Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 68
Văn bản gốc(Tây Tạng)
Trang 7 / 22 (50.000 ký tự/trang)
ེང་དུ་བདག་ཉིད་བསམ་སྟེ་གནས་པ་ལས། ཡང་བྱིན་གྱིས་བརླབས་ནས་འཁོར་གྱི་ལྷ་རྣམས་བསྐྱེད་པར་བྱའོ། །དབུས་སུ་གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་ཛཾ་ཞེས་བྱ་བའི་ མཐའ་མ་ནས་ཨོཾ་ཛིཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱི་ཕྲེང་བ་བཀོད་ལ། དེ་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་ཤིང་འདུས་པའི་ཚུལ་གྱིས་རྡོ་རྗེ་རྩེ་ལྔ་པར་གྱུར་ཏོ། །དེ་ལས་ཡང་ཡེ་ཤེས་ཀྱི་འོད་འཕྲོས་པས་རིགས་བཞིའི་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་པདྨ་དང་། ལས་ཀྱི་རིགས་ཀྱི་སྐུ་དང་། གསུང་དང་ཐུགས་ཇི་སྙེད་ཐམས་ཅད་འདུས་ཏེ་རྡོ་རྗེ་ལ་ཐིམ་པས་བརྟན་པར་བྱས་སོ། །དེ་ནས་དེ་བཞིན་གཤེགས་པའི་སྐུ་ཕྲ་མོ་མང་པོ་འཕྲོས་ཤིང་འདུས་པས་སྐུ་ཡོངས་སུ་རྫོགས་པའོ། །ཡང་དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྔགས་ཀྱི་ཡི་གེའི་ཕྲེང་བ་བཀོད་ནས། ཨོཾ་ཛི་སྭཱ་ཧཱ། ཞེས་བརྗོད་པས་ བསྐུལ་བའི་ཚུལ་གྱིས་ཐུགས་ཀ་ནས་སྤྱན་དྲངས་ཏེ། ཕྱོགས་བཅུར་འཕྲོས་པས་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་འགྲོ་བའི་དོན་མཛད་ནས་སླར་འདུས་ཏེ། བདག་ཉིད་ཀྱི་སྤྱན་སྔ་ནས་བཀའ་ནོད་པའི་ཚུལ་དུ་གནས་པ་ལ་ཆོ་འཕྲུལ་ཆེན་པོ་བཞིས་བྱིན་གྱིས་བརླབས་ཏེ། རིན་པོ་ཆེའི་དབུ་རྒྱན་དབུ་ལ་བསྐོན་ཏེ། དམ་ཚིག་ གི་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་པ་ལག་ཏུ་བྱིན་ཏེ། ཕྱག་ན་རྡོ་རྗེ་ཞེས་མིང་གི་དབང་བསྐུར་ནས་ཉིད་ཀྱི་ལས་ཀྱི་བཞུགས་གནས་ཤར་ཕྱོགས་ཀྱི་རྩིབས་སྟེང་དུ་པདྨ་དང་ཟླ་བའི་སྟེང་དུ་བཞུགས་སུ་གསོལ། ཡང་དབུས་ཀྱི་གཙོ་བོའི་ཐུགས་ཀར་ཀཾ་ཞེས་བྱ་བའི་སྙིང་པོ་དེའི་ཕྱི་རིམ་ན་ཚུར་ཨོཾ་ཀྲཾ་སྭཱ་ཧཱ་ཞེས་པས་བསྐོར་བར་བསམས་ ལ། དེའི་འཕྲོ་འདུ་ལས་རྡོ་རྗེ་རྒྱ་གྲམ་དེའི་འཕྲོ་འདུ་ལས་རྡོ་རྗེ་བརྟན་པར་བྱས་སོ། །དེའི་འཕྲོ་འདུ་ལས་ཁྲོ་བོ་ལས་སྣ་ཚོགས་པ་ཞེས་བྱ་བར་གྱུར་ཏེ། མདོག་ལྗང་གུ་ཁྲོ་གཉེར་ཅན། ཕྱག་གཡོན་པ་སྡིགས་མཛུབ་བསྒྲེང་ནས་སྙིང་ག་ན་གནས་པར་འགྱུར་རོ། །ཡང་དེའི་ཐུགས་ཀར་ཟླ་བ་ལ་སྔགས་ཀྱི་ཡི་གེའི་ ཕྲེང་བ་སྔ་མ་བཞིན་དུ་བཀོད་ལ་བརྗོད་པས་བསྐུལ་བའི་ཚུལ་གྱིས་ཐུགས་ཀ་ནས་སྤྱན་དྲངས་ཏེ། ཕྱོགས་བཅུར་འཕྲོས་ནས་སངས་རྒྱས་ཀྱི་མཛད་པ་མཛད་ནས་སླར་བྱོན་ནས་བདག་གི་མདུན་དུ་བཀའ་ནོད་པའི་ཚུལ་དུ་གནས་པ་ལ་ཆོ་འཕྲུལ་ཆེན་པོས་བྱིན་གྱིས་བརླབས་ཏེ། རིན་པོ་ཆེའི་དབུ་རྒྱན་མགོ་ལ་བསྐོན། ། དམ་ཚིག་གི་ཕྱག་རྒྱ་ལག་ཏུ་བྱིན་ནས་སྣ་ཚོགས་རྡོ་རྗེ་ཞེས་མིང་ནས་ལན་གསུམ་བོས་ནས་ལས་ལ་དགོད་པ་ནི་བྱང་གི་རྩིབས་ལ་བཞུགས་སུ་གསོལ་ལོ། །ཡང་གཙོ་བོའི་ཐུགས་ཀར་ཏྲཱཾ་ཞེས་པའི་མཐའ་མར་ཨོཾ་ཏྲཱཾ་སྭཱ་ཧཱ་ཞེས་པས་བསྐོར་བ་དེའི་འཕྲོ་འདུ་ལས་རིན་པོ་ཆེ། དེ་ལས་བརྟན་པ། དེ་ལས་ནམ་མཁའི་སྙིང་པོའི་སྐུར་གྱུར་ཏེ། སྐུ་མདོག་མཐིང་གར་གནས་སོ། །དེའི་ཐུགས་ཀར་སྔ་མ་བཞིན་དུ་སྔགས་ཀྱི་ཡི་གེ་བཀོད་དེ་བརྗོད་པ་དང་འཕྲོས་ཤིང་འདུས་ནས་མདུན་ན་བཞུགས་པ་ལ་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་དང་། ཕྱག་མཚན་རིན་ པོ་ཆེ་སྦྱིན་པ་དང་། ནམ་མཁའི་སྙིང་པོ་ཞེས་མིང་གི་དབང་བསྐུར་བ་བྱས་ནས། ལས་ལ་དགོད་པ་ནི་བྱང་གི་རྩིབས་ལ་བཞུགས་སུ་གསོལ་ལོ། །དེ་ནས་ཡང་གཙོ་བོའི་ཐུགས་ཀར་ཧྲཱིཿཞེས་པའི་མཐའ་མ་ནས་ཚུར་ལ་ཨོཾ་ཧྲཱིཿསྭཱ་ཧཱ་ཞེས་པའི་སྔགས་ཀྱིས་བསྐོར་བ་བཀོད་ལ། དེ་ལས་པདྨ། དེ་ལས་བརྟན་པ། དེ་ལས་སྤྱན་རས་གཟིགས་ཀྱི་སྐུར་གྱུར་ཏེ། སྐུ་མདོག་དམར་པོར་གནས་པའི་ཐུགས་ཀར་ཟླ་བ་ལ་སྔགས་བཀོད་ནས། དེའི་འཕྲོ་འདུ་ལས་མདུན་ན་གནས་པ་ལ་བྱིན་གྱིས་བརླབས་པ་དང་། རིན་པོ་ཆེའི་དབང་དང་། པདྨ་སྦྱིན་པ་དང་། མིང་གདགས་པ་དང་། ལས་ལ་དགོད་པ་སྟེ་ནུབ་ཕྱོགས་ཀྱི་རྩིབས་ལ་བཞུགས་སོ། །དེ་ལ་ཕྱག་ན་རྡོ་རྗེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆོས་ཉིད་ཀྱིས་བྱིན་གྱིས་བརླབས་པ། ཤེས་རབ་དང་། ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་རང་བཞིན་གྱི་ཡེ་ཤེས་ལྔའི་ མཚན་ཉིད་ཀྱི་རྡོ་རྗེ་ཕྱག་ན་བསྣམས་པས་ཕྱག་ན་རྡོ་རྗེའོ། །རྡོ་རྗེ་སྣ་ཚོགས་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པ་ལ་སོགས་པའི་ལས་སྣ་ཚོགས་པ་མཛད་པས་སོ། །ནམ་མཁའི་སྙིང་པོ་ནི་མཉམ་ པ་ཉིད་ཀྱི་ཡེ་ཤེས་ཆོས་ཐམས་ཅད་ནམ་མཁའི་མཚན་ཉིད་དུ་རྟོགས་པའི་ཆོས་ཉིད་དེ་རྡོ་རྗེ་རིན་ཆེན་མཉེས་པར་མཛད་པའོ། །སྤྱན་རས་གཟིགས་ནི་སོ་སོར་རྟོག་པའི་ཡེ་ཤེས་རྣམ་པར་དག་པ་ལས་ཆོས་ཐམས་ཅད་རྣམ་པར་གཟིགས་པ་དང་། དེའི་དོན་ལ་ཆགས་པ་དང་། སེམས་ ཅན་གྱི་དོན་ལ་རྡོ་རྗེ་ཆོས་མཉེས་པར་བྱས་པ་ལས་ཡོངས་སུ་རྫོགས་པར་བྱང་ཆུབ་པའོ། །གཞན་ཡང་དུས་བཞི་དང་། ལྕགས་ཀྱུ་ལ་སོགས་པ་ཡང་རིམ་བཞིན་དུ་བསམ་མོ། །དེ་ནི་སྦྱོར་བ་དང་པོ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་གོ། །དེ་ནས་མཆོད་པ་བྱིན་གྱིས་བརླབས་པ་བྱས་ ནས་བསང་བ་བྱས་ཏེ། ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་འདིར་ཕྱག་འཚལ་ཏེ་ཞུགས་ན་ངན་སོང་ཐམས་ཅད་ལས་དྲང་བ་དང་། དུས་མ་ཡིན་པར་འཆི་བ་བརྒྱད་ལས་བཟློག་པ་ནི་ལྷའི་ལས་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཡིན་ནོ། །ངན་སོང་སྦྱོང་བའི་ལྷ་ཐམས་ཅད་ལ་ཡང་ ངན་སོང་ལས་སེམས་ཅན་ཐམས་ཅད་དྲང་བ་ལས་གཞན་མི་མངའོ། །དེ་ནི་ལས་རྒྱལ་པོའོ། །ལས་ལ་རྗེས་སུ་སྦྱོར་བ་ནི་འོག་ནས་འབྱུང་བ་ལས་ཤེས་པར་བྱའོ། །བཟླས་པ་ནི་སྔགས་རྩ་བའི་རིགས་སོ། །དེ་ལས་ཐུན་བཞིར་འབུམ་འབུམ་མམ་མཚན་མ་བྱུང་བྱུང་དུའམ། གནང་བ་ཐོབ་ ཐོབ་དུ་འམ། གྲངས་ཀྱི་བསྙེན་པ་བྱའོ། །དེ་ནས་གདོད་དཀྱིལ་འཁོར་གྱི་ལས་ལ་འཇུག་པར་བྱ་སྟེ། གནས་ཡིད་དང་མཐུན་པར་ས་སྦྱང་བ་དང་གཟུང་བ་རིམ་པ་བཞིན་དུ་བྱས་ནས་དཀྱིལ་འཁོར་བྱིན་གྱིས་བརླབ་ཅིང་། བསྲུང་བ་དང་། བདག་དབང་ཡོད་པར་བྱ་བ་དང་། དྲིའི་ ཐིག་ལེ་བྱས་ནས་ལྷ་སྟ་གོན་ལ་གནས་པ་དང་། བུམ་པ་བརྒྱད་དམ་ལྔ་བྱིན་གྱིས་བརླབས་པ་དང་། སློབ་མ་སྣོད་དུ་རུང་བར་བྱ་བ་དང་། ནང་པར་ཐིག་བྱིན་གྱིས་བརླབས་པ་དང་། ཚོན་བྱིན་གྱིས་བརླབ་ཅིང་དགྱེ་བ་ནི། གོང་འོག་ནས་ཤེས་པར་བྱའོ། །དེ་ཡང་ཚོན་ནི་དབང་ ལྡན་གྱི་ཕྱོགས་ནས་བརྩམས་ལ་དང་པོ་ནི་དཀར་པོའོ། །དེ་ནས་ནི་སྔོན་པོའོ། །དེ་ནས་ནི་དམར་པོའོ། །དེ་ནས་ནི་ལྗང་གུའོ། །ཀུན་གྱི་ནང་དུ་ནི་སེར་པོར་ཤེས་པར་བྱའོ། །འཁོར་ལོ་ནི་རྩིབས་བཞི་པ། དཀར་པོའམ་ཡང་ན་སེར་པོར་བྱའོ། །དེའི་དབུས་སུ་བཅོམ་ ལྡན་འདས་ཚེ་དང་བསོད་ནམས་ཡེ་ཤེས་ཀྱི་ཚོགས་དང་གཟི་བརྗིད་ཚད་མེད་པ་བཞུགས་སུ་གསོལ་ལོ། །ཤར་ཕྱོགས་ཀྱི་འཁོར་ལོའི་རྩིབས་ལ་ནི་ཕྱག་ན་རྡོ་རྗེ། གཡོན་པར་ནི་ཁྲོ་བོ་ཆེན་པོ་དགོད་དོ། །གཡས་པར་ནི་ནམ་མཁའི་སྙིང་པོ་དགོད་དོ། །རྒྱབ་ཏུ་ནི་སྤྱན་རས་གཟིགས་ དབང་པོ་དགོད་པར་བྱའོ། །དེ་བཞིན་གཤེགས་པའི་འོད་ཀྱི་དཀྱིལ་འཁོར་ལ་རིག་པ་རྣམས་བྲིའོ་ཞེས་བྱ་བ་ནི། རྩ་བ་དང་སྙིང་པོ་དགེ་བའི་སྙིང་པོ་རྣམས་བྲི་བར་བྱའོ། །དབང་བསྐུར་བའི་བུམ་པ་ལྔ་དང་། མཆོད་པའི་བུམ་པ་བརྒྱད་ཀྱང་བཞག་གོ། །དབང་གི་བུམ་པ་ནི་འཁོར་ལོས་ སྒྱུར་བ་སྟེ། གཙོ་བོ་ལ་སོགས་པའི་སྔགས་ཀྱིས་བཏབ་ལ་བཞག་གོ། །མཆོད་པའི་བུམ་པ་བརྒྱད་ལ་ནི་ལྕགས་ཀྱུ་ལ་སོགས་པའི་སྔགས་ཀྱིས་གདབ་བོ། །བདུག་པ་ལ་སོགས་པའི་མཆོད་པ་ལྔ་དང་། བསང་བའི་བུམ་པ་ལས་ཐམས་ཅད་པའི་སྔགས་ བཛྲ་ཡཀྵ་ཧཱུྃ་ཞེས་པ་བཏབ་པ་དབང་ལྡན་གྱི་མཚམས་སུ་གཞག་པར་བྱའོ། །གཞན་ཡང་མཆོད་པ་ལ་སོགས་པ་བླ་རེ་དང་། བ་དན་དང་། རྒྱལ་མཚན་དང་། རྔ་ཡབ་དང་། དྲ་བ་དང་། དྲ་བ་ཕྱེད་པ་དང་། རིན་པོ་ཆེ་ལས་བྱས་པའམ། རིས་སུ་བྲིས་པའམ། ཤིང་ལ་ སོགས་པ་ལས་བྱས་པའི་རྟ་བབས་ཁྲུ་དྲུག་གམ་བདུན་པས་བརྒྱན་པར་བྱའོ། །སྒོ་བ་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་པའི་སྒོ་བ་རྣམས་དང་། མཚམས་བཞི་རུ་དྷཱུ་པེ་ལ་སོགས་པ་དང་། ཁྱམས་སུ་བྱམས་པ་ལ་སོགས་པ་དང་། རྟ་བབས་ཀྱི་གློ་གཉིས་སུ་བཀྲ་ཤིས་རྫས་ བརྒྱད་དང་། ཁོར་ཡུག་ལ་ཕྱོགས་སྐྱོང་ཀུན་དགོད་པར་བྱའོ། །དེ་ནས་དགོངས་ཀའི་དུས་སུ་རྣལ་འབྱོར་པ་དེ་ཉིད་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ཏེ་མེ་ཏོག་ཐོགས་ནས་དཀྱིལ་འཁོར་དུ་འཇུག་ཅིང་མེ་ཏོག་དོར་བ་བླངས་ཏེ། རང་གི་མགོ་ལ་བཅིང་བ་དང་། ལྷག་ཆད་ཁ་བསྐང་བ་དང་། ། དབང་བླང་བ་བསྟན་པ་ནི་དེ་ནས་སྔགས་མཁན་དེ་ཉིད་ཞུགས་ལ་ཞེས་པའོ། །དེ་ནས་སྦྱོར་བ་དང་པོ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་བསྐྱེད་དེ། དེ་ཡང་སྒོ་བ་བཞི་ནི་ཛཿཧཱུྃ་བཾ་ཧོཿལས་སོ། །ཧཱུྃ་ཏྲཱཾ་ཧྲཱིཿཨ་ལས་ནི་དྷཱུ་པེ་ལ་སོགས་པའོ། །ཨོཾ་སརྦ་སཾ་སྐཱ་ར་ཞེས་པ་ལ་སོགས་པ་ལ་ལས་ནི་ བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་གོ། །ཕྱོགས་སྐྱོང་ལ་སོགས་པ་ནི་རང་རང་གི་རྩ་བའི་སྔགས་ལས་སོ། །དེ་ནས་སྤྱན་དྲང་བ་ནི་དཀྱུས་གསལ་ལོ། །དེ་ནས་མདུན་གྱི་ནམ་མཁའ་ལ་བྱོན་པ་དེ་རང་གི་རྟོག་པ་ཞི་བར་བྱ་བའི་ཕྱིར་བགེགས་བསྐྲད་དོ། །དེ་ནས་མཆོད་ ཡོན་ཕུལ་བ་དང་བསྟོད་པས་བསྟོད་དེ། དེ་ནས་ལྕགས་ཀྱུ་ལ་སོགས་པས་དགུག་པ་ལ་སོགས་པ་བྱས་ནས་ཕྱག་རྒྱ་བཞིས་རྒྱས་གདབ་པ་དང་དབང་བསྐུར་བ་བྱས་ནས་མཆོད་པས་མཆོད་དེ། དེ་ནས་བཟླས་པ་ལ་བརྩོན་པའི་རྣལ་འབྱོར་པས་སློབ་མ་དབང་བསྐུར་བ་ཡང་བྱའོ། །ཡང་ན་བཟླས་པ་ ལ་བརྩོན་པས་མཚན་མ་བྱུང་བྱུང་དུ་བསྒྲུབ་པ་ལ་གནས་པར་བྱའོ། །མཚན་མ་ནི་དཀྱུས་གསལ་ལོ། །དེ་ནས་སློབ་མ་དབང་བསྐུར་བར་བྱ་སྟེ། དེ་ཡང་དང་པོར་སློབ་མ་གཞུག་པའི་ལས་བྱ་སྟེ། དེ་ཡང་རྒྱུད་ན་དཀྲུགས་པའི་མཚན་ཉིད་དེ། །ལག་ན་མེ་ཏོག་ཐོགས་པས་དང་པོར་ གསོལ་བ་གདབ་བོ། །དེ་ནས་དམ་ཚིག་དབོག་གོ། །དམ་ཚིག་གིས་དཀོན་མཆོག་གསུམ་དང་བྱང་ཆུབ་སེམས་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །དེ་ནས་དབབ་པའི་སྦྱོར་བ་བྱ་བ་ནས་མིག་གི་སྣང་བ་དྲི་བར་བྱའོ། །དེ་ནས་མེ་ཏོག་དོར་བར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཏཱིཙྪ་ཧོཿས་མ་ཡ་ སྟྭཾ་ཞེས་པས་སོ། །དེ་ནས་ཕྲེང་བ་དེ་ཉིད་མགོ་ལ་བཅིངས་ཏེ་དབང་བསྐུར་བར་བྱའོ་ཞེས་པ་ནི། མེ་ཏོག་གང་ལ་བབ་པའི་ཕྲེང་བ་དེ། ལྷ་དེས་དབང་བསྐུར་ནས་མཐར་དེ་ཉིད་ལ་ཐིམ་ནས་བྱིན་གྱིས་བརླབ་བོ། །དེ་ནས་མིག་ཕྱེ་སྟེ། དེའི་སྔགས་དཀྱིལ་འཁོར་གྱི་ལྷ་རྣམས་རྡོ་རྗེ་ལྕགས་ཀྱུ་ ནས་བརྩམས་ཏེ། དཀྱིལ་འཁོར་བསྟན་པར་བྱའོ། །དེ་ནས་མེ་ཏོག་གང་ལ་བབས་པ་དེ་སློབ་མ་བསམས་ལ། དང་པོར་བུམ་པའི་དབང་བསྐུར་ཏེ། ཨོཾ་བཛྲ་དྷ་ར། རཏྣ་དྷ་ར་ཞེས་པ་ལ་སོགས་པའོ། །དེ་ནས་ནི་དབུ་རྒྱན་གྱི་དབང་བསྐུར་རོ། །དེའི་སྔགས་ནི་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ བྷི་ཥིཉྩ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཧཱུྃ་བྷྲཱུཾ་ཞེས་པ་ལ་སོགས་པས་སོ། །དེ་ནས་བཀའི་དབང་བསྐུར་བར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ཛྙཱ་ཏེ་དཱ་སྱ་མི་གྲི་ཧ་ན་བཛྲ་སུ་སིདྡྷ་ཡེ་ཞེས་པ་ལ་སོགས་པས་ནི་དྲིལ་བུ་སྦྱིན་ནོ། །ཨོཾ་བཛྲ་ཏིཥྛ་ཧཱུྃ་ཞེས་པས་རྡོ་རྗེ་སྦྱིན་ནོ། །དེ་ནས་ལས་རྣམ་བཞིའི་ དབང་བསྐུར་ཏེ། རྡོ་རྗེ་རྒྱ་གྲམ་ལག་ཏུ་བྱིན་ལ་ཨོཾ་སརྦ་ཀརྨ་ཎི་ཀུ་རུ་བུདྡྷ་ནཱཾ་ཧཱུྃ་ཞེས་པས་སོ། །དེ་ནས་ཕྱིར་མི་ལྡོག་པའི་དབང་ཡང་གོང་ནས་འབྱུང་བ་བཞིན་དུ་སྦྱིན་པར་བྱའོ། །དེ་ནས་སློབ་མས་དབང་རྣམས་བརྟན་པར་བྱ་བའི་ཕྱིར་ཡོན་དབུལ་བར་བྱ་སྟེ། དཀྱུས་གསལ་ ལོ། །དེ་ནས་སློབ་དཔོན་གྱིས་བུ་ལ་ཕན་པར་བྱ་བའི་ཕྱིར་སྒྲུབ་པའི་དཀྱིལ་འཁོར་སྦྱིན་པར་བྱ་སྟེ། དེ་ཡང་ཇི་ལྟ་བུ་ཞིག་སྦྱིན་སྙམ་པ་ལ། ཆོས་རྣམས་ཐམས་ཅད་དངོས་མེད་པར། །སེམས་ཀྱིས་བསྒོམ་པར་བྱ་བ་ནི། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། ། ཞེས་པ་ནི་ཆོས་རྣམས་ནི་རྒྱུ་བ་དང་མི་རྒྱུ་བ་མེད་པའི་ཆོས་རྣམས་སོ། །དངོས་མེད་ཅེས་པ་ནི་ཕྱིའི་དངོས་པོ་མི་རྒྱུ་བ་ཡང་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ། ནང་གི་རྒྱུ་བའི་དངོས་པོ་འཛིན་མའི་མཚན་ཉིད་ཅན་ཐམས་ཅད་ཀྱང་དུས་རྣམ་པ་ གསུམ་གྱིས་མ་གྲུབ་བོ། །དེ་ལྟར་སེམས་ཀྱིས་བསྒོམ་པར་བྱ་བ་ནི་རྣལ་འབྱོར་པས་སྟོང་པར་བསྒོམ་པའོ། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །ཞེས་པ་ནི་ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི་ཞེས་པས་དེ་ལས་ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པར་བསྒོམས་ནས། རང་གི་ས་བོན་ དེའི་དབུས་སུ། །བསམས་ནས་རང་གི་ཕྱག་རྒྱ་ཡང་། །བསམ་ཞིང་དེ་བཞིན་དེ་ཉིད་དུ། །སྒྲུབ་པ་པོས་ནི་བསྒྲུབ་པར་བྱ། །ཞེས་བྱ་བ་ལ་རང་གི་ས་བོན་དེའི་དབུས་སུ་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་དེའི་དབུས་སུ་ལྷ་གང་དང་གང་སྒོམ་པ་དེའི་ས་བོན་བསྒོམ་པའོ། །དེའི་ སྤྲོ་བསྡུ་ལས་རང་རང་གི་ཕྱག་མཚན་དུ་གྱུར་ཏེ། དེའི་སྤྲོ་བསྡུ་ལས་ལྷ་གང་དང་གང་བསྒོམ་པར་རྣལ་འབྱོར་པ་སྒྲུབ་པ་པོས་བསྒྱུར་བར་བྱའོ། །དེ་ཡང་ཇི་ལྟར་བསྒྱུར་སྙམ་པ་ལ། ལྷའི་རྣལ་འབྱོར་ཚུལ་དུ་བསྒྱུར་ཞེས་པ་སྟེ། དེ་བཞིན་གཤེགས་པ་དང་། ། བྱང་ཆུབ་སེམས་དཔའ་གང་འདོད་པའི་ལྷའི་རྣམ་པར་བསྒྱུར་རོ། །དེ་ནས་རང་གི་ས་བོན་དང་། །ཞེས་པ་ནི་ལྷ་གང་དང་གང་སྒོམ་པའི་ས་བོན་རང་གི་སྙིང་གར་བསམས་ལ་སྐུ་གསུང་ཐུགས་ཀྱི་སྔགས་དང་ཕྱག་རྒྱས་ལྷའི་སྐུ་ཕྱག་རྒྱ་དེ་བྱིན་གྱིས་བརླབས་སོ། །དེ་ནས་གོང་འོག་ཏུ་ བསྟན་པ་ཇི་ལྟ་བ་བཞིན་དུ་དབང་བསྐུར་བ་བསྟན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་དབང་དང་སངས་རྒྱས་ཀྱི་དབང་གཉིས་སུ་ཤེས་པར་བྱ་སྟེ། སེམས་དཔའ་རྣམས་ལ་ནི་རིགས་ལྔའི་དབང་བསྐུར་རོ། །སངས་རྒྱས་རྣམས་ལ་ནི་རིན་པོ་ཆེའི་ཅོད་པན་གྱི་དབང་བསྐུར་རོ། ། དེ་ནས་ལྷའི་ང་རྒྱལ་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པར་བྱའོ། །དམ་བཅའ་བ་དང་། རྒྱུད་ཀྱི་ཡོན་ཏན་བསྟན་པ་ནི་དཀྱུས་གསལ་ལོ། །ལྷའི་བུ་རྣམས་ཞེས་པ་ལ་སོགས་པས་ནི་སྦྱིན་སྲེག་གི་ལས་སྟོན་ཏེ། སྦྱིན་པ་ནི་ བདེ་བ་དམ་པ་དེའོ། །སྲེག་པ་ནི་ལས་དང་ཉོན་མོངས་པ་རྣམས་སོ། །དེ་ལ་ཡང་དཀྱིལ་འཁོར་སྤྱིའི་དབང་དུ་བྱས་པ་དང་། རིགས་བཞིའི་འཁོར་ལོས་སྒྱུར་བའི་དབང་དུ་བྱས་པ་དང་། ཁྲོ་བོའི་ཉི་མ་མེའི་དབང་དུ་བྱས་པ་རྣམས་སོ། །དེ་ལ་འདི་ནི་ སྤྱིའི་དབང་དུ་བྱས་པ་སྟེ་དེ་ཡང་ལྷའི་བུ་རྣམས་ཞེས་པ་ནི་འཇིག་རྟེན་པའི་འཁོར་རྣམས་ལ་སྤྱིའི་མིང་ནས་བོས་པའོ། །ཞི་བ་ཞེས་པ་ནི་ཕྲིན་ལས་བཞི་ལས་དཀར་བའོ། །ཐུགས་རང་བཞིན་གྱིས་ཉོན་མོངས་པའི་མཚན་མ་འཇོམས་ཤིང་མགོ་གནོན་པས་ནི་ཞི་བའོ། །དེ་ལ་ ཞི་བར་བྱ་བའི་ཐབས་ནི་ཕྲིན་ལས་འདིས་སོ། །དེ་ཡང་ཇི་ལྟ་བུ་ཞིག་སྙམ་པ་ལ། ཧོམ་ཁུང་ཐ་མ་བར་མ་མཆོག །ཁྲུ་གང་ཁྲུ་དོ་ཁྲུ་བཞི་པ། །ཟླུམ་པོ་ཉིད་དུ་བྱས་ནས་ནི། །ཞེས་པ་ནི་ཐབ་ཁུང་ཐ་མ་ཁྲུ་གང་བ་དང་། འབྲིང་ཁྲུ་དོ་བ་དང་། རབ་ཁྲུ་བཞི་པ་སྟེ། གཟུང་འཛིན་ གཉིས་སྤངས་ནས་གནས་པའི་ཕྱིར་ན་ཁྲུ་གང་པའོ། །ཐབས་དང་ཤེས་རབ་གཉིས་ཀྱི་ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་ལ་གནས་པའི་རྟགས་སུ་ཁྲུ་དོའོ། །སྦྱོར་བའི་ལམ་གྱི་ཡེ་ཤེས་བཞི་དང་ལྡན་པའི་རྟགས་སུ་ཁྲུ་བཞིའོ། །བདེན་པའི་དོན་དེ་ཉིད་མཐོང་བའི་རྟགས་སུ་ནི་ཟླུམ་པོར་ བྱས་པའོ། །དེ་ལྟ་བུའི་དབུས་སུ་སྦྱིན་སྲེག་མིང་ངམ་ཤ་འམ་རུས་པ་ལས་བྱས་ན་རྣམ་པར་གྲོལ་བ་དབང་དུ་བྱ་བའི་གྲངས་ནི་དཀྱུས་གསལ་ལོ། །ཐབ་ཁུང་གི་དབུས་སུ་ཕྱག་མཚན་དགོད་པ་ནི་དེའི་དབུས་སུ་འཁོར་ལོ་ནི་ཞེས་པ་ལ་སོགས་པ་ནི་ཐབ་དེའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་ དཀར་པོ་ཅིག་བྲི། ཐབ་ཀྱི་ཁོར་ཡུག་གི་མུ་རན་ལ་ཁ་ཁྱེར་སོར་བཞི་པ་དང་བརྒྱད་པ་དང་བཅུ་དྲུག་པ་བྱའོ། །དེ་ལ་རྡོ་རྗེའི་ར་བ་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བྲིའོ། །འཁོར་ལོའི་དབུས་སུ་ཡང་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བྲིའོ། །འཁོར་ལོའི་རྩིབས་ལ་ཤར་ལ་སོགས་པའི་རིམ་པར་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་རྒྱ་གྲམ་བྲིའོ། །ཁ་ཁྱེར་གྱི་ཕྱི་རོལ་གྱི་རིམ་པ་ལ་པདྨ་འདབ་མ་བཅུ་དྲུག་ལ་སྡིག་པ་ཐམས་ཅད་འཇོམས་པར་བྱེད་པའི་མིང་བཅུ་གཉིས་ལས་སེམས་དཔའ་བཅུ་དྲུག་བསྐྱེད་པའི་ཕྱག་རྒྱ་སྣ་ཚོགས་གཞག་པར་བྱའོ། །ཕྱི་ཡི་རྡོ་རྗེ་རིགས་རྣམས་ཀྱི། །ཕྱག་ རྒྱ་རྣམས་ནི་ཕྱི་རོལ་བྲི། །ཞེས་པ་ནི་ཕྱི་རོལ་ལྷའི་སྣམ་བུ་རིམ་པ་གཉིས་པར་བྱས་པ་ལ་ཕྱོགས་སྐྱོང་བ་རྣམས་དང་། ལྷ་ཆེན་པོ་བརྒྱད་ལ་སོགས་པ་བྲི། དེའི་ཕྱི་རིམ་གྱི་སྣམ་བུ་ལ་གཟའ་བརྒྱད་དང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་མིང་ངམ་ཐིག་ལེར་ བྲིའོ། །དེ་ནས་སྒོ་དང་རྟ་བབས་ལ་སོགས་པ་བྲིའོ། །ད་ནི་མཆོད་པའི་ཁྱད་པར་སྟོན་ཏེ། བྱ་དང་བུམ་པ་གང་བ་དང་། ཞེས་པ་ལ་སོགས་པ་གསུངས་ཏེ། སྡིག་པ་བཀྲུ་བའི་བུམ་པ་ཁྲོ་བོ་རྣམ་པར་རྒྱལ་བའི་བུམ་པ་དང་། དབང་བསྐུར་བའི་བུམ་པ་དང་། གཞན་ཡང་ མཆོད་པ་རྣམ་པ་ལྔ་དང་། གཏོར་མ་མང་པོ་དང་། སེམས་ཅན་ཤི་བའི་མིང་གདགས་པའི་གཞི་སྟེ་ཡུངས་ཀར་དང་། འབྲས་ཆེན་དང་། མངར་གསུམ་དང་། མར་དང་། འོ་མ་དང་། ལག་པན་དང་། རྣམ་གཅིག་ཏུ་ཤ་དང་། རུས་པ་དང་། རྐང་ལ་སོགས་པ་དང་། ཡམ་ཤིང་དང་། དཱུར་བ་དང་། ཀུ་ཤ་ལ་སོགས་པ་ཙནྡན་དཀར་པོས་ཁ་དོག་བསྒྱུར་ལ་སྦྱིན་སྲེག་བྱའོ། །ད་ནི་ཆས་གོས་བསྟན་ཏེ། དཀར་པོའི་གོས་ནི་བགོས་ནས་ཀྱང་། །ཞེས་པས་ནི་ཆས་གོས་རྣམ་པ་ལྔ་དཀར་པོར་བྱ་བའོ། །སངས་རྒྱས་གཟུགས་ཅན་མི་འཇིགས་པས། ། ཞེས་པ་ནི་རྣལ་འབྱོར་པ་རྣམ་པར་སྣང་མཛད་དམ། །བཅོམ་ལྡན་འདས་རྡོ་རྗེ་ཆེར་བསྒོམས་ལ་སྦྱིན་སྲེག་བྱའོ། །ཅིའི་ཕྱིར་སྙམ་པ་ལ། ངན་སོང་རྒྱུད་ན་གནས་པ་ཡི། །ཞེས་པ་ལ་སོགས་པའོ། །ཅིས་བྱ་བ་ནི་མར་དང་། འོ་མས་ཞེས་པ་ལ་སོགས་པས་སོ། ། ཅི་ཙམ་དུ་སྙམ་པ་ལ། དེ་ནི་བདེ་འགྲོར་ཞེས་པའི་བར་དུའོ། །དེ་ནི་ཞི་བའི་ལས་སོ། །ད་ནི་རྒྱས་པའི་ལས་བྱ་སྟེ། ཚེ་འདས་པ་ངན་སོང་ལས་ཐར་ནས་དེའི་བསོད་ནམས་དང་། ཡེ་ཤེས་སྤེལ་པའི་ཕྱིར་རྒྱས་པའི་ལས་བྱའོ། །མཁས་པས་རྒྱས་པ་ བྱ་དགོས་ཏེ། །ཞེས་པས་མཁས་པ་ནི་སྒྲུབ་པ་པོ་ལས་དང་བྱ་བ་ལ་མཁས་པའོ། །རྒྱས་པ་ནི་དཔལ་དང་འབྱོར་པ་འཕེལ་བར་རོ། །ཇི་ལྟར་འཕེལ་བར་བྱ་བ་བསྟན་པའི་ཕྱིར། ཁྲུ་དོའམ་ནི་ཁྲུ་བཞི་པ། །དེ་ལྟར་མཆོག་ནི་ཁྲུ་བརྒྱད་པར། བྱས་ནས་ཞེས་པ་ནི་མེ་ ཐབ་ཀྱི་ཚད་དོ། །དཀྱིལ་འཁོར་གྱི་ཕྱིར་ཚད་ནི་རབ་ལ་ཁྲུ་སུམ་ཅུ་རྩ་གཉིས་པའོ། །གཞན་གྱིས་ནི་དེ་ལས་བརྩམས་ནས་ཤེས་པར་བྱའོ། །དབྱིབས་ཇི་ལྟར་སྙམ་པ་ལ། ཧོམ་ཁུང་གྲུ་བཞི་པ། ཀུན་དུ་མུ་རན་ལྡན་པར་བྱ། །ཞེས་པ་ནི་མུ་རན་ནི་ཁ་ཁྱེར་ཏེ། ཐ་མ་ལ་སོར་བརྒྱད་ཕྱིར་བསྐྱེད། སོར་བརྒྱད་ ཁ་ཁྱེར་དུ་ལྷག་པར་བརྩིག །སོར་བརྒྱད་ཕྱིའི་ཁ་ཁྱེར་ལའོ། །དེའི་ཕྱི་རོལ་གྱི་དཀྱིལ་འཁོར་ལ་ལྷའི་སྣམ་བུ་དང་། སྒོ་དང་། རྟ་བབས་དང་བཅས་པར་བྲི་བར་བྱའོ། །འབྲིང་དང་རབ་ཀྱིས་ཉིས་འགྱུར་དུ་བསྐྱེད་པར་བྱའོ། །དེ་དབུས་པདྨ་རིན་ཆེན་ཅན། །འོད་ཟེར་སེར་པོ་ལྡན་པར་བྲི། ། ཞེས་པ་ནི་ནང་དུ་པདྨའི་སྟེང་དུ་རིན་པོ་ཆེ་ཁ་དོག་སེར་པོར་བྲི་བར་བྱའོ། །ནང་གི་ཁ་ཁྱེར་ལ་རིན་པོ་ཆེ། སྟེང་གི་ཁ་ཁྱེར་ལ་པདྨ་བྲི་བར་བྱའོ། །ཕྱི་རོལ་དུ་ནི་རིགས་ལྔ་སོ་སོའི་ཕྱག་མཚན་བྲི་བར་བྱ་ཞེས་པ་ནི་དབུས་ཀྱི་རིན་པོ་ཆེའི་ཕྱི་རོལ་པདྨའི་སྟེང་དུ་རིགས་ལྔའི་ཕྱག་རྒྱ་འཁོར་ལོ། རྡོ་རྗེ། རིན་པོ་ཆེ། པདྨ། རྒྱ་གྲམ་རྣམས་བྲི་བར་བྱའོ། །དེ་ལྟར་ཕྱི་ཡི་ལྷ་རྣམས་དང་། །ལྕགས་ཀྱུ་ལ་སོགས་བྲི་བར་བྱ། །ཞེས་པ་ནི་གོང་གི་ཞི་བ་ལྟར་ཤེས་པར་བྱའོ། །གོས་རྣམས་སེར་པོར་བསྒྱུར་ནས་ཀྱང་། །ཞེས་པ་ལ་སོགས་པ་གོ་སླའོ། །རྒྱས་པའི་ལས་སོ། ། ད་ནི་མཐོ་རིས་ཐོབ་པ་དེའི་དབང་དུ་ཐམས་ཅད་བསྡུ་ཞིང་དགའ་བར་བྱ་བའི་ཕྱིར་དབང་གི་ལས་བསྟན་ཏེ། ཧོམ་ཁུང་གཞུ་ཡི་དབྱིབས་འདྲ་ལ། །ཁྲུ་གང་བའམ་ཁྲུ་དོ་པ། །ཁྲུ་བཞིར་བྱས་པ་དེ་ཡི་དབུས། །ཞེས་པ་ལ་སོགས་པ་ལ། ཧོམ་ཁུང་ཟླ་བ་ཁམ་པ་ལྟ་བུར་བྱ་སྟེ། ཆུང་བ་ ནི་ཁྲུ་གང་བའོ། །འབྲིང་ནི་ཁྲུ་དོ་པའོ། །རབ་ནི་ཁྲུ་བཞི་པའོ། །དེའི་དབུས་སུ་པདྨ་དམར་པོ་དེའི་དབུས་སུ་མདའ་དང་བཅས་པའི་གཞུ་བྲིའོ། །ཁོར་ཡུག་ལ་ནི་མདའ་དང་བཅས་པའི་གཞུ་ཁ་དོག་དམར་པོ་བྲི་བར་བྱའོ། །སྔགས་རྫོགས་པ་ནི་བརྟན་པར་ཡང་། །ཕྱི་རོལ་དེ་ དང་འདྲ་བར་བྱ། །ཞེས་པ་ནི་ཕྱི་རོལ་ལ་སོགས་པ་དང་། ལྷ་དགོད་པ་ནི་ཞི་བ་ལྟར་བྲི་བར་བྱའོ། །དམར་པོར་བསྒྱུར་བའི་གོས་བགོས་ལ། །ཞེས་པ་ནི་ཆས་གོས་དམར་པོར་བྱའོ། །མེ་ཏོག་དམར་པོའམ་པདྨ་ཞེས་པ་ལ་སོགས་པ་ནི་རྫས་ཏེ་གོ་སླའོ། །དབང་གི་སྦྱིན་སྲེག་བྱའོ།། །། ད་ནི་ཚར་གཅོད་པའི་དྲག་པོའི་ལས་བསྟན་ཏེ། དེ་ལ་གདོན་རྣམས་གཞོམ་པའི་ཕྱིར། དྲག་པོའི་ལས་ནི་བརྩམ་པར་བྱ། །ཞེས་པ་ནི་བར་ཆད་ཀྱི་བགེགས་ཚར་བཅད་པའི་ཕྱིར་ཞེས་པའོ། །ཕྱེད་དམ་གསུམ་མམ་ཁྲུ་གསུམ་མམ། །དེ་ལྟར་དམ་པ་ཁྲུ་དགུ་བྱ། །ཞེས་པ་ནི་རབ་འབྲིང་གི་ཚད་ དོ། ཟུར་གསུམ་དང་ནི་ལྡན་པ་ལ། །ཞེས་པ་ནི་དབྱིབས་ཏེ་གྲུ་གསུམ་དུ་བྱའོ། །དབུས་སུ་རྡོ་རྗེ་རྩེ་དགུ་པ། །རྩེ་གསུམ་པ་དང་རྒྱ་གྲམ་པའི། །ཞེས་པ་ལ་སོགས་པ་ལ། དབུས་སུ་རྡོ་རྗེ་རྩེ་དགུ་པ་དེའི་ཕྱོགས་བཞིར་རྡོ་རྗེ་རྩེ་གསུམ་པ་དང་། རྡོ་རྗེ་རྒྱ་གྲམ་དང་། རྡོ་རྗེ་དབྱུག་པ་དང་། རྩེ་གསུམ་པ་སྟེ། ཏྲི་ཤཱུ་ལའི་མགུལ་དུ་མི་ མགོས་མཚན་པ་རྡོ་རྗེ་དང་ལྡན་པར་བྱས་པའོ། །མུ་ཁྱུད་ལ་ནི་དགྲ་སྟ་དང་། རྡོ་རྗེ་རྩེ་གཅིག་པས་བསྐོར་བའོ། །གཞན་ཡང་ཞི་བ་ལྟར་ཐམས་ཅད་བྲི་བར་བྱའོ། །རྫས་ནི་གོ་སླའོ། །གོས་ནག་བགོས་ཤིང་ཁྲོས་ནས་ཀྱང་། །ཞེས་པ་ནི་ཆས་གོས་བསྟན་པའོ། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་བསྒྱུར་བ་ཞེས་ པ་ནི་ཏིང་ངེ་འཛིན་བསྟན་པའོ། །དེ་ནས་དེ་ཡི་སྡིག་བཅོམ་ལུས། །ཞེས་པ་ལ་སོགས་པ་ནི་གོ་སླའོ། །དྲག་པོའི་སྦྱིན་སྲེག་གོ །མཆོད་པ་དང་ཏིང་ངེ་འཛིན་གྱི་རིམ་པ་ནི་འོག་ནས་འབྱུང་བ་ཉི་མ་མེའི་ལས་ཤེས་པར་བྱའོ། །དེ་ནས་ཚངས་པ་ལ་སོགས་པ། །ཞེས་པ་ནས། སྨོས་ཀྱང་ཅི་འཚལ་ཞེས་པའི་བར་གྱིས་ནི་ འཁོར་བསྲུང་བར་དམ་བཅས་པ་སྟོན། གང་གིས་བརྟག་པའི་རྒྱལ་པོ་ཞེས་པ་ནས། དེ་བཞིན་གཤེགས་པ་ལགས་པར་འཚལ་བར་བགྱིའོ་ཞེས་པ་ནི་རྒྱུད་ཀྱི་དོན་འདི་གང་ན་སྤྱོད་པར་བཀུར་བར་བསྟན་པར་བགྱིའོ་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། ལེགས་པར་སྒྲུབས་ཤིག་ ཅེས་པའི་བར་གྱིས་ནི་བཅོམ་ལྡན་འདས་ཀྱིས་གཏད་ནས་བསྒྲུབ་པར་བསྟན་ཏོ། །དེ་ནི་རྒྱུད་ཀྱི་ཕན་ཡོན་བསྟན་པའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་སྐུ་གསུམ་གྱི་གཙུག་ཏོར་གྱི་རྒྱུད་ལས་རྒྱུད་ཕྱི་ མའི་བཤད་པ་གསལ་བའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལ་ཤ་དང་། བོད་ཀྱི་ལོ་ཙཱ་བ་ཁྱུང་པོ་ཆོས་བརྩོན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ༄༅༅། །རྒྱ་གར་སྐད་དུ། ས་དྷཱ་ར་མཎྜ་ལ་པ་རི་པ་ཏི། བོད་སྐད་དུ། དཀྱིལ་འཁོར་སྤྱིའི་རིམ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་དཀྱིལ་འཁོར་ལས་རྣམ་པར་སྣང་མཛད་མཉེས་ པར་བྱ་བའི་ཕྱིར་དེའི་རིམ་པ་ནི་འདིའོ། །ཇི་ལྟར་སྔར་རང་གི་སྒྲུབ་ཐབས་ཀྱི་རིམ་པས་བསྙེན་པ་བྱས་པ་དང་། བཟླས་བརྗོད་བྱས་པས་མཚན་མ་མཐོང་བས། བདག་དང་གཞན་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར་སྔགས་པས་དཀྱིལ་འཁོར་གྱི་ལས་བྱའོ། །དཀྱིལ་འཁོར་ གྱི་ཡོ་བྱད་ཐམས་ཅད་བསྡུས་ལ་ཚེས་གྲངས་དང་། གཟའ་དང་། རྒྱུ་སྐར་ལ་སོགས་པ་བཟང་པོ་ལ། དཀྱིལ་འཁོར་གྱི་ས་གཞིའི་མཚན་མ་བལྟ་བའི་ཕྱིར། གྲོགས་དང་བཅས་པས་གནས་དེ་ཉིད་བརྟག་པར་བྱ་སྟེ། ལྷ་ཁང་དང་། ཚོང་འདུས་ཆེན་པོ་དང་། ཡུལ་དང་། གྲོང་ཁྱེར་ དང་། ཁྱམས་ཀྱི་ཤར་དང། བྱང་དུ་བརྩམ་པར་བྱའོ། །གཞན་དུ་ན་འདི་ལྟར་ཡང་བྱ་སྟེ། ས་བཟང་པོ་སྣུམ་པ་དང་། ཟུག་རྔུ་ལ་སོགས་པའི་ཉེས་པ་མེད་པ་ཤར་དང་བྱང་དུ་གཞོལ་བ། མེ་ཏོག་དང་ཤིང་དང་ཆུ་དང་ལྡན་པར་བྱའོ། །ཡང་ན་ཡིད་གང་དུ་དགའ་བར་རོ། །དེ་ནས་ སློབ་དཔོན་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དུ་བཞུགས་པས། སའི་བདག་པོ་ལ་གཏོར་མ་ལ་སོགས་པ་སྦྱིན་ཞིང་ས་བསླང་པར་བྱ་སྟེ། རྨི་ལམ་དུ་ཁུགས་པར་གྱུར་ནའོ། །དེ་ཡང་སྔགས་པས་ལྕི་བ་ས་ལ་མ་ལྷུང་བས་མཎྜལ་བྱས་ལ། དཀོན་མཆོག་གསུམ་ལ་ཕྱི་ནང་གི་མཆོད་པ་ བྱ་ཞིང་། ཇི་ལྟ་བ་བཞིན་དུ་འཇིག་རྟེན་སྐྱོང་བ་རྣམས་ལ་གཏོར་མ་བྱིན་ལ། གཞུང་བཞིན་དུ་པུས་མོ་ས་ལ་བཙུགས་ནས། ཐལ་མོ་སྦྱར་ཏེ་བླང་བར་བྱའོ། །གང་ས་འདི་ལ་གནས་བཅས་པའི། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། ཤ་ཟ་ལ་སོགས་པ་རྣམས་ལ་བསླང་བར་བྱ་ཡིས། སའི་གནས་འདི་ལ་ལྷ་ཁང་དང་། མཆོད་རྟེན་ལ་སོགས་པ་བྱེད་པར་འདོད་ཀྱིས། ཁྱེད་རྣམས་མི་གནོད་པ་དང་། བཟོད་པ་ཡོད་ན། ས་འདིར་བྱེད་ཀྱི་ང་གནས་འདིར་ཉལ་ན་རྨི་ལམ་གྱི་མཚན་མར་སྟོན་ཅིག་ཅེས་ལན་གསུམ་བརྗོད་ལ་ཉལ་བར་བྱའོ། །རྨི་ལམ་དུ་ངེད་རྣམས་ལ་མི་གནོད་ ཀྱི་གྱིས་ཤིག་ཅེས་བསྟན་ན་དེ་ཉིད་དུ་བྱའོ། །ས་ཁུགས་ནས་ཕྱི་དེ་ཞག་གི་སྔ་དྲོ་དང་པོ་ལ་འདི་སྐད་བརྗོད་དོ། །དཀོན་མཆོག་གསུམ་ལ་མཆོད་པར་བྱ་བའི་ཕྱིར། ས་འདི་ཙམ་ཞིག་ཁུགས་ནས་ལྷ་ཁང་ལ་སོགས་པ་བྱེད་ཀྱིས། ཁྱེད་རྣམས་སེམས་མི་ནུར་ཞིང་བགེགས་ མེད་པ་དང་གྲོགས་པོར་བྱོས་ཤིག་ཅེས་བསྒོ་བར་བྱའོ། །ཡོན་བདག་གིས་ཞག་དང་། གཟའ་སྐར་བཟང་པོའི་དུས་སུ། མཆོད་སྦྱིན་གྱི་ཤིང་ལས་སྲིད་དུ་ཁྲུ་གང་སྦོམས་སུ་ནི་མཐེ་བོ་དང་མཐེ་ཆུང་རྩེ་སྤྲད་པའི་ནང་ཁེངས་པ་ལས་ཕུར་པ་བྱས་ལ། ཇི་ཙམ་དགོས་པའི་ཕྱོགས་དང་མཚམས་ སུ་ཕུར་པ་བཏབ་ལ། སྲད་བུ་ཉིས་བསྒྲིལ་གྱིས་ཕུར་པ་ལ་བྲེ་བར་བྱའོ། །དེའི་དབུས་རྫིང་བུ་འདྲ་བའི་དབྱིབས་སུ་བྱས་ལ། དེའི་དཀྱིལ་དུ་མཎྜལ་བྱས་ཏེ། དཀོན་མཆོག་གསུམ་ལ་མཆོད་པ་རྣམས་དབུལ་ལོ། །ཕྱོགས་སྐྱོང་རྣམས་ལ་ཡང་གཏོར་མ་བཏང་ལ། ཐལ་མོ་སྦྱར་ ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཇི་ལྟར་ཕྱོགས་རྣམས་ཐམས་ཅད་དུ། །རྫོགས་པའི་སངས་རྒྱས་འཇིག་རྟེན་བཞུགས། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དག །བདག་ནི་རྡོ་རྗེ་ཆེ་གེ་ལ། །འདི་ཉིད་དུ་ནི་བརྟན་བཞུགས་ན། །མངོན་ཤེས་ཅན་གྱིས་མཆོད་ཡོན་བཞེས། །ཞེས་ ལན་གསུམ་བརྗོད་དེ། བུམ་པ་བཀྲ་ཤིས་དང་ལྡན་པ་ལ་དེ་བཞིན་གཤེགས་པའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་པའི་མཆོད་ཡོན་དབུལ། བུམ་པ་མ་འབྱོར་ན་དུང་ཕོར་དབུལ། ལྷ་ཁང་ལ་སོགས་པ་བྱེད་ན་གཙོ་བོ་དབུས་སུ་དམིགས་ལ། དེ་ཉིད་ཀྱི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་པའི་མཆོད་ ཡོན་དབུལ་ཞིང་གསོལ་བ་གདབ་པར་བྱའོ། །ཀྱེ་བཅོམ་ལྡན་འདས་བདག་གི་མཆོད་ཡོན་བཞེས་ནས། བྱིན་གྱིས་བརླབ་ཅིང་བརྟན་པར་བཞུགས་སུ་གསོལ་ཞེས་བརྗོད་དོ། །གལ་ཏེ་དགའ་བའི་ས་གཞི་དེ་རྨི་ལམ་དུ་ཁུགས་ན། དེ་ནས་ཁྲོ་བོའི་ང་རྒྱལ་དུ་བྱས་ལ། མངོན་སྐྱོད་ཀྱི་ སྦྱིན་སྲེག་བྱས་ཏེ། བགེགས་ཐམས་ཅད་བསྐྲད་ལ་སྔ་མ་བཞིན་དུ་སའི་ཚད་བླངས་ཏེ། མཆོད་ཡོན་དབུལ་བར་བྱ། དེ་ནས་འོག་ནས་འབྱུང་བའི་རིམ་པ་ལྟར། ཀླུའི་གཙོ་བོ་ལ་དམིགས་ལ། ས་བརྐོ་བར་བྱ་ཞིང་། མཆོད་ཡོན་སྦྱིན་པའི་ཆོ་ག་བྱའོ། །དེ་ནས་ཕྱི་དེ་ཉིན་ཉི་མ་ཕྱེད་ཙམ་ན། དཀྱིལ་འཁོར་གྱི་སའི་དབུས་སུ་ཁྲོ་བོའི་ང་རྒྱལ་བྱས་ལ། སྔགས་ཀྱི་འོག་ཏུ་ཐ་མར་ཕཊ་བརྗོད་ཅིང་། ཁྲག་དང་ལན་ཚྭ་དང་། མི་རུས་ཀྱི་ཕྱེ་མས་མངོན་སྤྱོད་ཀྱི་སྦྱིན་སྲེག་གི་ཆོ་གས་དཀྱིལ་འཁོར་གྱི་བགེགས་ཞི་བར་བྱ་བའི་ཕྱིར། གཡོན་པའི་མཐེ་བོང་དང་མཛུབ་མོས་སྦྱིན་སྲེག་བྱའོ། །ཡང་ཕྱི་ དེ་ཞག་ལ་ལུས་བཀྲུ་ཞིང་དྲི་ཞིམ་པོས་བྱུགས་ལ་ཞི་བའི་སྦྱིན་སྲེག་གི་ཆོ་ག་བྱ་སྟེ། བཅོམ་ལྡན་འདས་ཀྱི་ཁྲོ་བོའི་སྔགས་ཀྱིས་བགེགས་བསལ་ཞིང་གནས་བསྲུང་བར་བྱའོ། །ཡང་དེ་བཞིན་དུ་ཡུངས་ཀར་དང་། ཆུ་དང་ཞི་བའི་སྦྱིན་སྲེག་བྱས་པའི་ཐལ་བ་ལ་སྔགས་ལན་བདུན་བཟླ་ཞིང་། སའི་ ཚད་ནི་ཇི་ཙམ་པར་གཏོར་བ་བྱས་ནས། སའི་ལྷ་མོ་ནམ་མཁའ་ལ་གཤེགས་སུ་གསོལ་བར་བྱས་ལ། ས་སྦྱང་བའི་ཆོ་ག་ནི། ཇི་ཙམ་འདོད་པའི་གནས་སུ་གྲུ་བཞིར་དམིགས་ལ་ཀླུའི་བདག་པོ་བསམས་ཏེ་བརྐོ་བར་བྱའོ། །དེ་ལ་ཀླུའི་གཙོ་བོ་དོན་ཞེས་བྱ་བ་ནི་འདི་ཡིན་ཏེ། སྟོན་ཟླ་གསུམ་ ལ་གློ་གཡས་པ་ས་ལ་ཕབ་སྟེ། ཁ་ལྷོ་ཕྱོགས་སུ་བལྟས་ཏེ་ཉལ་ལོ། །དགུན་ཟླ་གསུམ་ལ་ལྷོར་མགོ་བསྟན་ལ་ནུབ་ཏུ་ཁ་བལྟས་ལ་ཉལ། དཔྱིད་ཟླ་བ་གསུམ་ལ་མགོ་ནུབ་ཏུ་བལྟ་ཁ་བྱང་དུ་བལྟའོ། །དབྱར་ཟླ་བ་གསུམ་ལ་བྱང་དུ་མགོ་བལྟ་ཤར་དུ་ཁ་བལྟས་ཏེ་ཉལ། དེ་ནས་ཀླུའི་ མགོ་བོ་དང་རྒྱབ་དང་འཕོང་བོར་ནས་ས་བརྐོ་བར་བྱ། མངོན་པར་དག་པའི་དངོས་གྲུབ་གྱི་དོན་དུ་བྲང་གི་ཕྱོགས་སུ། ལྐོག་མ་དང་། ལྟེ་བ་དང་། པུས་མོ་ཙམ་གྱི་བར་དུ། དངོས་གྲུབ་རབ་འབྲིང་ཐ་མ་གསུམ་འདོད་པའི་ཕྱིར། གཡས་གཡོན་དུ་བཞུགས་པར་བསམ་ཞིང་བརྐོ་བར་བྱ་སྟེ། ས་ཕྱུང་ལ་གཞན་བཟང་པོ་ནུབ་པ་དང་། རྡོ་བ་དང་མགལ་དུམ་དང་། སོལ་བ་དང་། རུས་པ་དང་། གྱོ་མོ་དང་བོང་བ་ལ་སོགས་པ་མེད་པར་བྱས་ནས་ཡང་དྲི་ཞིམ་པོ་དང་ས་བསྲེས། ཡང་ན་ནི་དྲི་ཞིམ་པོ་དང་ཆུ་བསྲེས་པའམ། ཡི་གེ་ཧཱུཾ་བཟླས་པའི་ཆུ་དང་བསྲེས་ཤིང་འཐས་པར་བཅགས་ ཤིང་བཀབ་ལ། ལག་མཐིལ་ལྟར་མཉམ་པའི་སྟེང་དུ་གཞལ་ཡས་ཁང་སྒོ་བཞི་དང་རྟ་བབས་བཞིས་མཛེས་པར་བྱས་ལ། སྐར་ཁུང་དང་སྐར་ཁུང་དྲ་བ་ཅན་ལ་སོགས་པས་ཡོངས་སུ་བསྐོར་བའི་ནང་དུ་ཆུད་པར་བསམ། ངོས་ཐམས་ཅད་དུ་སྣ་ཚོགས་པའི་མེ་ཏོག་གི་ཕྲེང་བ་དང་དྲིལ་བུ་དང་། མེ་ལོང་གདགས་རྒྱལ་མཚན་བཟང་པོ་གཟུགས་པ་བླ་རེ་དམ་པ་བྲེ་བ་དང་། སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པའི་རས་རིས་ཀྱིས་ཉེ་བར་མཛེས་པར་བྱས་ལ། གཙོ་བོའི་བཟླས་པ་བྱས་པའི་སྨན་དང་། འབྲུ་དང་། རིན་པོ་ཆེ་དབུས་སུ་གཞུག་པར་བྱའོ། ། ཟུག་རྔུའི་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མི་ནུས་ན། །ལག་པས་བརྡབས་ཏེ་སྔགས་འདི་བཟླ། །དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར། །ཁང་པ་ཆེན་པོ་དང་། བྲག་ཕུག་དང་། བ་ལང་གི་ལྷས་དང་། ལྷ་ཁང་ལ་སོགས་པ་དང་། འབབ་ཆུའི་འགྲམ་དང་། སྔར་བྱས་ པའི་ས་ལ་ཡང་སྦྱང་མི་དགོས་ཀྱི་འདི་ལྟར་ཡང་བྱ་སྟེ། རང་གཙོ་བོར་བསྒོམ་ཞིང་ཁྲོ་བོའི་སྔགས་ཀྱིས་བགེགས་བསྐྲད་པ་དང་། ཆུ་དང་ཡུངས་ཀར་དང་ཐལ་བ་ལ་བཟླས་ཏེ། སྔ་མ་བཞིན་དུ་གཏོར་ཞིང་། ཤར་ཕྱོགས་ནས་བརྩམས་ཏེ། བའི་རྣམ་པ་ལྔས་བྱུག་པར་བྱ་ཞིང་། དྲི་ཆབ་ ཀྱིས་ཀྱང་གཏོར། ཁྲོ་བོའི་སྔགས་ལན་བདུན་བཟླས་པའི་སྨན་དང་། འབྲུ་དང་། རིན་པོ་ཆེ་དབུས་སུ་གཞུག་པར་བྱའོ། །དཀྱིལ་འཁོར་གྱི་གནས་སྦྱང་བའི་རིམ་པ་གཉིས་སུ་བྱས་པས་དག་པའི་ཆོ་གའོ། །དེ་བཞིན་དུ་ལྷ་ཁང་དང་། མཆོད་རྟེན་དང་། རྒྱལ་པོའི་ཁང་པ་དང་། འདུ་ ཁང་ལ་སོགས་པ་བྱེད་ན་ཡང་ས་སྦྱང་བར་བྱའོ། །དེ་ནས་དེ་ལྟ་བུའི་གནས་ལ་ཉིན་རེའམ། ཟླ་རེའམ། ལོ་རེའི་བར་གྱིས་དཀྱིལ་འཁོར་བྱ་བར་འདོད་ན། ཡོན་བདག་གི་འབྱོར་པ་དང་ཅི་དགའ་བས་བྱའོ། །ཇི་ལྟར་མོས་པ་བཞིན་དུ་ཞག་དང་། གཟའ་སྐར་ལ་སོགས་པའི་དབུས་སུ་ གཟུང་བར་བྱ་སྟེ། དེ་ལ་སློབ་དཔོན་རང་གི་ལྷའི་རྣལ་འབྱོར་ལ། དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། སྔ་མ་བཞིན་དུ་བསྒྲུབ་པའི་རིམ་པས་བགེགས་བསྐྲད་དེ། སྙིང་ག་ནས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོ་ལས་སྤྲུལ་པ་བྱུང་བས། ནམ་མཁའ་ཁྱབ་པར་བསམས་ཏེ། ཕྱོགས་ བཅུའི་རྒྱལ་བ་སྲས་དང་བཅས་པ་ཁྱེད་རྣམས་བདག་དང་སློབ་མར་བཅས་པ་ལ། བྱིན་གྱིས་བརླབ་ཅིང་བསྲུང་བའི་ཕྱིར་བཞུགས་སུ་གསོལ་ཞེས་བསྐུལ་ཞིང་། སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་རྡོ་རྗེའི་དབུས་སུ་བསྡུས་ཏེ་བཅུག་ལ་གཅིག་ཏུ་གྱུར་པར་བསམས་ཏེ། དེ་ནས་རང་གི་ལུས་ རྣམ་པར་སྣང་མཛད་ཀྱི་ང་རྒྱལ་དུ་བྱས་ལ། སྙིང་པོ་བརྗོད་ཅིང་སེམས་དཔའི་སྐྱིལ་མོ་ཀྲུང་ཕྱེ་ལ་ལངས་ནས། མིག་གཡོན་པ་ལ་ཡི་གེ་ཊ་ལས་ཟླ་བའི་དཀྱིལ་འཁོར། གཡས་པ་ལ་ཡི་གེ་མ་ལས་ཉི་མའི་དཀྱིལ་འཁོར་འབྲས་བུ་གཉིས་ལ་ཡི་གེ་ཧཱུཾ་ཤིན་ཏུ་གཡོ་བ་བསྐལ་པའི་མེ་ལྟར་ འབར་བའི་རྡོ་རྗེའི་མིག་བྱས་ཏེ། ལག་པ་གཡས་པ་རྡོ་རྗེ་གསོར་ཞིང་། གཡོན་པ་དྲིལ་བུ་དཀྲོལ་ཞིང་བཟུང་ལ། མགོ་དང་མིག་གཡོན་དུ་ཅུང་ཟད་བཏུད་ལ། ཨ་ལས་སྣ་ཚོགས་རྡོ་རྗེ་རྐང་པའི་འོག་ཏུ་བསམས་ཏེ། རྒྱན་ཐམས་ཅད་དང་ལྡན་པའི་ཁྲོ་བོའི་ང་རྒྱལ་བསྐྱེད་དེ། ཐམས་ ཅད་དུ་བལྟ་ཞིང་རྡོ་རྗེའི་འགྲོས་ཀྱིས་བསྐོར་བར་བྱ་ཞིང་། བགེགས་ཐམས་ཅད་བསྐྲད་པའི་ཕྱིར་འདི་སྐད་ཅེས་བརྗོད་དོ། །སློབ་དཔོན་མིང་འདི་ཞེས་བྱ་བས་སློབ་མ་ཆེ་གེ་མོ་ཞིག་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་ བའི་ཕྱིར། ས་ཕྱོགས་འདིར་དཀྱིལ་འཁོར་གྱི་རྒྱལ་པོ་མིང་འདི་ཞེས་བྱ་བ་བྲིའི། ལྷ་དང་ལྷ་མ་ཡིན་དང་གནོད་སྦྱིན་དང་། སྲིན་པོ་དང་ཡི་དགས་དང་། ཤ་ཟ་དང་བརྗེད་བྱེད་དང་། འབྱུང་པོ་དང་མཁའ་འགྲོ་མ་དང་། གནོན་པོ་དང་ནམ་མཁའ་ལྡིང་དང་། མིའམ་ཅི་དང་། རིག་སྔགས་སྒྲུབ་པ་རྒན་པོ་དང་། རྒན་མོ་དང་འཁོར་དང་གཡོག་ཏུ་བཅས་པ། གང་དག་འཁོད་པ་རྣམས་དེངས་ཤིག །འདི་ལྟར་རྡོ་རྗེ་འཆང་གི་བཀའ་ཐོས་ནས། མྱུར་བ་ཉིད་དུ་དེངས་ཤིག་གང་དག་མི་འགྲོ་བ་དེ་དག་ནི། ཕྱག་ན་རྡོ་རྗེ་ཧཱུཾ་ཞེས་བྱ་བ་རབ་ཏུ་ཁྲོས་པའི་བཞིན་འབར་བ་ཅན་ གྱིས་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་རབ་ཏུ་འབར་བས། མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །ཧཱུཾ་ཞེས་ལན་གསུམ་བརྗོད་དོ། །དེ་ནས་རང་གི་གཙོ་བོ་ལས་སྤྲུལ་པའི་ཁྲོ་བོ་གྲངས་མེད་པ་ཤིན་ཏུ་འཇིགས་པ་བྱུང་སྟེ། བགེགས་རྣམས་ཤིན་ཏུ་སྐྲག་ཅིང་བསྐྲད་པར་བྱས་ནས། ནམ་མཁའ་ ཁྱབ་པར་འཁྱིལ་ཞིང་བཞུགས་སོ། །དེ་ནས་གར་གྱི་གཡས་བརྐྱང་བ་དང་། གཡོན་བརྐྱང་བ་ལ་སོགས་པའི་སྟང་སྟབས་འདིར་བྱའོ། །དེ་ནས་མཐའ་ཡས་དང་། རྣམ་པར་རྒྱལ་བ་དང་། སྤྲིན་སྒྲ་དང་། སྟོབས་པོ་ཆེ་དང་། རྒྱལ་བ་ལ་སོགས་པ་ཕུར་བུ་ལྔའི་ངོ་བོ་ཉིད་ཀྱི། ཁྲོ་བོ་ གཟུགས་འོག་ཏུ་རྡོ་རྗེ་རྩེ་གཅིག་པ་དབུས་སུ་བཙུགས་ལ། དེ་ནས་དབང་ལྡན་ནས་བརྩམས་ཏེ་བསྐོར་ཕྱོགས་སུ། ཨོཾ་བཻ་རོ་ཙ་ན་ཧཱུཾ་སརྦ་བིགྷྣཱཾ་ཨུ་ཙ་ཏ་ཡ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ཀྱིས་ཕུར་བུ་རྣམས་ལ་བཟླ་ཞིང་འོག་ནས། གསེར་གྱི་ས་གཞི་ལ་ཐུག་པའི་བར་དུ་ གདབ་པར་བསམ་མོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ་ཧཱུཾ་བརྗོད་ཅིང་ང་རྒྱལ་བསྐྱེད་དེ། དཀྱིལ་འཁོར་གྱི་ས་ལ་སྔ་མ་བཞིན་སྤྲུལ་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་བཅིངས་ཤིང་སྔགས་བརྗོད་ལ། དེའི་རྣལ་འབྱོར་དུ་བྱས་ཏེ། ནམ་མཁའ་ལ་མི་བསྐྱོད་ པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ང་རྒྱལ་བསྐྱེད་ཅིང་། གྲོགས་པོ་རྣམས་ཀྱི་དཀྱིལ་འཁོར་བྲི་བའི་ཕྱིར་བདག་ཉིད་ལ་གསོལ་བ་གདབ་པར་བསམ་པར་བྱའོ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་པོ་མེད་ པའི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཡེ་ཤེས་སྤྱོད་པ་ རྣམ་སྤྱོད་པ། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་དུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །དེ་ནས་ལངས་ཏེ་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་ནམ་མཁའ་ཁྱབ་པར་མཐོང་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་བནྡྷ་ནཾ་ཀ་རོ་མི། ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་འཚལ་ནས་ལངས་ལ་ང་རྒྱལ་བསྐྱེད་པར་བྱ། བདག་ནི་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་རྡོ་རྗེ་ཅན་བདག་ཡིན། །རྣལ་འབྱོར་དབང་ཕྱུག་རྒྱལ་པོ་བདག །ཕྱག་ན་རྡོ་རྗེ་བསྟན་བདག་སྟེ། །བདག་པོ་རྡོ་རྗེ་ཆེན་པོ་བདག །བྱིན་གྱིས་བརླབ་ཅིང་བཞུགས་སུ་གསོལ། །དེ་ནས་རྡོ་རྗེ་དྲིལ་བུ་བླངས་ལ། ཨོཾ་བཛྲ་ཨུ་ཏིཥྛ་ཞེས་ ཇི་ལྟར་སྤྲུལ་པའི་ལྷའི་དཀྱིལ་འཁོར་རྣམས་སྔ་མ་བཞིན་དུ་ནམ་མཁའ་ལ་བཞུགས་སུ་གསོལ་ལོ། །གཡས་བརྐྱང་བ་ལ་སོགས་པས་བགེགས་བསྐྲད་པར་བྱ་སྟེ། ས་གཞི་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམས་ལ། གཞལ་ཡས་ཁང་ནམ་མཁའ་ལ་དམིགས་ལ། རྡོ་རྗེའི་མིག་ གིས་ཕྱོགས་མཚམས་སུ་བགེགས་མེད་པར་མཐོང་ནས། སྒོ་དབྱེ་བའི་ཕྱག་རྒྱས་སྒོ་ཕྱེ་སྟེ། སྔགས་པས་གསང་བའི་དཀྱིལ་འཁོར་དུ་རྡོ་རྗེ་རྒྱུའི་གཟུགས་སུ། ལྟོ་བ་ཆེ་བ་དབུ་བཞི་པ། རྡོ་རྗེ་དང་འཁོར་ལོ། པདྨ་དང་དྲིལ་བུ་བསྣམས་པ། སྐུ་མདོག་སེར་པོར་བསྒོམས་ཏེ། སྔགས་ འདི་དང་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱས་བཀུག་ལ། ཨོཾ་བཛྲ་མཎྜལ་ཧཱུཾ་ཛ། ཞེས་རྡོ་རྗེ་རྒྱུ་ཉིད་བསྒྱུར་བས་ཕྱག་རྒྱ་དང་སྔགས་འདིས་དཀྱིལ་འཁོར་གྱི་ས་གཞི་གྲུབ་པར་གྱུར་ཏེ། བྱིན་གྱིས་བརླབས་པ་བྱ། ཨོཾ་མ་ཧཱ་བཛྲ་ཙཀྲཱ་དྷི་ཏིཥྛ་སིདྡྷ་ཧཱུཾ། །ཞེས་པ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། འཁོར་ལོ་བཞིན་དུ་ བསྐོར་བར་བྱ། །མགལ་མེའི་འཁོར་ལོའི་ཚུལ་གྱིས་ནི། འཁོར་ལོ་བྱིན་གྱིས་བརླབ་པའི་ཕྱག་རྒྱ་འདིའོ། །དེ་ནས་མཐའ་ཡས་དང་རྣམ་པར་རྒྱལ་བ་ལ་སོགས་པ་སྔར་དམིགས་པའི་ཏིང་ངེ་འཛིན་གྱིས་ཕུར་བུ་གདབ། ཙནྡན་དམར་པོ་དང་། དར་དང་སྐུའི་རྒྱན་དང་བཅས་པ། གཡོན་པའི་ ཁུ་ཚུར་གྱིས་བཟུང་སྟེ། གཡས་པས་འབར་བའི་ཐོ་བ་ཙནྡན་དམར་པོ་དང་། མེ་ཏོག་དམར་པོ་དང་། དར་དང་སྲད་བུ་དང་བཅས་པའི་ཐོ་བ་བླངས་ཏེ། དཀྱིལ་འཁོར་གྱི་ཕྱི་རོལ་དབང་ལྡན་ནས་བརྩམས་ཏེ་བརྡུང་བར་བྱ། སྔར་བཤད་པའི་སྔགས་སམ། ཡང་ན་ཨོཾ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ ལ་ཡ་སརྦ་བི་གྷྣཱཾ་ཧཱུཾ་ཧཱུཾ་ཕཊ། ཅེས་བྱ་བ་ནི་ཕུར་པ་གདབ་པའི་སྔགས་སོ། །ཨོཾ་བཛྲ་མུདྒ་ར་ཨཱ་ཀོ་ཊ་ཡ་ཧཱུཾ། ཐོ་བའི་སྔགས་སོ། །དེ་ནས་རྩེ་གསུམ་པའི་ཕྱག་རྒྱ་ཕྱོགས་བཅུར་བསྟན་ཅིང་བགེགས་བསྐྲད་པར་བྱ། ཨོཾ་ཨཱཿཧཱུཾ། ཡི་གེ་གསུམ་གྱིས་དཀྱིལ་འཁོར་གྱི་ཕྱི་རོལ་དུ་འཁོར་ལོའི་རིམ་པ་དང་། པདྨའི་རིམ་པ་དང་། རྡོ་རྗེའི་རིམ་པར་བསམས་ལ། དེའི་ཕྱི་རོལ་དུ་རྡོ་རྗེ་དྲ་བ་དང་། ས་གཞི་ཡང་རྡོ་རྗེའི་རང་བཞིན་དུ་བྱས་ལ། འབར་བའི་ཕྲེང་བའི་འོད་དང་བཅས་པ་བསྒོམས་ལ། བགེགས་བསྐྲད་ཅིང་། རྣམ་པར་སྣང་མཛད་ཀྱི་སྔགས་དང་། རྡོ་རྗེ་ཁུ་ཚུར་གྱིས་སྒོ་རྣམས་བཅིང་བར་བྱ། དེ་ནས་ ཡི་གེ་ལཾ་ལས་བྱུང་བའི་སའི་ལྷ་མོ་སྐུ་མདོག་སེར་མོ་བུམ་པ་ལག་ན་ཐོགས་པ་རྒྱན་ཐམས་ཅད་དང་ལྡན་པ། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲངས་ཏེ། དགུག་པ་ལ་སོགས་པ་བྱ་ཞིང་ཚིགས་བཅད་འདིས་སྟ་གོན་དུ་བྱ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། སྤྱོད་པའི་ཚུལ་དང་ཁྱད་ པར་ནི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱ་སྟེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་བརྗོད་དོ། །མཆོད་པ་བྱས་ལ་སའི་ལྷ་མོ་དགའ་བའི་མདངས་ ཀྱིས་དེ་བཞིན་དུ་གྱིས་ཤིག་ཅེས་བྱ་ཞིང་འོག་ཏུ་ཐིམ་པར་བྱའོ། །དེ་ནས་རྡོ་རྗེ་བཅིངས་པའི་ཕྱག་རྒྱ་དང་། །སྔགས་འདིས་ས་གཞི་གཟུང་བར་བྱའོ། །ཨོཾ་བཛྲ་བྷ་ཧཱུཾ། ཞེས་བརྗོད་དེ། ཨོཾ་བཛྲ་དྷ་དྷ་ཨ་དྷི་ཏིཥྛ། ཞེས་པས་བྱིན་གྱིས་བརླབས། འདི་ནི་ས་གཞི་བྱིན་གྱིས་བརླབས་པའི་ཆོ་གའོ། ། དེ་ནས་དྲི་བཟང་པོས་བྱུགས་ནས། མེ་ཏོག་སྣ་ཚོགས་ཀྱིས་ཆལ་མར་བཀྲམ་སྟེ། ཟླ་བ་ལ་སོགས་པས་ལྷ་རྣམས་ཇི་ལྟར་གནས་པའི་མིང་བརྗོད་དེ། མཎྜལ་རེ་རེ་བྱའོ། །དེའི་འོག་ཏུ་རྣམ་པར་སྣང་མཛད་འཁོར་དང་བཅས་པ་སྤྱན་དྲངས་ཏེ། དྲྭ་བ་དང་ར་བ་ལ་སོགས་པས། མཚམས་བཅད་ནས་ མཆོད་པ་དང་། བསྟོད་པ་བྱས་ཏེ། དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། ཇི་ལྟར་རང་གི་སྒྲུབ་ཐབས་ལས་འབྱུང་བ་བཞིན་དུ་བགེགས་བསལ་ནས་རྣལ་འབྱོར་ཆེན་པོ་བྱས་ཏེ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ལ། རྣམ་པར་སྣང་མཛད་ཀྱི་སྐུར་བསྒྱུར་ནས། ང་རྒྱལ་བསྐྱེད་ཅིང་ སེམས་དག་པར་བྱ་ཞིང་། །དེང་དུས་བདག་ཚེ་འབྲས་བུ་ཡོད། །བདག་གི་བསོད་ནམས་འབྲས་བུར་བཅས། །ལྷ་དང་དམ་ཚིག་གི་མཉམ་པར། །གྱུར་པ་བདག་ནི་ཐེ་ཚོམ་མེད། །བྱང་ཆུབ་སེམས་དང་སེམས་གཅིག་ལས། །མི་བདོག་པར་ནི་བདག་གྱུར་ཏེ། །དེ་བཞིན་གཤེགས་པའི་ རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གིས་ཆོས་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །དེ་ནས་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ལ། སངས་རྒྱས་ཐམས་ཅད་ལ་གསོལ་ བ་གདབ་པར་བྱའོ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་འདི་ནི་སྩལ་དུ་གསོལ། །ཞེས་ལན་གསུམ་བརྗོད་ དོ། །སྔ་མ་བཞིན་དུ་བསམས་ཏེ། དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། ཨོཾ་ལ་སོགས་པ་རང་གི་ཡི་གེ་བཀོད་ལ། ལྷ་འཁོར་དང་བཅས་པ་སོ་སོའི་གནས་ལ་བཞུགས་པར་བསམ་མོ། །དེའི་འོག་ཏུ་ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པ་དགུག་པ་དང་། གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ཏེ། དམ་ཚིག་སེམས་དཔའ་དང་གཅིག་ཏུ་གྱུར་པར་བྱའོ། །དེ་ནས་མཆོད་ཡོན་དང་། ཞབས་བསིལ་དང་། སོ་སོར་གནས་ལ་བཞུགས་སུ་གསོལ་ཏེ། ཨོཾ་བཻ་རོ་ཙ་ན། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་ལ་མཆོད་པ་ རྣམ་པ་ལྔ་ཕུལ་ལ། བསྟོད་པ་དང་ཕྱག་བྱའོ། །གསེར་རམ་དངུལ་ལམ་ཟངས་ལས་རྣམ་པར་རྒྱལ་བའི་བུམ་པ་བྱ། མ་འབྱོར་ན་ཁམ་པ་ལས་བྱ། དེ་ཉིད་དངོས་པོ་མེད་པར་བསམས་ལ། ཡི་གེ་བཾ་ལས་བྱུང་བ་ནག་པོ་ར་རི་མེད་པ། མགྲིན་པ་རིང་བ་ལྟོ་བ་ཆེ་བ་མཆུ་འཕྱངས་པ་བསྒོམས་ཏེ། དེའི་ནང་དུ་དྷི་ལས་པདྨ་དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་མ་ལས་ཉི་མའི་དཀྱིལ་འཁོར། སྔ་མ་བཞིན་དུ་ལྷའི་འཁོར་ལོ་བསམས་ལ། དེ་རྣམ་པར་གྱུར་པ་ལས་བདུད་རྩིའི་ཆུས་གང་བར་བསྒོམས་ཏེ། དེ་ནས་དྲི་བླུགས་ལ། སྨན་ལ་སོགས་པ་དང་ལྡན་པར་བྱས་ཏེ། ཤྭེ་ཏ་བྲྀ་ ཧ་ཏི་ཨ་པ་ར་ཛི་ཏ་དཎྜཱ་ཨུཏྤ་ལ་ཀཎྜ་ཀ་རི་ཧ་ས་དེ་བ་ལ་སོགས་པའི་རྩ་བ་ལས་བྱས་ཏེ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་རྟགས་སུ་བྱས་པའོ། །ནས་སོ་བ་དང་། སྲན་མ་ཤ་དང་། ནས་དང་། ཏིལ་དང་། གྲོ་འདི་རྣམས་ནི་དེ་བཞིན་གཤེགས་པའི་ཐུགས་ ཀྱི་རང་བཞིན་ནོ། །ཤེལ་དང་། དངུལ་དང་། མུ་ཏིག་དང་། དུང་དང་། བྱེ་རུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མདོག་གི་རྟགས་སོ། །ནང་གི་བུམ་པ་ལ་ནི་འདི་རྣམས་གཞུག་པར་བྱ་སྟེ། ཟླ་བ་དང་ཉི་མ་དང་། ཆུ་དང་དྲི་དང་བཟའ་བ་རྣམས་སུ་གཞུག་གོ། །བུམ་པ་ལ་ འཁོར་ལོའི་བདག་པོའི་མཚན་མ་ལ་སོགས་པ་ལྔ་དང་ལྡན་པར་བྱ་ཞིང་དཀར་པོ་དང་། དམར་པོ་དང་། སེར་པོ་དང་། ལྗང་གུ་དང་། སྔོན་པོའི་རིགས་རྣམས་ཀྱིས་མགུལ་པ་བཅིང་བར་བྱའོ། །མ་འབྱོར་ན་རས་ཅུང་ཟད་ཅིག་གིས་སྤྱིར་བྱའོ། །ཤིང་འོ་མ་ཅན་འབྲས་བུ་དང་ བཅས་པ་ཁ་བརྒྱན་པར་བྱའོ། །གཙོ་བོའི་ཕྱག་རྒྱའམ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བསྟན་ཅིང་། གཙོ་བོའི་སྔགས་སྟོང་རྩ་བརྒྱད་དམ་བརྒྱ་རྩ་བརྒྱད་བཟླས་ལ་གཞག་པར་བྱའོ། །ཡང་ན་སྤྱིའི་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ལ་གཞག །ཨོཾ་བཛྲ་ཨུ་ཏ་ག་ཧཱུཾ། ཞེས་བྱ་བས་སོ། །དེ་ནས་བུམ་ པའི་གཞི་མེ་ཏོག་དཀར་པོ་ཆལ་པར་བཀྲམ་པའམ། རས་བཏིང་པའི་སྟེང་དུ་གཞག་གོ། །དེ་བཞིན་དུ་མཆོད་ཡོན་གྱི་སྣོད་གཉིས་ཆུ་དང་བཅས་པ་བཞག་ལ། དཀྱིལ་འཁོར་མཆོད་པའི་ཞག་གི་བར་དུ་ཉིན་རེ་ལན་གསུམ་དུ་ཕྱི་ནང་གི་མཆོད་པ་དང་། ཏིང་ངེ་འཛིན་དང་བཟླས་པ་བྱའོ། །དེ་ ནས་དཀྱིལ་འཁོར་མཆོད་པའི་དུས་སུ་དཀྱིལ་འཁོར་བསྐོར་ལ་དང་པོ་དབུས་སུ་གཞག །དེ་ནས་ལྷ་སོ་སོའི་གནས་སུ་གཞག་གོ། །བུམ་པའི་གྲངས་ནི་དཀྱིལ་འཁོར་གྱི་ལྷ་དུ་ཡོད་པ་དེ་ཙམ་དུ་བྱའོ། །དེ་མ་འབྱོར་ན་བཅུ་ལས་ཉུང་བར་མི་བྱའོ་ཞེས་རྒྱུད་ལས་འབྱུང་། སྨན་དང་། འབྲུ་དང་། རིན་པོ་ ཆེ་དང་ལྡན་པ་རས་ཟུང་དང་། མེ་ཏོག་གི་ཕྲེང་བ་དང་། ཙནྡན་དང་གུར་ཀུམ་ལ་སོགས་པའི་དྲི་བཟང་པོས་བསྐུས་པའི་བུམ་པ། རང་གི་ལྷའི་མཚན་མ་དང་ལྡན་པའི་རིམ་བཞིན་དུ་གཞག་པར་བྱ། དེ་ནས་ལས་ཐམས་ཅད་པའི་བུམ་པ་ལ་བགེགས་བསྐྲད་པའི་སྔགས་བཟླ་ཞིང་། སྣ་ཚོགས་རྡོ་རྗེས་ མཚན་པ་ལ་མཆོད་པ་བྱ་སྟེ། ཕྱི་རོལ་དུ་བྱང་ཤར་མཚམས་སུ་གཞག་པར་བྱ་སྟེ། འདི་སྐད་གསོལ་བ་གདབ་པར་བྱ། ཁྱེད་ཀྱིས་དཀྱིལ་འཁོར་མ་རྫོགས་ཀྱི་བར་དུ། བགེགས་མ་རུངས་པ་རྣམས་བསྲུང་དུ་གསོལ་ཞེས་བྱ་བ་ནི་བུམ་པའི་སྟ་གོན་གྱི་ཆོ་གའོ། །ཕྱི་རོལ་དུ་སོང་སྟེ་རྣམ་ པར་སྣང་མཛད་ཀྱི་རྣལ་འབྱོར་དུ་གནས་ལ། ཕྱོགས་སྐྱོང་ལ་གཏོར་མ་བཏང་སྟེ་ཞི་བའི་སྦྱིན་སྲེག་བྱའོ། །དཀྱིལ་འཁོར་གྱི་སར་ཞུགས་ཏེ་སྔ་མ་བཞིན་དུ་ཏིང་ངེ་འཛིན་ལ་གནས་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཨོཾ་པདྨ་ས་ར་སྭ་དྭ་ཨ་པ་ར་ཏ་ཡ་ཤོ་དྷ་ཡ་ཧཱུཾ་ཧྲཱི་དྷི། ལྕེ་བྱིན་གྱིས་ བརླབས་པ་བྱས་ནས། ལག་པར་བདུག་སྤོས་ཐོགས་ཏེ། པུས་མོ་ས་ལ་བཙུགས་ནས་འདི་སྐད་གསོལ་བ་གདབ་པར་བྱའོ། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ལ་བརྩེ་བར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་ རྣམས་ལ་ཡང་བརྩེ་བའི་ཕྱིར། །ས་འདིར་དཀྱིལ་འཁོར་བྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་སྣང་བ་མཛད་པའི་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གསང་སྔགས་ལྷ་གཞན་གང་ལགས་དང་། ། འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་སུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་མིང་འདི་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སང་ནི་དཀྱིལ་འཁོར་བཟང་པོའི་མིང་། །འདི་ཞེས་ བགྱི་བ་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་བྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་བསམ་པ་ཐག་པ་ནས། བསྟོད་ པ་དང་ཕྱག་བྱས་ཏེ། ཕྱི་རོལ་དུ་བྱུང་ནས་སློབ་མ་སྟ་གོན་དུ་གནས་པར་བྱ་སྟེ། དེ་ནས་ལུས་བཀྲུ་བ་དང་། དག་པ་དང་གོས་གཙང་མ་བགོས་ལ། སྙིམ་པ་མེ་ཏོག་གིས་བཀང་ལ། སློབ་དཔོན་ལ་ཕྱག་བྱས་ཏེ་གསོལ་བ་གདབ་པར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་པ་པས། སློབ་ དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་ བདག་ནི་འཇུག་པར་བགྱི། །འདི་སྐད་ཅེས་ལན་གསུམ་བརྗོད་དོ། །དེ་ནས་སློབ་དཔོན་གྱིས་མཚན་ཉིད་དང་ལྡན་པའི་སློབ་མ་བོས་ཏེ། འདི་སྐད་བརྗོད་པར་བྱའོ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་གོ་ཆ་ནི། །ཁྱོད་ལ་ཡང་ དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཞིང་བཞུགས་པ་དག །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་མཆོག་བཟང་འདི་མཁྱེན་ནས། །དཔའ་བོས་བྱང་ ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པར་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །རྟོག་ པ་མང་པོ་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །དེ་ནས་ཆོ་ག་འདིས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག །བདག་གིས་སྡིག་པ་ཅི་བགྱིས་དང་། ། བགྱིད་དུ་སྩལ་ལ་ཡི་རང་བ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །དེ་དག་བདག་གིས་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །བསྒོམ་དང་བཟླས་བརྗོད་བསོད་ནམས་ཀྱི། །དེ་དག་བདག་ནི་ཡི་རང་ངོ་། །སེམས་ བསྐྱེད་མངོན་པར་སངས་རྒྱས་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །བྱང་ཆུབ་སེམས་དཔའ་ཚོགས་སྤྱོད་དང་། །དེ་ནས་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་འབྱུང་བ་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །དེ་རིང་ཉིད་དུ་ སེམས་བསྐྱེད་དོ། །མགོན་པོ་བདག་ལ་དགོངས་སུ་གསོལ། །མ་ལུས་བཞུགས་པའི་སངས་རྒྱས་རྣམས། །དུས་འདི་ཉིད་ནས་འཚང་རྒྱའི་བར། །བླ་མེད་བདག་ལ་གཟིགས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་ རྣལ་འབྱོར་སྡོམ་པ་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ ཞིང་ནི་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨ་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་བསྡུ་བ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །དེ་བཞིན་བརྟན་པོར་གཟུང་བར་བགྱི། །བདག་གི་དགེ་བའི་ཆོས་རྣམས་འདི་དག་གིས། །འཇིག་རྟེན་ མི་རིང་སངས་རྒྱས་མྱུར་བསྒྲུབ་ནས། །སེམས་ཅན་འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །བླ་མེད་བྱང་ཆུབ་ཉིད་དུ་བསྒྲལ་བར་བགྱི། །ཞེས་ཞུས་པ། སློབ་དཔོན་གྱིས་སློབ་མ་ལ་བསྲུང་བ་བྱ་སྟེ། ཁྲོ་བོའི་སྔགས་ཀྱིས་ཚེམས་ཤིང་ལ་བཟླས་པ་བྱའོ། །སོ་ཤིང་ཆོ་ག་ནི་འདིའོ། །ཨུ་དུམྺཱ་ར་ ཨ་ཤྭདྠ། མེ་ཏོག་བཅིངས་ཤིང་དྲི་ཡིས་བྱུག །སོར་ནི་བཅུ་གཉིས་ཚད་དུ་བྱ། །མ་ཡོ་མ་གས་འབུས་མ་ཟོས། །ལྕི་བས་བ་ཡི་ཀོ་བ་ཙམ། །ས་གཞི་མཎྜལ་བྱས་ནས་ནི། །སློབ་མ་དེ་ཡི་སྟེང་བཞག་ནས། །མེ་ཏོག་ལ་སོགས་མཆོད་པ་བྱ། །སློབ་མའི་ཚོགས་ལ་སྦྱིན་པར་བྱ། །དེ་ ནས་ཤར་ཕྱོགས་ཁ་བལྟས་ཏེ། །མི་སྨྲ་བར་ནི་སོ་ཤིང་བཅའ། །བཅའ་བ་ཟིན་ནས་མི་དགབ་ཤིང་། །ཕན་ཚུན་དུ་ཡང་མི་དོར་རོ། །དེ་ཚེ་བདག་ལ་བལྟ་བ་དང་། །རྩེ་མོ་གྱེན་དུ་འགྲེང་གྱུར་ན། །དེ་ནི་དངོས་གྲུབ་མཆོག་ཅེས་བྱ། །དེ་བཞིན་ཤར་དུ་ཁ་བལྟས་ན། །དེ་ཡིས་དངོས་གྲུབ་འབྲིང་ དུ་བཤད། །མཚམས་དང་བྱང་དུ་ཁ་བལྟས་ན། །འཇིག་རྟེན་པ་ཡི་དངོས་གྲུབ་འགྲུབ། །སོ་ཤིང་བོར་བ་བརྒྱ་ཞིག་ལ། །གལ་ཏེ་ཐུར་དུ་ཁ་བལྟས་ན། །དེ་ནི་ངེས་པར་ས་འོག་གི །དངོས་གྲུབ་དེ་ལ་ཐེ་ཚོམ་མེད། །དེ་ནས་དྲིའི་ཆུས་ལག་པ་བཀྲུས་ཏེ། འཐོར་འཐུང་བྱའོ། །ཡང་ཨོཾ་ཧྲི་ བི་ཤུདྡྷ་སརྦ་དྷརྨཱ་སྶརྦ་པཱ་པ་ནི་ཙ་སྱ་སཾ་ཤོ་དྷ་ཡ་སརྦ་བི་ཀལྤཱ་པ་ནཱ་ཡ་ཧཱུཾ། ཞེས་བྱ་བ་མངོན་པར་བཟླས་པའི་ཆུ་ཁྱོར་བ་གསུམ་འཐུང་དུ་གཞུག་པར་བྱ་བའི་ཕྱིར་སྦྱིན་པར་བྱའོ། །དེའི་འོག་ཏུ་སློབ་མ་རྣམས་ལ་སེམས་དགའ་བར་བྱ་བའི་ཕྱིར། ཆོས་བསྟན་པར་བྱའོ། །བར་འདིར་ཆོས་བསྟན་ པའི་ཆོ་ག་གཞན་དུ་ལྟོས། དེ་ནས་རྩ་བའི་སྔགས་ཀྱིས་ཀུ་ཤ་ལ་བཟླས་ལ། འོག་གི་ཕྱོགས་སུ་ཞོག་ཅེས་བསྒོ། །བགེགས་ཀྱི་དགྲའི་སྔགས་བཟླས་པ། །སྟན་དུ་ཡང་ནི་གདིང་བར་བྱ། །གྲངས་དྲུག་མདུད་དྲུག་བྱས་པ་ཡི། །སྲུང་སྐུད་དཔུང་པ་གཡོན་པར་གདགས། ། ཡི་གེ་བརྒྱ་པས་བརྟན་བྱས་པ། །བསྲུང་བའི་ཕྱིར་ནི་གདགས་པར་བྱའོ། །དེ་ནས་བཞིན་བཟང་རྣམས་ལོངས་ཤིག །སང་གི་ཉིན་མོ་ཁྱེད་རྣམས་ཀྱིས། །ཐར་པ་ཆེན་པོའི་རང་བཞིན་གྱི། །གྲོང་ཁྱེར་ཆེན་པོ་མཐོང་འགྱུར་གྱིས། །དེ་ནས་སྔ་མ་བཞིན་དུ་མཆོད་པ་རྣམ་པ་ལྔ་བྱས་ནས། གཏོར་མ་ བཏང་སྟེ་ནང་དུ་ཞུགས་ནས་དཀྱིལ་འཁོར་ལ་ཕྱི་ནང་གི་མཆོད་པས་ཡང་དག་པར་མཆོད་དེ། གནས་དེ་ཉིད་དུ་ཀུ་ཤའི་སྟན་ལ་སློབ་མ་དཀྱིལ་འཁོར་གྱི་འགྲམ་དུ་སེང་གེའི་ཉལ་སྟབས་སུ་འདུག་ལ། རྨི་ལམ་གྱི་མཚན་མ་བལྟ་བའི་ཕྱིར། མི་སྨྲ་བར་བསམ་པའི་སེམས་ཀྱིས་ཉལ་བར་བྱའོ། ། དེ་ནང་པར་མཚན་མོའི་མཐར་རྨི་ལམ་གང་དང་གང་མཐོང་བ་དྲི་བར་བྱ། དྲི་བ་ཐོས་ནས་རྨི་ལམ་བཟང་ངན་འཛེམ་པ་མེད་པར་བསྟན་པར་བྱའོ། །རྨི་ལམ་སངས་རྒྱས་མཐོང་བ་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །ཞེས་བྱ་བ་ལ་སོགས་པ་སྨོས། རྨི་ལམ་བཟང་པོ་མཐོང་ན་སློབ་མ་ལ་རྗེས་སུ་ ཡི་རང་བ་དང་། དངོས་གྲུབ་རབ་འབྲིང་ཐ་མ་བསྟན་པར་བྱའོ། །ངན་པ་མཐོང་ན་བའི་རྣམ་པ་ལྔ་ལ་ཁྲོ་བོའི་སྔགས་བཟླས་ཏེ། འཐུང་དུ་གཞུག་ཅིང་བསྲུང་བ་བྱ། འགྲུབ་ན་དྲག་པོའི་སྦྱིན་སྲེག་ཀྱང་བྱ་ཞིང་རྟོག་པ་བསལ་བར་བྱའོ། །དེ་ནས་སློབ་དཔོན་ཕྱག་རྒྱ་ཆེན་པོ་དང་ལྡན་པར་བྱས་ཏེ། སྔ་མ་བཞིན་དུ་ཕུར་བུ་དང་དྲ་བ་དང་ར་བ་དང་ཕྱོགས་བཅིང་བར་བྱའོ། །ཡི་གེ་གསུམ་ལས་རི་རབ་བསྐྱེད། དེའི་སྟེང་དུ་བདག་ཉིད་རྣམ་པར་སྣང་མཛད་དུ་བསྒོམས་ཏེ། དེ་ལས་སྤྲུལ་པ་བྱུང་བས་སྲད་བུ་འཛིན་པར་བསམས་ལ། ངེས་པར་དཀྱིལ་འཁོར་བྱ་བ་ནི། །སུ་ཞིག་གིས་ ནི་བྱ་བར་ནུས། །ལྷ་ཡི་རྣལ་འབྱོར་རང་གནས་ན། །དཀྱིལ་འཁོར་འགྲུབ་པར་འགྱུར་བ་ཡིན། །ཞེས་རྒྱུད་ལས་འབྱུང་བ་ཡིན་ནོ། །དེ་ནས་ལས་ཐམས་ཅད་པའི་བུམ་པ་བསང་གཏོར་བྱ་བའི་ཕྱིར་བཞག་སྟེ། དཀྱིལ་འཁོར་ཐིག་གདབ་པར་བྱའོ། །གླུ་དང་རོལ་མོ་མེ་ཏོག་ ལ་སོགས་པ། །མཆོད་པ་རང་བཞིན་གྱི་དཀྱིལ་འཁོར་ལ་བྱའོ། །དེའི་འོག་ཏུ་སྲད་བུ་སོ་སོར་བྱས་ཏེ། དཀར་པོ་དང་སེར་པོ་དང་། སྔོན་པོ་དང་དམར་པོ་དང་། ལྗང་གུ་རྣམས་ལ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཁཾ། ཞེས་བྱ་བའི་ཡི་གེ་འབྲུ་ལྔ་བཟླས་ལ། རྣམ་པར་སྣང་མཛད་ལ་སོགས་པ་ བསྒོམས་ཏེ། མིག་གཡས་གཡོན་ལ་ཉི་མ་དང་ཟླ་བ་བསམས་ཏེ། ཨོཾ་དི་བ་དྷྲ་རིཥྛ་ཨཾ་ཀུ་ཛཿ། ཞེས་བཟླས་ལ། ལྕགས་ཀྱུ་འདྲ་བའི་འོད་ཟེར་གྱི་སྤྲིན་འབྱུང་བས། རྣམ་པར་སྣང་མཛད་ལ་སོགས་པ་བསྐུལ་ཏེ། ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ནས། འདི་སྐད་ཅེས་གསོལ་བ་གདབ་ པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་ཐིག་གདབ་པའི་རྡོ་རྗེ་སྲད་བུ་སྩལ་དུ་གསོལ། དེ་ནས་ཡེ་ཤེས་སྤྱན་གྱིས་གཟིགས་ནས། རྣམ་པར་སྣང་མཛད་ལ་སོགས་པའི་ཐུགས་ནས་ཕྱུང་སྟེ། ལྕགས་ཀྱུས་བསྐུལ་བའི་ཚུལ་དུ། རང་གི་ལག་ཏུ་འོང་བར་བསམས་ཏེ། རྣམ་ པར་སྣང་མཛད་མདུན་དུ་དམིགས་ལ། ཨོཾ་ཛི་ན་ཛིཀ་སྭཱ་ཧཱ། ཞེས་བརྗོད་ལ་བསྒྲིལ་བར་བྱའོ། །དེ་ནས་ཙནྡན་བཟང་པོ་ལ་སོགས་པས། ལེགས་པར་བསྐུས་པའི་གསེར་གྱི་སྣོད་ལ་སོགས་པའི་ནང་དུ་ལེགས་པར་བཞག་ལ། མེ་ཏོག་ལ་སོགས་པས་མཆོད་དེ། རྡོ་རྗེའི་མིག་བྱས་ལ། རྡོ་རྗེ་ཁུ་ཚུར་གྱིས་སྲད་བུ་བཟུང་ལ། ཨོཾ་བཛྲ་བེ་ཡ་མ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ། ཞེས་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །ཨོཾ་ཨོཾ་ཧཱུཾ། ཞེས་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །ཡང་དཀྱིལ་འཁོར་དྲི་བཟང་པོས་བྱུགས་ཏེ། ཕྱི་རོལ་འཁོར་བར་མེ་ཏོག་བཀྲམ་ནས་ནམ་མཁའ་ན་བཞུགས་པའི་དཀྱིལ་ འཁོར་གྱི་ལྷ་ཐམས་ཅད་ལ་མཆོད་ཡོན་ཕུལ་ཏེ། མེ་ཏོག་ལ་སོགས་པ་མཆོད་པ་རྣམ་པ་ལྔ་དབུལ། སྒེག་མོ་ལ་སོགས་པ་ཕྱི་ནང་གི་མཆོད་པས་ཀྱང་མཆོད། གླུ་དང་རོལ་མོ་སོགས་པ་ཅི་ནུས་ཀྱིས་མཆོད་ནས། སྔགས་པ་རང་ཉིད་ཀྱིས་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱའོ། ། དེ་ལ་རིམ་པ་ནི་འདི་ཡིན་ཏེ། བདག་ཉིད་རྣམ་པར་སྣང་མཛད་རྣལ་འབྱོར་དུ་བྱས་ཏེ། ཨོཾ་ཛི་ན་ཛིཀ །ཅེས་བྱ་བའི་སྙིང་པོ་ཅི་ནུས་སུ་བརྗོད་ནས། རྣམ་པར་སྣང་མཛད་དུ་གྱུར་པའི་སྙིང་ག་ལས། གྲོགས་པོ་སྤྲུལ་ནས་བྱིན་གྱིས་བརླབས་པ་དང་དབང་བསྐུར་བ་བྱ་སྟེ། མདུན་དུ་ བལྟ་བར་བྱས་ནས་ཕན་ཚུན་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། དཀྱིལ་འཁོར་གྱི་ཉིས་འགྱུར་གྱི་ཚད་སྦོམས་སུ་སྒོའི་ཉི་ཤུའི་ཆའི་སྲད་བུ་རྡོ་རྗེ་ཁུ་ཚུར་གཡོན་པས་བཟུང་ལ། ཕྱོགས་ཐམས་ཅད་མཉམ་པར་དམིགས་ཤིང་། ཨོཾ་ཛ་ཛ་ཛ། ཞེས་བྱ་བ་གསུམ་བརྗོད་ལ་ ལག་པ་གཡས་པས་བླངས་ཏེ། གྲོགས་པོའི་ལག་ཏུ་གཏད་པར་བྱའོ། །གྲོགས་པོས་རྐང་པ་མདུན་དུ་བསྣུར་ནས། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཛ་ཛ་ཛ་གསུམ་བརྗོད་ནས་བླངས་ཏེ། སློབ་དཔོན་ནུབ་ཏུ་འདུག་ལ་ཁ་ཤར་དུ་བལྟ་བ་དང་། དེ་བཞིན་དུ་ལྷོར་འདུག་ལ་བྱང་དུ་བལྟས་ ལ་གནམ་ཐིག་གདབ་པར་བྱའོ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། ཞེས་གཉིས་ཀས་བརྗོད་པར་བྱའོ། །སྔ་མ་ཇི་ལྟ་བ་བཞིན་དུ་མཚུངས་པའི་ཐིག་ཀྱང་དེ་བཞིན་དུ་གདབ་པར་བྱའོ། །སློབ་དཔོན་དང་སློབ་མ་གཉིས་གཡས་སུ་བསྐོར་བར་བྱའོ། །དེ་ནས་མེའི་ཕྱོགས་སུ་འདུག་ལ་བྱང་དུ་ མངོན་པར་ཕྱོགས་པར་བྱས་ནས། ཕྱིའི་དཀྱིལ་འཁོར་གྱི་ཤར་ངོས་ཀྱི་ཐིག་གདབ་པར་བྱའོ། །རླུང་གི་ཕྱོགས་སུ་གནས་ནས་ལྷོར་མངོན་པར་ཕྱོགས་ཏེ་ནུབ་ཏུ་ཐིག་གདབ་བོ། །དེ་བཞིན་དུ་འདུག་ལ་ཤར་དུ་ཕྱོགས་ཏེ་བྱང་གི་ཐིག་གདབ་བོ། །ཡང་མེའི་ཕྱོགས་ཆར་འདུག་ལ། ནུབ་ ཏུ་མངོན་པར་ཕྱོགས་ལ་ལྷོའི་ངོས་སུ་ཐིག་གདབ་བོ། །དེ་བཞིན་དུ་འདུག་ལ་རླུང་ཕྱོགས་སུ་བྲི་བར་བྱའོ། །ཡང་བདེན་བྲལ་གྱི་ཕྱོགས་སུ་འདུག་ལ། དབང་ལྡན་གྱི་མཚམས་སུ་སྲད་བུ་བྲེ་བར་བྱ་སྟེ། ཆ་བཞིར་བགོས་ཏེ་ཕྱེད་ནི་ནང་གི །ཕྱེད་ནི་ཕྱིའི་ས། རིམ་པ་འདི་བཞིན་དུ་དཀྱིལ་ འཁོར་ཐམས་ཅད་ལ་ཐིག་གདབ་པར་བྱའོ། །ཐིག་སྐུད་ཆད་ན་བླ་མ་འཆི། །རིང་ཐུང་ཁྱེར་ན་ན་བར་འགྱུར། །ཕྱོགས་འཁྲུལ་སློབ་མ་མྱོས་པར་འགྱུར། །དེས་ན་ནན་ཏན་ཐམས་ཅད་དུ། །ཐིག་སྐུད་ལས་ནི་འབད་པར་བྱ། །དེ་བཞིན་དུ་ཐིག་གདབ་པར་བྱ་སྟེ། ཡེ་ཤེས་ཀྱི་ཐིག་སྐུད་ཀྱང་སྔ་མ་ བཞིན་དུ་མཆོད་དེ། གཤེགས་སུ་གསོལ་བར་བྱའོ། །དེ་ནས་སྔ་མ་ཡེ་ཤེས་ཀྱི་སྐུད་པ་ལ་ཡིག་འབྲུ་ཇི་ལྟར་བཀོད་པ་བཞིན་དུ། འདིར་ཚོན་ལ་ཡང་དགོད་པར་བྱ་སྟེ། དེ་ནས་དཀྱིལ་འཁོར་བྲི་བ་ནི། །ལྕགས་ནི་སྣ་ལྔའི་ཕྱེ་མ་སྟེ། །མཁས་པས་དཀར་པོ་ལ་སོགས་པའོ། །དད་ཅིང་ ཡོན་ཏན་ལྡན་པ་ཡི། །སློབ་མས་རིན་ཆེན་ཕྱེ་མས་བྲི། །རིན་ཆེན་ལྕགས་རྣམས་མ་འབྱོར་ན། །སཱ་ལུ་བཏགས་པའི་ཕྱེ་མས་བྲི། །ཚོན་རྩི་ཞིབ་མོས་སྔར་བཤད་པ། །འབྱུང་ཁུངས་ལས་བྱུང་ཕྱེ་མས་བྱ། །རྡོ་རྗེའི་མཁས་ནི་སྣ་ཚོགས་ཀྱང་། །ཕྱེ་མའི་གོར་ནི་སྦྱར་བར་བྱ། །དེ་ལྟར་རྣམ་པ་ བཞི་པོ་ནི། །ཕྱེ་མའི་རྒྱུར་ནི་གྲགས་པ་ཡིན། །ལྕགས་རྣམས་ཀུན་དང་རིན་ཆེན་དང་། །འབྱུང་ཁུངས་རྣམས་དང་འབྲས་བཏགས་པ། །དཀྱིལ་འཁོར་ཀུན་གྱི་ལས་རྣམས་ལ། །ཕྱེ་མ་དོན་དུ་སྦྱར་བར་བྱ། དམ་ཚིག་ལ་ནི་ལྕགས་ཀྱི་ཤིང་། །རིན་ཆེན་ལས་བྱུང་དབང་བསྐུར་ལ། །སཱ་ལུ་ ཕྱེ་མ་ཞི་བ་ལ། །ཁམས་ལས་བྱུང་བ་རྒྱས་པ་ལ། །དྲག་ཤུལ་སྤྱོད་པ་ཁྱད་པར་དུ། །ཐལ་བ་ལ་སོགས་བྱ་བར་ཤིས། །ཕྱེ་མ་རྣམས་ཀྱི་བྱེ་བྲག་གི། །ཆོ་གའི་རིམ་པ་བསྟན་པ་འདིའོ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བྱ་བའི་སྔགས་འདིས་ལན་བདུན་བདུན་བཟླས་ཏེ། དེ་ནས་ཚོན་རྩི་ ཐམས་ཅད་ལ། འབར་བའི་མིག་གིས་བལྟ་བར་བྱའོ། །དེ་ལ་འབར་བའི་མིག་གིས་བལྟ་བ་ནི་འདི་ཡིན་ཏེ། རབ་ཏུ་མྱུར་བར་གཡོ་བའི་མིག །མིག་གི་རྫི་མ་འདྲེན་པ་ནི། །འབར་བའི་ལྟ་བ་ཞེས་སུ་གསུངས། །འགྲོ་བ་ཐམས་ཅད་འགུགས་པའོ། །མཐར་ཡི་གེ་ཧྲི་དང་རྡོ་རྗེ་པདྨའི་ཕྱག་ རྒྱས་སྤར་བར་བྱའོ། །དེ་ནས་ཚོན་བཟང་པོ་བྱ་བའི་ཕྱིར་བདེན་པའི་བྱིན་གྱི་རླབས་བྱའོ། །བདེན་པ་གང་གིས་སེམས་ཅན་རྣམས་ལ་སངས་རྒྱས་རྣམས་སེམས་ཅན་དུ་དཔག་པས། ཆགས་པ་མཛད་པའི་བདེན་པ་དེ་ཚོན་རྩི་རྣམས་འབར་བར་གྱུར་ཅིག་ཅེས་བྱའོ། །དེ་ནས་བཅོམ་ལྡན་ འདས་རྣམ་པར་སྣང་མཛད་ཀྱི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། དེའི་འོག་ཏུ་རྡོ་རྗེ་དྲིལ་བུ་བླངས་ཏེ། དཀྲོལ་ཞིང་བཀྲ་ཤིས་ཀྱི་དབྱངས་རྣམས་བརྗོད། དེ་ནས་བཀྲ་ཤིས་ཀྱི་འདས་པའི་བསམ་པ་བཏང་ལ། འགྲོ་བའི་དོན་ལ་དམིགས་ཏེ། ཨོཾ་བཛྲ་ཙི་ཏྲ་ཞེས་བྱ་བའི་སྔགས་ཟློས་ཤིང་། རྡོ་རྗེ་ཁུ་ཚུར་གཡོན་པས། ཚོན་བླངས་ལ་དབང་ལྡན་གྱི་མཚམས་ནས་གཡས་སུ་བསྐོར་ཏེ། ཚོན་དགྱེ་བར་བྱའོ། །དེ་ནས་ཕྱིས་ཅི་བདེ་བར་བྱའོ། །ཚོན་དགྱེ་བ་ཡང་། མཉམ་དང་མ་འདྲེས་མ་ཡོ་བ། །བར་མ་ཆད་དང་གཡོན་མི་བསྐོར། སྦོམས་སུ་སྒོ་ཡི་ཉི་ཤུའི་ཚད། །རེ་ཁཱའི་རྣམས་ ཀྱང་དེ་ཙམ་བྱ། སྦོམས་ན་ནད་རྣམས་འབྱུང་བར་འགྱུར། །ཕྲས་ན་ཡང་ནི་ནོར་ཟད་འགྱུར། །སྤྲོ་བར་གྱུར་ན་མཛའ་བཤེས་འབྲལ། །བར་དུ་ཆད་ན་མཁན་སློབ་འཆི། །གཡོན་དུ་བསྐོར་ན་སྡུག་བསྔལ་འབབ། །དེ་བས་ཚོན་རྩི་ནན་ཏན་བྱ། །སྔོན་པོ་རྡོ་རྗེའི་རང་བཞིན་ཏེ། ། གཉིས་པ་གསེར་ལ་དམིགས་པ་དང་། །པདྨ་རཱ་གའི་རང་བཞིན་གཞན། །གཞན་དག་མར་གད་ལྟ་བུར་བཤད། །དཀར་པོ་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་འདོད། །ཤར་ཕྱོགས་སུ་ནི་སྔོན་པོ་ཆེ། །ལྷོར་ནི་སེར་པོ་ལེགས་སྦྱར་བ། །ནུབ་ཀྱི་ཆ་ནི་དམར་པོ་སྟེ། །བྱང་གི་ལྗང་ གུ་ཡང་དག་ལྡན། །དབུས་ཀྱི་ས་ཡི་ཆ་ཉིད་ནི། །ཤེལ་ལྟར་སྣང་བ་བླ་ན་མེད། །རྡོ་རྗེ་དྲིལ་བུ་རྟག་འཆང་བ། །ཤིན་ཏུ་མཉམ་གཞག་ལེགས་པར་བྲི། །གསང་སྔགས་དེ་ཉིད་ཡོངས་ཟློས་ཤིང་། །ཚོན་གྱིས་ཐིག་ནི་ཡོངས་སུ་དགང་། །འདི་ལྟར་བྱ་བ་ནི་དཀྱིལ་འཁོར་གྱི་ཚོན་ སྤྱིའི་རིམ་པའོ།། །།ཡང་གཞན་དུ་ན་དཀྱིལ་འཁོར་སྒོ་གཉིས་པའམ། གསུམ་པ་ཕྱ་ན་རྡོ་རྗེ་ཤུགས་ཀྱི་སྔགས་ཟློས་ཤིང་། དཀྱིལ་འཁོར་རྣམས་ནམ་མཁའ་ལ་འདེགས་ཤིང་བཞག་པར་བསམས་ལ། འཇུག་ཅིང་འབྱུང་བ་ལ་སྔགས་ནི་འདི། ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧཱུཾ། ཞེས་བརྗོད་ པར་བྱའོ། །དེ་ནས་དཀྱིལ་འཁོར་བྲིས་ཟིན་ནས་བགེགས་ཞི་བར་བྱ་བའི་ཕྱིར། ཁྲོ་བོའི་སྦྱོར་བ་བྱས་ལ། བགེགས་རྣམས་བསྐྲད་པ་དང་བསྲུང་བ་བྱའོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྔགས་དང་ཕྱག་རྒྱས་བཀུག་ལ་བགེགས་བསྐྲད་རང་གི་སྙིང་གའི་རྡོ་རྗེའི་དབུས་སུ་ལྷའི་འཁོར་ལོ་ བཞུགས་པར་བསམ་ཞིང་། ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ་ས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཨ་ཧཾ། ཞེས་བརྗོད་དོ། །འཁོར་ལོ་རིམ་བཞིན་བསྒོམས་པ་བཞིན་དུ། ཕྱག་མཚན་དང་། སྐུ་མདོག་དང་གོས་དང་རྒྱན་དང་ལྡན་པ་བཅུག་ཅིང་། མེ་ཏོག་ལ་སོགས་པས་མཆོད། ལྷའི་ སྔགས་རེ་རེ་བཟླས། གཙོ་བོའི་སྔགས་ལན་བདུན་བཟླས་ཏེ། དེ་ནས་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་བྱ་སྟེ། སྙིང་ག་ལས་ཕྱུང་ལ་ནམ་མཁའ་ལ་བཞུགས་སུ་གསོལ་ལོ། །ཡང་རྣམ་པ་གཞན་དུ་ན་སྙིང་གར་བཞག་སྟེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དུ་བྱས་ལ། མེ་ ཏོག་གི་ཕྲེང་བ་བླངས་ཏེ། ཨོཾ་ཨཱཿཧཱུྃ། ཞེས་བཟླས་ཞིང་། དཀྱིལ་འཁོར་གྱི་གནས་ཉིད་དུ། གཡས་གཡོན་ཉེས་པ་ཞི་བར་བྱ་བའི་ཕྱིར། ཁྲོ་བོའི་ལྟ་བས་བལྟ་ཞིང་། དྲིལ་བུ་དཀྲོལ་ལ་ལན་བདུན་བསྐོར་ཏེ། བཅོམ་ལྡན་འདས་ལ་ཕྲེང་བ་དབུལ་བར་བྱའོ། །རྡོ་རྗེ་གར་བྱ་ཞིང་བསྐོར་ ནས་སླར་ཕྲེང་བ་བླངས་ཏེ། རང་གི་མགོ་ལ་བཅིང་བར་བྱའོ། །དེའི་འོག་ཏུ་རྡོ་རྗེ་སློབ་དཔོན་མཉམ་པར་བཞག་པས། ཤར་དང་ལྷོ་དང་ནུབ་དང་བྱང་དུ་ཁ་བལྟས་ལ་ཡིད་ཀྱིས་འཁོར་ལོའི་སྒོ་དབྱེ་བར་བྱ་སྟེ། དེའི་སྔགས་དང་ཕྱག་རྒྱ་ནི་འདི་ཡིན་ནོ། །རྡོ་རྗེ་མཛུབ་མོ་ལེགས་པར་ནི། ། སྦྱར་ལ་བསྡམས་ཏེ་བཀན་ནས་སུ། །རབ་ཏུ་ཁྲོས་ནས་དབྱེ་བ་ནི། །སྒོ་དབྱེ་བའི་ཕྱོགས་ཡིན་ནོ། །ཨོཾ་བཛྲ་ཨུ་ཏ་གྷ་ཊ་ཡ་ས་མ་ཡ་པྲ་ཝེ་ཤ་ཡ་ཧཱུཾ། འདི་ནི་སྒོ་དབྱེ་བའི་ཆོ་གའོ། །དེ་ནས་རང་གི་ལུས་གཟུགས་བརྙན་གྱི་རྣལ་འབྱོར་བྱས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ དགུག་པ་དང་། གཞུག་པ་དང་བཅིང་བ་དང་། དབང་དུ་བྱས་ལ་བསྒྲུབ་པར་བྱ་སྟེ། དེའི་རིམ་པ་ནི་འདིའོ། །དབང་པོར་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དུ་བྱས་ལ། ཨོཾ་ཛི་ན་ཛིཀ་ཨཱ་ཀཪྵ་ཡ་ཛཿ། ཞེས་བྱ་བས་དགུག་ཅིང་། སངས་རྒྱས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ ཅད་ན། དཔལ་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་དང་བཅས་པ་དགྱེས་ཤིང་ནམ་མཁའ་ཁྱབ་པར་བསམས་ཏེ། རང་རང་གི་རྫུ་འཕྲུལ་གྱིས་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐོབ་པར་བྱ་ཞིང་། རང་རང་གི་གནས་སུ་གཞུག་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ ཅད་དགྱེས་པ་དང་བརྟན་པར་འགྱུར་རོ། །རང་དང་རྣམ་པར་སྣང་མཛད་དང་གཉིས་སུ་མེད་དེ་གྲོགས་ལྟར་གྱུར། དེ་ལྟར་སྒོ་ལ་སོགས་པ་ལ་ཛཿཧཱུཾ་བཾ་ཧོཿ། ཞེས་བྱ་བས་དགུག་ཅིང་། སྒོ་བ་རྣམས་བཞུགས་སུ་གསོལ་ལོ། །དེ་ལྟར་རྣམ་པར་སྣང་མཛད་དང་གཉིས་སུ་མེད་པར་རྣལ་འབྱོར་ དུ་བྱས་ཏེ། རང་གི་སྙིང་ག་ནས་འོད་ཟེར་བྱུང་བས་དཀྱིལ་འཁོར་གྱི་འཁོར་ལོ་གསལ་བར་བྱ་སྟེ། སྔར་གྱི་སྙིང་གའི་ལྷ་དང་དཀྱིལ་འཁོར་གྱི་ལྷ་སོ་སོར་ཐིམ་པར་བྱའོ། །དེའི་འོག་ཏུ་གཙོ་བོའི་སྙིང་པོ་བརྒྱ་རྩ་བཟླ་བར་བྱའོ། །འཁོར་རྣམས་ཀྱི་བདུན་བདུན་ནོ། །སྔ་མ་བཞིན་དམ་པས་ ཕྱག་རྒྱ་བཞིས་གདབ་པར་བྱ་སྟེ། དེ་ཙམ་གྱིས་དཀྱིལ་འཁོར་འགྲུབ་བོ། །དེ་ནས་གཙོ་བོའི་སྙིང་པོ་བཟླ་ཞིང་། དཀྱིལ་འཁོར་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་དོན་བྱས་ཏེ། སླར་ལོག་པར་རང་གི་གནས་ལ་བཞུགས་པར་བསྒོམས་ཏེ། ཨོཾ་བི་དྷ་བཛྲ་བ་ ཏི་ཏིཥྛ། ཞེས་རྡོ་རྗེ་བཅིངས་པ་བསྡམས་ཏེ། ཨོཾ་བཛྲ་མུཥྚི་བཾ། ཞེས་བྱ་བས་བརྟན་པར་བྱའོ། །དེ་ནས་མཆོད་ཡོན་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་རྣམ་པར་རྒྱལ་བའི་བུམ་པ་ལ་སྔགས་བཟླས། རྡོ་རྗེ་སེམས་མའི་ཕྱག་རྒྱའམ། གཙོ་བོའི་ཕྱག་རྒྱ་ བྱ་སྟེ། མེ་ཏོག་གི་ཕྲེང་བ་བླངས་ཏེ། སྔགས་འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ནས། རྣམ་པར་རྒྱལ་བའི་བུམ་པ་མདུན་དུ་བཞག་སྟེ། ཕྲེང་བ་བཅིང་བར་བྱའོ། །སྔགས་ནི་ཨོཾ་མ་ཧཱ་སུ་ཁ་བཛྲ་ཨོཾ་ཨ་མོ་གྷ་ས་མ་ཡོ་ད་ཀ་སིདྡྷི་ཨ་བྷི་ཥིཉྩ་སརྦ་མུ་ཁ་སཽ་མ་ན་སྱཾ་ད་ད་ཀུ་རུ་ཀུ་རུ་ཛཿཧཱུཾ་བཾ་ཧོཿ། ཞེས་བྱ་བས་བུམ་པ་གནས་སུ་གཞག་པར་བྱ། བུམ་པ་ཕྱི་མ་རྣམས་ལ་ཡང་རང་གི་མཚན་མ་བཏབ་ལ། སྤྱིའི་སྔགས་འདི་ལན་བདུན་བདུན་བཟླས་ཏེ། སྔགས་ནི་འདི་ཡིན་ནོ། །ཨོཾ་བཛྲོད་ཀ་ཧཱུཾ། ཞེས་བྱའོ། །སོ་སོའི་སྔགས་ཀྱིས་བཏབ་སྟེ། རང་རང་གི་གནས་སུ་གཞག་པར་ བྱའོ། །དེ་ནས་མཆོད་ཡོན་ལ་སོགས་པ་མཆོད་པ་རྣམ་པ་ལྔ་བྱ། ཨོཾ་བཻ་རོ་ཙ་ན་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བྱ་བ་དང་། སོ་སོའི་སྔགས་ལྔ་དང་མཆོད་པ་དབུལ། དེ་ནས་སྙིང་ག་ནས་འོད་ཟེར་ཕྱུང་སྟེ། ལཱ་སྱེ་ལ་སོགས་པ་བཅུ་དྲུག་བསྐུལ་ནས་དཀྱིལ་འཁོར་ལ་མཆོད་པར་ བསམ་མོ། །སྤྱིའི་ལྷ་མོའི་སྔགས་ནི་འདི་ཡིན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཧཱ་ས་ལ་སྱ་ར་ཏི་ཀྲི་ཌ་སཽ་ཁྱ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བྱ་བ་བརྗོད་དེ། དེ་ནས་ལས་ཐམས་ཅད་པའི་བུམ་པའི་ཆུས་གནས་ཐམས་ཅད་བསང་གཏོར་བྱ། དེ་ནས་ལྷ་བཤོས་ དང་། ཁུར་བ་སྣ་ཚོགས་དང་། འབྲས་ཆན་དང་། བཏུང་བའི་བྱེ་བྲག་ལ་སོགས་པ་མཆོད་པའི་དངོས་པོ་ཅི་འབྱོར་པ་ཡི་གེ་ཨོཾ་ཨཱཿཧཱུཾ། གཙོ་བོའི་སྔགས་ཀྱིས་བཏབ་སྟེ། དབུལ་བར་བྱའོ། །དེ་ནས་ཨོཾ་བཻ་རོ་ཙ་ན་པཱུ་ར་པཱུ་ར་ཨ་ཝརྟ་ཡ་ཧོཿ། ཞེས་བྱ་བའི་སྔགས་ཀྱིས་ལྷ་ ཐམས་ཅད་ལ་རས་དབུལ་ལོ། །དེ་ནས་ཡང་འབྱོར་ཚད་ཀྱི་བླ་རེ་དང་། གདུགས་དང་། རྒྱལ་མཚན་དང་། འཕན་ལ་སོགས་པ་ཡང་མཆོད་པའི་ཕྱིར་ལྷ་རྣམས་ལ་དབུལ་ལོ། །གླུ་དང་། གར་དང་། རོལ་མོ་དང་། རྩེད་མོ་དང་། དགའ་བ་ལ་སོགས་པའི་དངོས་པོ་དང་། ཏིང་ངེ་འཛིན་ གྱིས་མཆོད་པ་དཔག་ཏུ་མེད་པ་རྣམས་ཀྱིས་ཀྱང་མཆོད་པར་བྱའོ། །དེ་ནས་ཨོཾ་ཨ་ནུཏྟ་ར་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་ག་ཏཾ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ལན་བདུན་བརྗོད་པས་མཆོད་པའི་རྣམ་པར་གྱུར་ཏེ། ལྷ་རྣམས་མཉེས་ཤིང་བྱིན་གྱིས་བརླབ་པར་འགྱུར་རོ། །དེ་ ནས་ཉེས་པ་ཆེ་ཆུང་རྣམས་མེད་པར་བྱ་བའི་ཕྱིར། དྲིལ་བུ་དཀྲོལ་ཞིང་ཡི་གེ་བརྒྱ་བ་ལན་བདུན་བརྗོད་ཅིང་། དཀྱིལ་འཁོར་ལན་བདུན་བསྐོར་བ་བྱས་ནས། རྩ་བའི་སྒོར་སྟན་བདེ་བ་ལ་འདུག་སྟེ། ཏིང་ངེ་འཛིན་ལ་གནས་ཤིང་བཟླས་པ་བརྒྱའམ་སྟོང་ཅི་ནུས་བརྗོད་ལ་བརྟན་པར་བྱ་སྟེ། གསོལ་བ་གདབ་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར། ཐུགས་རྗེས་དངོས་གྲུབ་སྩལ་དུ་གསོལ། །དེ་ནས་སྒྲུབ་པའི་གྲོགས་པོ་དཀྱིལ་འཁོར་དུ་བཞག་ལ། རང་ཉིད་སྒོར་འདུག་ནས་ཁྲོ་བོའི་ང་རྒྱལ་བསྐྱེད་དེ། སྔ་མ་བཞིན་དུ་གཏོར་མ་བཏང་ངོ་། །དེ་ནས་ཉེས་པ་རྣམས་ སྦྱང་བའི་ཕྱིར། རང་གི་ལྷའི་རྣལ་འབྱོར་དུ་བྱ་བ་སྟེ། ལས་ཐམས་ཅད་པའི་ཐབ་ཁུང་བྱས་ནས། མར་ལ་སོགས་པའི་སྲེག་རྫས་ཀྱིས་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་སློབ་དཔོན་ལུས་བཀྲུས་ལ་དྲིས་བྱུགས་ལ་གོས་སྣ་ཚོགས་བགོ་བ་དང་། མེ་ཏོག་གི་ཕྲེང་བ་བཅིང་བ་དང་སུག་སྨེལ་ ལ་སོགས་པ་དྲི་བཟང་པོ་ཡང་བཅའོ། །སློབ་དཔོན་རང་ཉིད་དང་སྒྲུབ་པའི་གྲོགས་དང་། སྐྱེས་པ་དང་བུད་མེད་ལ་སོགས་པས་གར་གླུ་དང་བཀྲ་ཤིས་དང་རོལ་མོའི་ཆ་བྱད་རྣམས་ཀྱིས་མཆོད་པར་བྱའོ། །དེ་ལྟར་བྱས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་རློབ་ པར་འགྱུར་རོ། །ཤིན་ཏུ་ཐུགས་དགྱེས་པས་སྤྱན་མཛེས་པས་གཟིགས་ཤིང་བྱམས་པ་དང་། སྙིང་རྗེའི་ཤུགས་ཀྱིས་བདག་དང་སློབ་མའི་ཚོགས་རྣམས་ལ་དགོངས་ཤིང་གཟིགས་པར་གྱུར་ནས། བཀའ་དྲིན་སྐྱོབ་བོ། །དེ་ནས་སློབ་དཔོན་རང་ཉིད་ཀྱིས་ལྷའི་རྣལ་འབྱོར་དུ་བྱས་ལ། ཅི་བདེ་ བར་གནས་པར་བྱའོ། །དཀྱིལ་འཁོར་སྤྱིའི་ཆོ་ག་རྫོགས་སོ།། །།དེ་ནས་སློབ་མ་གཞུག་པའི་ཆོ་ག་བྱ་སྟེ། སློབ་དཔོན་བདག་ཉིད་དང་པོ་དཀྱིལ་འཁོར་དུ་འཇུག་པ་ནས། དབང་བསྐུར་བ་རྫོགས་ཀྱི་བར་དུ་བཀའ་ཉན་པར་བྱའོ། །དེ་ནས་སློབ་དཔོན་གྱིས་འདི་སྐད་བརྗོད་ པར་བྱའོ། །འདོད་ཆགས་ཆེན་པོ་ཀུན་འབྱུང་བ། །འཁོར་ལོ་དེ་ནི་གཟུགས་བརྙན་འདྲ། །སློབ་མའི་དོན་དུ་གྲོང་ཁྱེར་བྱས། །དེ་ཁོ་ན་ཉིད་བདེན་པར་བརྗོད། །དེ་ནས་སློབ་མ་ཡོལ་བའི་ཕྱི་རོལ་དུ་བཞག་སྟེ། སྔ་མ་བཞིན་དུ་སྡོམ་པ་བླངས་ལ། གོས་དམར་པོ་བགོས་པ་དང་། མིག་དང་ གདོང་གཡོགས་ལ་ལས་ཐམས་ཅད་པའི་ཆུས་བསང་གཏོར་བྱས་ལ། འདི་སྐད་བརྗོད་པར་བྱའོ། །ཀ་སྟྭཾ་སུ་ར་པྲ་ཏི་ཡཾ། སློབ་མས་འདི་སྐད་ལན་གདབ་པར་བྱའོ། །སུ་བྷ་གོ་ཧཾ་མ་ཧཱ་སུ་ཁ། དེ་ནས་ཤར་གྱི་སྒོར་བཞག་སྟེ། སྔགས་འདི་བརྗོད་ཅིང་ཕྱག