Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 68
Văn bản gốc(Tây Tạng)
Trang 9 / 22 (50.000 ký tự/trang)
ིན་ཆེན་ལྔ། །སྙིང་པོ་ལྔ་དང་ལྡན་པར་བྱ། །མེ་ཏོག་ཕྲེང་བས་བཅིང་བྱས་ཏེ། །རས་ཀྱིས་མགུལ་ལ་དཀྲིས་བྱས་ལ། །ཀུ་ཤ་སྔོན་པོས་གདན་བྱས་པ། །གདུགས་ དཀར་གྱིས་ནི་བརྒྱན་པ་སྟེ། །རང་རྟགས་མཚན་མ་བྲི་བྱས་ལ། །བ་དན་ལྔ་དང་ལྡན་པ་ནི། །གོ་རིམས་བཞིན་དུ་གཞག་པར་བྱ། །ཏིལ་དང་སོ་བ་སྤོས་དང་ནི། །ཙནྡན་མེ་ཏོག་དཀར་པོ་དང་། །འོ་མ་ཡིས་ནི་ཡོན་ཆབ་སྣོད། །བཀང་ལ་མདུན་དུ་གཞག་པར་བྱ། །དེ་བཞིན་སྤོས་ཀྱིས་ བདུག་ནས་སུ། །སྔགས་དང་ཕྱག་རྒྱས་བརྟན་པར་བྱ། །རང་རང་སྔགས་ཀྱིས་བཏབ་པ་ཡི། །དེ་ཁོ་ན་ཡི་ཕྱག་རྒྱ་བྱ། །རྒྱས་འདེབས་བཞི་དང་ལྡན་པ་ལ། །ཉེ་རེག་འཐོར་འཐུང་ཡོན་ཆབ་དབུལ། །སྔགས་པ་རྡོ་རྗེ་དྲིལ་ལྡན་པའི། །ལག་པ་གཡས་པས་རེག་ནས་སུ། །ཆུ་ལ་བརྒྱ་རྩ་བརྒྱད་ དུ་གདབ། །དེ་ནས་ལྷ་དེ་ཞུ་བྱས་ཏེ། །བྱང་ཆུབ་ཡེ་ཤེས་ཆུ་རུ་གྱུར། །བུམ་པ་སྟ་གོན་ལ་གནས་པའོ།། །།དེ་ནས་སྔགས་པ་གྲུབ་འདོད་པས། །སྦྱིན་སྲེག་ལས་ནི་བརྩམ་བྱ་སྟེ། །བཅུ་ཕྱེད་མཆོད་པར་ལྡན་པ་ཡིས། །དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་སུ། །ཞི་བའི་སྦྱིན་སྲེག་བརྩམས་ པར་བྱ། །རབ་ཏུ་དཀར་བའི་ས་གཞི་ལ། །རྒྱར་ནི་ཁྲུ་གང་ཟབས་སུ་ཡང་། །སོར་ནི་བཅུ་གཉིས་བརྐོས་བྱས་ལ། །དེ་དབུས་རྡོ་རྗེ་སོར་བརྒྱད་གཞག །ཐབ་ཁུང་གི་ནི་སྟེང་ཉིད་དུ། །སོར་བཞི་རབ་ཏུ་དོར་བྱས་ལ། །འཕངས་དང་རྒྱར་ནི་སོར་བཞི་ཡིས། །མཉམ་པར་རབ་ཏུ་བྱས་པ་ལ། ། རབ་ཏུ་རྡོ་རྗེ་རྩེ་གསུམ་མཚན། །བ་ཡི་ལྕི་བ་མ་ལྷུང་དང་། །ས་གཞི་དཀར་བས་བྱུག་པར་བྱ། །རྡོ་རྗེ་གནོད་སྦྱིན་སྔགས་བཏབ་པས། །བགེགས་ནི་བསྐྲད་ཅིང་གསད་པར་བྱ། །འོ་མ་ཡོད་པའི་ཡམ་ཤིང་གིས། །གཙུབས་པའི་མེ་ཡིས་སྦར་བར་བྱ། །ཇི་ལྟར་མེ་ལྷ་སྤྱན་དྲངས་ནས། ཡོན་ཆབ་ཉེ་རེག་འཐོར་འཐུང་གཉིས། །གཏོར་ནས་འབར་ལ་དེ་ཐིམ་བྱ། །ཕྱག་རྒྱ་འཁོར་ལོ་དང་ལྡན་པས། །མདུན་དུ་བཞག་ལ་བལྟ་བར་བྱ། །དེ་ནས་མེ་ཡི་དབུས་སུ་ནི། །དཀྱིལ་འཁོར་ལྷ་རྣམས་བསྒོམ་པར་བྱ། །རྡོ་རྗེ་ཁུ་ཚུར་རབ་བཅིངས་ཏེ། །མཛུབ་གཉིས་ མཐེའུ་ཆུང་རྡོ་རྗེ་སྦྲེལ། །རྡོ་རྗེ་རབ་བསྲུངས་ཕྱག་རྒྱས་ཏེ། །དཀྱིལ་འཁོར་ཐམས་ཅད་རབ་བསྒྲུབ་པའོ། །སྔགས་ནི་ཨོཾ་སརྦ་བིད་བཛྲ་ཙཀྲ་སིདྡྷ་ཧཱུཾ། ཛཿཧཱུཾ་བཾ་ཧོཿདང་ལྡན་པར། །སེ་གོལ་ལྡན་པས་དགུག་གཞུག་བྱ། །དེ་ནས་སྲེག་རྫས་བསྟན་པ་ནི། །ནས་དང་ཞོ་དང་འབྲས་ཡོས་དང་། ། ཏིལ་དང་ཀུ་ཤ་སྔོན་པོ་དང་། །འབྲས་ཆན་མེ་ཏོག་དཀར་པོ་དང་། །སྤང་སྤོས་སྦྲང་རྩི་མར་རྣམས་དང་། །མི་རུས་ཕྱེ་མས་སྦྱིན་སྲེག་བྱའོ། །རྫས་དེ་དག་ནི་དབུལ་བ་ཡང་། །རང་གི་སྔགས་ཀྱིས་བརྒྱ་རྩ་བརྒྱད། །ཡང་ན་བདུན་བདུན་དབུལ་བར་བྱ། །སྒེག་སོགས་མཆོད་པ་བརྒྱད་དང་ནི། ། དེ་བཞིན་བཅུ་གཉིས་མཆོད་པས་མཆོད། །དཀྱིལ་འཁོར་བདག་པོ་ལ་སོགས་པའི། །སྔགས་ནི་ཅི་ནུས་བཟླས་བྱས་ནས། །གང་བའི་སྦྱིན་སྲེག་དབུལ་བར་བྱ། །སེམས་ཅན་ཕན་དོན་ཅི་འདོད་བསྔོ། །དེ་ནས་གཞན་ཡང་ཕ་རོལ་དུ། །འཕོས་ལ་ཕན་པར་བྱ་དོན་དུ། །སྦྱིན་སྲེག་ཆེན་པོ་ བརྩམ་པར་བྱ། །གདམས་པའི་སྔགས་ཀྱིས་བྱིན་བརླབས་ལ། །ཐབ་ཁུང་རྒྱུད་ལས་གསུངས་པ་ལྟར། །ཆེ་ཆུང་རིམ་པ་ཤེས་བྱས་ལ། །ཅི་ནུས་ལྷ་ནི་དགོད་བྱས་ཏེ། །རྟེན་བཅས་རྒྱན་ལྡན་དེ་དབུས་སུ། །བཞག་པ་ཉིད་དུ་བྱས་ནས་ཀྱང་། །ཅི་ནུས་པར་ནི་སྦྱིན་སྲེག་བྱ། །དཀྱིལ་ འཁོར་གྱི་སྦྱིན་སྲེག་གི་རིམ་པའི་ཆོ་གའོ།། །།དེ་ལྟར་དང་པོར་ཞུགས་པ་ནས། །ཐ་མ་སློབ་མ་གཞུག་གི་བར། །ཞལ་བསྲོལ་སོགས་བྱེད་དུས་སུ། །བུམ་པ་ལ་སོགས་བསྡུ་བར་བྱའོ། །དེ་ནས་ལྷོ་ཡི་ཕྱོགས་དག་ཏུ། །ཇི་ལྟར་གསུངས་པའི་རིམ་པ་ཡིས། །པདྨ་དཀར་པོའི་སྟེང་ ཉིད་དུ། །འཁོར་ལོ་རྩིབས་བརྒྱད་བྲི་བར་བྱའོ། །དེ་སྟེང་སློབ་མ་གཞག་བྱས་ལ། །གོང་མའི་ཆོ་ག་ཇི་ལྟ་བས། །བུམ་པ་ལ་སོགས་ཇི་སྙེད་ཀྱིས། །ཁྱད་པར་ཅི་འདོད་དབང་རྣམ་སྦྱིན། །དེ་ལྟ་བུ་ཡི་དཀྱིལ་འཁོར་དུ། །འཁོར་བར་བཅིངས་པའི་སེམས་ཅན་གང་། །དཀྱིལ་འཁོར་འདི་ལ་ ཞུགས་བྱས་ནས། །ངན་སོང་གསུམ་ལས་གྲོལ་གྱུར་ནས། །དགའ་ལྡན་གནས་སུ་སྐྱེ་བར་འགྱུར། །དེ་ནས་མཆོད་པས་སྔོན་བཞིན་མཆོད། །བསྐྱེད་པ་སྙིང་གར་བསྡུས་ནས་ནི། །སྤྱན་དྲངས་ལྷ་རྣམས་གཤེགས་སུ་གསོལ། ཁྱེད་ཀྱིས་སེམས་ཅན་དོན་མཛད་པས། །སླར་ཡང་གནས་སུ་ གཤེགས་སུ་གསོལ། །ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་མུཿ། ཞེས་སོ། །སེ་གོལ་ལན་གསུམ་གདབ་ལ་གཤེགས། །རྡུལ་ཚོན་དཀྱིལ་འཁོར་བསྡུ་བྱ་སྟེ། །འདོད་པར་གྱུར་པ་དེ་ལ་སྦྱིན། །ལྷག་མ་ཆུ་བོ་ཆེན་པོར་དོར། །དཀྱིལ་འཁོར་ཕུལ་བའི་ནོར་གང་ཞིག །དེ་ནི་ སློབ་དཔོན་ཉིད་དབང་བར། །དཔལ་ལྡན་རྡོ་རྗེ་འཛིན་པ་ཡིས། །རབ་ཏུ་བརྫུན་མེད་གསུངས་པ་ཡིན། །ཆོ་གའི་རིམ་པ་རྫོགས་པ་འདི། །རྣལ་འབྱོར་རིམ་པའི་རྒྱུད་ལས་ནི། །གྲུབ་ལྡན་ལུང་བསྟན་མ་ཐོབ་ཀྱང་། །ཀུན་ལ་ཕན་ཕྱིར་བདག་གིས་བྱས། །བླ་མ་ཉི་མའི་དཔལ་ཞབས་ཀྱིས། །སྒྲུབ་ པའི་ཐབས་སུ་གསུངས་པ་ལ། །འོན་ཀྱང་འདི་ལ་བདག་གིས་ནི། །དེ་ཡི་བཀའ་ལ་རབ་བརྟན་བརྩམས། །འདི་ཡིས་བསོད་ནམས་གང་ཐོབ་པ། །འགྲོ་བ་འདི་དག་རྟག་ཏུ་ནི། །འཕྲུལ་དགའི་གནས་སུ་སྐྱེས་ནས་སུ། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །ངན་སོང་ཐམས་ཅད་རྣམ་པར་སྦྱོང་ བའི་དཀྱིལ་འཁོར་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་བསྒྱུར་ཅིང་བཤད་ནས་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་མཎྜལ་ ནོ་པི་ཀ་ཀྲྀ་བ་ཨ་བ་ལི་ནཱ་མ། བོད་སྐད་དུ། །དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་ཐུགས་རྗེ་ཕྲེང་བ་ཞེས་བྱ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་ པོ་ལ་ཕྱག་འཚལ་ལོ། །དཔལ་གྱི་འབྱུང་གནས་སངས་རྒྱས་ཀུན་གྱི་སྐུ། །ཉོན་མོངས་མཐའ་དག་ཀུན་བཅོམ་ནས། །འགྲོ་ལ་ཐུགས་རྗེས་སྤྱན་གྱིས་རབ་གཟིགས་ལ། །ཀུན་ནས་དང་བའི་སྒོ་ནས་ཕྱག་འཚལ་ཏེ། སྐྱེ་བ་བརྒྱུད་པའི་སྡུག་བསྔལ་གཅོད་བྱེད་པའི། །ཐུགས་རྗེ་ཕྲེང་མཆོག་དཀྱིལ་ འཁོར་ཆོ་ག་བཤད། །དེ་ལ་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་རྣལ་འབྱོར་པ་སྣོད་དུ་གྱུར་པ་རྣམས་ཀྱི་དམ་ཚིག་ཐམས་ཅད་བསྡུ་བར་གྱུར་པས་དཀྱིལ་འཁོར་གྱི་ཆོ་ག་བསྡུ་བར་བྱའོ། །དེ་ལ་དང་པོ་རྣལ་འབྱོར་པ་སེམས་དད་པས་མཆོག་ཏུ་ གྱུར་པ་དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་བསྒྲུབ་པར་འདོད་པས། །སྟན་བདེ་བ་ལ་འདུག་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་ལ། དྲི་ལ་སོགས་པས་ཁྲུས་བྱས་པས། ཆོས་ཐམས་ཅད་བདག་མེད་པར་ལྷག་པར་མོས་པར་བྱའོ། །དེ་ནས་མགྲིན་པའི་ཕྱོགས་སུ་པཾ་ ལས་པདྨ་དམར་པོ་འདབ་མ་བརྒྱད་པ་བསམས་ལ། དེའི་ལྕེའི་པདྨའི་འདབ་མ་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཧཱུཾ་ལས་གྱུར་པའི་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསམས་ནས། །ཨོཾ་བཛྲ་ཛི་ཧྭ། ཞེས་བརྗོད་དོ། །ཡང་དག་པ་གཉིས་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་ སྟེང་དུ་ཧཱུཾ་ལས་གྱུར་པའི་རྡོ་རྗེ་རྩེ་ལྔ་པ་དཀར་པོ་རེར་གྱུར་པར་བསམས་ལ། ཨོཾ་བཛྲ་ཧསྟ། ཞེས་བརྗོད་དོ། །དེའི་རྗེས་ལ་རྐང་པའི་མཐིལ་གཉིས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ཧཱུཾ་ལས་གྱུར་པའི་སྣ་ཚོགས་རྡོ་རྗེ་བསམས་ཏེ། དེ་ནས་ཨོཾ་སརྦ་ཡོ་ག་བཛྲཱ་ཡ་ཧཱུཾ། ཞེས་ པས་ཡན་ལག་ཐམས་ཅད་རྡོ་རྗེར་གྱུར་པར་བསམ། དེ་ནས་བགེགས་གཞིལ་བར་བྱ་བའི་ཕྱིར་ཕྱག་རྒྱ་ཐམས་ཅད་བཅིང་བར་འགྱུར་ཏེ། དེ་ལ་ཧཱུཾ་ལས་སྤྲུལ་པའི་ཁྲོ་བོ་རྡོ་རྗེ་ཉི་མ་རུ་བདག་ཉིད་སྤྲུལ་ལ། རྡོ་རྗེ་མེའི་ཉི་མ་རབ་ཏུ་བསམས་ནས། ཁྲོས་པའི་སེམས་ཀྱིས་ཁྲོ་བོ་ཏི་རཱིན་ཏི་རིའི་ཕྱག་ རྒྱ་བཅིང་བར་བྱ་སྟེ། དེ་ལ་རྡོ་རྗེ་མཐེ་བོང་གཉིས་བསྒྲེང་བ་ནི། ཏི་རཱིན་ཏི་རིའི་ཕྱག་རྒྱ་སྟེ། གྲྀཧྞ་བཛྲ་ས་མ་ཡ་ཧཱུཾ། ཞེས་བརྗོད་པར་བྱ་ཞིང་། ས་འོག་བཅིང་བར་བྱའོ། །དེ་ནས་རྡོ་རྗེའི་གདན་ཕྱེད་དུ་འདུག་ལ། དང་པོའི་ཕྱག་རྒྱ་དེ་ཉིད་དུ་བཅིང་སྟེ། རྡོ་རྗེ་ཕྲེང་བའི་དབང་བསྐུར་བར་བྱས་ལ། དར་དཔྱངས་ཀྱིས་བརྒྱན་པར་བྱ་ཞིང་། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཨ་བྷི་ཥིཉྩཱ་མཾ། ཞེས་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་པ་ལས་མཛུབ་མོ་གཉིས་མདུད་ཅིང་། སྙིང་ག་དང་། དཔྲལ་བ་དང་། ལྟག་པ་དང་། ཡང་སྙིང་ག་ལ་སོགས་པར་མདུད་པ་ལས་སྣ་ཚོགས་གོ་ བགོ་བར་བྱས་ལ། གཡོན་པ་དཀུར་འཛིན་པར་བྱས་ལ། གཡས་རྡོ་རྗེ་གསོར་བས་བགེགས་མ་ལུས་པ་གཞོམ་པར་བྱ་སྟེ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་སརྦ་བིགྷྣཱན་ཕཊ། ཅེས་བརྗོད་པར་བྱའོ། །དེ་ནས་ཁྲོ་བོ་དེ་ཉིད་ཀྱི་ཕྱག་རྒྱ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་སོར་མོ་རྣམས་ནང་དུ་འབར་བར་བྱ་ ཞིང་མཐེ་བོང་དེ་བཞིན་དུ་བསྒྲེང་བས། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། ཅེས་པས་བགེགས་ཀྱི་ཚོགས་མ་ལུས་པར་བསྲེག་པར་བྱའོ། །དེའི་རྗེས་ལ་རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོང་གཉིས་བསྒྲེང་སྟེ། ཨོཾ་བཛྲ་ནེ་ཏྲེ་སརྦ་བིགྷྣཱཾ་བནྡྷ། ཞེས་བྱ་བས་བགེགས་ ཐམས་ཅད་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་བསྡམས་པ་བཅིངས་ནས་མཐེ་བོང་དང་མཐེ་ཆུང་སོ་སོར་རྩེ་མོ་སྤྲད་དེ། ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་བ་རཀྵཾ་སརྦ་སྭཱ་ཧཱ། ཞེས་བརྗོད་པས་ས་འོག་བཅིང་བར་བྱའོ། །རྡོ་རྗེ་ཁུ་ཚུར་བསྡམས་པ་ལས་གཡས་པ་སྡིགས་མཛུབ་ཏུ་བྱ་ཞིང་། གཡོན་པ་ལྕགས་ཀྱུའི་ཚུལ་ དུ་བྱས་ལ། ཁྲོས་པའི་ཡིད་ཀྱིས་ཁྲོ་བོ་དེ་ཉིད་ནམ་མཁའི་ཕྱོགས་སུ་སྤྲོས་པ་ལས། ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་པས་སྟེང་ཕྱོགས་བཅིང་བར་བྱའོ། །མཐེ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་ཏེ་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་རྡོ་རྗེ་རྩེ་སྤྲད་པར་བྱས་ལ་སྤྱི་བོར་བཙུགས་ནས། ཨོཾ་དྲུཾ་བནྡྷ། ཞེས་ བརྗོད་པས། ཤར་ཕྱོགས་བཅིང་བར་བྱའོ། །རྡོ་རྗེ་ཁུ་ཚུར་བཅིངས་པ་ལས་མཁྲིག་མ་གཉིས་མདུད་དེ་ལྷོ་ཕྱོགས་སུ་བལྟས་ཏེ། ཨོཾ་བཛྲ་པྲ་ཤ་ཧྲི་ཕཊ། ཅེས་པས་ལྷོ་ཕྱོགས་བཅིང་བར་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་པ་ལས་གུང་མོ་གཉིས་རྩེ་སྤྲད་དེ། སྲིན་ལག་གཉིས་ཚིགས་ བར་མ་བསྣོལ་ནས་མཐེ་ཆུང་གཉིས་བརྐྱང་བར་བྱས་ཏེ། ཨོཾ་པ་ཏངྒི་པ་ཏངྒི་ནི་ར་ཏྲཊ། ཅེས་པས་ནུབ་ཕྱོགས་བཅིང་བར་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་མཛུབ་མོ་གཉིས་མཆེ་བའི་ཚུལ་དུ་བྱ། མཐེ་བོང་གཉིས་ཁའི་ཚུལ་དུ་བྱས་ནས། ཨོཾ་བཛྲ་ཡཀྵ་ཧཱུཾ། ཞེས་བརྗོད་པས་བྱང་ཕྱོགས་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་སྣ་ཚོགས་ཀྱི་བདག་ཉིད་ལས་ལག་པ་གཉིས་རྒྱབ་སྤྲད་ལ་མཐེ་བོང་དང་མཐེ་ཆུང་སོ་སོར་བསྣོལ། སོར་མོ་ལྷག་མ་དྲག་པ་སོ་སོར་རྡོ་རྗེ་རྩེ་གསུམ་པའི་ཚུལ་ལས་ས་ལ་བསྟན་པས་ས་གཞི་རྡོ་རྗེའི་རང་བཞིན་དུ་གྱུར་པར་བྱ་ཞིང་། ཨོཾ་ བཛྲ་ཋ་ཋ་ཋ་ཋ། ཞེས་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་མཐེ་ཆུང་གཉིས་ལུ་གུ་རྒྱུད་དུ་བྱས་ལ་སྡིགས་མཛུབ་གཉིས་བསྒྲེང་ལ་ཕྱོགས་བཞིར་བསྐྱད་པས་ར་དང་པོ་དང་། དེ་ཉིད་ལས་སྡིགས་མཛུབ་བཞི་པས་ར་བ་གཉིས་པ་བྱ་ཞིང་། ཨོཾ་བཛྲ་པྲ་ཀ་ར་ཧཱུཾ་བཛྲ་ཧཱུཾ་ཀ་ར་ ཧཱུཾ། ཞེས་པས་རྡོ་རྗེ་ར་བ་བྱའོ། །རྡོ་རྗེ་བསྡམས་པ་རྒྱས་པར་བརྐྱང་བའི་སྟེང་དུ་བཀབ་ལ་བསྐྱོད་དེ། ཨོཾ་པཉྫ་ར་ཎ་ཧཱུཾ། ཞེས་བརྗོད་པས་རྡོ་རྗེའི་གུར་དུ་བྱ་བ་ཉིད་དོ། །དེའི་རྗེས་ལ་མེ་ཏོག་གི་ཕྱག་རྒྱའམ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་གཏོར་མ་བྱིན་གྱིས་བརླབ་པ་བྱས་ལ། རྡོ་རྗེ་ཁུ་ཚུར་བཅིངས་ པ་ལས་མཛུབ་མོ་དང་མཐེ་ཆུང་ལུ་གུ་རྒྱུད་དུ་སྤྲེལ་ཏེ། ཨོཾ་སརྦ་བིད་བཛྲ་ཙཀྲ་ཧཱུཾ། ཞེས་པའི་སྔགས་ལན་བདུན་བརྗོད་པས་ཕྱོགས་ཀུན་དུ་བསྐོར་བས་དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་རྩ་བའི་དཀྱིལ་འཁོར་ཆེན་པོ་སྤྲུལ་པར་བྱའོ། །དེ་ཉིད་སྙིང་གའམ་ཁར་བཞག་ལ་སྔགས་དེ་ཉིད་ལན་ བརྒྱ་རྩ་བརྒྱད་བཟླས་པས་དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར་ཏེ། དེ་ཡིས་དཀྱིལ་འཁོར་མངོན་སུམ་དང་འདྲ་བར་བལྟས་ལ། པདྨ་འདབ་མ་བརྒྱད་དང་ལྡན་པ་དྲི་དང་། ཁ་དོག་སྣ་ཚོགས་པས་ནམ་མཁའི་ཁམས་ཐམས་ཅད་རྒྱས་པར་གྱུར་པའི་སྟེང་དུ་ཕྱོགས་བཅུའི་བྱང་ཆུབ་སེམས་ དཔའ་དང་། འཕགས་པ་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། ཁྲོ་བོ་ལ་སོགས་པ་ཐམས་ཅད་དེ་ཉིད་དུ་སྤྲུལ་ལ། ཀྱེ་མ་སངས་རྒྱས་ཀྱི་སངས་རྒྱས། ཀྱེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་ཐམས་ཅད་ཀྱི། །རྒྱུད་ནི་དག་པར་བྱིན་གྱིས་རློབས། །ཞེས་པས་གསོལ་ བ་གདབ་པར་བྱའོ། །དེ་ནས་བསོད་ནམས་ཀྱི་ཚོགས་སྔོན་དུ་འགྲོ་བས་ཞབས་བསིལ་ལ་ཨརྒྷ་ཕུལ་ཏེ། ཉེ་རེག་འཐོར་འཐུང་བྱས་ཏེ། གདན་ལ་བརྟན་པར་བཞུགས་ཏེ། ཐལ་མོ་ལེགས་པར་སྦྱར་བས་དཔྲལ་བའི་སྟེང་དུ་བཞག་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀྩིཏྟ་པྲ་ཎ་མེ་ན་བཛྲ་ཙཀྲ་བནྡྷ་ ནཾ་ཀ་རོ་མི། དེ་ཉིད་ལས་མཐེ་བོང་གཡས་པ་རྡོ་རྗེ་ལྟར་བསྒྲེང་པ་སྙིང་གར་བཟུང་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བནྡྷ་ནཾ་ཀ་རོ་མི། ཞེས་བརྗོད་པས་ཤར་ཕྱོགས་ནས་ཕྱག་བྱའོ། །དེ་ཉིད་ལས་མཛུབ་མོ་རིན་པོ་ཆེ་ལྟར་བྱས་པས་སྙིང་གར་བཟུང་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་བནྡྷ་ནཾ་ཀ་རོ་མི། ཞེས་བརྗོད་ པས་ལྷོ་ཕྱོགས་ནས་ཕྱག་བྱའོ། །མཛུབ་མོ་པདྨ་ལྟར་བྱས་པས་ལྐོག་མར་བཟུང་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་བནྡྷ་ནཾ་ཀ་རོ་མི། ཞེས་བརྗོད་པས་ནུབ་ཕྱོགས་ནས་ཕྱག་བྱའོ། །མཛུབ་མོ་རལ་གྲི་ལྟར་བྱས་པ་ལྟེ་བར་བཟུང་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨ་བནྡྷ་ནཾ་ཀྭ་རོ་མི། ཞེས་བརྗོད་པས་བྱང་ཕྱོགས་ ནས་ཕྱག་བྱའོ། །དེ་ནས་མཆོད་པ་ཐམས་ཅད་རྒྱས་པར་བྱ་བའི་ཕྱིར། མེ་ཏོག་གི་ཕྱག་རྒྱ་བཅིངས་ལ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་མེ་ཏོག་གི་བྱེ་བྲག་གང་དག་ཡོད་པ་འདི་ལྟ་སྟེ། ཐང་ལས་སྐྱེས་པའམ། ཆུ་ལས་ སྐྱེས་པའམ། ཡིད་ལས་བྱུང་བ་གང་དག་ཡོད་པ་དེ་དག་ཐམས་ཅད་མ་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་པའི་ལྷ་ མོ་དང་། དཀྱིལ་འཁོར་གྱི་ལྷའི་ཁྱད་པར་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་པ་ལ་སོགས་པས་མཆོད་པ་ཉི་ཤུ་གཞུང་གཞན་དང་མཐུན་པར་དབུལ་ལོ། །གཞན་ཡང་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་ཞལ་ཟས་ཀྱི་བྱེ་བྲག་འདི་ལྟ་སྟེ། བཟའ་བ་དང་བཅའ་བ་དང་། བལྡག་པ་དང་མྱང་བ་དང་། བཏུང་བ་དང་གཞིབ་པ་དང་། བདུད་རྩིར་གྱུར་ པ་གང་དག་ཡོད་པ་དེ་རྣམས་མ་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པ་བཞུགས་པ་ཐམས་ཅད་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་པའི་ལྷ་མོ་དང་། དཀྱིལ་འཁོར་གྱི་ལྷའི་ ཁྱད་པར་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ར་ས་ཨཱ་ཧ་ར་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་ལྷ་དང་མི་རྣམས་ཀྱི་བཞོན་པའི་བྱེ་བྲག་ཁྱད་པར་ཅན་རྟ་དང་གླང་པོ་ལ་སོགས་པ་དང་སྐྱེས་པ་དང་། བུད་མེད་དང་། འཁོར་ལོ་ དང་། ནོར་བུ་དང་། དམག་མི་རྣམས་ཀྱིས་ནམ་མཁའ་རྒྱས་པར་ལྷག་པར་མོས་པར། ཨོཾ་སརྦ་ཏ་ཐཱ་ག་ཏ་སཔྟ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རང་གི་སེམས་ཡིད་བཞིན་ནོར་བུ་ལས་བྱུང་བའི་ནམ་མཁའི་ཁམས་ཐམས་ཅད་དུ་གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་རྒྱས་པར་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཚ་ཏྲཾ་དྷྭ་ཛ་པཱ་དཾ་ཀ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ནམ་མཁའི་ཁམས་ཐམས་ཅད་དུ། རལ་གྲི་དང་། མེ་ལོང་དང་། མེ་ཏོག་དང་ཕྲེང་བ་ལ་སོགས་པར་རྒྱས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཁཌྒ་ཨཱ་ དཪྴ་པུཥྤ་མཱ་ལེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ནམ་མཁའི་ཁམས་ཐམས་ཅད་དུ། རྔ་དང་ཅང་ཏེའུ་དང་། པི་ཝང་དང་། གླིང་བུ་དང་། ཀར་ཀོ་ཏ་དང་། གར་ལ་སོགས་པས་རྒྱས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་གཱི་ཏིརྦ་ཏུར་ཡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ལྟར་ མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ནས་སྡིག་པ་ཐམས་ཅད་ཡང་དག་པར་བཤགས་པར་བྱ་སྟེ། པུས་མོའི་ལྷ་ང་ས་ལ་བཙུགས་ཏེ། རྡོ་རྗེ་ཐལ་མོ་སྦྱར་བ་ལས་མཛུབ་མོ་གཉིས་བསྣོལ་ནས་མཐེ་བོང་གཉིས་བརྐྱང་སྟེ། ལྷག་མ་གསུམ་ཐལ་མོར་བྱས་པས་སྙིང་གར་བཟུང་སྟེ། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། བཅོམ་ ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་རྡོ་རྗེ་སློབ་དཔོན་མིང་འདི་ཞེས་བགྱི་བ། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་། ཕྱག་རྒྱ་དང་གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་སྤྱན་སྔར་སྡིག་པ་ཐམས་ ཅད་སོ་སོར་བཤགས་པར་བགྱིའོ་ཞེས་བརྗོད་ལ། ཡི་གེ་བརྒྱ་པ་ལན་བདུན་དུ་བཟླས་པར་བྱའོ། །ཕྱོགས་བཅུ་ན་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། སེམས་ཅན་གྱི་ཚོགས་ཐམས་ཅད་ཀྱི་བསོད་ནམས་ལ་རྒྱ་ཆེར་ཡི་རང་བར་བགྱི། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་རྣམས་ལ། ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དུ་གསོལ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས། ཡོངས་སུ་མྱ་ངན་ ལས་འདའ་བར་བཞེད་པ་དེ་དག་ཐམས་ཅད། མྱ་ངན་ལས་མི་འདའ་བར་གསོལ་བར་འཚལ་ལོ། །ཁམས་གསུམ་གྱི་སེམས་ཅན་ཐམས་ཅད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་ལམ་ལ་གནས་པར་བགྱིའོ། །དེ་ནས་གསུམ་ལ་སྐྱབས་སུ་གསོལ་བ་ལ་ སོགས་པ་བྱ་སྟེ། མེ་ཏོག་ལག་པར་ཐོགས་ལ། འདི་སྐད་ཅེས་བརྗོད་དོ། །བླ་མེད་བཅོམ་ལྡན་རྐང་གཉིས་མཆོག །རྡོ་རྗེ་ལྟ་བུའི་སངས་རྒྱས་ཏེ། །བཅོམ་ལྡན་རྣམ་པར་སྣང་མཛད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །རྣམ་པར་དག་པ་ཆགས་པ་མཆོག །པདྨ་ལྟ་བུ་ དམ་ཆོས་ཏེ། །ངེས་གསུང་སྔགས་དང་ཕྱག་རྒྱ་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །རྣམ་གྲོལ་གཙང་མ་ཚོགས་ཀྱི་མཆོག །རིན་ཆེན་ལྟ་བུ་དགེ་འདུན་ཏེ། །ལྷ་དང་ལྷ་མོའི་དཀྱིལ་འཁོར་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། ། ཡང་དག་བྱང་ཆུབ་སྐྱེད་མཛད་བཞིན། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་བསྡུ་བ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་ བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་ བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་ཆེན་པོ་ལ། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ ཀྱང་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། ། བདག་གིས་སྡོམ་པ་མ་ལུས་གཟུང་། །མ་གྲོལ་བ་ནི་དགྲོལ་བར་བགྱི། །མ་བསྒྲལ་བ་ནི་བསྒྲལ་བར་བགྱི། །དབུགས་མ་ཕྱིན་པའི་སེམས་ཅན་རྣམས། །དབྱུགས་དབྱུང་མྱ་ངན་འདས་ལ་དགོད། །དེ་ལྟར་སྡོམ་པ་བཟུང་ནས། བདག་ཉིད་དབུལ་བར་བྱ་སྟེ། ཕྱོགས་བཅུའི་སངས་ རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིས་སུ་བཞུགས་པ་ཐམས་ཅད་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་དང་། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་བདག་ཉིད་དབུལ་གྱིས། བདག་དུས་ཐམས་ཅད་ནས་ རྣམ་པ་ཐམས་ཅད་དུ་སོ་སོར་བཞེས་སུ་གསོལ་ལོ། །ཞེས་བརྗོད་ལ་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དུ། ལུས་རྒྱ་མཚོ་དཔག་ཏུ་མེད་པ་སྤྲོས་པས་སོ་སོའི་ཞབས་དྲུང་དུ་དབུལ་བར་བྱའོ། །དེ་ནས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཁྱེད་རྣམས་ཀྱིས། དམ་ཚིག་ཆེན་པོའི་དངོས་ གྲུབ་བདག་ལ་སྩལ་དུ་གསོལ་ལོ་ཞེས་བརྗོད་ལ། དགེ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་། ཐུན་མོང་དུ་བསྔོ་སྟེ། དགེ་བའི་རྩ་བ་འདི་དག་གིས། བདག་དང་སེམས་ཅན་ཐམས་ཅད། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི། ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པའི་བདེ་བ་ དང་། ཡིད་བདེ་བ་ཐམས་ཅད་ཀྱི་མཆོག་སངས་རྒྱས་སུ་ཚེ་འདི་ཉིད་ལ་ཐོབ་པར་གྱུར་ཅིག་ཅེས་དགེ་བའི་རྩ་བ་བསྔོས་ལ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལ། སེམས་ཆེན་པོས་དམིགས་པར་བྱ་བ་དང་། དེ་ལས་འདོན་པར་འདོད་པའི་བླ་ན་མེད་པའི་སེམས་དང་། འཕགས་པའི་ ཆོས་ཀྱིས་ཡོངས་སུ་གྲོལ་བའི་སེམས་མཆོག་ཏུ་གྱུར་པ་དང་། དངོས་པོ་ཐམས་ཅད་ལ་དམིགས་པ་མེད་པ་མཐར་ཐུག་པའི་སེམས་བསྐྱེད་པར་བྱའོ། །དེ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་འོད་གསལ་བ་ཙམ་དངོས་པོ་ཀུན་གྱི་མཆོག་ཏུ་གྱུར་པར་བསྒོམ་པར་བྱའོ། །དེའི་རྗེས་ལ་ སྔགས་ཀྱི་རྒྱལ་པོ་བརྗོད་པར་བྱ་སྟེ། ཨོཾ་ན་མོ་བྷ་ག་བ་ཏི་ཙིཏྟ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡཱརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ཡ་ཤོ་དྷ་ཡ། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བཟླས་པས། ལག་པ་གཉིས་མདུན་དུ་བཞག་ལ། ཨ་ལས་ ཟླ་བའི་དཀྱིལ་འཁོར་བཅུ་རྡོ་རྗེ་རྩེ་མོར་གྱུར་པ་རྣམས་ཀྱི་སྟེང་དུ་བསམས་ལ། དེ་དག་གི་སྟེང་དུ་རྣམ་པར་སྣང་མཛད་ལ་སོགས་པའི་ས་བོན་ལག་པ་གཡས་པ་ལ་བསམ་པ་དང་། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་ལ་སོགས་པའི་ས་བོན་ལག་པ་གཡོན་པ་ལ་བསམ་པར་བྱ་སྟེ། དེ་ལ་མཐེ་བོང་ གཉིས་ལ། ཨོཾ་ཞེས་བྱ་བ་བསམ། མཛུབ་མོ་གཉིས་ལ་ཧཱུཾ་ཞེས་བྱ་བ་བསམ། གུང་མོ་གཉིས་ལ་ཏྲཱཾ་ཞེས་བྱ་བ་བསམ། སྲིན་ལག་གཉིས་ལ་དྷི་ཞེས་བྱ་བ་བསམ། མཐེ་བོང་གཉིས་ལ་ཨཱ་ཞེས་བྱ་བ་བསམ། དེ་ལྟར་དེ་དག་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ལ་སོགས་པའི་མཚན་ མའོ། །དེ་ཉིད་གྱུར་པ་ལས་བཅོམ་ལྡན་འདས་ལྔ་དང་། ལྷ་མོ་ལྔ་བསམས་ཏེ། ཐལ་མོ་སྦྱར་ཏེ། ཨོཾ་ཨ་ནྱོ་ནྱཱ་ནུ་རཱ་ག་ས་མ་ཡ་ཧཱུཾ། ཞེས་བརྗོད་ལ། ཐབས་དང་ཤེས་རབ་རྗེས་སུ་ཆགས་པར་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་སྦྱར་ཏེ། ཨོཾ་ཨ་ནྱོ་ནྱ་སྥ་ར་སྥ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ་ས་མ་ ཡ་ཧཱུཾ། ཞེས་བརྗོད་པས་ཐབས་དང་ཤེས་རབ་ཐུགས་རྗེ་ཆེན་པོའི་དབང་གིས་སྙོམས་པར་ཞུགས་པར་བྱའོ། །རྡོ་རྗེ་བསྡམས་པ་ལས། ཨོཾ་ཨ་ཏྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿཧཱུཾ། ཞེས་བརྗོད་པས། ཆོས་ཐམས་ཅད་གཅིག་ལ་གཅིག་འདྲེས་ཤིང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདེ་བ་ ཆེན་པོ་ལ་ཐུགས་ཡེ་ཤེས་ཀྱི་ལྷ་དང་ལྷ་མོའི་ཚོགས་བསྐྱེད་པ་སྟེ། དེ་ལ་བཛྲ་ཨཉྫ་ལི་བྱ་བས། རྡོ་རྗེ་ཐལ་མོའི་སྔགས་སོ། །ཨོཾ་བཛྲ་བནྡྷ། ཞེས་བྱ་བ་ནི། རྡོ་རྗེ་བསྡམས་པའིའོ། །དེ་ནས་བཛྲ་བནྡྷ་ཏྲཊ། ཅེས་བརྗོད་པས་སྙིང་གར་སྡིག་པ་ལན་གསུམ་དྲལ་བར་བྱའོ། །ཨོཾ་ཨཱ་བེ་ཤ །ཞེས་ བྱ་བས་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨ་ཞེས་པས་བདག་ཉིད་ལ་ཡེ་ཤེས་དབབ་པར་བྱའོ། །ཕབ་པ་དེ་ཉིད་འདིས་བརྟན་པར་བྱའོ། །ཨོཾ་ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་ཝ་ཤ་ཤྭ་ཏོ་མེ་བྷ་བ་ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷིམྨེ་པྲ་ཡཙྪ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབཛྲ་མུཥྚི། ཞེས་བྱ་ བ་དང་། དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་མུཥྚི་བཾ། ཞེས་བརྗོད་པར་བྱའོ། །དེའི་རྗེས་ལ་རྡོ་རྗེ་ཕྱག་རྒྱ་ནང་དུ་བཅས་ལ། མཛུབ་མོ་གཉིས་གཤིབས་ཏེ། ལག་པ་གྱེན་དུ་འཕངས་ལ། ཨོཾ་པཱ་བཾ་ཨཱ་ཀཪྵ་ནི་བི་ཤོ་དྷ་ན་བི་ཤོ་དྷ་ན་བཛྲ་ས་མ་ཡ་ཧཱུཾ་ཕཊ། ཅེས་བརྗོད་པར་བྱའོ། །ཨོཾ་ བཛྲ་པཱ་ཎི་སྥོ་ཊ་ཡ་སརྦ་ཨ་པཱ་ཡ་བནྡྷ་ནི་པྲ་མོ་ཀྵ་ཎ་སརྦ་ཨ་པཱ་ཡ་ག་ཏེ་བྷྱཿསརྦ་ཏྲཱ་ས་ནན་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ། ཅེས་བརྗོད་ལ་གུང་མོ་གཉིས་མཉམ་པར་སྦྱར་ལ། གཞན་མ་བཞི་པོ་རྩེ་མོ་སྤྲད་དེ་སྡིག་པ་ཐམས་ཅད་དྲལ་བར་བྱའོ། །དེ་ནས་ཆོས་ཐམས་ཅད་རབ་ཏུ་བསྡུ་བའི་རྣམ་པར་ སྣང་མཛད་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། བདེ་བར་གཤེགས་པའི་རྩ་བའི་སྔགས་ལན་བདུན་བརྗོད་དེ། ཨོཾ་སརྦ་མུཿཞེས་པས་དགྲོལ་བར་བྱའོ། །དེ་ཉིད་ཀྱིས་ནི་དངོས་གྲུབ་ཐམས་ཅད་ཡོངས་སུ་རྫོགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ བདག་ཉིད་ཅན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པའི་གཟུགས་སུ་འོག་མིན་གྱི་ཁང་པ་བརྩེགས་པ་གནས་པ་དང་འདྲ་བར་འགྱུར་ཏེ། དེ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེའི་དབུས་སུ། རང་གི་ལྷའི་སྙིང་གར་གནས་པའི་རྡོ་རྗེའི་དབུས་སུ། རང་གི་ལྷའི་སྙིང་ པོ་དམ་ཚིག་གིས་བྲིས་ལ། དེ་ཉིད་ལ་མངོན་པར་ཕྱོགས་པའི་ལྟེ་བའི་དབུས་སུ་དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་བཅས་པ། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་ཡོངས་སུ་གྱུར་པ་དང་། ཡང་དེའི་སྟེང་དུ་ཡི་གེ་ཀ་ལ་སོགས་པ་སྐར་མའི་རྣམ་པ་ལྟ་བུར་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་ འཁོར་གཉིས་པ་ཉིད་དུ་བསམ་པར་བྱའོ། །དེ་དག་གཅིག་ཏུ་གྱུར་པའི་སྟེང་དུ། བཛྲ་ཞེས་བྱ་བའི་སྙིང་པོ་དང་། དེ་ལས་རྡོ་རྗེ་རྩེ་ལྔ་པའི་འོད་ཟེར་གྱི་ཚོགས་དང་བཅས་པར་བསམ་པར་བྱའོ། །ངན་སོང་སྦྱོང་བ་ལ་སོགས་པ་རྣམས་ཀྱི་ནི་རང་རང་གི་སྙིང་པོ་ལས་བྱུང་བའི་མཚན་མ་སྟེ། དེ་དག་ གི་དབུས་སུ་སྙིང་པོ་རྣམས་བཀོད་ལ་རང་རང་གི་ཕྱག་རྒྱའི་ང་རྒྱལ་དུ་བསྒོམ་པར་བྱ་བ་ནི། བཛྲོ྅ཧཾ་ཞེས་པ་ནས་གྷཎྚོ྅ཧཾ། ཞེས་བྱ་བའི་བར་དུ། རང་རང་གི་སྙིང་པོ་ཡང་བཟླས་ཤིང་དེ་བཞིན་གཤེགས་པ་རིགས་ལྔའི་བྱང་ཆུབ་སེམས་དཔའ་དང་བཅས་པར་བཞུགས་པ་རྣམས། རང་རང་གི་ཕྱག་རྒྱ་ ལ་བཞུགས་པར་བསམས་ཏེ། བཛྲ་ཙཀྲ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་ཧཱུཾ། ཞེས་པ་ཟློས་ཤིང་ཕྱག་རྒྱའི་གཟུགས་དེ་རྣམས། བཛྲ་བཻ་རོ་ཙ་ན་ར་ཧཾ། ཞེས་པ་ལ་སོགས་པ་བརྗོད་པར་དེ་བཞིན་གཤེགས་པ་རྣམས་ཀྱི། རང་རང་གི་སྐུར་བྱིན་གྱིས་བརླབས་པའི་སྦྱོར་བས་རྣམ་པར་སྣང་མཛད་ཀྱི་སྐུར་ བསྒོམས་ལ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་ཨཱ་བ་ར་ཎ་བི་ཤོ་དྷ་ནེ་ཧཱུཾ། བརྗོད་ལ་མ་ཧཱ་ས་མ་ཡ་སཏྭ་ཧཾ། ཞེས་པས་རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཤིང་ས་མ་ཡ་ཧཾ། ཞེས་བྱའོ། །དེ་ནས་སྙིང་ག་ལ་སོགས་པའི་གནས་བཞིར་རྡོ་རྗེ་ལ་སོགས་པ། ཨོཾ་ས་མ་ཡ་སརྦ། ཨ་དྷི་ཏིཥྛ་སྭ་མཱཾ། ཞེས་ བརྗོད་པས། བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རང་གི་སྙིང་གར་འཁོར་ལོའི་ཕྱག་རྒྱ་ལས་བྱུང་བའི་བཛྲ་ཙཀྲ། ཞེས་པའི་སྙིང་པོས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་དེ་མ་ཐག་ཏུ་སྤྲུལ་ལ་ས་མ་ཡ་སྟྭཾ། ཞེས་བརྗོད་པས། རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ཏེ། དེ་ཡིས་མེ་ ཏོག་གི་ཕྲེང་བ་བླངས་ནས། སྙིང་གའི་དཀྱིལ་འཁོར་དུ་བཛྲ་ས་མ་ཡ། ཞེས་པས་འཇུག་པར་བྱ་ཞིང་། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། །ཞེས་པས་དཀྱིལ་འཁོར་དུ་དོར་བར་བྱའོ། །དེ་ནས་ཨོཾ་པྲ་ཏི་གྲྀཧྞ་ཏྭ་མེ་སརྦ་མ་ཧཱ་བ་ལ། ཞེས་བྱ་བས་ཕྲེང་བ་བླངས་ལ་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་བདག་ ཉིད་ཀྱི་མ་རིག་པ་བསལ་བར་བསམས་ཏེ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །དེ་རིང་བདག་གིས་མིག་དབྱེ་མཛད། །རྡོ་རྗེ་མིག་ནི་བླ་མེད་པས། །མིག་རྣམས་ཐམས་ཅད་དབྱེ་བར་འགྱུར། །ཞེས་བརྗོད་ལ། མིག་ཕྱེ་ལ་ཧེ་བཛྲ་པ་ཤྱ། ཞེས་བརྗོད་པས། དཀྱིལ་འཁོར་གྱི་འཁོར་ ལོ་ཐམས་ཅད་བླ་མར་བྱའོ། །དེ་ནས་སངས་རྒྱས་ལྔའི་བྱིན་གྱིས་བརླབས་པའི་བུམ་པ་ལས་རྡོ་རྗེ་ཆུ་བླངས་ནས། ཨོཾ་བཛྲ་ཨ་བྷི་ཥིཉྩ། ཞེས་པས། ཆུའི་དབང་བླངས་ནས་དེ་ནས་སངས་རྒྱས་དང་། ཕྱག་རྒྱ་ལ་སོགས་པའི་དབང་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བཛྲ་རཏྣ་ ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ། ཞེས་པའི་སྤྱི་བོ་ལ་སོགས་པའི་གནས་ལྔར་བདེ་བར་གཤེགས་པ་ལྔས་དབུ་རྒྱན་བྱའོ། །དེ་བཞིན་དུ་ཕྱག་རྒྱ་དང་། ཕྲེང་བ་དང་། གསུང་དང་། མིང་དང་། ལས་དང་། འཁོར་ལོ་ལ་སོགས་པ་དང་། གསང་བ་ དང་། བདེ་བ་ཆེན་པོའི་དབང་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་མནོས་ལ། ཨོཾ་ཧཱུཾ། ཞེས་བརྗོད་ལ། སྙིང་ག་ལ་སོགས་པའི་གནས་ཇི་ལྟ་བ་བཞིན་དུ་གོ་བགོ་བར་བྱ་ཞིང་། དར་དཔྱངས་ཀྱིས་བརྒྱན་པར་བྱའོ། །དེ་ནས་བརྟུལ་ཞུགས་དང་། གནང་བ་དང་། ལུང་བསྟན་པ་ལ་སོགས་པ་ཐམས་ ཅད་རྒྱས་པར་བྱས་ནས་རང་ལ་བྱིན་གྱིས་བརླབས་ལ། རྣལ་འབྱོར་ཆེན་པོ་ལ་བརྩོན་པར་བྱ་སྟེ། དེ་ལ་རང་གི་སྙིང་གར་ཟླ་བ་བསམས་ལ་མ་ཡ་ཨཱ་ཞེས་བརྗོད་ཅིང་། ངན་སོང་སྦྱོང་བ་ལ་སོགས་པའི་གནས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ། ཨོཾ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་ཧཱུཾ། ཞེས་ པས་མདུན་གྱི་ནམ་མཁའ་བཻ་རོ་ཙ་ན་ཨ་ཞེས་བརྗོད་ལ་དབབ་པར་བྱའོ། །བཛྲ་བེ་ཞེས་བྱ་བ་དང་། བཛྲ་བཻ་རོ་ཙ་ན་ཧཾ། ཞེས་བརྗོད་པས། ཕྱག་རྒྱ་དང་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོར་བསྒོམས་ཏེ། རང་གི་གནས་སུ་དགུག་པ་ལ་སོགས་པ་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་ གི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་བཻ་རོ་ཙ་ན་ཌནྡྲེ། ཞེས་བྱ་བས་བལྟ་བར་བྱའོ། །དེ་བཞིན་དུ་ས་མ་ཡ་སྟྭཾ། ཞེས་བརྗོད་པས། ཟླ་བ་གྲུབ་པར་འགྱུར་ཏེ། དེའི་སྟེང་དུ་བཛྲོ྅ཧཾ། ཞེས་པ་ལ་སོགས་པས་གནས་ལྔར་རྡོ་རྗེ་ལ་སོགས་ཕྱག་རྒྱས་གྱུར་ཅིང་། བཛྲ་ཨ་པཱ་ཡ་ཤོ་དྷ་ནི་ཧཱུཾ། ཞེས་པ་ལ་ སོགས་པས། བདེ་བར་གཤེགས་པའི་སྐུར་གྱུར་པར་བསམ་མོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་སཏྭ་ཨཱ། བཛྲ་རཱ་ཛ་ཨཱ། བཛྲ་རཱ་ག་ཨཱ། བཛྲ་སཱ་དྷུ་ཨཱ། བཛྲ་རཏྣ་ཨཱ། བཛྲ་ཏེ་ཛ་ཨཱ། བཛྲ་ཀེ་ཏུ་ཨཱ། བཛྲ་ཧཱ་ས་ཨཱ། བཛྲ་དྷརྨ་ ཨཱ། བཛྲ་ཏཱིཀྵྞ་ཨཱ། བཛྲ་ཧེ་ཏུ་ཨཱ། བཛྲ་བྷ་ཥ་ཨཱ། བཛྲ་ཀརྨ་ཨཱ། བཛྲ་རཀྵ་ཨཱ། བཛྲ་ཡཀྵ་ཨཱ། བཛྲ་སནྡྷི་ཨཱ། བཛྲ་ལཱ་སྱེ་ཨཱ། བཛྲ་མཱ་ལེ་ཨཱ། བཛྲ་གཱི་ཏི་ཨཱ། བཛྲ་ནིརྟི་ཨཱ། བཛྲ་དྷཱུ་པེ་ཨཱ། བཛྲ་པུཥྤེ་ཨཱ། བཛྲ་ཨཱ་ལོ་ཀེ་ཨཱ། བཛྲ་གནྡྷེ་ཨཱ། བཛྲ་ཨཾ་ཀུ་ཤ་ ཨཱ། བཛྲ་སྥོ་ཊ་ཨཱ། བཛྲ་ཨཱ་བེ་ཤ་ཨཱ། ཞེས་པས་སྙིང་པོ་ཕབ་ལ། དེ་ནས་དེ་དག་གྱུར་པར་གཟུགས་ཕྱག་རྒྱ་དག་སྟེ། བཛྲོ྅ཧཾ། ཞེས་པ་ནས། གྷཎྚོ྅ཧཾ། ཞེས་པའི་བར་གྱིས། རྡོ་རྗེ་སེམས་དཔའ་ནས་དྲིལ་བུའི་བར་དུ་གྱུར་པའོ། །དེ་ནས་ད་ཉིད་སོ་སོའི་བར་ཕྱག་རྒྱ་ཆེན་པོའི་སྐུར་ བསམ་པར་བྱ་བ་བཞིན། ཨོཾ་བཛྲ་སཏྭོ྅ཧཾ། ཞེས་པ་ནས། བཛྲ་གྷཎྚོ྅ཧཾ། ཞེས་པའི་བར་གྱིས་ངན་སོང་ཐམས་ཅད་དང་པོས་ཡོངས་སུ་སྦྱོང་བ་ལ་སོགས་པའི་གནས་སུ་རང་གི་རིགས་ལས་ཉེ་བར་མཚོན་པའི་ཁ་དོག་དང་ཕྱག་མཚན་བསྣམས་པས་གནས་པར་གྱུར་པ་དང་། ལྕགས་ཀྱུ་ལ་སོགས་ པའི་སྦྱོར་བས་དགུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་ལ་སོགས་པ་བྱས་ནས་སོ་སོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། སྙིང་པོ་རྣམས་བརྗོད་པས་བལྟ་བར་བྱ་སྟེ། བཛྲ་སཏྭ་དྲྀ་ཤྱ། ཞེས་པ་ནས། བཛྲ་གཎྚོ་དྲྀ་ཤྱ། ཞེས་པའི་བར་གྱིས་བལྟ་བར་བྱའོ། །དེ་ནས་རང་གི་ ལུས་ལ་ཕྱག་རྒྱ་དང་། སྔགས་ཀྱི་སྦྱོར་བ་བསྡུས་པ་ལས། རིགས་ལྔའི་སངས་རྒྱས་ཀྱིས་བསྡུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་རང་གི་ལུས་ལ་བཅུག་སྟེ། ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱ་བ་སྟེ། བཛྲ་ཙཀྲ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ཨ་ཧཾ། ཞེས་པ་ལ་སོགས་པའོ། །དེ་ནས་བཅོམ་ ལྡན་འདས་ཀྱི་རྩ་བའི་སྙིང་པོ་ལན་བདུན་བརྗོད་ལ། དེ་བཞིན་དུ་ངན་སོང་སྦྱོང་བ་དང་། རིན་ཆེན་ཏོག་དང་། ཤཱཀྱ་ཐུབ་པ་དང་། མེ་ཏོག་རྒྱས་པ་རྣམས་ཀྱི་སྙིང་པོ་བརྗོད་ལ་སངས་རྒྱས་སྤྱན་ལ་སོགས་པས། ཨོཾ་བུདྡྷ་ལོ་ཙ་ནི་ཧཱུཾ། ཞེས་པ་ལ་སོགས་པའི་སྔགས་ཀྱིས་སྙིང་ག་ལ་སོགས་ པའི་གནས་སུ་བྱིན་གྱིས་བརླབ་པར་བྱའོ། །རྣལ་འབྱོར་ཆེན་པོས་ནི་གཞལ་ཡས་ཁང་ལ་སོགས་པ་མེད་པ་ཡང་མངོན་པར་བྱང་ཆུབ་ལྔས་བསྐྱེད་ལ། ཆོ་ག་ཐམས་ཅད་སྤྱད་པར་བྱ་སྟེ། མངོན་དུ་བྱེད་པ་པོས་ནི། དེའི་རྗེས་ལ་རྡོ་རྗེ་འཛིན་པའི་བདག་ཉིད་ལས་བྱུང་བ་ཕྱག་རྒྱ་རྣམ་པ་བཞི་ ལ་སྦྱར་བར་བྱས་ཏེ། དེ་ལ་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པ་ལས་བྱུང་བས་ན། རྡོ་རྗེ་བསྡམས་པ་བཅིངས་བྱས་ལ། །དེ་ཉིད་ལྟེ་བར་ཏིང་འཛིན་གནས། །དེ་ལས་མཐེ་བོང་མཐེ་ཆུང་མདུད། །མཛུབ་མོ་སྲིན་ལག་རིན་ཆེན་འདྲ། །མཐེ་བོང་མཐེ་ཆུང་པད་སྙིང་པོ། །གཞན་ རྣམས་འདྲ་མ་འདྲ་བ་སྟེ། །དེ་བཞིན་རལ་གྲི་འདྲ་བ་དང་། །མཛུབ་མོ་རྡོ་རྗེ་འདྲ་བ་དང་། །གུང་མོ་དག་ནི་རིན་ཆེན་ཏེ། །སྲིན་ལག་པདྨ་འདྲ་བ་ལས། །མཐེ་ཆུང་ཨུཏྤལ་འདབ་འདྲར་བྱ། །མཛུབ་མོ་རྡོ་རྗེ་འདྲ་བ་ལས། །དེ་ཉིད་ལྕགས་ཀྱུའི་རྣམ་པར་བཀུག །མེ་ཏོག་ མདའ་གཞུ་འདྲ་བ་དང་། །ལེགས་སོ་ཞེས་པར་བརྗོད་པ་ནི། །རྡོ་རྗེ་སེམས་དཔའ་བཞི་པོ་ཡིན། །མཛུབ་མོ་རིན་ཆེན་འདྲ་བ་དང་། །མཐེ་བོང་གཤིབས་ཏེ་གཞན་རྣམས་བསྣོལ། །དེ་ལས་སྲིན་ལག་མཐེ་ཆུང་གཉིས། །མཉམ་པར་གཤིབས་པ་རྒྱལ་མཚན་ཏེ། །དེ་ལས་བསྐོར་ཏེ་ཁ་ ཕྱོགས་གཞག །སྲིན་ལག་པདྨ་ཆོས་ཀྱི་སྟེ། །སྲིན་ལག་རལ་གྲི་རྣོན་པོ་ཡིན། །ལག་གཉིས་མཐེབ་མཛུབ་ཟླུམ་པོ་ནི། །འཁོར་ལོ་ཡི་ནི་ཕྱག་རྒྱར་གྲགས། །སྲིན་ལག་རྩེ་སྤྲད་ཚིགས་གཉིས་དགུ །ཁར་གཞག་པ་ནི་གཟུང་བ་སྟེ། །མཐེ་བོང་མཐེ་ཆུང་རྩེ་སྤྲད་དགྱེད། །ལས་ཀྱི་རྡོ་རྗེར་ བཤད་པ་ཡིན། །དེ་ལས་མཛུབ་མོ་གཉིས་བརྐྱང་ནས། །མཐེ་བོང་སྙིང་གར་བརྐྱང་པའོ། །མཛུམ་མོ་གཉིས་དགུ་མཆེ་བ་ལ། །མཐེ་བོང་གུང་མོ་ཁ་འདྲ་བ། །གནོད་སྦྱིན་གྱི་ནི་ཡིན་པ་སྟེ། །མཐེ་ཆུང་གཉིས་པར་མཐེ་བོང་གཉིས། །མཛུབ་མོ་གཉིས་ཀྱིས་བཙིར་བའོ། །སྙིང་གར་ མཐེ་བོང་མཉམ་པར་གཤིབས། །རབ་ཏུ་བརྐྱང་བ་ཕྲེང་བ་སྟེ། །ཐལ་སྦྱར་ཁ་ཡི་ཐད་ཀར་གཞག །དེ་ལས་བསྣོལ་ཏེ་རབ་བསྐོར་དང་། །རྡོ་རྗེ་བཅིངས་པ་ཁ་སྦུབ་དང་། །ཐལ་མོ་ཁ་ཕྱེ་གྱེན་དུ་འཐོར། །གཡས་པའི་མཐེབ་བསྒྲེང་གཡོན་པས་འཁྱུད། །རྡོ་རྗེ་བསྡམས་བརྐྱང་དབྱུག་ པའོ། །མཛུབ་མོ་གཡས་པ་བཀུག་པ་དང་། །མཐེབ་མཛུབ་གཉིས་ནི་མདུད་པ་དོར། །མཐེ་བོང་མཛུབ་མོ་གདུ་བུར་བཅིང་། །རྡོ་རྗེ་བཅིངས་པ་མཛུབ་མོ་བསྡམས། །རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་རྩེ་ལྔ་པ་བསྐྱེད་པ་གསལ་བར་བྱའོ། །དེ་ནས་དེ་བཞིན་གཤེགས་ པ་རྣམས་ཀྱི་ལྗགས་ལ་ཆོས་ཀྱི་ཕྱག་རྒྱ་དགོད་པར་བྱ་སྟེ། ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་ལ་དགོད་པར་བྱ་སྟེ། སརྦ་བིད་ཨོཾ། སརྦ་བིད་ཧཱུཾ། སརྦ་བིད་ཏྲཱཾ། སརྦ་བིད་ཧྲཱིཿ། སརྦ་བིད་ཨཿ། སརྦ་ནེ་ཏྲ་ཨཱ་ཏ་མ་སུ་ཁ། ཙནྡྲ་པྲ་བྷཱ་བ། སརྦ་ད་རོ། ས་མ་ཡ་སྟྭཾ། ཨ་ན་ཡཱ་སྭ། ཨ་ཧོ་ སུ་ཁ་སཱ་དྷུ་སཱ་དྷུ། སུ་མ་ཧཱཏྟྲཾ། རཱུ་པོ་དྱོ་ཏྱ། ཨར་ཏ་པ་ཏི། ཧ་ཧ་ཧཱུཾ་ཏེ། སརྦ་ཀ་རི། དུཿཁཙྪེད། བུདྡྷ་བོ་དྷི། པྲ་ཏི་སཔྟ། སུ་པ་ཤི་ཏྲཾ། ནི་ར་བཱ་ཡཏྟཾ། ཤ་ཏྲཱུཾ་བྷཀྵ། སརྦ་སིདྡྷི། མ་ཧཱ་ར་ཏེ། རཱུ་པ་ཤོ་བྷེ། སྲོ་ཏ་སུ་ཁྱེ། སརྦ་པཱུ་ཛེ། པྲཧླ་ད་ནི། ཕ་ལ་ག་མེ། སུ་ཏི་ཙི་ག །སུ་གནྡྷ་གྲེ། ཨ་ཡ་ཧེ་ཛ། ཨ་ཧེ་ཧཱུཾ་ཧཱུཾ། ཧེ་ཕོ་ཊ་བཾ། གྷཎྚ་ཨ་ཨ། དེ་ནས་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། གུང་མོ་སྦྱར་བ་བྱས་པ་ལས། །གཡས་པ་ཡི་ནི་གུང་མོ་བསྒྲེང་། །གཡོན་པའི་སྦུ་གུར་བཅུག་ནས་ནི། །གཞན་རྣམས་བརྐྱང་པ་བྱང་ཆུབ་མཆོག །ངན་སོང་ཀུན་སྦྱོང་ས་ལ་རེག །རིན་ ཆེན་གྱི་ནི་མཆོག་སྦྱིན་ཏེ། །ཤཱཀྱ་ཐུབ་པའི་ཆོས་བཤད་མཆོག །མི་འཇིགས་སྦྱིན་པ་མེ་ཏོག་གིའོ། སྤྱན་གྱི་མིག་དང་འདྲ་བ་སྟེ། །མཱ་མ་ཀཱི་ནི་རྡོ་རྗེ་འདྲ། །དཀར་མོ་པདྨ་ཉིད་དུ་བཤད། །ཨུཏྤ་ལ་ནི་སྒྲོལ་མར་དགོངས། །རྡོ་རྗེ་བླངས་ནས་གསོར་བ་དང་། །ལག་གཉིས་ལྕགས་ཀྱུའི་ ཚུལ་གནས་དང་། གཞུ་འགེངས་པ་ཡི་སྦྱོར་བ་དང་། །ལེགས་པའི་སེ་གོལ་སྙིང་གར་གནས། །ལག་གཉིས་རྡོ་རྗེ་དབང་བསྐུར་བ། །སྙིང་གར་ཉི་མ་རབ་ཏུ་སྟོན། །གཡོན་པའི་གྲུ་མོ་གཡས་པས་གཟུང་། །དེ་ལས་ཕྱིར་ཟློག་རབ་ཏུ་དགྱེས། །ཤེས་རབ་ཐབས་ཀྱི་པདྨ་དགྱེས། །སྙིང་ གར་པོ་ཏི་རལ་གྲི་ཕྱར། །མགལ་མེ་ལྟ་བུའི་འཁོར་ལོ་བསྐོར། །རྡོ་རྗེ་གཉིས་ནི་ཁ་འགྲམ་གནས། །རྡོ་རྗེ་གར་གྱིས་བསྐོར་ནས་དགྲོལ། །སྤྱི་བོར་ཐལ་མོ་མཉམ་པར་སྦྱོར། །གོ་ཆའི་ཚུལ་དུ་བཟུང་ནས་ནི། །མཐེ་ཆུང་གཉིས་ནི་མཆེ་བར་གནས། །ཁུ་ཚུར་གཉིས་ནི་དཀུ་རུ་གནས། ། ཕྲེང་བ་བླངས་ནས་སྟེང་དུ་འཕྱར། །དེ་ལས་པི་ཝང་མཛུབ་མོས་བསྐྱོད། །གར་ནི་དེ་ལས་རྣམ་པར་བཟློག །སངས་རྒྱས་མཆོད་པ་ལ་བརྩོན་པས། །གཡས་པའི་མཁྲིག་མ་གཡོན་པས་གཟུང་། །གཡོན་པ་སྙིང་ག་གཡས་པ་ཡི། །མཐེབ་སྲིན་མེ་ཏོག་དཔྲལ་བར་བཟློག །དེ་བཞིན་ མིག་ཏུ་ཡང་དག་གནས། །དུང་ཕོར་ལྟ་བུར་དྲི་ཡིས་མཆོད། །མཛུབ་གཉིས་ལྕགས་ཀྱུས་མཐེ་ཆུང་མདུད། །ཞགས་པ་བཞིན་དུ་སྦྱར་ནས་ཀྱང་། །དེ་ཉིད་ལྕགས་སྒྲོག་ཚུལ་དུ་བྱ། །ཞགས་པའི་ཚུལ་ལས་རྒྱབ་གཉིས་མནན། །དམ་ཚིག་འབེབས་པ་ཡིན་པར་འདོད། །དེ་ནས་ཕྱག་རྒྱ་ ཆེན་པོ་བཅིང་བར་བྱ་སྟེ། དེ་ནས་རང་གི་སྙིང་གར་རྡོ་རྗེ་སེམས་དཔའ་བསམས་ལ། ཐམས་ཅད་དུ་རྡོ་རྗེ་དྲིལ་བུ་དང་ལྡན་པ་ལས། གོང་མ་ལྟ་བུ། བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་། །ས་གནོན་དང་ནི་མཆོག་སྦྱིན་དང་། །ཆོས་འཆད་དང་ནི་སྐྱབས་མཛད་དང་། །སྤྱན་ གཉིས་རྡོ་རྗེ་ཁར་གནས་དང་། །པདྨ་ལྟ་བུ་ཐལ་མོ་དང་། །ཨུཏྤལ་ལྟ་བུའི་སོར་མོ་དང་། །དྲིལ་བུ་དཀུར་གཏོད་རྡོ་རྗེ་གསོར། །ལྕགས་ཀྱུས་སངས་རྒྱས་ཀུན་འགུགས་ཤིང་། །རྡོ་རྗེ་མདའ་ནི་བདེ་གཤེགས་འབིགས། །ལེགས་པས་སངས་རྒྱས་མཉེས་མཛད་ཅིང་། །སྙིང་པོ་ ཡིས་ནི་དབང་བསྐུར་མཛད། །ཉི་མས་སངས་རྒྱས་ཀུན་སྣང་སྟེ། །རྒྱལ་སྲས་ཀྱིས་ནི་སྦྱིན་པ་རྫོགས། །བཞད་པས་བ་སྤུ་ལྡང་མཛད་ཅིང་། །སྤྱན་གྱིས་གཏི་མུག་མུན་པ་སེལ། །རྣོན་པོས་ཤེས་རབ་པོ་ཏི་འཛིན། །འཁོར་ལོས་འཁོར་ལོ་རྣམ་པར་བསྒྱུར། གསུང་བས་ལྗགས་ནི་རབ་ཏུ་བརྐྱང་། ། ལས་ཀྱིས་རྡོ་རྗེ་སྣ་ཚོགས་འཛིན། །གསུང་བས་ཆོ་ག་འཛིན་པས་མཆོག །གནོད་སྦྱིན་ལ་ནི་མཆེ་བར་ལྡན། །ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་བཅིངས། །སྒེག་མོ་རྡོ་རྗེ་གཉིས་དང་ལྡན། ཕྲེང་བས་རིན་ཆེན་ཕྲེང་བ་འཛིན། །གླུ་མཁན་པི་ཝང་རྣམ་པར་ལྡན། །གར་ནི་རྡོ་རྗེ་རྩེ་གསུམ་སྟེ། །བདུག་པ་ ཡིས་ནི་སྤོས་ཁང་འཛིན། །མེ་ཏོག་མེ་ཏོག་སྣོད་དང་ལྡན། སྣང་བས་མར་མེ་སྡོང་བུ་འཛིན། །དྲི་ནི་དུང་ཕོར་ཡང་དག་ལྡན། །དེ་བཞིན་ལྕགས་ཀྱུ་ཞགས་པ་འཛིན། །ལྕགས་སྒྲོག་དྲིལ་བུར་ལྡན་པ་དང་། །ཕྱག་རྒྱ་ཆེན་པོ་ཞེས་སུ་གྲགས། །དེ་ལྟར་ཕྱག་རྒྱ་བཞིས་རྒྱས་བཏབ་ནས་དངོས་ གྲུབ་ལ་སོགས་འབྱིན་པར་འགྱུར་བ་ཁོ་ན་སྟེ། དེའི་སྐད་ཅིག་རྣམས་ལ་དེ་དག་གི་སྐུར་བསྒོམས་ལ། བདེ་བར་གཤེགས་པའི་ཚོགས་རྣམས་ལ་ནི། ས་མ་ཡ་སྟྭཾ་ཨ་ཧཾ། ཞེས་བརྗོད་པ་དང་། རིག་པའི་ལྷ་མོ་རྣམས་ལ་ནི། །སུ་ར་ཏ་སྟྭཾ་ཨ་ཧཾ། ཞེས་བརྗོད་པར་བྱའོ། །དེ་ནས་དབང་ བསྐུར་ལ་སོགས་པ་ཐམས་ཅད་བྱ་སྟེ། དམ་ཚིག་དམ་པ་མཆོག་གི་རྡོ་རྗེ་གླུ། རྡོ་རྗེ་སེམས་དཔའ་བསྡུས་པ་ན། །ཞེས་བྱ་བ་ལ་སོགས་པས་ཚིགས་སུ་བཅད་པས་བླངས་ལ་མཉེས་པར་བྱ་སྟེ། ཨོཾ་བཛྲ་ཏུ་ཥྱ་ཧོ། ཞེས་བརྗོད་པར་བྱའོ། །དེ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་པ་ལས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱས་ལ། དེ་ཉིད་ཀྱི་རྗེས་སུ་འཇུག་པའི་སྐད་ཅིག་མ་ལ་དུས་འབྱོར་པ་སྟེ། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བསམ་མོ། །དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པའོ། །དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་ དཀར་པོ་ཟླུམ་པོའོ། །དེའི་སྟེང་ན་ལཾ་ལས་གསེར་གྱི་ས་གཞི་སེར་པོ་གྲུ་བཞི་པའོ། །དེའི་སྟེང་དུ་སུཾ་ལས་རིའི་རྒྱལ་པོ་རི་རབ་ཟུར་བཞི་དང་། རྩེ་མོ་བརྒྱད་ཀྱིས་ཉེ་བར་མཛེས་པ་དཔག་ཚད་དང་རྒྱར་ཡངས་པར་བསམས་ལ། དེའི་སྟེང་དུ་བྷྲཱུཾ་དཀར་པོ་གྱུར་པ་ལས་ཡང་དག་པར་བྱུང་བའི་དཔལ་ རྣམ་པར་སྣང་མཛད་ཀྱི་ངོ་བོ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ཆེན་པོའི་ཁང་བརྩེགས་བསྒོམ་པར་བྱ་སྟེ། གྲུ་བཞི་པ་སྒོ་བཞི་དང་ལྡན་པ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ་རྟ་བབས་བཞི་དང་དྲིལ་བུ་དང་། དྲ་བ་ལ་སོགས་པས་ཡོངས་སུ་བརྒྱན་ཅིང་། མེ་ཏོག་ཕྲེང་བ་དང་། བ་ དན་ལ་སོགས་པས་སྤྲས་པ་རིན་པོ་ཆེའི་རང་བཞིན་ལས་གྲུབ་པ་བསམ་པར་བྱའོ། །དེའི་དབུས་སུ་ཙཾ་སེར་པོ་ལས་གྱུར་པའི་འཁོར་ལོ་རྩིབས་བཅུ་དྲུག་པ་རིན་པོ་ཆེ་དང་། རྡོ་རྗེས་རྣམ་པར་སྤྲས་པའི་འོད་སྣ་ཚོགས་དང་ལྡན་པར་བསམས་ཏེ། དེའི་དབུས་སུ་ཨ་སིཾ་ཨཾ་ལས་སེང་གེའི་ཁྲི་བསྐྱེད་པ་ དང་། དེ་བཞིན་དུ་ངན་སོང་ཐམས་ཅད་སྦྱོང་བའི་གནས་སུ། ཧཱུཾ་གྷཾ་ཧཱུཾ་ལས་གླང་པོ་ཆེའི་ཁྲི་དང་། རིན་ཆེན་ཏོག་གི་གནས་སུ་ཏྲཱཾ་ཨ་ཏྲཱཾ་ལས་རྟའི་ཁྲི་དང་། ཤཱཀྱ་ཐུབ་པའི་གནས་སུ། ཧཾ་མཾ་ཧཾ་ལས། རྨ་བྱའི་ཁྲི་དང་། མེ་ཏོག་རྒྱས་པའི་གནས་སུ་ཨ་གཾ་ཨ་ལས་ནམ་མཁའ་ལྡིང་གི་ཁྲི་བསམ་ པར་བྱའོ། །དེའི་དབུས་སེང་གེའི་ཁྲིའི་སྟེང་དུ་སྐྱིལ་མོ་ཀྲུང་གིས་འདུག་ལ། བསོད་ནམས་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པའི་གཟུགས་སུ་བདག་ཉིད་བསྐྱེད་ལ། མངོན་པར་བྱང་ཆུབ་པ་མངོན་སུམ་དུ་ བྱེད་པ་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེ་ཉིད་འདི་ལྟར་བསམ་པར་བྱ་སྟེ། དེ་ཉིད་ཐུགས་རྗེ་ཆེན་པོ་ལས་བྱུང་བའི་དབང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞིང་འདི་ཏིལ་གྱི་གང་བུ་བཞིན་དུ་གང་བར་གྱུར་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ཉིད་འདི་ལྟ་བུ་ ཡིན་ནོ་ཞེས་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པར་གྱུར་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་བྱང་ཆུབ་ཀྱི་སྙིང་པོ་ན་བཞུགས་པ་ག་ན་བ་དེར་གཤེགས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་བཞིན་ཉིད་ཀྱི་ ཆེད་དུ་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པར་དཀའ་བ་སྤྱོད་པ་ཐམས་ཅད་ལ་སྤྲོ་བ་བསྐྱེད་ཅིང་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱ་ སྙམ། དེ་ནས་ཏིཥྛ་བཛྲ་ཞེས་པའི་སྔགས་ཀྱིས་སེ་གོལ་བརྡབས་པས་སློང་བར་མཛད་དོ། །དེ་ནས་སད་པར་གྱུར་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཾ་ཀ་རོ་མི། ཞེས་པས་ཕྱག་རྒྱ་སྟེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་རྣམས་བདག་གིས་མ་འཚལ་ན། དེ་ཁོ་ན་ཉིད་ཇི་ལྟ་བུ་ལགས། ཇི་ལྟར་བསྒྲུབ་པར་བགྱི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུང་གཅིག་ཏུ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་རང་གི་སེམས་ལ་སོ་སོར་རྟོགས་ལ། རང་བཞིན་གྱིས་གྲུབ་པའི་སྔགས་ འདི་དགའ་བར་བཟླས། ཨོཾ་ཙིཏྟ་པྲ་ཏི་བནྡྷ་ནཾ་ཀ་རོ་མི། ཞེས་བྱ་བས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། དེ་བཞིན་གཤེགས་པ་ཐམས་ཅད་གཉིས་སུ་མེད་པ། དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་རྟོགས་པའི་བདག་ཉིད་ཀྱི་ སེམས་སོ་སོར་རྟོགས་པ་དང་། སེམས་རིན་པོ་ཆེ་དེ་ཉིད་སྙིང་རྗེ་ཆེན་པོས་བརྒྱན་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པའི་མཚན་ཉིད་ཅན་ཟླ་བའི་དཀྱིལ་འཁོར་ལྟ་བུར་མཐོང་བ་དང་། འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་བདག་གི་སྙིང་ག་ན་ཟླ་བའི་ དཀྱིལ་འཁོར་ལྟ་བུར་རྟོགས་སོ། །དེ་ནས་རིགས་ཀྱི་བུ་སེམས་ནི་རང་བཞིན་གྱིས་འོད་གསལ་བས་ན། ཇི་ལྟར་སྦྱངས་པ་དེ་ལྟར་འགྱུར་ཏེ། དཔེར་ན་རས་དཀར་པོ་ཚོན་གྱིས་བསྒྱུར་བ་བཞིན་ནོ། །དེར་ཡང་རང་བཞིན་ལྷུན་གྱིས་གྲུབ་པའི་སྔགས་ཟློས་ཤིག་དང་རབ་ཏུ་གསལ་བར་འགྱུར་རོ། ། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་བྱ་བས་ཤིན་ཏུ་གསལ་བའི་བྱང་ཆུབ་སེམས་བསྐྱེད་པར་གྱུར་པ་དང་། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་ཡོངས་སུ་གྱུར་པ་ལས་རིམ་གྱིས་འཕེལ་བར་གྱུར་པ་དང་། ཟླ་བའི་དཀྱིལ་འཁོར་རྫོགས་པར་གྱུར་པ་ལས། འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་ པ་རྣམས། ཟླ་བའི་དཀྱིལ་འཁོར་ལྟ་བུར་གདའ་བ་གང་ལགས་པ། དེ་ནི་ཟླ་བའི་དཀྱིལ་འཁོར་ཉིད་དུ་མཐོང་ལགས་སོ། །དེ་ནས་ཤིན་ཏུ་རྣམ་པར་དག་པ་སྤྲོས་པ་ཐམས་ཅད་དང་བྲལ་བར་གྱུར་པའི་སེམས་དེ་ཉིད་ལ། ཛྙཱ་ན་རི་མི་བི་ཛ་ཧཱུཾ། ཞེས་པའི་སྔགས་ཀྱི་རྣམ་པར་སྤྲོས་ཏེ། ཟླ་བའི་ དཀྱིལ་འཁོར་དེ་ལས་འོད་ཟེར་རྣམ་པ་སྣ་ཚོགས་པ་བྱུང་སྟེ། དེ་ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་ཁང་དུ་ཞུགས་ནས་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ཀྱི་སེམས་རི་བོ་ལྟ་བུར་བཅོམ་སྟེ་སླར་རྡོ་རྗེ་ཆེན་པོའི་གཟུགས་རྩེ་ལྔ་པ་གཅིག་ཏུ་གྱུར་ནས་སྤྱི་བོ་ནས་ཐུགས་ཀར་ཞུགས་ཏེ། ཟླ་བའི་དཀྱིལ་ འཁོར་ལ་རབ་ཏུ་གནས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སེམས་བསྐྱེད་པ་ཀུན་ཏུ་བཟང་པོ་ཁྱོད་ཀྱིས་མངོན་དུ་གྱུར་གྱི་དེ་ལེགས་པར་སྒྲུབས་ཤིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་བསྐྱེད་པ་ཀུན་དུ་བཟང་པོ་དེ་བརྟན་པར་བྱ་བའི་ཕྱིར་སྔགས་འདིས་རང་གི་སྙིང་ གའི་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེའི་དབྱིབས་སུ་སོམས་ཤིག །ཨོཾ་ཏིཥྛ་བཛྲ། སྣང་བར་བྱས་ནས་སེམས་ཅན་ཐམས་ཅད་ཀྱིས་དེ་ནས་གསོལ་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་རྡོ་རྗེར་བདག་གིས་མཐོང་ངོ་། །དེ་ནས་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་སེམས་བསྐྱེད་པ་ཀུན་ཏུ་བཟང་པོས་ནམ་མཁའི་དབྱིངས་ཐམས་ཅད་དུ་མཉམ་པར་འཇུག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་རྡོ་རྗེ་སྙེད་པ་དེ་དག་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་སེམས་དཔའི་རྡོ་རྗེར་ ཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་དབྱིངས་རྡོ་རྗེ་དབྱིངས་ཞེས་རྡོ་རྗེ་མིང་གིས་དབང་བསྐུར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་བདག་ལེགས་པར་མཐོང་ལགས་སོ་ཞེས་གསོལ་ཏོ། །སེམས་དཔའ་ཆེན་པོ་དེ་ལྟ་བས་ན། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་སེམས་དཔའི་རྡོ་རྗེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་སྐུར་བདག་ཉིད་རང་བཞིན་གྱིས་འགྲུབ་པའི་སྔགས་འདི་ཅི་དགར་ཟློས་ཤིག །ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་ཏ་ཐཱ་ཨ་ཧཾ། དེ་ནས་བདག་ཉིད་དེ་བཞིན་གཤེགས་པར་སངས་རྒྱས་ནས་དེ་བཞིན་གཤེགས་ པ་དེ་དག་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་བྱིན་གྱིས་བརླབས་ལ། མངོན་པར་བྱང་ཆུབ་པ་འདི་བརྟན་པར་མཛོད་ཅིག །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་དབྱིངས་ཀྱི་སེམས་དཔའི་རྡོ་རྗེ་དེར་ཞུགས་ སོ། །དེ་ནས་སྐད་ཅིག་མ་དེ་ཉིད་ཀྱི་ཚེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་མཉམ་པ་ཉིད་ཀྱི་ཕྱག་རྒྱ་གསང་བའི་དམ་ཚིག་ཏུ་ཞུགས་སོ། །དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་གསང་བའི་དམ་ཚིག་ཏུ་ཞུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྟོགས་པས་རང་བཞིན་གྱིས་དག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་རང་ བཞིན་གྱིས་འོད་གསལ་བའི་འབྱུང་གནས་སུ་གྱུར་པའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཏོ། །དེ་ལྟར་སེམས་སོ་སོར་རྟོགས་པ་ནས་བརྩམས་ཏེ་མངོན་པར་བྱང་ཆུབ་པའི་བར་དུ་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་དང་། རིན་ཆེན་ ཏོག་དང་། ཤཱཀྱ་ཐུབ་པ་དང་། མེ་ཏོག་རྒྱས་པ་རྣམས་ཀྱང་འབྱུང་བར་འགྱུར། དེ་རང་གི་སེམས་ལས་ཐ་མི་དད་པའི་ཕྱིར་རོ། །ཡང་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་སེམས་དཔའི་རྡོ་རྗེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་བྱུང་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་ པ་ཉིད་ཀྱི་ཡེ་ཤེས་བསྐྱེད། ནམ་མཁའ་ལས་བྱུང་བའི་ནོར་བུ་རིན་པོ་ཆེའི་དབང་བསྐུར་བས་དབང་བསྐུར། ཀུན་དུ་སྤྱན་རས་གཟིགས་དབང་པོས་ཆོས་ཀྱི་ཡེ་ཤེས་བསྐྱེད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་ལ་རབ་ཏུ་བཞག་ནས། སེམས་ཅན་གྱི་དོན་མཛད་པའི་ཕྱིར་ སྙིང་རྗེའི་མིག་གིས་སེམས་ཅན་ཐམས་ཅད་ལ་བལྟས་པ་དང་། མི་ཤེས་པའི་ལས་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གིས་དགུག་པར་ཤེས་ནས་བདག་འདིར་སྔར་བསྐྱེད་པའི་རིའི་རྒྱལ་པོ་རི་རབ་ཀྱི་སྟེང་དུ་གནས་པའི་ཁང་པ་བརྩེགས་པ་ཆེན་པོ་རིན་པོ་ཆེའི་རང་བཞིན་ལས་གྲུབ་པའི་དབུས་ན་ སེང་གེའི་ཁྲི་དེ་བཞིན་གཤེགས་པ་རྣམས་ཀྱི་བསོད་ནམས་ལས་གྲུབ་པའི་སྟེང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ངོ་བོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཞལ་བཞི་པའི་ཚུལ་དུ་བཞུགས་པར་གྱུར་པར་བསྒོམ་མོ། །དེ་བཞིན་དུ་གླང་པོ་ཆེ་ལ་སོགས་པའི་ཁྲིའི་སྟེང་དུ་ངན་སོང་ ཐམས་ཅད་སྦྱོང་བ་ལ་སོགས་པ་ཡང་ཕྱོགས་བཞི་རེ་རེ་གནས་པར་གྱུར་པ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དེ་ཉིད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དབྱིངས་ནི་བདག་གོ་ཞེས་ང་རྒྱལ་བསྐྱེད་པར་བྱའོ། །དེ་དག་གིས་ནི་སྦྱོར་བ་དང་ པོའི་ཏིང་ངེ་འཛིན་ཞེས་བྱའོ། །དེའི་རྗེས་ལ་དེ་བཞིན་གཤེགས་པའི་རྩ་བའི་ཕྱག་རྒྱས་སྤྱི་བོ་ལ་སོགས་པར་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་ཨ་དྷིཥྵཱ་ན་ཛྙཱ་ན་ས་མ་ཡེ་ཧཱུཾ། ཞེས་བརྗོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་གཉིས་ནས། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི། ཞེས་བྱ་བའི་སྙིང་ པོས་སངས་རྒྱས་སྤྱན་ཕྱུང་སྟེ། མཆོད་པ་ཐམས་ཅད་ཀྱིས་མཉེས་པར་བྱས་ནས། སྤྲོ་བ་དང་བསྡུ་བ་ལ་སོགས་པའི་སྦྱོར་བས་བྱང་ཆུབ་ཀྱི་སེམས་ཀྱི་དམིགས་པ་ཟླ་བའི་དཀྱིལ་འཁོར་ལ་གནས་པར་གྱུར་ཏོ། །དེ་བཞིན་དུ་ཡང་སྙན་གཉིས་ནས། སརྦ་པཱ་པཾ་བི་ཤོ་དྷ་ནི། ཞེས་བྱ་བའི་སྙིང་པོ་ ལས་གོས་དཀར་མོ་ཕྱུང་སྟེ། རང་གི་གནས་སུ་གནས་པར་གྱུར་ཏོ། །ཞལ་ནས་ཤུདྡྷེ་བི་ཤུདྡྷེ། ཞེས་བྱ་བའི་སྙིང་པོ་ལས། མཱ་མ་ཀཱི་ཕྱུང་སྟེ། རང་གི་གནས་སུ་གནས་པར་གྱུར་ཏོ། །ཤངས་ནས་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བྱ་བའི་སྙིང་པོས་སྒྲོལ་མ་བྱུང་སྟེ། རང་གི་ གནས་སུ་གནས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་མཉམ་པ་མེད་པ་ལས་བྱུང་བའི་ཡེ་ཤེས་ཀྱི་རྡོ་རྗེ་བདུད་ཀྱི་དཔུང་མ་ལུས་པ་འཇོམས་ཤིང་སེམས་ཅན་རྣམས་ཀྱི་ངན་འགྲོའི་རྒྱུད་ཐམས་ཅད་གཅོད་པར་བྱེད་པའི་སྙིང་པོ། ཨོཾ་ན་མོ་བྷ་ག་ བ་ཏི་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བྱ་བའི་འོད་ཟེར་དང་བཅས་པར་བྱུང་བ་དང་། དེས་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ སྤྲོ་བའི་ཕྱིར་ཕྱུང་ནས་སྤྲོས་ལ། དེས་སེམས་ཅན་ཐམས་ཅད་ཀྱི་སྙིང་ལ་ཞུགས་ནས་སེམས་ཅན་ཐམས་ཅད་ཀྱི་ངན་སོང་གི་རྒྱུད་ཐམས་ཅད་བཅད་དེ། སླར་འདུས་པ་ལས་འཁོར་ལོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་བཅུ་དྲུག་ཏུ་གྱུར་ནས་གནས་པར་བསམ་མོ། །དེ་ནས་དེ་རྣམས་ལས་ཡེ་ཤེས་ཀྱི་འོད་ ཟེར་བྱུང་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་གཅིག་ཏུ་འདྲེས་པར་གྱུར་ནས། ནམ་མཁའི་མཐར་ཐུག་པའི་རྡོ་རྗེ་རྩེ་ལྔའི་གཟུགས་སུ་གནས་པ་དང་། ཡང་སྔར་གྱི་ཐུགས་ཀའི་རྡོ་རྗེའི་ཚད་དུ་གྱུར་ཏེ། དེ་ལས་བྱུང་བའི་ རང་རང་གི་ཕྱག་རྒྱ་ཉིད་བསྡུས་པ་ནས་གསུངས་པའི་ཆེད་དུ་བརྗོད་པའམ། རྡོ་རྗེ་རྩེ་མོའི་རྒྱུད་ཤློ་ཀ་སྟོང་ཕྲག་བཅོ་བརྒྱད་པ་ནས་གསུངས་པའི་ཆེད་དུ་བརྗོད་པ། ཨེ་མ་ཧོ་བདག་ནི་སེམས་དཔའ་སྟེ། །མི་བསྐྱོད་རྒྱལ་པོས་བྱིན་བརླབས་ཤིང་། །འགྲོ་ཀུན་དོན་ལ་སེམས་དཔའི་ཕྱིར། །རྡོ་རྗེ་སེམས་ དཔའ་ཞེས་བྱར་བརྗོད། །ཅེས་བྱ་བ་ལ་སོགས་པས་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་འཁོར་ལོས་སྒྱུར་བ་ཉིད་དུ། སངས་རྒྱས་ལྔའི་དབུ་རྒྱན་ལ་སོགས་པས་དབང་བསྐུར་ནས། གསེར་གྱི་འཁོར་ལོ་རྩིབས་བཅུ་དྲུག་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ རང་རང་གི་ཕྱག་རྒྱ་རྣམ་པར་དག་པས་གནས་པར་བསམ་པར་བྱའོ། །དེའི་འཁོར་ལོའི་མཚམས་སུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་གསང་སྔགས་ཆེན་མོ་དེ་ཉིད་ལས་སྒེག་མོ་ལ་སོགས་པ་རྣམས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨེ་མ་ཧོ་བདག་ནི་སྒེག་མོ་སྟེ། །རོལ་པའི་ རྒྱལ་པོས་བྱིན་བརླབས་ཤིང་། །ཡིད་འཕྲོག་ཕྱིར་ནི་རབ་སྒེག་པས། །ཞེས་བྱ་བ་ལ་སོགས་པས་རང་རང་གི་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པས་གནས་པར་གྱུར་ཏོ། །སྒོ་རྣམས་སུ་ནི་གསང་སྔགས་ཆེན་མོ་དེ་ཉིད་ལས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྤྲོས་ཏེ། །ཨེ་མ་ཧོ་བདག་ནི་ལྕགས་ ཀྱུ་སྟེ། །ཐུགས་རྗེའི་རྒྱལ་པོས་བྱིན་བརླབས་ཤིང་། །འགྲོ་ཀུན་ངན་སོང་ལས་འདྲེན་ཕྱིར། །རྡོ་རྗེ་ལྕགས་ཀྱུ་ཞེས་བྱར་བརྗོད། །ཅེས་པ་ལ་སོགས་པའི་ཆེད་དུ་བརྗོད་པས་རང་རང་གི་གནས་སུ་གནས་པར་གྱུར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་མཆོད་པ་ཐམས་ ཅད་རྒྱས་པར་བྱ་བའི་ཕྱིར། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤོ་དྷ་ནི་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་མ་ཧཱ་ཡ་ན་པ་རི་བཱ་རེ་སྭཱ་ཧཱ། ཞེས་བརྗོད་པ་ལས་རྟ་བབས་ཀྱི་ཁམས་རྣམས་སུ་བྱམས་པ་ལ་སོགས་པ་བསྐལ་བ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་རང་རང་གི་ཟླ་བའི་དཀྱིལ་འཁོར་ལ་གནས་པར་གྱུར་ པ་དང་། རྡོ་རྗེ་ལ་སོགས་པའི་དབང་གི་ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱ་སྟེ། དེ་ལ་དེ་དག་གི་དམ་ཚིག་གི་ཕྱག་རྒྱ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཕྱག་རྒྱ་ལས་ཐམས་ཅད་བཅིང་བར་བྱེད་པའོ། །ཆོས་ཀྱི་ཕྱག་རྒྱ་ནི་ལྕེ་ལ་ཟླ་བའི་དཀྱིལ་འཁོར་ལ་དེ་བཞིན་གཤེགས་པའི་ཐུགས་ ལས་སྤྲུལ་པའི་སྔགས་ཉིད་དོ། །ལས་ཀྱི་ཕྱག་རྒྱ་ནི་དེ་དག་གི་ཐུགས་ཀར་སྣ་ཚོགས་རྡོ་རྗེ་བསམས་པ་ལས། ཀུན་ཀྱང་སྒེག་པར་ལྡན་པ་སྟེ། །གུང་མཛུབ་མེ་ཏོག་འདྲ་བ་ནི། །བྱམས་པའི་ཕྱག་རྒྱ་ཡིན་པ་སྟེ། །གཡོན་པ་དཀུར་བཙུགས་གཡས་པ་ནི། །གུང་མཛུབ་མིག་འདྲ་དོན་ཡོད་གྲུབ། ། དེ་ལས་མཛུབ་མོ་ལྕགས་ཀྱུར་བཀུག །ངན་སོང་ཀུན་འདྲེན་ཡིན་པར་བཤད། །དེ་ལས་དབྱུག་པའི་ཚུལ་བྱས་པ། །མྱ་ངན་ཀུན་འཇོམས་ཡིན་པ་སྟེ། །གཡོན་པ་ལྟེ་བར་གནས་པ་ནི། །གླང་པོའི་སྣ་འདྲ་སྤོས་ཀྱི་གླང་། །གཡོན་པ་དཀུར་བརྟེན་གཡས་པ་ནི། །རལ་གྲི་འཛིན་པ་དཔའ་བར་ འགྲོ། །གཡོན་པ་སྙིང་ག་གཡས་པ་ནི། །སྟེང་དུ་སྣོད་འཛིན་ནམ་མཁའི་མཛོད། །གཡོན་དུ་ལག་གཉིས་རྒྱལ་མཚན་འཛིན། །ཡེ་ཤེས་ཏོག་གི་ཕྱག་རྒྱ་སྟེ། །ལག་གཉིས་དཔྲལ་བར་བུམ་པ་འཛིན། །བདུད་རྩིའི་འོད་ཀྱི་ཡིན་པར་བཤད། །གཡོན་པའི་ཁུ་ཚུར་སླར་གནས་ལ། ། གཡས་པའི་སྲིན་ལག་མཐེ་བོང་གཉིས། །ཟླ་བའི་རི་མོ་ལྟར་འཛིན་པ། །ཟླ་འོད་གཞོན་ནུའི་ཕྱག་རྒྱ་སྟེ། །ལག་གཉིས་སྙིང་གར་པདྨ་འབྱེད། །བཟང་སྐྱོང་གི་ནི་ཕྱག་རྒྱར་གྲགས། །སོར་མོ་རྩེ་བསྣོལ་བར་ཕྱེ་ནས། །མཐེ་བོང་བསྒྲེང་འཛིན་དྲ་བའི་འོད། །རྡོ་རྗེ་རྩེ་གཅིག་སྙིང་གར་ གནས། །རྡོ་རྗེ་སྙིང་པོའི་ཕྱག་རྒྱ་སྟེ། །གཡོན་པ་སྙིང་གར་ཁུ་ཚུར་གནས། །གཡས་པ་མཆོད་སྦྱིན་བློ་གྲོས་ཆེ། །གཡོན་པ་ལྟེ་བར་གནས་ནས་ནི། །གཡས་པ་སེ་གོལ་སྤོབས་པ་བརྩེགས། །གཡོན་པ་དཀུ་རུ་གནས་ནས་ནི། །རིན་ཆེན་ཁུ་ཚུར་དཔུང་པར་འཛིན། །བྱང་ ཆུབ་སེམས་དཔའ་ཀུན་བཟང་གི །ཕྱག་རྒྱ་དམ་པ་ཡིན་པར་འདོད། །དེ་ནས་ཕྱག་རྒྱ་ཆེན་པོ་ནི། །དེ་དག་གི་ཕྱག་མཚན་དང་ལྡན་པ་ལས་རང་རང་གི་སྙིང་པོ། ཨོཾ་མཻ་ཏྲི་ཡ་ཧཱུཾ། ཞེས་པ་ནས། ཨོཾ་ས་མནྟ་བྷ་དྲཱ་ཡ་ཧཱུཾ། ཞེས་པའི་བར་དུ་བཟླས་པར་བྱའོ། །དེ་ནས་དེ་བཞིན་ གཤེགས་པའི་ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་ངན་འགྲོའི་རྒྱུན་གཅོད་པར་བྱ་བའི་ཕྱིར་ཉིད་ཀྱི་ཐུགས་ཀ་ནས། རྡོ་རྗེ་ཡེ་ཤེས་བྱིན་གྱིས་བརླབས། །ཞེས་བྱ་བའི་སྙིང་པོ། ཨོཾ་བཛྲ་ཨ་དྷིཥྛཱ་ནི་ཛྙཱ་ན་ས་མ་ཡེ་ཧཱུཾ། ཞེས་བྱ་བ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་དང་ ཡེ་ཤེས་ཀྱི་ཚོགས་ལྷུན་གྱིས་གྲུབ་པའི་རི་རབ་ཀྱི་རྩེ་མོ་ན་ཁང་པ་བརྩེགས་པ་ཆེན་པོ་འོད་དང་ལྡན་པའི་ཕྱི་རོལ་དུ་འོད་ཀྱི་འཁོར་ལོའི་གཟུགས་འདབ་མ་སུམ་ཅུ་རྩ་གཉིས་དང་། འདབ་མ་དྲུག་ཅུ་རྩ་བཞི་པ་ལ། འཕགས་པ་ཀུན་དགའ་བོ་ལ་སོགས་པའི་ཉན་ཐོས་ཆེན་པོ་བརྒྱད་དང་། སེར་སྐྱ་ལ་ སོགས་པའི་འཕགས་པ་རང་སངས་རྒྱས་དང་། སྟོབས་པོ་ཆེ་ལ་སོགས་པའི་ཁྲོ་བོ་ཆེན་པོ་བརྒྱད་དང་། སེང་གེའི་མགོ་ལ་སོགས་པ་ཕོ་ཉ་ཆེན་པོ་བརྒྱད་སྤྲུལ་པར་བྱའོ། །དེ་བཞིན་དུ་རིམ་པ་ཇི་ལྟ་བས་དེའི་འཁོར་ལོའི་ཕྱི་རོལ་ལ་ནི་འཇིག་རྟེན་པའི་ལྷ་རྣམས་བསམ་པར་བྱ་སྟེ། ཡུལ་འཁོར་སྲུང་ ལ་སོགས་པའི་རྒྱལ་པོ་ཆེན་པོ་བཞི་དང་། བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་བ་རྣམས་དང་། ཉི་མ་ལ་སོགས་པ་གཟའ་ཆེན་པོ་བརྒྱད་དང་། སྨིག་དྲུག་ལ་སོགས་པ་རྒྱུ་སྐར་ཉི་ཤུ་རྩ་བདུན་དང་། རྒྱས་པ་ལ་སོགས་པའི་དྲང་སྲོང་ཆེན་པོ་བརྒྱད་དང་། སྒྲ་གཅན་འཛིན་ལ་སོགས་པ་འཇིག་ རྟེན་པའི་རྗེ་བོ་བརྒྱད་དང་། དེ་དག་གི་ཕྱི་རོལ་དུ་ནི་འཛམ་བུའི་གླིང་དང་། ལུས་འཕགས་པོ་དང་། བ་ལང་སྤྱོད་དང་། སྒྲ་མི་སྙན་དང་། འགྲོ་བ་དྲུག་ཏུ་གནས་པའི་ས་འོག་དང་། ས་སྟེང་དང་། ས་བླའི་ཁམས་ཐམས་ཅད་དུ་བཅོམ་ལྡན་འདས་ཀྱི་འོད་ཟེར་ཆེན་པོས་སྣང་བར་བྱས་པ་ཐམས་ ཅད་ཀྱང་མི་དགེ་བའི་རྒྱུན་མཐའ་དག་བྲལ་བ་ལས་དགེ་བའི་ལུས་དང་། ངག་དང་ཡིད་ཀྱི་ལས་ཐམས་ཅད་དང་ལྡན་ཞིང་དེ་བཞིན་གཤེགས་པའི་འོད་ཟེར་གྱིས་བསྐུལ་བས་མཆོད་པའི་ཚོགས་ཆེན་པོས་མཆོད་ཅིང་། ཐམས་ཅད་དང་འདོད་པའི་ཡོན་ཏན་ལྔ་ཡིས་རྒྱས་པར་གྱུར་ཏེ། ལག་པའི་ཐལ་མོ་ སྤྱི་བོར་སྦྱར་བས་བཅོམ་ལྡན་འདས་དང་། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ལ་མངོན་པར་རྫོགས་པར་བསམ་པར་བྱའོ། །དེ་ལྟ་བུ་ལས་སེམས་ཅན་ཐམས་ཅད་ཀྱི་སེམས་དྲི་མ་མེད་པ་རབ་ཏུ་དང་བ་དང་ལྡན་པའི་དགའ་བ་ཆེན་པོས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། ། སངས་རྒྱས་འདྲ་བའི་སྟོན་པ་མེད། །ཆོས་དང་འདྲ་བའི་དགེ་བ་མེད། །དགེ་འདུན་འདྲ་བའི་ཞིང་དེ་མེད། །དེ་ཕྱིར་གསུམ་ལ་སྐྱབས་སུ་མཆི། །དེ་ནས་སེམས་ཅན་ཐམས་ཅད་དཀོན་མཆོག་གསུམ་ལ་ཡང་དག་པར་སོང་པར་བྱས་ལ། ཆོ་ག་ཐམས་ཅད་བསྡུས་པའི་མཆོག་ལ་སྤྱད་པར་བྱ་སྟེ། རང་ གི་སྙིང་ག་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ་དེའི་སྟེང་དུ་རང་གི་ས་བོན་ལས་གྱུར་པའི་རྡོ་རྗེ་རྩེ་ལྔ་པའི་གཟུགས་སུ་གྱུར་པ་དང་། དེ་ལ་རང་གི་ས་བོན་གནས་པའི་འོད་ཟེར་གྱིས་དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ཆེན་པོ་ཡེ་ཤེས་སེམས་དཔའི་དབྱིངས་ ཐམས་ཅད་བཀུག་ལ། མདུན་གྱི་ནམ་མཁའ་ལ་པདྨ་འདབ་མ་བརྒྱད་པ་ཟླ་བའི་དཀྱིལ་འཁོར་དང་བཅས་པར་བཞུགས་པ་ལ་མཆོད་ཡོན་གྱིས་ཞབས་བསིལ་དང་། ཉེ་རེག་དང་འཐོར་འཐུང་ལ་སོགས་པ་བྱས་ལ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ནས། ལྕགས་ཀྱུ་ལ་ སོགས་པའི་སྔགས་དང་། རྣལ་འབྱོར་གྱིས་རང་གི་ལུས་ལ་ཡང་དག་པར་ཞུགས་པར་བྱ་བ་ནི། ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ། ཞེས་བརྗོད་པས་དེ་ཁོ་ན་ཉིད་གཅིག་པར་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་པ་ཟླ་བའི་དཀྱིལ་འཁོར་ལ་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་མཆོད་པ་མཆོག་གི་དམ་པ་རྣམས་ཀྱིས་མཉེས་པར་བྱ་བའི་ཕྱིར། ཨོཾ་བཛྲ་པུཥྤེ། ཞེས་པ་ལ་སོགས་པས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་མཱ་མ་ཀཱི་ཤིན་ཏུ་མཛེས་པ་འདོད་པའི་ཡོན་ཏན་གྱི་མཆོག་ཏུ་ གྱུར་པ་བུད་མེད་ཀྱི་གཟུགས་འཛིན་པ་ཕྱུང་སྟེ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཐུགས་ཀར་ཞུགས་པར་གྱུར་པ་སྟེ། ཨེ་མ་བདག་ནི་མཆོད་པ་བླ་ན་མེད། །གང་ཕྱིར་རྡོ་རྗེ་རྒྱལ་པོ་མཉེས་གྱུར་པ། །དེ་ལས་སྤྲུལ་པའི་མཆོད་པ་བླ་མེད་ཀྱིས། །སངས་རྒྱས་ཞིང་དུ་ རབ་ཏུ་རྒྱས་གྱུར་ཅིག །ཨོཾ་སཏྭ་བཛྲི་ཧཱུཾ། བཛྲ་སཏྭ་སུ་སཾ་གྲ་ཧཾ། ཞེས་རང་གི་རྡོ་རྗེ་གླུ་གདུང་བ་དང་བཅས་པས་སོང་བར་གྱུར་པ་སྟེ། དེའི་སྤྲོ་བའི་ཕྱག་ནི་ལག་པ་གཉིས་གཞལ་ཡས་ཁང་དུ་བརྩེགས་པ་ལས། དེའི་དབུས་ན་མཐེ་བོང་དང་གུང་མོ་བཞི་གཉིས་སུ་མེད་པར་གཅིག་པར་བྱས་ཤིང་པདྨ་ ཕྱག་རྒྱ་གར་དང་བཅས་པ་ལས་རང་གི་སྙིང་གར་བསྒྱིངས་པའི་ཚུལ་གྱིས་རྡོ་རྗེ་འཛིན་པར་བྱའོ། །དེ་བཞིན་དུ་མཆོད་པ་བཅུ་དྲུག་པོ་ཐམས་ཅད་ལ་ཡང་རང་རང་གི་ཕྱག་རྒྱ་དང་བཅས་པ་ལས་གཉིས་སུ་མེད་པའི་ཕྱག་རྒྱས་མཆོད་པར་བྱའོ། །དེ་ནས་ངན་སོང་ཐམས་ཅད་སྦྱོང་བའི་ཐུགས་ཀ་ ནས་སླར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབྱིངས་ལ་མཱ་མ་ཀཱི་གོང་མའི་རྡོ་རྗེ་གླུས་མཆོད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་སངས་རྒྱས་སྤྱན་ཕྱུང་ནས་རིན་ཆེན་ཏོག་གི་ཐུགས་ཀར་ཕུལ་བ་ལས། ཨེ་མ་རིན་པོ་ཆེ་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེའི་ གླུས། ཨོཾ་རཏྣ་ཛི་ཧཱུཾ་ནཻ་ཏྲི་སུ་སཏྭ་སཾ་གྲ་ཧཾ། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་གོས་དཀར་མོ་སྤྲུལ་ནས་ཤཱཀྱ་ཐུབ་པའི་ཐུགས་ཀར་ཕུལ་ནས། ཨེ་མ་པདྨའི་ཞེས་པ་ལ་སོགས་པ་དང་། ཨོཾ་དྷརྨྨ་བཛྲ་ཧཱུཾ་མུ་ནི་སུ་སཏྭ་སཾ་གྲ་ཧཾ། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་ཐུགས་ཀ་ནས་སྒྲོལ་མ་སྤྲུལ་ཏེ་མེ་ཏོག་ཆེན་པོ་རྒྱས་པའི་ཐུགས་ཀར་ཕུལ་ཏེ། ཨེ་མ་ལས་ཀྱི་མཆོད་པ་ཞེས་པ་ལ་སོགས་པས། ཨོཾ་བི་ཤོ་བཛྲ་ཧཱུཾ་ཏཱ་ར་སུ་སཏྭ་སཾ་གྲ་ཧཾ། ཇི་ལྟར་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་སླར་ཕུལ་བ་ དེ་བཞིན་དུ་རིན་པོ་ཆེ་ཏོག་ལ་སོགས་པས་ཀྱང་རྡོ་རྗེའི་གླུ་དེ་ཉིད་ཀྱིས་མཆོད་པར་བྱའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་སྒེག་མོ་སྤྲུལ་ཏེ། རྡོ་རྗེ་སེམས་མའི་ཐུགས་ཀར་སྤྲུལ་པ་ལས། ཨེ་མ་བདག་ནི་མཆོད་པ་ཞེས་པ་ལ་སོགས་པས། ཨོཾ་ལཱ་སྱ་སུ་སཏྭ་སཾ་ གྲ་ཧཾ། ཞེས་བྱའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལས་ཕྲེང་བ་མ་དང་། གླུ་མཁན་མ་དང་། གར་མཁན་མ་དང་། བདུག་པ་མ་དང་། མེ་ཏོག་མ་དང་། སྣང་གསལ་མ་དང་། དྲི་ཆབ་མ་དང་། ལྕགས་ཀྱུ་མ་དང་། ཞགས་པ་མ་དང་། ལྕགས་སྒྲོག་མ་དང་། དྲིལ་བུ་མ་དང་། ཡང་སངས་རྒྱས་སྤྱན་ལ་སོགས་པ་བཅོ་ལྔ་སྤྲུལ་པ་ལས་རང་རང་གི་ཆེད་དུ་བརྗོད་པའི་གླུས་རྡོ་རྗེ་རྒྱལ་པོ་ལ་སོགས་པའི་ཐུགས་ཀར་ཕུལ་ཏེ། དེ་རྣམས་ཀྱི་རྡོ་རྗེའི་གླུ་གསང་བའི་དེ་ཁོ་ན་ཉིད་ནི་འདི་རྣམས་ཡིན་ནོ། །ཨོཾ་བཛྲ་དྷཱུ་པེ་ཧཱུཾ། རཱ་ཛཱ་སུ་སཏྭ་ སཾ་གྲ་ཧཾ། ཨོཾ་བཛྲ་ཨཾ་ཀུ་ཤ་ཧཱུཾ་རཱ་ག་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་ཨ་ཏ་མ་ཧཱུཾ་སཱ་དྷུ་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་མཱ་ལེ་ཧཱུཾ་རཏྣ་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་པུཥྤེ་ཧཱུཾ་ཏེ་ཛ་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་པཱ་ཤ་ཧཱུཾ་ཀེ་ཏུ་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་ནཻ་ཏྲི་ཧཱུཾ་ཧཱ་ས་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་གཱི་ཏི་ཧཱུཾ་དྷརྨ་སུ་སཏྭ་ སཾ་གྲ་ཧཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ་ཏཱིཀྵྞ་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་སྥོ་ཊ་ཧཱུཾ་ཙཀྲ་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་བནྡྷ་ར་ཧཱུཾ་པཱ་ཤ་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་ནིརྟི་ཧཱུཾ་པཱ་ཤ་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་གནྡྷེ་ཧཱུཾ་དྷརྨ་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་ཏཱ་ར་ཧཱུཾ་ཡཀྵ་སུ་སཏྭ་སཾ་གྲ་ཧཾ། ཨོཾ་བཛྲ་ཏཱ་ར་ཧཱུཾ་སནྟི་སུ་སཏྭ་སཾ་ གྲ་ཧཾ། ཞེས་གདུང་བ་དང་བཅས་པས་མཆོད་པར་བྱའོ། །དེ་ལྟར་བླ་ན་མེད་པའི་མཆོད་པ་ཐམས་ཅད་ཀྱིས་རྒྱས་པར་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ། རྒྱལ་བ་ཐམས་ཅད་ སྐྱེད་པར་བྱེད་པའི་ལྷ་མོ་ལྔས་ཐེག་པ་ཆེན་པོའི་བུམ་པ་བླ་ན་མེད་པའི་དབང་། ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཞེས་པ་ལ་སོགས་པས་བུམ་པ་དེས་དབང་བསྐུར་ལ། དེ་བཞིན་དུ་ཡང་དབུ་རྒྱན་དང་། དར་དཔྱངས་དང་། རྡོ་རྗེ་དང་། བདག་པོ་དང་། མིང་དང་། བརྟུལ་ཞུགས་དང་། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿ། ཞེས་པས་དབང་བསྐུར་ལ། རིགས་ཀྱི་བདག་པོ་དང་། རིགས་ཀྱི་ཡུམ་ཐམས་ཅད་ཀྱི་དཔྲལ་བ་དང་། སྤྱི་བོ་དང་། ལྐོག་མ་དང་། སྙིང་ག་རྣམས་སུ་རྡོ་རྗེ་ སེམས་དཔའ་ལ་སོགས་པས་བྱིན་གྱིས་བརླབས་ལ། མི་བསྐྱོད་པ་ལ་སོགས་པའི་ཕྱག་རྒྱས་རིགས་ཐམས་ཅད་ལ་རྒྱས་བཏབ་སྟེ། ཕྱག་རྒྱ་བཞི་ལ་ཉེ་བར་གནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨ་ནིཪྻ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ ཧཱུཾ་ཀརྨ་བཛྲ་ཨ། ཞེས་པ་ལ་སོགས་པས་མཆོད་ནས་མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་ནས། ལུས་ཐམས་ཅད་ལ་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོས་གསལ་བར་བྱས་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱས་པར་གྱུར་པ་ཉིད་དོ།། །། དེ་དག་གིས་ནི་དཀྱིལ་འཁོར་གྱི་རྒྱལ་བ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཟླ་བའི་དཀྱིལ་འཁོར་ལས་ཡེ་ཤེས་ཀྱི་འོད་ཟེར་དྲི་མ་མེད་པ་དེས་སྣང་བར་བྱས་པ་དང་། དེ་ནས་ བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས། ཡང་འོད་ཟེར་བྱུང་བ་དེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྙིང་ལ་ཞུགས་སོ། །དེ་ནས་སེམས་ཅན་གྱི་ངན་འགྲོའི་རྒྱུད་ཐམས་ཅད་བཅད་ནས་སླར་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་རྩེ་ལྔ་པ་ནམ་མཁའི་ཁམས་ ཐམས་ཅད་དུ་ཁྱབ་པའི་གཟུགས་སུ་གྱུར་ཏོ། །དེའི་ལྟེ་བ་ལ་གནས་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡོངས་སུ་དག་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བར་བྱེད་པའི་འོད་ཟེར་ལ་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཕྱག་རྒྱ་བཞི་པའི་དཀྱིལ་ འཁོར་གྱི་དབུས་ན་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ལ་སོགས་པ་བདེ་བར་གཤེགས་པ་བཞི་ནི་རང་རང་གི་ཕྱག་རྡོ་རྗེ་ལ་སོགས་པ་ཕྱག་གཡས་པ་ན་བསྣམས་ཤིང་། ཕྱག་གཡོན་པ་རྡོ་རྗེའི་ལྕགས་ཀྱུ་འོད་ཟེར་དང་བཅས་པ་བསྣམས་པའི་ཕྱག་བཞིར་རྡོ་རྗེ་སེམས་དཔའ་ ལ་སོགས་པའི་གཟུགས་ཀྱིས་ཡང་དག་པར་གནས་ཏེ། སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་མཛད་པ་དང་། དེ་བཞིན་གཤེགས་པའི་ཐུགས་རྗེས་དགུག་པར་མཛད་པ་དང་། སེམས་དག་པ་དང་བཅས་པར་མཛད་པ་དང་། ཡིད་ དང་བར་མཛད་པ་དང་། རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བ་དང་། མ་རིག་པའི་མུན་པ་བསལ་བ་དང་། སྦྱིན་པ་ཕུན་སུམ་ཚོགས་པར་མཛད་པ་དང་། འཛུམ་པ་རྨད་དུ་བྱུང་བ་ལ་ངེས་པར་སྦྱོར་བ་དང་། རྣམ་པར་དག་པའི་ཏིང་ངེ་འཛིན་རྫོགས་པར་མཛད་པ་དང་། ཉོན་མོངས་པ་ཐམས་ཅད་ གཅོད་པ་དང་། བདུད་དཔུང་མ་ལུས་པ་རྩད་ནས་འབྱིན་པར་མཛད་པ་དང་། ལྐུགས་པ་ཐམས་ཅད་སྨྲ་བར་མཛད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་མཛད་པ་དང་། འཇིགས་པ་ཐམས་ཅད་སྲུང་བ་དང་། བསྲུང་བ་ཐམས་ཅད་ཡོངས་སུ་སྐྱོབ་པ་དང་། ལུས་དང་། དག་ དང་སེམས་མཉམ་པ་ཉིད་དུ་གཅིག་པར་མཛད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་ལ་སྦྱོར་བ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། སྨོན་ལམ་དང་། ཐབས་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་དགུག་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱོད་པ་ལ་གཞུག་པ་དང་། ཐེག་པ་དམན་པ་ལ་མོས་པ་རྣམས་ཀྱི་སེམས་འཇིག་པར་མཛད་པ་དང་། རང་བཞིན་འོད་གསལ་ཞིང་ སྐྱེ་བ་མེད་པར་མཛད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཚད་མེད་པ་ལ་སྐྱོང་བར་མཛད་པ་སྟེ། སླར་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་དུ་བཀུག་སྟེ་བཅུག་ནས་བཅོམ་ལྡན་འདས་ཀྱི་ ཐུགས་ལས་སྤྲུལ་པའི་བུམ་པ་དང་། ཕྱག་རྒྱ་དང་། ཕྲེང་བ་ལ་སོགས་པའི་དབང་རིམ་པ་ཇི་ལྟ་བ་བཞིན་དུ་བསྐུར་བར་བྱའོ། །དབང་བསྐུར་བ་ལས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྲས་པོ་ཉིད་དུ་གྱུར་པ་སྟེ། ཐམས་ཅད་དུ་ཡང་རྡོ་རྗེ་མིང་གི་དབང་བསྐུར་བ་ལས་ཀུན་ཀྱང་བསྐལ་ པ་འདི་སྙེད་ཀྱི་དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་ཅེས་བྱ་བར་མཚན་གཅིག་པར་གྱུར་ཏེ། མཆོད་པའི་ཚོགས་ཀྱིས་ཡང་དག་པར་མཆོད་ནས། ཡང་དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། ཀྱེ་མ་རྣམ་སྣང་རྡོ་རྗེ་ཡིས། །སངས་རྒྱས་མཛད་པ་ངོ་མཚར་ཆེ། །གང་ཕྱིར་ངན་སོང་ལྟུང་ བ་ཡི། །སེམས་ཅན་གློག་བཞིན་མྱུར་དུ་སྒྲོལ། །ཞེས་ཡོངས་སུ་བསྟོད་པས་བསམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནམ་མཁའི་ཁམས་མཐས་གཏུགས་པ་རབ་འབྱམས་རྒྱ་མཚོ་ཐམས་ཅད་ད