ལ། སེང་གེའི་གདན་གྱི་སྟེང་དུ་བླ་རེ་བྲེ་བ་དང་། གཡས་ལོགས་སུ་དར་དང་མེ་ཏོག་གི་ཕྲེང་བས་བརྒྱན་པ་དང་། གདུགས་དཀར་པོ་རིན་པོ་ཆེའི་ཏོག་ཅན་ལ། ཨོཾ་མངོན་པར་བཟླས་པ་བཞག་པ་དང་། གཡོན་དུ་དར་སྣ་ཚོགས་ཀྱི་རྒྱལ་མཚན་དང་། བ་དན་སྣ་ཚོགས་པ་ནམ་མཁའ་མཛོད་ཀྱི་སྔགས་བཟླས་ལ་གཞག་པར་བྱའོ། །དེ་ནས་སློབ་མ་ལ་མཆོད་ཡོན་བྱིན་ལ་མཆོད་པ་ལྔས་ཀྱང་མཆོད་དེ། དུང་དང་། རྔ་རིངས་དང་། རྔ་བོ་ཆེ་དང་། ཟངས་དུང་ལ་སོགས་པའི་རོལ་མོའི་ཕྱག་རྒྱས་བྱིན་གྱིས་བརླབས་ནས། གར་དང་། གླུ་དང་། རྩེད་མོས་ཀྱང་དེ་ཡང་དག་པར་མཆོད་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །དེ་ནས་སྦྱོར་བ་འདིས་ངན་སོང་སྦྱོང་བ་ལ་སོགས་པའི་བུམ་པ་བཞིས་དབང་བསྐུར་བར་བྱའོ། །ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཿ ཨོཾ་བཛྲ་བིདྱཱ་སྭཱ་ཧཱ་ཞེས་བྱ་བ་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་མེ་ཏོག་གི་ལྕུག་མ་ལ་སྟོང་རྩ་བརྒྱད་བཟླས་པའི་རྣམ་པར་སྣང་མཛད་ཀྱི་བུམ་པ་དེས། ཨོཾ་སརྦ་བིཏ་སྭཱ་ཧཱ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བ་བརྗོད་དེ་དབང་བསྐུར་རོ། ། དེ་ནས་དབུ་རྒྱན་གྱི་དབང་བསྐུར་ཏེ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཿ། དེ་ནས་ཕྲེང་བའི་དབང་བསྐུར་བ་བླང་བར་བྱ་སྟེ། ཨོཾ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། ཨོཾ་བཛྲ་པཊྚ་ཨ་བ་ལཾ་བ་ན་ཨ་བྷི་ཥིཉྩ་ཏྲཱཾ། དེ་ནི་ཅོད་པན་གྱི་དབང་ངོ་། །དེ་ནས་ཕྱག་རྒྱའི་དབང་བསྐུར་བར་བླང་བར་བྱ་སྟེ། ཨོཾ་བཛྲ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏྣ་མུ་དྲ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་མུ་དྲ་ཨ་བྷི་ཥིཉྩ་ཧཱིཿ། ཨོཾ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཨཿ། དེ་ནས་མིང་གི་དབང་བསྐུར་བ་སྦྱིན་པར་བྱ་སྟེ། ཨོཾ་བཛྲ་ནཱ་མ་ཨ་བྷི་ ཥིཉྩ་ཧཱུྃ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱི་ཨཿ། ཀྱེ་རྡོ་རྗེ་སེམས་དཔའ་ཀྱེ་རྡོ་རྗེ་རིན་ཆེན། ཀྱེ་རྡོ་རྗེ་ཆོས། ཀྱེ་རྡོ་རྗེ་ལས་ཆེ་གེ་མོ་ཞེས་བྱ་བ་འདི་ཡང་ཨ་དྷི་ཏིཥྛ་སརྦ་ཏ་ཐཱ་ག་ཏ་ཡ་ཙཱརྱ་ཏྲ་སྭཱ་ཧཱ། དེ་ནས་ལས་ཀྱི་དབང་བསྐུར་ཏེ། ཨོཾ་བཛྲ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ་ཨཿ། དེ་ནས་ འཁོར་ལོའི་དབང་བསྐུར་ཏེ། ཨོཾ་བཛྲ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་ཨོཾ་ཨོཾ། ཧཱུྃ་ཧཱུྃ་ཧཱུྃ། ཏྲཱཾ་ཏྲཱཾ་ཏྲཱཾ། ཧྲཱིཿཧྲཱིཿཧྲཱིཿ། ཨཿཨཿཨཿ། དེ་ནས་གཟུངས་ཀྱི་དབང་བསྐུར་བར་བྱ་སྟེ། ཨོཾ་བཛྲ་དྷ་ར་ཎ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་བུདྡྷ་དྷ་ར་ཎ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏྣ་དྷ་ར་ཎ་ཨ་ བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་དྷ་ར་ཎ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་དྷ་ར་ཎ་ཨ་བྷི་ཥིཉྩ་ཨཿ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་གུ་ཧྱ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་བུདྡྷ་གུ་ཧྱ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏྣ་གུ་ཧྱ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་གུ་ཧྱ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་གུ་ཧྱ་ཨ་བྷི་ཥིཉྩ་ཨཿ། དེ་ནས་མཆོད་ པ་རྣམ་པ་ལྔས་ཡང་དག་པར་མཆོད་ལ། ལྷག་མ་ནི་རྡོ་རྗེ་སེམས་དཔའི་དབང་བསྐུར་བའི་སྐབས་སུ་ཤེས་པར་བྱའོ། །ཡང་དེ་ཉིད་དུ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ་རྣལ་འབྱོར་ཆེན་པོ་བཤད་པའི་ཚུལ་གྱིས་རྣམ་པར་སྣང་མཛད་ལ་སོགས་པ་དེའི་ལུས་ལ་བཀོད་ལ་རྡོ་རྗེ་སེམས་དཔའི་ ཕྱག་རྒྱ་ཆེན་པོས་དེ་སེང་གེའི་ཁྲི་སྟེང་དུ་བཞག་ལ་བླ་རེ་བྲེ་བ་ནས་བཀྲ་ཤིས་གདོན་པ་ཡན་ཆད་བྱས་ནས། དེ་ནས་ཤར་སྒོའི་བུམ་པ་དང་། བུམ་པ་གང་བས་ཀྱང་དབང་བསྐུར་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་དང་། དབུ་རྒྱན་ལ་སོགས་པའི་དབང་བསྐུར་བར་བྱའོ། ། དེ་ནས་མེ་ཏོག་ལ་སོགས་པ་དང་། སྒེག་མོ་ལ་སོགས་པས་སློབ་མ་མཆོད་ལ་གསེར་གྱི་ཐུར་མ་ཡི་གེ་པྲཾ་གྱིས་བྱིན་གྱིས་བརླབས་པ་ཐོགས་ལ་མདུན་དུ་འདུག་སྟེ། དེའི་མིག་གཡས་པ་འབྱེད་པ་ལྟར་བྱེད་ཅིང་འདི་སྐད་ཅེས་བརྗོད་པར་བྱའོ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། ། འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ། དེ་ནས་མེ་ལོང་ལ་ཨོཾ་བཛྲ་སཏྭ་ཞེས་བྱ་བའི་སྔགས་མངོན་པར་བཟླས་པ་བསྟན་ཅིང་ཆོས་ཀྱི་མཚན་ཉིད་བཤད་པར་བྱའོ། །ཆོས་ རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང་། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་ནས་སུ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་ སུ་སྐྱེ། །ཡི་གེ་ཧོཿས་མདའ་དྲུག་དང་བཅས་པའི་གཞུ་བྱིན་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། མདའ་དྲུག་གཞུ་དང་བཅས་པ་འདིས། །ཚད་མེད་མདའ་དང་བྱམས་པའི་གཞུས། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས། །ཐམས་ཅད་མ་ལུས་མཉེས་པར་གྱིས། ། ཞེས་བསྒོས་ལ་ཧོཿཞེས་བྱ་བའི་སྙིང་པོ་འདིས། ཕྱོགས་བཞི་དང་སྟེང་དང་འོག་ཏུ་མདའ་འཕེན་དུ་གཞུག་གོ། །དེ་ནས་བཛྲ་སཏྭ་ཞེས་བྱ་བ་མེ་ལོང་ལ་བཟླས་པ་ཉེ་བར་བསྟན་ཅིང་འདི་སྐད་ཅེས་བརྗོད་པར་བྱའོ། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། ། སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་འདི་ཡིན་པར་ཤེས་པར་བྱའོ་ཞེས་བརྗོད་པར་བྱའོ། །བཛྲ་ཧེ་ཏུ་མཾ་ཞེས་བྱ་བས་དེའི་རྐང་པ་གཉིས་ཀྱི་བར་དུ་འཁོར་ལོ་བཞག་པ་དང་། བཛྲ་བྷཱ་ཥ་རཾ་ཞེས་བྱ་བས་དེའི་ལག་པ་གཡས་པར་དུང་བྱིན་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་ པས། །ཀུན་དུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང་། །དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱོད་པ་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་བཏགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་ འཛིན་པ་དེ་ཀུན་ཀྱང་། །ཀུན་དུ་ཁྱོད་ལ་བསྲུང་བར་མཛད། །དེ་ནས། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་རོ། །ཡང་འཕགས་པ་ནམ་མཁའི་སྙིང་པོར་བྱིན་གྱིས་བརླབས་ལ། །དེའི་ཕྱག་རྒྱ་ཆེན་པོས་ལྷོ་ཕྱོགས་ཀྱི་དབང་བསྐུར་ བའི་དཀྱིལ་འཁོར་དུ་བཞག་ལ། རིན་ཆེན་འབྱུང་ལྡན་གྱི་བུམ་པས་དེ་བཞིན་དུ་དབང་བསྐུར་བར་བྱའོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པའི་ཆུས་དེ་བཞིན་དུ་དབང་བསྐུར་རོ། །དེ་ནས་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་དབང་བསྐུར་བའི་གནས་སུ་བཞག་ལ། སྙིང་པོ་ནི་ཨོཾ་བཛྲ་རཏྣ་ ནཱ་མ་ཨ་བྷི་ཥིཉྩ་ཏྲཱཾ་ཨ་དྷི་པ་ཏི་སྟྭཾ། དེ་ནས་དེར་གོས་སེར་པོ་དང་། རྒྱན་ཐམས་ཅད་ལ་བཛྲ་རཏྣ་ཞེས་བཟླས་པ་བྱིན་ལ། རྡོ་རྗེ་རིན་ཆེན་མྱུ་གུའི་ཕྱག་རྒྱས་ཕྱག་རྒྱའི་དབང་བསྐུར་བ་བྱིན་ལ། རིན་པོ་ཆེ་ལས་བྱས་པའི་རིན་པོ་ཆེའི་ཅོད་པན་གྱི་སྔགས་བཟླས་པ་དེས་རིན་པོ་ཆེའི་ཅོད་པན་དང་། དར་དཔྱངས་ཀྱིས་ དབང་བསྐུར་ལ། །ནོར་བུ་རིན་པོ་ཆེའི་བདག་པོ་དང་། མིང་གི་དབང་བསྐུར་བ་དང་། གསང་བའི་དབང་ཡན་ཆད་བསྐུར་ལ། ཡང་དེ་བཞིན་དུ་མཆོད་པ་རྣམ་པ་ལྔ་དང་། སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་ལ། རྡོ་རྗེ་སེམས་དཔའི་དབང་བསྐུར་བའི་ཆོ་ག་ཐམས་ཅད་རྗེས་སུ་ སྤྱད་ནས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ནོར་བུའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་དེ་ལ་རྗེས་སུ་གནང་བ་སྦྱིན་ནོ། །དེ་ནས་རིན་པོ་ཆེ་ས