Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 68
Văn bản gốc(Tây Tạng)
Trang 19 / 22 (50.000 ký tự/trang)
ས་པ་ཐམས་ཅད་དུ་ཡང་དབྱེར་མེད་པ་ཐམས་ཅད་དུ་ཡང་དབྱེར་མེད་པས་འཕགས་པ་ཐམས་ཅད་ལ་ཡང་མཆོད་པར་བསྔོ། ཡིད་དགའ་བ་དང་མགུ་བའི་ལོངས་སྤྱོད་སེམས་ཅན་ཐམས་ཅད་ཀྱིས་ཀྱང་མྱོང་བར་བསྔོས་ན་བདག་གི་ཡིད་དགའ་བ་དང་ཉོན་མོངས་པའི་འཆིང་བར་མི་འགྱུར་བས་སུ་དགའ་ བར་བྱེད་པ་རྐྱེན་པོ་ཡང་བསོད་ནམས་ཐོབ་པར་འགྱུར་བས་རྣམ་པར་དག་པའི་ཕྱིར་རོ། །གཞུང་ལས། སྣང་བ་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་ཕྱག་རྒྱ་ ཆེན་པོའི་སྐུ་བས་གཟུགས་སྣང་བ་ཐམས་ཅད་ཀྱང་བདག་གི་ལྷའི་གཟུགས་མཐོང་བ་སྟེ། ཉོན་མོངས་པའི་འཆིང་བར་མི་འགྱུར་བས་རྣམ་པར་དག་པའི་ཕྱིར་རོ། །གཞུང་ལས་ལུས་བདེ་བ་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་ནི། སྟོང་པ་ཉིད་ཀྱི་ཡེ་ ཤེས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་དུས་ན་ལུས་ཉིད་བདག་གི་ལྷའི་གཟུགས་པས་སྡུག་བསྔལ་དང་ཉོན་མོངས་པ་ཐམས་ཅད་རང་བཞིན་གྱིས་མེད་པས་ན་ལུས་ཤིན་ཏུ་བདེ་བ་ཡིན་ཏེ། ལུས་ཀྱི་སྤྱོད་པ་ཐམས་ཅད་དེ་བཞིན་གཤེགས་པའི་ཕྱག་རྒྱས་བསྒྱུར་བས་ཉོན་མོངས་པའི་ འཆིང་བར་མི་འགྱུར་ཏེ་རྣམ་པར་དག་པའི་ཕྱིར་རོ། །གཞུང་ལས། ངག་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དུ་སྦྱོར་བའི་དུས་ན་ངག་གི་རང་བཞིན་ཐམས་ ཅད་ངོ་བོ་ཉིད་ཀྱིས་སྟོང་སྟེ། དེ་བཞིན་གཤེགས་པའི་སྐུའི་བྱིན་གྱིས་སྨྲས་སོ་ཅོག་ཐམས་ཅད་སྔགས་སུ་གྱུར་པས་ཉོན་མོངས་པའི་འཆིང་བར་མི་འགྱུར་གྱི་རྣམ་པར་དག་པའི་ཕྱིར་རོ། །གཞུང་ལས་ཡིད་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་དུས་ན་ཡིད་ཀྱི་རྣམ་པར་རྟོག་པ་ཅི་བྱུང་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་པས་བསྔོ་བ་མ་ནོར་ན་ཉོན་མོངས་པའི་འཆིང་བར་མི་འགྱུར་ཏེ་རྣམ་པར་དག་པའི་ཕྱིར་རོ། །གཞུང་ལས། གཟུགས་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་དུས་ན་གཟུགས་སོ་ཅོག་ཐམས་ཅད་རང་བཞིན་གྱིས་སྟོང་པའི་ཕྱིར་གཟུགས་དང་ཁ་དོག་དང་། དབྱིབས་ཇི་ ལྟར་མཐོང་བ་ཕྱག་རྒྱ་ཆེན་པོའི་སྐུ་ཉིད་ལ་མཆོད་པར་བསྔོ་བ་མ་ནོར་བས་སེམས་ཅན་ཉོན་མོངས་པའི་འཆིང་བར་མི་འགྱུར་གྱི་རྣམ་པར་དག་པའི་ཕྱིར་རོ། །གཞུང་ལས། སྒྲ་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་ དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་དུས་ན་སྒྲ་བོ་ཅོག་རང་བཞིན་མེད་པས་ཚིག་དང་རོ་ཀུན་སྙན་མི་སྙན་དབྱེར་མེད་པར་ཐམས་ཅད་རོལ་མོའི་སིལ་སྙན་སྣ་ཚོགས་ཀྱིས་བདག་ཉིད་ལྷའི་གཟུགས་ལ་མཆོད་པར་བསྔོས་ན་སྒྲ་ཐམས་ཅད་ཀྱི་ནང་ན་སྤྱོད་ཀྱང་ཉོན་མོངས་པའི་འཆིང་བར་ མི་འགྱུར་ཏེ་རྣམ་པར་དག་པའི་ཕྱིར་རོ། །གཞུང་ལས་དྲི་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་དུས་ན་དྲི་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་ པའི་ཕྱིར་དྲི་ཞིམ་པ་དང་། མི་ཞིམ་པ་ཁྱད་པར་དུ་མི་བྱེད་པར་དྲི་མཆོག་གིས་ལྷ་ཉིད་ལ་མཆོད་པར་བྱེད་པས་བསྔོས་ན་ཉོན་མོངས་པའི་འཆིང་བར་མི་འགྱུར་གྱི་བསོད་ནམས་སུ་འགྱུར་བས་རྣམ་པར་དག་པའི་ཕྱིར་རོ། །གཞུང་ལས་རོ་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་ དཔའི་ཚིག་གོ་ཞེས་འབྱུང་པ་ནི་སྟོང་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དུ་སྦྱོར་བའི་དུས་ན་རོ་ཐམས་ཅད་རང་བཞིན་གྱིས་སྟོང་པས་ན་ཁ་ཟས་ཞིམ་པོ་དང་མི་ཞིམ་པ་དང་། གཙང་བ་དང་། སྨེ་བ་མེད་དེ་ཐམས་ཅད་ཀྱང་ཟིལ་མངར་བདུད་རྩི་ལྟ་བུའི་ལྷ་ ལ་མཆོད་པར་བསྔོས་ན་ཉོན་མོངས་པའི་འཆིང་བར་མི་འགྱུར་གྱི་རྣམ་པར་དག་པའི་ཕྱིར་རོ། །གཞུང་ལས་རེག་བྱ་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་ནི། ཆོས་ཐམས་ཅད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་ པ་ཉིད་དུ་སྦྱོར་བའི་དུས་ན་བདེ་བ་དང་སྡུག་བསྔལ་གཉི་ག་མ་ཡིན་པའི་ལུས་ཀྱི་རེག་བྱ་ཐམས་ཅད་རང་བཞིན་གྱིས་སྟོང་པས་ན་བདེ་མི་བདེའི་ཁྱད་པར་གྱི་དབྱེ་བ་ཐམས་ཅད་ཀྱང་བདེ་བའི་མཆོག་གིས་བདག་གི་ལྷ་ཉིད་ལ་མཆོད་པར་བསྔོས་ན་ཉོན་མོངས་པའི་འཆིང་བ་མི་འགྱུར་གྱི་བསོད་ནམས་སུ་ འགྱུར་བས་རྣམ་པར་དག་པའི་ཕྱིར་རོ། །གཞུང་ལས་ཆོས་རྣམ་པར་དག་པའི་ཚིག་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཚིག་གོ་ཞེས་འབྱུང་བ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དུ་སྦྱོར་བའི་དུས་ན་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མི་སྐྱེ་མི་ འགག་རང་བཞིན་གྱིས་སྟོང་པ་ཡིན་པས་ཆོས་ཐམས་ཅད་དུ་སྤྱོད་པ་ལ་འཇུག་གིས་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པ་ཡིན་གྱི་ཉོན་མོངས་པའི་འཆིང་བར་མི་འགྱུར་བས་རྣམ་པར་དག་པའི་ཕྱིར་རོ། །དེ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་ལ་སོགས་པ་ཆོས་ཀུན་ལ་སྤྱོད་པའི་ཚེ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་ལ་སྦྱོར་བ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ། ཆོས་རྣམ་པ་སྣ་ཚོགས་ལ་སྤྱོད་ཅིང་བསྔོ་བ་མ་ནོར་བ་ནི་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་རོ། །གཞུང་ལས། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་རང་ བཞིན་གྱིས་སྟོང་པས་ངོ་བོ་ཉིད་རྣམ་པར་དག་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ་ཞེས་འབྱུང་བ་ནི། རྟག་ཏུ་སྨོས་པའི་ཆོས་ཀྱི་རྣམ་གྲངས་དེ་ལ་མ་རྟོགས་པའི་ཆོས་ཞེས་བྱ་བ་གུད་ན་མེད་དེ། འཕགས་པའི་སྤྱོད་ཡུལ་དང་ བྱིས་པ་མ་རབ་ཀྱི་སྤྱོད་ཡུལ་ཡང་ཆོས་ཉིད་འདི་ལ་སྤྱོད་པར་བཟང་དེ། ཆོས་ཀྱི་མཚན་ཉིད་ཤེས་པ་དང་། མི་ཤེས་པའི་ཁྱད་པར་གྱི་ཉོན་མོངས་པའི་འཆིང་བ་དང་། རྣམ་པར་དག་པར་གྱུར་པས་བཟང་ངོ་། །དེའི་ཕྱིར་ན། རྟག་ཏུ་སྨོས་པའི་ཆོས་སོ་ཅོག་ཐམས་ཅད་རང་བཞིན་གྱིས་སྟོང་པ་ སྟེ། ཆོས་ཉིད་ཀྱི་རྣམ་པར་དག་པས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཇི་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སྟོང་པའི་མཚན་ཉིད་དེ་རྣམ་པར་དག་པ་ཞེས་བྱ་བའི་མཚན་མ་སྣ་ཚོགས་ལ་སྤྱོད་པ་ཡང་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ ལྡན་པས་ཤེས་རབ་དང་ཐབས་དབྱེར་མེད་པའི་འབྲེལ་པས་སྤྱོད་དོ་ཅོག་ཀྱང་ཆུད་མི་ཟོས་ཤིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ཤིང་དེ་བཞིན་གཤེགས་པའི་སྐུ་གསུམ་ཐོབ་པར་འགྱུར་རོ། །གཞུང་ལས། ལག་ན་རྡོ་རྗེ་གསང་བའི་བདག་པོ་སུ་ལ་ལས་ཆོས་ཐམས་ཅད་ ཀྱི་ངོ་བོ་ཉིད་རྣམ་པར་དག་པར་བསྒྲུབ་པའི་སྒོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ལན་ཅིག་ཐོས་ན་ཡང་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་སྒྲིབ་པ་དང་། མཆོད་པ་ཐམས་ཅད་དང་། ཉོན་མོངས་པའི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་ལ་སོགས་པ་སྒྲིབ་པ་ཆེན་པོ་མང་ དུ་བསགས་ཀྱང་སེམས་ཅན་དམྱལ་བ་དང་ངན་སོང་དུ་སྐྱེ་བ་ནམ་ཡང་མི་འགྱུར། སྡིག་པ་ཡང་བྱས་མ་ཐག་ཏུ་སྡུག་བསྔལ་མེད་པར་འགྱུར་རོ་ཞེས་འབྱུང་བ་ནི། རྡོ་རྗེ་རིགས་ཀྱི་གཙོ་བོ་ལག་ན་རྡོ་རྗེ་ལ་བཤད་དེ། སུ་ལ་ལ་ཞིག་ཆོས་རྒྱ་ཆེན་པོ་འདི་ལ་དད་པས་འཇུག་ན་ཆོས་འདི་ནི་རྣམ་པར་དག་ པའི་ཆོས། འདི་ནི་འཆིང་བའི་ཆོས། འདི་ནི་སྤྱོད་པའི་ཆོས། འདི་ནི་མི་སྤྱོད་པའོ་ཞེས་རྣམ་པར་དབྱེ་བ་མེད་དོ། །ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དག་པ་ནི་སྟོང་པ་ཉིད་དེ་ཡེ་ཤེས་དང་གཉིས་སུ་མེད་པར་མཉམ་པར་སྦྱོར་བ་ནི་རྣམ་པར་དག་པའི་སྒོ་མོ་ཡིན་ཏེ། ཆོས་རྒྱ་ཆེན་པོ་འདི་ ལན་ཅིག་ཐོས་ན་ཡང་ནམ་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། ཡང་དག་པའི་ཡེ་ཤེས་ཀྱི་བར་དུ་གཅོད་པ་ལ་སོགས་ཏེ་སྒྲིབ་པར་མི་འགྱུར་ཞེས་བྱ་བའི་ཆོས་ཐམས་ཅད་ཀྱི་ནང་དུ་བཞུགས་ཏེ་སྤྱོད་ཀྱིས་ཀྱང་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དང་ལྡན་པས་སྒྲིབ་ཅེས་བྱ་བའི་ཆོས་ཐམས་ཅད་ངོ་བོ་ཉིད་མ་བསྐྱེད་པར་རང་བཞིན་སྟོང་པས་ན་ཉོན་མོངས་པའི་འཆིང་བ་དང་། འབྲས་བུ་མེད་པས་དམྱལ་བ་དང་ངན་སོང་དུ་ནམས་ཀྱང་སྐྱེ་བར་མི་འགྱུར་ཞེས་གསུངས་པ་ཡིན་ནོ། །སྡིག་པ་ཉིད་ཀྱི་རང་ བཞིན་མེད་པས་སྤྱོད་པ་ཉིད་ཀྱི་ཚེ་ན་འཆིང་བར་མི་འགྱུར་ཏེ། སྡིག་པ་བྱས་མ་ཐག་ཏུ་སྡུག་བསྔལ་མེད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དང་ནན་ཏན་ཇི་ལྟར་བྱས་ན་འགྲུབ་ཅེ་ན། གཞུང་ལས། གང་འཛིན་པ་དང་། ཉིན་རེ་ཞིང་ཀློག་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་ བཞིན་དུ་ཡིད་ལ་བྱེད་པ་ན་ཞེས་འབྱུང་བ་སྟེ། བཅངས་ཏེ་མཉན་ནས་གཟུངས་སུ་འཛིན་པ་དང་འདྲིས་པར་བྱེད་པ་དང་། སྟོང་པ་ཉིད་དང་གཉིས་སུ་མེད་པའི་སྦྱོར་བ་ནན་ཏན་དུ་བྱེད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་ཆོས་བསྒྲུབ་པའི་དོན་ཇི་ལྟ་བུ་ཐོབ་པར་འགྱུར་ཞེ་ན། གཞུང་ལས་དེས་ཚེ་འདི་ཉིད་ལ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རྡོ་རྗེའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པས་ཆོས་ཐམས་ཅད་ལ་རབ་ཏུ་དབང་བར་འགྱུར། མོས་པ་དང་། དགའ་བ་དང་། རབ་ཏུ་དགའ་བ་ཐམས་ཅད་མྱོང་། བྱང་ཆུབ་སེམས་དཔའ་ཚེ་བཅུ་དྲུག་གིས་དེ་བཞིན་གཤེགས་པའི་རྡོ་རྗེའི་ཏིང་ འཛིན་རབ་ཏུ་ཐོབ་པར་འགྱུར་རོ། །ཧཱུཾ་ཞེས་འབྱུང་བ་སྟེ། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་སྦྱོར་བ་ཐམས་ཅད་ནན་ཏན་དུ་བྱེད་པ་ནི་ཐམས་ཅད་མཉམ་པ་ཉིད་ཀྱི་རྡོ་རྗེའི་ཏིང་ངེ་འཛིན་རབ་ཏུ་འཛིན་པས་ཆོས་སོ་ཅོག་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ལས་ཐ་མི་དད་པས་ སེམས་བསྐྱེད་པའི་ཕྱིར་དགེ་བ་དང་སྡིག་པའི་ཆོས་མཚུངས་པར་སྤྱོད་ཀྱིས་ཀྱང་འཆིང་བའི་ཉེས་པར་མི་འགྱུར་བས་ཆོས་ཐམས་ཅད་ལ་དབང་བ་ཡིན། འཇིག་རྟེན་གྱི་ལོངས་སྤྱོད་ཐམས་ཅད་མྱོང་བར་འགྱུར་ཀྱང་འཆིང་བའི་ཉེས་པར་མི་འགྱུར་བས་དུས་ཐམས་ཅད་དུ་གནོད་པའི་མི་བདེ་བ་མེད་པས་ཚེ་བཅུ་དྲུག་ གིས་དེ་བཞིན་གཤེགས་པའམ་རྡོ་རྗེ་འཛིན་རབ་ཏུ་ཐོབ་པར་འགྱུར་བ་ཡང་ཚེ་ཤིན་ཏུ་རིང་བའི་གནས་ནས་བསྒྲུབ་པ་ཡིན། ཧཱུཾ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བསྡུས་པའི་དོན་ཏེ། ཐོག་མ་མེད་པའི་ཚུན་ཆད་ཉོན་མོངས་པའི་ལས་ཀྱི་བག་ཆགས་ཐམས་ཅད་བསྡུས་ནས་མེད་པར་བྱ་བའི་དོན་ཏོ། །ཡང་ རྣམ་པ་གཅིག་ཏུ་ན་རྡོ་རྗེའི་རིགས་ཀྱི་སྙིང་པོ་སྟེ། རྡོ་རྗེ་བྱང་ཆུབ་སེམས་དཔའ་ཐམས་ཅད་ས་བོན་འདི་ལས་བསྐྱེད་པའི་ཕྱིར་བསོད་ནམས་ཀྱི་ཚོགས་ཐམས་ཅད་སྡུད་པའི་ཕྱིར་རོ། །ཡང་རྣམ་པ་གཅིག་ཏུ་ན་རྡོ་རྗེ་ལྟ་བུ་དྲག་ཤུལ་ཆེ་བའི་སྙིང་པོ་བས་སེམས་ཅན་གདུལ་དཀའ་བ་མ་རུངས་པ་ཐམས་ཅད་ བསྡུས་ནས་འཇོམས་ཤིང་འཇིག་པར་བྱེད་པའི་དོན་ཏོ། །གཞུང་ལས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་ཞེས་འབྱུང་བ་ནས། བཛྲ་ཧཱུཾ་ཞེས་བྱ་བའི་བར་དུ་སྟེ། འདིར་ཡང་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་གྱི་ཚུལ་སྟོན་ཏེ། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བ། ཆོས་ཐམས་ཅད་ཀྱི་རང་བཞིན་སྔོན་ཐུགས་སུ་ཆུད་པ་གཉིས་སུ་མེད་པའི་སྦྱོར་བའི་དམ་ཚིག་དང་ལྡན་པ། དཀྱིལ་འཁོར་ཐམས་ཅད་མ་ལུས་པའི་རྡོ་རྗེ་འཛིན་ཏེ་སེམས་ཅན་ཀུན་ལས་འཕགས་པའི་ཕྱིར་ན་མཆོག་ གོ། །འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ཐམས་ཅད་ལས་རྣམ་པར་རྒྱལ་བ། སེམས་ཅན་གྱི་ཁམས་ཐམས་ཅད་མ་ལུས་པར་འདུལ་ཞིང་མཉམ་པ་ཉིད་དུ་སྦྱོར་བའི་དོན་ལ་སེམས་ཅན་ཐམས་ཅད་བཙུད་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རིག་ འཛིན་གྱི་གནས་ཐོབ་པར་བྱས་པ་དང་། བདག་ཉིད་སངས་རྒྱས་ཀྱི་ཡེ་ཤེས་ཐམས་ཅད་དང་ལྡན་པས་སྒྲིབ་པ་མེད་པའི་ཕྱིར་དོན་ཐམས་ཅད་གྲུབ་པ་ནི་ལག་ན་རྡོ་རྗེ་སྟེ། དམ་ཚིག་ཐམས་ཅད་དང་ཡང་ལྡན་ལ་མཉམ་པར་སྦྱོར་བའི་དམ་ཚིག་ཆེན་པོ་ཡང་མི་གཏོང་བའི་ཚུལ་དུ་གཞུགས་ཤིང་ཞབས་ འབྲིང་བ་འཁོར་ཡང་རྡོ་རྗེ་གནོད་སྦྱིན་མང་པོས་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་ཀྱི་ཚུལ་གྱི་དོན་བསྟན་པས་སེམས་ཅན་ཡང་དེ་ལ་འཛུད་པར་མཛད་དེ། སེམས་ཅན་ཐམས་ཅད་ཆོས་རྒྱ་ཆེན་པོ་འདི་ལ་ཞུགས་པ་རྣམས་དོན་ཆུད་མི་ཟ་བར་ཐུགས་སུ་ཆུད་པས་ ཤིན་ཏུ་དགྱེས་པའི་ཚུལ་གྱིས་ཞལ་འཛུམ་སྟེ། རྡོ་རྗེ་ཆེན་པོ་དེ་བཞིན་གཤེགས་པ་ལྔའི་རིགས་དང་ཡུམ་ལྔའི་མཚན་ཉིད་དང་ལྡན་པ་ལག་པ་གཡོན་པས་གསོར་ཏེ། ཅིས་ཀྱང་མི་འཇིགས་མི་སྐྲག་པའི་བསྙེམས་པས་རང་གི་སྙིང་གར་སྟོད་པའི་ཚུལ་གྱིས་འཛིན་ཅིང་བསོད་ནམས་དང་ཡེ་ཤེས་ ཆེན་པོའི་ཚོགས་མངའ་བ་བདེ་བ་ཆེན་པོའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་གཉིས་སུ་མེད་པར་སྦྱོར་བའི་དམ་ཚིག་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་འགྱུར་བའི་དོན་ཡོད་པའི་ཆོས་ཐུགས་སུ་ཆུད་ནས་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོར་གསུངས་ཏེ། བཛྲ་ཧཱུཾ་ཞེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་སྙིང་ པོ་བརྟན་པར་བྱ་བའི་དོན་བསྟན་ནས། བཛྲ་སྭ་བསྣན་ཏོ། །གཞུང་ལས། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཅེས་བྱ་བ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཨཱ་ཞེས་འབྱུང་བའི་བར་དུ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ ཀྱི་ཞི་བའི་དཀྱིལ་འཁོར་ཐམས་ཅད་རྫོགས་པར་བསྟན་ཏེ། རིགས་ལྔའི་དཀྱིལ་འཁོར་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་ཚུལ་དུ་ཞུགས་པའི་དཀྱིལ་འཁོར་གྱི་ཚུལ་བཤད་དོ། །རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ཏེ། རྡོ་རྗེའི་མཚན་ཉིད་ ནི་སྲ་བའི་ཕྱིར་ཕྱག་མཚན་རྡོ་རྗེ་བསྣམས་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་རྡོ་རྗེ་རིགས་ཀྱི་གཙོ་བོ་དང་། གཙོ་མོའི་མཚན་ཉིད་ལྟ་བུ་སྟེ་མཉམ་པར་གནས་སོ། །རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ཏེ་རིན་པོ་ཆེའི་དོན་ནི་དབང་བསྐུར་བ་ཡིན་ ཏེ། ཕྱག་མཚན་ཡང་རིན་པོ་ཆེ་བསྣམས་ཏེ་ཆོས་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བ་ཡང་རིན་པོ་ཆེའི་རིགས་ཀྱི་གཙོ་བོ་དང་གཙོ་མོའི་མཚན་ཉིད་དང་ལྡན་པ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་ལྔས་དབང་བསྐུར་ན་གླིང་བཞི་ལ་དབང་བྱེད་ པ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་དངོས་གྲུབ་ཐམས་ཅད་སྦྱིན་པའི་དབང་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱང་རིན་པོ་ཆེའི་ཅོད་པན་ལ་སོགས་པས་དབང་བསྐུར་བའི་དམ་ཚིག་གི་དོན་མཛད་ཅིང་མཉམ་པར་རྫོགས་པའི་གནས་སོ། །ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཏེ། ཆོས་ ཐམས་ཅད་རྣམ་པར་དག་པའི་ཕྱིར་པདྨ་འདམ་གྱིས་མ་གོས་པ་བཞིན་ཏེ། ཕྱག་མཚན་པདྨ་བསྣམས་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བར་ཡང་ཆོས་ཀྱི་གཙོ་བོ་དང་གཙོ་མོའི་མཚན་ཉིད་དུ་ལྡན་པ་མཉམ་པ་ཉིད་དུ་རྫོགས་པར་གནས་སོ། ། ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཏེ། ཆོས་སོ་ཅོག་ཐམས་ཅད་དབྱིངས་ཀྱིས་ཁྱབ་སྟེ་ངོ་བོ་ཉིད་ཀྱིས་རྣམ་པར་རྟོགས་པའི་ཕྱིར་རོ། །དངོས་གྲུབ་ཀྱི་བྱ་བ་སྣ་ཚོགས་མཛད་པས་ཕྱག་མཚན་ཡང་ལས་ཀྱི་རྡོ་རྗེ་རྒྱ་གྲམ་བསྣམས་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མཉམ་པ་ཉིད་དུ་སྦྱོར་བ་ཡང་ལས་ཀྱི་རིགས་ཀྱི་གཙོ་བོ་དང་གཙོ་མོའི་མཚན་ཉིད་དང་ལྡན་པས་གནས་ཏེ། དེ་ལྟར་སོ་སོའི་རིགས་ཀྱི་དཀྱིལ་འཁོར་ཡང་ལོངས་སྤྱོད་ཀྱི་ཚུལ་འདི་ལྟར་བཞུགས། དཀྱིལ་འཁོར་འདིར་འཇུག་འདོད་པ་རྣམས་ཀྱང་ཆོས་སྟོང་པ་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་མཉམ་པར་སྦྱོར་བ་ལ་གོམས་པར་བྱ་སྟེ། མངོན་པར་གྲུབ་པ་བཞི་པོ་འདི་དག་ཉན་ཐོས་ལ་སོགས་པས་ནན་ཏན་དུ་བྱས་ན་ཆོས་སོ་ཅོག་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་ཐམས་ཅད་སྤྱོད་ཀྱང་ཉོན་མོངས་པའི་བཅིང་བར་མི་འགྱུར་བས་སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་ངན་སོང་ཐམས་ ཅད་ལས་འདས་པར་འགྱུར། ཆོས་ཉིད་ལ་གནས་པས་རྣམ་པར་དག་པའི་སྤྱོད་ཡུལ་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ཤིང་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པ་འཚང་རྒྱའོ། །ཨཱ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། ཆོས་ཐམས་ཅད་མ་སྐྱེས་ པ་སྤྲོས་པ་མེད་པ་སྟོང་པ་ཉིད་ཀྱི་དོན་སྟོན་པའི་ཕྱིར་རོ། །གཞུང་ལས། དེ་ནས་དེ་སྐད་ཅེས་བཀའ་སྩལ་ཞེས་བྱ་བ་ནས། བཛྲ་ཨཾ་ཨཿ། ཞེས་བྱ་བའི་བར་དུ་སྟེ་ཞེས་འབྱུང་བ་རྟག་ཏུ་བསྟན་པའི་དཀྱིལ་འཁོར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལུས་དང་ངག་ཡིད་གསུམ་རྡོ་རྗེ་ཡེ་ཤེས་ ཀྱི་ཁུ་ཚུར་ཡོངས་སུ་འཛིན་པ་ཞེས་བྱ་བས་ཆོས་མཉམ་པ་ཉིད་ཀྱི་དོན་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡང་སེམས་ཅན་ཡོངས་སུ་སྨིན་པའི་དོན་དུ་འགྱུར་བས་འཛུམ་མུལ་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བ་ཉིད་ཀྱི་ཕྱིར་སྙིང་པོ། ། བཛྲ་ཨ་ཨཿ། ཞེས་གསུངས་ཏེ། སྟོང་པ་མ་སྐྱེས་པའི་དོན་ཨཿའདི་ལ་བརྟེན་པར་བྱ་བའི་ཕྱིར་རོ། །ཨ་ཞེས་བྱ་བའི་དོན་ལྟ་བའི་ཚིག་གོ། །གཞུང་ལས་ཐམས་ཅད་འདུལ་བ་ན་ཞེས་བྱ་བ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱའོ། །ཧཱུཾ་ཞེས་བྱ་བའི་བར་དུ་སྟེ། བཅོམ་ ལྡན་འདས་ཤཱཀྱ་ཐུབ་པས་ཡང་སེམས་ཅན་གྱི་དོན་གྱི་ཕྱིར་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དུ་སྦྱོར་བའི་དོན་ནི་འཇིག་རྟེན་ཐམས་ཅད་ལས་རྣམ་པར་རྒྱལ་བ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྡུ་བའི་དཀྱིལ་འཁོར་རྒྱ་ཆེན་པོ་ཡངས་པ་འདི་བཤད་དོ། ། རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་ལྔ་མཉམ་པར་གནས་པ་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་འདོད་ཆགས་ཀྱི་ཉོན་མོངས་པའི་འཆིང་བ་མེད་པས་འདོད་ཆགས་སྤྲོས་པ་མེད་པའི་ཕྱིར་བདག་དང་གཞན་དུ་ལྟ་བ་མེད་པར་མཉམ་པས་ན་ཞེ་སྡང་མི་འབྱུང་བས་ ཞེ་སྡང་སྤྲོས་པ་མེད་དོ། །རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ཏེ། སྙིང་རྗེ་ཆེན་པོའི་གཟུགས་ཀྱིས་སེམས་ཅན་མ་རུངས་པ་འདུལ་བ་དང་། གནས་བདེ་བར་བསྐྱེད་པར་བྱ་བའི་ཕྱིར་མངོན་སྤྱོད་ཀྱི་དབང་བྱེད་དེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བས་ཞེ་སྡང་གི་ལས་དང་ཉོན་མོངས་པའི་འཆིང་བར་མི་འགྱུར་བས་ཞེ་སྡང་སྤྲོས་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། གཏི་མུག་གི་གཟུང་བ་མེད་པའི་ཕྱིར་སྤྱོད་པས་གཏི་མུག་སྦྲོས་པ་མེད་དོ། །གཏི་མུག་གི་གཟུང་བའི་འདོད་ཆགས་དང་ཞེ་སྡང་ནི་བཅིང་ བར་འགྱུར་གཏི་མུག་མེད་པའི་འདོད་ཆགས་དང་ཞེ་སྡང་གི་ལས་སྤྱོད་པ་ནི་རྣམ་པར་གྲོལ་བར་འགྱུར་བའི་ཕྱིར་རོ། །ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྤྱོད་དོ། །རྣམ་པར་མི་རྟོག་པ་ཉིད་པས་མི་ཤེས་པའི་ཚུལ་ གྱིས་ཤེས་པ་སྟེ། གཏི་མུག་གི་རང་བཞིན་མེད་པས་གཏི་མུག་སྤྲོས་པ་མེད་པའི་ཕྱིར་ཆོས་སོ་ཅོག་ཐམས་ཅད་སྤྲོས་པ་མེད་དོ། །ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཏེ་ཆོས་སོ་ཅོག་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་པས་ན་གཉིས་སུ་མེད་པའི་མཉམ་པའི་ཚུལ་དུ་སྦྱོར་ཞིང་དངོས་གྲུབ་ཐམས་ཅད་ཀྱི་ ལས་བྱེད་ཀྱང་། ཉོན་མོངས་པའི་འཆིང་བ་མེད་པས་ཆོས་ཐམས་ཅད་སྤྲོས་པ་མེད་པའི་ཕྱིར་ཞེས་བྱ་སྟེ། དེ་ལྟར་ཆོས་སོ་ཅོག་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ་སྤྲོས་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བ་ཡང་འགྲིབ་པར་མི་འགྱུར་བས་སྤྲོས་པ་མེད་པར་རིག་པར་བྱའོ། ། འདི་ལྟར་ཞལ་ནས་གསུངས་པའི་དཀྱིལ་འཁོར་འདིའི་དོན་ལ་འཇུག་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྤྱོད་པའི་ཚུལ་འདི་ཉན་པ་ལ་སོགས་པ་ནན་ཏན་དུ་བྱེད་ན་དེ་འདུལ་བའི་དབང་གི་ཕྱིར་ཆོས་སོ་ཅོག་ཐམས་ཅད་སྟོང་པ་ཉིད་པས་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་ཐམས་ ཅད་བསད་ཀྱང་ངན་སོང་དུ་མི་འགྲོ་བར་འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཅིའི་ཕྱིར་ཞེ་ན། ཆོས་ཉིད་ཀྱི་སྡིག་པ་རང་བཞིན་ཡོད་ལ་སྦྲས་བུ་བསགས་ན་སེམས་ཅན་གཅིག་གསད་པའི་སྡིག་པ་བཞིན་དུ་མང་དུ་བསད་པ་ ཚོགས་ཆེ་བར་ཡང་མངོན་ན། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་དུས་ན་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་པས་སེམས་ཅན་གྱི་རང་བཞིན་མེད་པའི་ཕྱིར་སྡིག་པའི་རང་བཞིན་ཡང་མེད་དེ་འདུལ་བའི་དབང་གི་ཕྱིར་སྡིག་པའི་འཆིང་བར་མི་འགྱུར་གྱི་བསོད་ནམས་ ཀྱི་ཚོགས་རྣམ་པར་དག་པར་འགྱུར་བའི་ཕྱིར། ཧཱུཾ་ཞེས་བྱ་བའི་དོན་འདི་ལྷག་མ་དང་འདྲའོ། །གཞུང་ལས། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཞེས་བྱ་བ་ནས། བཛྲ་ཧཱུཾ་ཞེས་བྱ་བའི་བར་དུ་སྟེ། རྟག་ཏུ་གསུངས་པའི་དཀྱིལ་འཁོར་གྱི་དོན་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ལག་ན་ རྡོ་རྗེ་ཆོས་མཉམ་པར་སྤྱོད་པའི་དོན་སེམས་ཅན་བསྟན་པ་ཡན་ཆུད་མི་ཟ་ཞིང་རྣམ་པར་དག་པར་འགྱུར་བའི་ཕྱིར་ཞལ་འཛུམ་སྟེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་འགྱུར་ཞེས་བྱ་བའི་ཕྱག་རྒྱ་བཅིངས་ནས་ལུས་གཟི་བརྗིད་ཆེན་པོ་གཞན་ཐམས་ཅད་སྐྲག་ཅིང་སྤ་བཀོང་བའི་ཚུལ་དུ་ འགྱུར་ཏེ། བཛྲ་ཧཱུཾ་ཞེས་བྱ་བ་གསུངས་སོ། །བཛྲ་ཧཱུཾ་གི་དོན་ནི་རྟག་ཏུ་བཤད་པ་དང་འདྲ། གཞུང་ལས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོངས་སུ་དག་པའི་ཆོས་ཉིད་ཅེས་པ་ནས། མངོན་པར་རྫོགས་པར་འཚང་རྒྱའོ། །ཧཱུཾ་ཞེས་འབྱུང་བའི་བར་དུ་སྟེ། ཆོས་ཀྱི་རིགས་ཀྱི་བྱང་ཆུབ་ཀྱི་གཙོ་བོ་འཕགས་པ་སྤྱན་རས་གཟིགས་ཀྱིས་བསྟན་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་ཆོས་རྒྱ་ཆེན་པོ་ཡངས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཚུལ་འདི་སྟོན་ཏོ། །རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དེ་སྟོང་པ་ཉིད་ཀྱི་ ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་དུས་ན་འདོད་ཆགས་ཀྱི་སྤྱོད་ཡུལ་ཐམས་ཅད་རྣམ་པར་དག་པར་འགྱུར་བ་ཡིན་གྱི་འདོད་ཆགས་ཀྱི་ཉོན་མོངས་པས་བཅིངས་པར་མི་འགྱུར་ཏེ། སྟོང་པ་ཉིད་དང་མཉམ་པར་སྦྱོར་བའི་ཆོས་དག་པའི་མཚན་ཉིད་པས་ཉོན་མོངས་ པའི་དུས་ཐམས་ཅད་ཀྱིས་གནོད་པར་མི་ནུས་པའི་ཕྱིར་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ཏེ། འདོད་ཆགས་ཀྱི་ངོ་བོ་ཉིད་ཀྱི་སྟོང་པའི་ཕྱིར་བདག་གི་ཕྱོགས་མི་འཛིན་པས་ཞེ་སྡང་མི་འབྱུང་མོད་ཀྱི་སྙིང་རྗེ་ཆེན་པོའི་གཟུགས་ཀྱིས་སེམས་ཅན་མ་ རུངས་པ་འདུལ་བ་དང་། སྡུག་བསྔལ་གྱི་གནས་ངན་པ་ལས་གདོད་པའི་དབང་མཛད་མོད་ཀྱི། ཞེ་སྡང་གི་ཉོན་མོངས་པར་མི་འགྱུར་བས་ཞེ་སྡང་རྣམ་པར་དག་པ་ཞེས་བྱ་སྟེ། ཐམས་ཅད་ལ་དབང་དུ་སྤྱོད་པས་ན་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་གྱི་མཚན་ཉིད་ཅེས་བྱའོ། །ཆོས་ཀྱི་རིགས་ ཀྱི་དཀྱིལ་འཁོར་ཡིན་ཏེ། ཞེ་སྡང་གི་མཚན་ཉིད་རང་བཞིན་གྱིས་སྟོང་སྟེ། ཉོན་མོངས་པའི་འབྲས་བུར་མི་འགྱུར་བས་སྒྲིབ་པ་མེད་པས་ཆོས་ཉིད་སྟོང་པ་ཉིད་ཀྱི་དབྱིངས་ཡིན་པས་དྲི་མ་ཐམས་ཅད་རྣམ་པར་དག་པ་ཞེས་བྱའོ། །ཆོས་ཉིད་ཀྱི་ངོ་བོས་ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་གྱི་མཚན་ ཉིད་བསྟན་ཏོ། །ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་གྱི་མཚན་ཉིད་དེ་དྲི་མའི་ཆོས་ཉིད་ངོ་བོ་ཉིད་ཀྱི་སྟོང་སྟེ། སྡིག་པའི་ཚོགས་སུ་མི་འགྱུར་བས་སྡིག་པའི་ཆོས་རྣམ་པར་དག་པ་སྟེ། དངོས་གྲུབ་ཀྱི་ཆོས་ཐམས་ཅད་ལ་སྤྱོད་ཅིང་གྲུབ་པས་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་གྱི་མཚན་ཉིད་ཅེས་བྱའོ། ། རྡོ་རྗེ་རིགས་ཀྱི་ཡུམ་གྱི་དཀྱིལ་འཁོར་གྱི་མཚན་ཉིད་དེ་སྡིག་པའི་ཆོས་ཐམས་ཅད་ཆོས་ཉིད་ཀྱིས་སྟོང་སྟེ། ཉོན་མོངས་པའི་འཆིང་བར་མི་འགྱུར་བས་ཆོས་ཐམས་ཅད་རྣམ་པར་དག་ཅེས་བྱ་སྟེ། ཆོས་ཐམས་ཅད་ཡོངས་སུ་དག་ན་ཉོན་མོངས་པའི་འཆིང་བའི་བདུད་ཐམས་ཅད་ལས་རྒྱལ་བའི་ཕྱིར་རྡོ་རྗེའི་ རིགས་ཀྱི་ཡུམ་གྱི་དཀྱིལ་འཁོར་ཞེས་བྱའོ། །རིན་པོ་ཆེའི་རིགས་ཀྱི་ཡུམ་གྱི་དཀྱིལ་འཁོར་གྱི་མཚན་ཉིད་དེ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་སྟེ་རང་བཞིན་གྱིས་དག་པས་ཆོས་ལ་སེམས་ཅན་ཐ་དད་པ་མེད་དེ། སེམས་ཅན་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །ཆོས་སྟོང་པ་ཉིད་ཀྱིས་ སེམས་ཅན་དག་པའི་དབང་དུ་བྱེད་པའི་རིན་པོ་ཆེའི་རིགས་ཀྱི་ཡུམ་གྱི་དཀྱིལ་འཁོར་ཞེས་བྱའོ། །ཆོས་ཀྱི་རིགས་ཀྱི་ཡུམ་གྱི་དཀྱིལ་འཁོར་གྱི་མཚན་ཉིད་དེ་སེམས་ཅན་ཐམས་ཅད་རང་བཞིན་གྱིས་མ་གྲུབ་སྟེ། ངོ་བོ་ཉིད་རྣམ་པར་དག་པས་ན་སེམས་ཅན་དང་། ཡེ་ཤེས་ སྟོང་པ་ཉིད་ཀྱི་མཚན་ཉིད་དུ་དབྱེར་མེད་པས་ཡེ་ཤེས་རྣམ་པར་དག་པ་ཞེས་བྱ་སྟེ། ཆོས་ཐམས་ཅད་དབྱིངས་སུ་མཉམ་པས་ཆོས་ཀྱི་རིགས་ཀྱི་ཡུམ་གྱི་དཀྱིལ་འཁོར་ཞེས་བྱའོ། །ལས་ཀྱི་རིགས་ཀྱི་ཡུམ་གྱི་དཀྱིལ་འཁོར་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་དག་པའི་མཚན་ཉིད་པས་ན་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བ་ཡང་ངོ་བོ་ཉིད་ཀྱིས་དག་པ་སྟེ། འཆིང་བ་མེད་པས་དངོས་གྲུབ་ཐམས་ཅད་གྲུབ་པར་བྱེད་པའི་ལོངས་སྤྱོད་པའི་ཕྱིར་ལས་ཀྱི་རིགས་ཀྱི་ཡུམ་གྱི་དཀྱིལ་འཁོར་ཞེས་བྱའོ། །དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པའི་རང་བཞིན་དུ་གྲུབ་པ་མེད་ པའི་ཕྱིར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བ་ཉིད་ཀྱིས་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཆུད་ཅིང་རྣམ་པར་གྲོལ་བ་ཡང་དག་པའི་སྤྱོད་ཡུལ་དུ་འགྱུར་རོ། །འདི་གཉིས་ཀྱང་གཅིག་གིས་གཅིག་བསྐྱེད་པ་ཡིན་ཏེ། ཆོས་ཀྱི་ཕྱག་ རྒྱ་ཆེན་པོས་མཉམ་པར་དོན་འདི་ཉན་པ་ལ་སོགས་ཏེ། གྲུབ་པ་ནན་ཏན་དུ་བྱས་ན་འདོད་ཆགས་ལ་སོགས་པ་ཆོས་སྣ་ཚོགས་ཀྱི་ནང་ན་འདུག་ཀྱང་ཉོན་མོངས་པའི་དྲི་མས་གོས་པར་མི་འགྱུར་ཏེ་པདྨ་འདམ་གྱིས་མི་ཆགས་པ་བཞིན་ནོ། །དེ་ལྟ་བས་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་གཉིས་སུ་མེད་པར་མཉམ་ པར་སྦྱོར་བའི་དུས་ན་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཤེས་པས་ཉོན་མོངས་པ་གསུམ་ཡང་མི་སྤང་བའི་དམ་ཚིག་ཏུ་བླང་ཞེས་འབྱུང་ངོ་། །སྣ་ཚོགས་ལ་སྤྱོད་ཀྱང་སྒྲིབ་པར་མི་འགྱུར་བས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཧྲཱིཿཞེས་བྱ་ བ་ནི་པདྨོའི་རིགས་ཀྱི་སྙིང་པོ་སྟེ། པདྨོའི་རིགས་ཀྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ས་བོན་འདི་ལས་སྐྱེས་པའི་ཕྱིར་ཏེ། དོན་མི་སྐྱེ་མི་འགག་སྤྲོས་པ་མེད་པ་རང་བཞིན་གྱིས་སྟོང་པའི་མཚན་ཉིད་དུ་བལྟའོ། །གཞུང་ལས། དེ་ནས་བྱང་ཆུབ་སེམས་དཔའི་ཞེས་བྱ་བ་ནས་བཛྲ་ཧྲཱིཿ། ཞེས་བྱ་བའི་བར་དུ་སྟེ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་རྟག་ཏུ་གསུངས་པའི་དོན་བསྟན་པར་བྱ་བའི་ཕྱིར་ཡང་གསུངས་ཏེ། ཆོས་རྒྱ་ཆེན་པོའི་སྤྱོད་ཡུལ་འདི་སེམས་ཅན་རྣམ་པར་དག་པའི་དོན་དུ་འགྱུར་བས་འཛུམ་མུལ་ཏེ། པདྨ་འདམ་གྱིས་མི་ཆགས་པ་བཞིན་དུ་ཆོས་ མཉམ་པ་ཉིད་དུ་སྦྱོར་བ་ལ་ཉོན་མོངས་པའི་དྲི་མས་མི་གོས་པར་མཁྱེན་ཏེ། སྙིང་པོ་བཛྲ་ཧ་ཞེས་གསུངས་སོ། །གཞུང་ལས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་བ་ནས། བདེ་བ་ཐོབ་པར་འགྱུར་རོ། །ཏྲཱཾ་ཞེས་བྱ་བའི་བར་དུ་སྟེ། དེ་བཞིན་གཤེགས་པ་རིན་པོ་ཆེའི་ རིགས་ཀྱི་གཙོ་བོས་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བས་ཁམས་གསུམ་ཐམས་ཅད་ཀྱི་དབང་པོས་དབང་བསྐུར་བའི་དཀྱིལ་འཁོར་བསྟན་ཏོ། །རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་ པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་ཐོབ་པས་ཁམས་གསུམ་ཐམས་ཅད་ཀྱི་ཆོས་ལ་མངའ་མཛད་པ། ལོག་པར་ལྟ་བ་ཐམས་ཅད་ཀྱི་གཉེན་པོ་སྟེ་མཐུ་ཆེ་བའི་ཕྱིར་རྡོ་རྗེ་དང་དྲ་བས་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །རིན་པོ་ཆེའི་ རིགས་ཀྱི་དཀྱིལ་འཁོར་ཏེ། སེམས་ཅན་ཐམས་ཅད་དོན་དམ་པ་མན་ཆད་ཅི་ནས་ཀྱང་ཕན་པ་དང་བདེ་བ་ཐོབ་པར་བྱ་བའི་དོན་སྦྱིན་པའི་དབང་མཛད་དེ་སེམས་ཅན་རེ་བ་ཐམས་ཅད་ཇི་ལྟར་འདོད་པ་ཡིད་བཞིན་དུ་ཐོབ་པར་འགྱུར་བས་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །ཆོས་ཀྱི་རིགས་ ཀྱི་དཀྱིལ་འཁོར་ཏེ། ཆོས་ཐམས་ཅད་སྟོང་པ་མ་སྐྱེས་པའི་དོན་ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དུ་སྦྱོར་བའི་སེམས་ཅན་ཐམས་ཅད་ལ་སྟོན་ཏོ། །ཆོས་ཀྱི་སྦྱིན་པས་ཀུན་ཀྱང་དཀྱིལ་འཁོར་དམ་པ་འདི་ལ་འཇུག་ཅིང་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་གཉིས་སུ་མེད་པའི་མཉམ་པར་སྦྱོར་བ་ ཐོབ་པར་འགྱུར་བའི་ཕྱིར་ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བས་དངོས་གྲུབ་ཀྱི་ལས་ཐམས་ཅད་ཐོབ་པར་བྱེད་པས་ཡིད་བཞིན་གྱི་རིན་པོ་ཆེ་ལས་ནོར་ རྫས་སྣ་ཚོགས་འབྱུང་ཞིང་རྫས་ཀྱི་སྦྱིན་པ་ཆེན་པོ་ཞེས་བྱ་སྟེ། སེམས་ཅན་དབུལ་ཕོངས་པ་ཐམས་ཅད་ལུས་དང་ངག་དང་སེམས་བདེ་བ་ཐོབ་པར་འགྱུར་བས་ན་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །སོ་སོའི་དཀྱིལ་འཁོར་འདི་རྣམས་སུ་ཞུགས་ཤིང་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ཆོས་མཉམ་ པ་ཉིད་དུ་ནན་ཏན་གྱིས་སྤྱད་ན་དཀྱིལ་འཁོར་གྱི་ཡོན་ཏན་འདི་རྣམས་ཀྱང་ཐོབ་ཅིང་དབང་བྱེད་པར་འགྱུར་རོ། །ཏྲཾ་ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་ཀྱི་སྙིང་པོ་སྟེ། འདིའི་ས་བོན་ལས་རིན་པོ་ཆེའི་རིགས་ཀྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་འབྱུང་བའི་ཕྱིར་ཏེ། མི་སྐྱེ་མི་འགག་སྤྲོས་པ་མེད་པ་སྟོང་ པ་ཉིད་ཀྱི་དོན་ཏོ། །གཞུང་ལས། དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཞེས་བྱ་བ་ནས། དམ་ཚིག་རིན་པོ་ཆེའི་སྙིང་པོས་སྨྲས་སོ། །བཛྲ་ཏྲཾ་ཞེས་བྱ་བའི་བར་དུ་ཏེ། རིན་པོ་ཆེའི་རིགས་བྱང་ཆུབ་ཀྱི་གཙོ་བོ་ནམ་མཁའི་སྙིང་པོས་རྟག་ཏུ་བཤད་པའི་དོན་འདི་བསྟན་པར་བྱ་བའི་ཕྱིར་ ཏེ་དཀྱིལ་འཁོར་དམ་པ་འདི་བསྟན་ན་དོན་ཡོད་པར་མཁྱེན་པས་བཞིན་འཛུམ་སྟེ། རང་གི་མགོ་བོ་རིན་པོ་ཆེའི་ཕྲེང་བ་འཆིང་བ་ཡང་གཞན་ཐམས་ཅད་ལ་དབང་དུ་བྱེད་པའི་ཐ་ཚིག་སྟེ། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཤད་དོ། །རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ཏེ། ཆོས་ཐམས་ཅད་དུ་སྟོང་པར་བྱས་པས་སྟོང་པར་འགྱུར་བ་མ་ཡིན་གྱི། ཆོས་ཉིད་ཀྱིས་སྟོང་པས་ན་ཡང་དག་པར་མ་ནོར་བས་མཚན་ཉིད་ལ་སུས་ཀྱང་མི་འགྱུར་བའི་ཕྱིར་རྡོ་རྗེ་ལྟ་བུ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དུ་སྤྱོད་པ་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །རིན་པོ་ཆེའི་ རིགས་ཀྱི་དཀྱིལ་འཁོར་ཏེ། ཆོས་ཐམས་ཅད་མཚན་མ་མེད་པར་བྱས་པས་མཚན་མ་མེད་པ་མ་ཡིན་གྱི། ཆོས་ཉིད་ཀྱི་མཚན་མ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྤྱོད་པའི་དབང་དུ་བྱེད་པས་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །ཆོས་ཀྱི་རིགས་ཀྱི་ དཀྱིལ་འཁོར་ཏེ། ཆོས་ཐམས་ཅད་སྨོན་པ་མེད་པར་བྱས་པས་སྨོན་པ་མེད་པ་མ་ཡིན་གྱི། ཆོས་ཉིད་ཀྱི་སྨོན་པ་མེད་དེ། གཉིས་སུ་མེད་པའི་མཉམ་པར་སྦྱོར་བ་ཡང་རང་བཞིན་གྱིས་སྟོང་པའི་ཆོས་ཉིད་པས་ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཏེ། ཆོས་ ཐམས་ཅད་རང་བཞིན་གྱིས་སྟོང་པས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བ་ཡང་ཡོངས་སུ་དག་པས་ཆོས་ཉིད་ཀྱིས་དྲི་མ་མེད་པའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་མན་ཆད་དངོས་གྲུབ་ཐོབ་པར་བྱེད་པས་ན་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །ཨའི་དོན་ནི་རྟག་ཏུ་ སྨོས་པ་དང་འདྲ། གཞུང་ལས། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་ཞེས་བྱ་བ་ནས། བཛྲ་ཨ་ཞེས་བྱ་བའི་བར་དུ་སྟེ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པས་ཀྱང་རྟག་ཏུ་བཤད་པའི་དཀྱིལ་འཁོར་འདི་ཤིན་ཏུ་རྒྱ་ཆེ་བའི་ཕྱིར་བཞིན་འཛུམ་ བཞིན་དུ་བསྟན་ཏེ། བཛྲ་ཨ་ཞེས་གསུངས་སོ། །འཇམ་དཔལ་གཞོན་ནུར་གྱུར་པའི་སྐུའི་མཚན་ཉིད་དང་ཕྱག་རྒྱའི་མཚན་ཉིད་ནི་ཤེས་རབ་ཆེན་པོས་ཆོས་ཐམས་ཅད་ལ་གཅོད་པའི་རལ་གྲི་ལྟ་བུ་ཡིན་པས་ན་ཤེས་རབ་ཟབ་མོའི་དོན་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་ཤིག་ གསུངས་ཤིག་པའི་བསྐུལ་བའི་ཐ་ཚིག་པས་རལ་གྲིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བདེ་བས་ཞེས་བྱའོ། །གཞུང་ལས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འཁོར་ལོའི་ནང་དུ་ཆུད་པ་ཞེས་བྱ་བ་ནས་ཏྲཾ་ཞེས་བྱ་བའི་བར་དུ་སྟེ། དཀྱིལ་འཁོར་གྱི་ནང་དུ་ཆུད་པའི་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་དཀྱིལ་འཁོར་མཛད་པ་ལ་འཇུག་པའི་དོན་ཏོ། །རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ཏེ། ཆོས་ཐམས་ཅད་སྟོང་པའི་མཚན་ཉིད་དུ་མཐོང་ལ་གཉིས་སུ་མེད་པར་སྦྱོར་བ་ལ་ མཉམ་པར་འཇུག་པ་ནི་ཅིས་ཀྱང་ཚུགས་པར་མི་འགྱུར་ཏེ། རྡོ་རྗེ་དང་འདྲ་བའི་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ལ་འཇུག་པར་འགྱུར་རོ། །རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་སྟེ། གཉིས་སུ་མེད་པར་སྦྱོར་བའི་ཆོས་མཉམ་པས་སེམས་ཅན་མ་ལུས་ པའི་དོན་ཐམས་ཅད་མི་གཏོང་བའི་དབང་དུ་བྱེད་པ་ནི་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ལ་འཇུག་པར་འགྱུར་རོ། །རྣམ་པ་གཅིག་ཏུ་ན་རིན་པོ་ཆེའི་ནི་དབང་བསྐུར་བའི་ལས་བྱེད་པས་དབང་བསྐུར་བ་ཡང་འགའ་ཙམ་ལ་མ་ཡིན་གྱི་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བས་ན་མཉམ་པ་ཞེས་ བྱའོ། །ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དེ་གཉིས་སུ་མེད་པར་མཉམ་པར་སྦྱོར་བའི་དུས་ཐམས་ཅད་དུ་ཆོས་ཉིད་དུ་མཉམ་པས་ན་ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་ལ་འཇུག་པར་འགྱུར་རོ། །ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ ཡེ་ཤེས་དང་། གཉིས་སུ་མེད་པ་མཉམ་པར་སྦྱོར་བས་མཉམ་པ་ཉིད་དུ་དངོས་གྲུབ་ཀྱི་ལས་ཐམས་ཅད་དུ་འཇུག་པས་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་འགྱུར་རོ། །ཏྲཾ་ཞེས་བྱ་བ་ནི་རྟག་ཏུ་བཤད་པའི་དོན་དང་མཐུན་ནོ། །གཞུང་ལས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ ཏུ་ཞེས་བྱ་བ་ནས། བཛྲ་ཙཀྲ་ཧཱུཾ་ཞེས་བྱ་བའི་བར་དུ་སྟེ། བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བས་རྟག་ཏུ་བཤད་པའི་དཀྱིལ་འཁོར་གྱི་དོན་ཤིན་ཏུ་རྒྱ་ཆེ་བར་མཐོང་ནས་བཞིན་འཛུམ་བཞིན་དུ་འཁོར་ལོ་ཡོངས་སུ་བསྐོར་བའི་དཀྱིལ་འཁོར་ཐམས་ཅད་ལ་འཇུག་པ་ ཞེས་བྱ་བའི་སྙིང་པོ་གསུངས་པ་ཡིན་ནོ། །བཛྲ་ཙཀྲ་ཧཱུཾ་ཞེས་བྱ་བའི་དོན་རྡོ་རྗེའི་དཀྱིལ་འཁོར་དུ་བསྡུས་པ་ཞེས་བྱའོ། །གཞུང་ལས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་བ་ནས་མཆོད་པའི་ཆོ་ག་རྒྱས་པའོ། །ཏྲཱཾ་ཞེས་བྱ་བའི་བར་དུ་སྟེ་རིག་པའི་ལྷ་མོ་རྣམས་ཀྱིས་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དཀྱིལ་འཁོར་ལ་མཆོད་པར་བྱ་བའི་ཕྱིར་ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་ཚུལ་འདི་བཤད་དོ། །རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ལ་མཆོད་པ་སྟེ། གཉིས་སུ་མེད་པ་མཉམ་པར་སྦྱོར་བ་ལས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལས་དེ་བཞིན་ གཤེགས་པའི་སྐུ་དང་མཆོད་པ་སྣ་ཚོགས་དེའི་རྒྱུ་ལས་འབྱུང་སྟེ། བྱང་ཆུབ་ཀྱི་སེམས་ཀྱང་ཤིན་ཏུ་རྒྱ་ཆེ་ལ་ཡངས་ཏེ། མཐུ་ཆེ་བ་བསམ་གྱིས་མི་ཁྱབ་ཅིང་འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནན་པའི་ཕྱིར་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ལ་མཆོད་པའི་ཆོ་ག་རྒྱས་པའོ། །རིན་ པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ལ་མཆོད་པ་སྟེ། གཉིས་སུ་མེད་པས་མཉམ་པར་སྦྱོར་བ་ལས་འོད་ཟེར་མང་པོ་ཕྱོགས་བཅུར་འཕྲོས་ཏེ། སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་ཀྱི་དབང་དུ་བྱེད་པ་དང་། སེམས་ཅན་མ་རུངས་པ་ཐམས་ཅད་འདུལ་ཞིང་གནས་བདེ་བ་བསྐྱེད་དེ། སྙིང་རྗེ་ ཆེན་པོའི་དབང་དུ་བྱེད་པས་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་མཆོད་པའི་ཆོ་ག་རྒྱས་པའོ། །ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་ལ་མཆོད་པ་སྟེ། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་མཉམ་པར་སྦྱོར་བར་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་ལ་མཆོད་པའི་ཆོ་ག་རྒྱས་པའོ། ། ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ལ་མཆོད་པ་སྟེ། ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་ལས་བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་འདྲི་བ་ལ་སོགས་པ་ནི་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ལ་མཆོད་པའི་ཆོ་ག་རྒྱས་པའོ། །ཏྲཾ་ཞེས་བྱ་བའི་དོན་ནི་རྟག་ཏུ་བསྟན་ པའོ། །གཞུང་ལས། དེ་ནས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནས། ཨོཾ་ག་ག་ན་སྭ་བྷཱ་བ་བཛྲ་ཨོཾ་ཞེས་བྱ་བའི་བར་དུ་སྟེ། དཀྱིལ་འཁོར་འདི་ལྟ་བུ་བསྟན་པའི་དོན་འདི་དང་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་དོན་དེ་དང་མཐུན་པར་བསྣན་ཏེ་སྨྲས་པའོ། །གཞུང་ལས། དེ་ནས་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་བ་ནས། སེམས་ཅན་ཐམས་ཅད་འདུལ་བ་ནི་བྱང་ཆུབ་ཧོ་ཧ་ཧ་ཞེས་བྱ་བའི་བར་དུ་སྟེ། དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་འདུལ་ནུས་པ་རྡོ་རྗེའི་ཁུ་ཚུར་ཡོངས་སུ་འཛིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཉམ་པར་སྦྱོར་བའི་ དོན་འདི་བཤད་དོ། །རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ཏེ། སེམས་ཅན་ཐམས་ཅད་རང་བཞིན་གྱིས་གྲུབ་པ་མེད་དོ། །སྟོང་པས་མཉམ་པའི་ཕྱིར་ཁྲོ་བ་ཡང་མཉམ་པ་སྟེ་ཆོས་སྟོང་པ་ཁྲོ་བ་སྟོང་པ་སེམས་ཅན་སྟོང་པ་བས་ཆོས་ཉིད་ཀྱི་དོན་མ་ནོར་བའི་མཚན་ཉིད་ཀྱིས་མཐུ་ཆེ་བའི་ཕྱིར་རྡོ་རྗེའི་དཀྱིལ་ འཁོར་ལྟ་བུས་འདུལ་ལོ། །རིན་པོ་ཆེའི་དཀྱིལ་འཁོར་ཏེ། སེམས་ཅན་ཐམས་ཅད་ཆོས་ཀྱིས་འདུལ་ཞིང་བླ་ན་མེད་པའི་བྱང་ཆུབ་ཏུ་དགྲོལ་བའི་དབང་དུ་བྱས་པས་ཁྲོ་བ་འདུལ་ཏེ། སྟོང་པ་ཉིད་གཉིས་སུ་མེད་པར་མཉམ་པར་སྦྱོར་བའི་ཕྱིར་སེམས་ཅན་སྣ་ཚོགས་ཀྱི་དོན་གྱི་ཕྱིར་ཁྲོ་བ་སྤྱོད་ཀྱང་ཉོན་ མོངས་པའི་འཆིང་བར་མི་འགྱུར་ཏེ། རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཏེ། སེམས་ཅན་ཐམས་ཅད་སྟོང་པའི་ཆོས་ཉིད་ཀྱི་ཕྱིར་ཁྲོ་བ་ཡང་ཆོས་ཉིད་དེ། ཆོས་ཀྱི་དོན་ཇི་ལྟ་བ་བཞིན་དུ་མ་ནོར་བའི་མཚན་ཉིད་པས་ན་ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་ ཞེས་བྱའོ། །ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཏེ། སེམས་ཅན་ཐམས་ཅད་ཀྱང་བཟོད་པ་མུ་མེད་པས་རྡོ་རྗེ་དང་འདྲ། ཁྲོ་བས་འདུལ་བ་ཡང་དེ་བཞིན་དུ་སེམས་ཅན་རྒྱ་ཆེ་བས་ཁྲོ་བ་ཡང་རྒྱ་ཆེ་སྟེ་སེམས་ཅན་ཁྲོ་བ་གཉིས་ཀྱང་དབྱེར་མེད་པའི་ཕྱིར་མཉམ་པ་ཉིད་དུ་སྦྱོར་ཞིང་སེམས་ཅན་གྱི་དོན་ཆུའི་ རྒྱུན་དང་འདྲ་བར་དུས་ཐམས་ཅད་དུ་བྱེད་པས་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །ཧ་ཧ་ཞེས་བྱ་བའི་དོན་ནི་སེམས་ཅན་ཐམས་ཅད་ཡོངས་སུ་དགའ་བའི་ཕྱིར་སྤྲོ་བའི་ལས་བྱེད་པས་མགུ་བའམ་རངས་པའི་ཐ་ཚིག་སྟེ་དགོད་པའི་མཚན་མས་ཧ་ཧ་ཞེས་བྱའོ། །གཞུང་ལས་དེ་ནས་བྱང་ ཆུབ་སེམས་དཔའ་ཞེས་བྱ་བ་ནས། བཛྲ་ཀྲོ་དྷ་ཧ་ཧ་ཞེས་བྱ་བའི་བར་དུ་སྟེ། རྟག་ཏུ་བཤད་པའི་དཀྱིལ་འཁོར་འདི་ཡང་སེམས་ཅན་ཐམས་ཅད་སྨིན་པར་འགྱུར་བའི་དོན་ཡིན་པས་ལུས་ཆུད་མི་ཟ་བར་དགའ་བ་བསྣན་པའི་ཕྱིར། རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ཤིན་ཏུ་ཕ་རོལ་འཇིགས་སྐྲག་ པར་བྱེད་པའི་གཟུགས་སུ་བསྒྱུར་ནས། རྡོ་རྗེ་ཁྲོ་བོ་ཞེས་བྱའི་གད་མོ་སྙིང་པོ་འདི་སྨྲས་སོ། །གཞུང་ལས་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སུ་རིག་པར་བྱ་ནས་ཧྲི་ཞེས་བྱ་བའི་བར་དུ་སྟེ། དེ་བཞིན་གཤེགས་པ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ ཡེ་ཤེས་དང་། ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་ལ་གནས་པས་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱོགས་ཞེས་བྱ་བ་བཤད་དོ། །དེ་བཞིན་གཤེགས་པ་རིགས་ཀྱི་དཀྱིལ་འཁོར་དེ་སེམས་ཅན་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་སྟེ། རང་བཞིན་གྱི་མཉམ་པས་ཤེས་རབ་དང་ཕ་རོལ་ཏུ་ ཕྱིན་པ་མཉམ་པར་སྦྱོར་བ་ཡང་སྟོང་པ་ཉིད་དོ། །སངས་རྒྱས་ཀྱི་སྐུའི་མཚན་ཉིད་པས་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ཏེ། ཆོས་སོ་ཅོག་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། དབྱེར་མེད་ཅིང་མཉམ་པའི་ཕྱིར་ ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་དངོས་པོར་གྲུབ་པ་མེད་པས་སྟོང་པའི་མཚན་ཉིད་དེ་མཉམ་པ་ཉིད་དུ་འབྱོར་ཞིང་ཆོས་ཐམས་ཅད་ལ་སྤྱོད་ཀྱང་ཉོན་མོངས་པའི་འཆིང་བར་མི་འགྱུར་ཏེ། བགེགས་ཐམས་ཅད་ལས་རྒྱལ་པོའི་ཕྱིར་རྡོ་རྗེ་ལྟ་བུར་མཐུ་ཆེ་བས་ན་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། ། རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ཏེ། རིན་པོ་ཆེའི་ཕྲེང་བས་དབང་བསྐུར་ཏེ་དོན་བྱེད་པ་ཡང་སེམས་ཅན་འགའ་ལ་བྱེད་པ་མ་ཡིན་གྱི་དབྲི་བཀོལ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱེད་པས་ན་ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བ་ཡང་སེམས་ཅན་གྱི་དོན་གྱི་ཕྱིར་ན་རིན་པོ་ ཆེའི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཏེ། ཆོས་སོ་ཅོག་ཐམས་ཅད་ཆོས་ཀྱི་དབྱིངས་ཉིད་ལས་གཞན་མ་ཡིན་པས་ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བ་ཡང་ཆོས་ཀྱི་དབྱིངས་ཏེ་ཆོས་ཉིད་པས་ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །ལས་ ཀྱི་དཀྱིལ་འཁོར་ཏེ་ཆོས་ཐམས་ཅད་སྟོང་པའི་ཕྱིར། ཆོས་ཐམས་ཅད་སྤྱོད་དོ་ཅོག་ཀྱང་ལས་ཞེས་བྱ་སྟེ། ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དུ་སྦྱོར་བ་ཡང་དངོས་གྲུབ་ལ་སོགས་ཏེ་རྣམ་པ་སྣ་ཚོགས་གྲུབ་ཀྱིས་ཀྱང་ཉོན་མོངས་པའི་འཆིང་བ་དང་སྒྲིབ་པར་མི་འགྱུར་བས་ལས་ཀྱི་རིགས་ཀྱི་ དཀྱིལ་འཁོར་ཞེས་བྱའོ། །ཧྲཱི་ཞེས་བྱ་བའི་དོན་ནི་རྟག་ཏུ་བཤད་པ་དང་མཐུན་ནོ། །གཞུང་ལས་དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་ཞེས་བྱ་བ་ནས། བཛྲ་ཨ་མོ་གྷ་ཧཱུཾ། ཞེས་བྱ་བའི་བར་དུ་སྟེ། བཅོམ་ལྡན་འདས་ལག་ན་རྡོ་རྗེས་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཐམས་ ཅད་ཀྱི་དོན་འདོད་པའི་དམ་ཚིག་ཅེས་བྱ་བ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་དམ་ཚིག་མི་གཏོང་བ་སྟེ། འདི་ལྟ་བུའི་དཀྱིལ་འཁོར་བྱིན་གྱིས་བརླབས་ནས་མཉམ་པར་སྦྱོར་བའི་ཏིང་ངེ་འཛིན་ལ་བདག་དང་གཞན་ཞེས་བྱ་བ་མེད་པའི་སྙོམས་པར་ཞུགས་ནས་ སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་དོན་ཡོད་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བ་རང་གི་སྙིང་པོ་སྨྲས་སོ། །བཛྲ་ཨ་མོ་གྷ་ཧཱུཾ། ཞེས་བྱ་བ་ནི་རྡོ་རྗེའི་གདོན་མི་ཟ་བར་བཏུས་པ་ཞེས་བྱའོ། །གཞུང་ལས་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཅེས་ བྱ་བ་ནས་ཏྲཾ་ཞེས་བྱ་བའི་བར་དུ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་རློབ་པ་ཞེས་བྱ་བ་འདི་བཤད་དོ། ། རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ཏེ། སེམས་ཅན་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་སྐུ་དང་ཐུགས་ཐམས་ཅད་དང་ལྡན་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བ་ལ་གཞུག་ནས་ཀུན་ཀྱང་བླ་ན་མེད་པར་མངོན་པར་འཚང་རྒྱ་བས་ན་སེམས་ཅན་ཐམས་ ཅད་དེ་བཞིན་གཤེགས་པའི་སྐུ་ལས་གཞན་མ་ཡིན་པས་དེ་བཞིན་གཤེགས་པའི་མཐུ་དང་རླབས་ཆེ་བས་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ཏེ། རིན་པོ་ཆེའི་ཕྲེང་བས་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པས་མཉམ་པར་སྦྱོར་བའི་རྡོ་རྗེའི་སྙིང་པོས་དབང་བསྐུར་ནས། སེམས་ཅན་ཐམས་ཅད་ཀྱང་དེའི་སྤྱོད་ལམ་འཇུག་ཅིང་མཉམ་པར་སྦྱོར་བའི་རྡོ་རྗེའི་སྙིང་པོས་དབང་བྱེད་པར་འགྱུར་རོ། །དམ་ཚིག་རིན་པོ་ཆེའི་དབང་བསྐུར་བ་ཡིན་ཏེ། ལག་ཏུ་རྡོ་རྗེ་བྱིན་ནས་ལས་ཐམས་ཅད་སྤྱོད་དུ་འཇུག་ པའི་དབང་སྦྱིན་པར་བྱེད་པ་སེམས་ཅན་ཐམས་ཅད་རྡོ་རྗེའི་སྙིང་པོ་ཞེས་བྱ་སྟེ་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པའི་དོན་བསྟན་པ་འཇུག་པས། སེམས་ཅན་ཐམས་ཅད་ནི་ཆོས་ ཀྱི་སྙིང་པོ་སྟེ། ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཏེ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བས་སེམས་ཅན་ཐམས་ཅད་བྱ་བ་བྱེད་པ་ལ་རབ་ཏུ་སྦྱོར་གྱིས་ཀྱང་ཉོན་མོངས་པའི་འཆིང་བར་མི་འགྱུར་བས་སེམས་ཅན་ ཐམས་ཅད་ལས་ཀྱི་སྙིང་པོ་སྟེ་དངོས་གྲུབ་ཐམས་ཅད་མངོན་དུ་སྤྱོད་པས་ན་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །ཏྲཾ་ཞེས་བྱ་བའི་དོན་ནི་རིན་པོ་ཆེའི་རིགས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐྱེད་པའི་ས་བོན་ཏེ། རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ ཞེས་བྱའོ། །གཞུང་ལས་དེ་ནས་ཕྱི་རོལ་གྱི་རྡོ་རྗེའི་རིགས་རྣམས་ཞེས་བྱ་བ་ནས། བཛྲ་ཧྲཱི་བྱོ་སྭཱ་ཧཱ། ཞེས་བྱ་བའི་བར་དུ་སྟེ། དཀྱིལ་འཁོར་གྱི་ཕྱི་རིམ་དང་ར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཁྱད་པར་མེད་དེ། མཚུངས་ཤིང་འདྲ་བས་རྒྱ་ཆེར་བསྟན་ནས་སྙིང་པོ་ཚོགས་སྔགས་རྣམས་བྱིན་ ཏེ། དེ་ཡང་གཉིས་སུ་མེད་པ་མཉམ་པར་སྦྱོར་བས་ལོངས་སྤྱོད་ཆེན་པོ་དང་ལྡན་པའི་དབང་ཕྱུག་ཆེན་པོས་རང་གི་སྙིང་པོ་གསུངས་སོ། །གཞུང་ལས། དེ་ནས་དེ་བཞིན་གཤེགས་པ་མཐའ་ཡས་མུ་མེད་ཅེས་བྱ་བ་ནས། བྷྱོ་བཛྲ་ཨོཾ་སརྦ་དྷརྨ་ཏ། ཨ་པྲ་པ་ནི་ཙ། ཧི་ལི་ཧི་ལི། སརྦ་དྷརྨ་ཏ། མི་ལཱི་མི་ལཱི། སརྦ་དྷརྨ་ཏ། ཨ་ནུ་རཱ་ག་གཱི་ནི་སྭཱ་ཧཱ། ཞེས་བྱ་བའི་བར་དུ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐའ་ཡས་མུ་མེད་ཐུག་པ་མེད་པའི་ཆོས་ཀྱང་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་ལོངས་སྤྱོད་ཆེན་པོ་དང་ལྡན་པར་མཛད་ པས་ཆོ་ག་འདི་ཡང་དེ་བཞིན་གཤེགས་པའི་མཛད་པ་དང་མཐུན་པའི་ཕྱིར་ཆོ་ག་འདི་ཡང་མཐའ་ཡས་མུ་མེད་ཐུག་པ་མེད་པར་ཡོངས་སུ་བྱིན་གྱིས་བརླབ་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་དང་མཉམ་པར་སྦྱོར་བས་སྤྱོད་ཡུལ་ཐམས་ཅད་དུ་རྣམ་པར་དག་པའི་ཚུལ་འདི་བཤད་དོ། །རྡོ་རྗེའི་རིགས་ ཀྱི་དཀྱིལ་འཁོར་ཏེ། ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བ་བསམ་གྱིས་མི་ཁྱབ་མཐའ་ཡས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མཐའ་ཡས་ཏེ། ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་སྤྱོད་ཆེན་པོ་ཉིད་ཡིན་པས་དེ་བཞིན་གཤེགས་པའི་སྐུ་ནི་ བདུད་ཐམས་ཅད་ལས་རྒྱལ་བའི་ཕྱིར། རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ཏེ་ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་ཆོས་ཐམས་ཅད་དུ་མཉམ་སྟེ། རྡོ་རྗེ་ལྟ་བུའི་མཐུ་དང་འདྲ་བ་མེད་ཅིང་གཞན་གྱི་ཟིལ་གྱིས་མི་གནོན་ཏོ། །དབང་གྲུབ་ པས་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཏེ། ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བ་ནི་དུ་མའི་དོན་མ་ཡིན་ཏེ། མཉམ་པ་ཉིད་གཅིག་ཏུ་ཟད་པས་ཆོས་ཐམས་ཅད་ཀྱང་ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་གཅིག་ཏུ་ཟད་དེ་ དབྱེར་མེད་པས་ན་ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཏེ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དུ་སྦྱོར་བ་ཆོས་མཚན་མ་སྣ་ཚོགས་ཀྱི་སྤྱོད་ཡུལ་ལ་ཞུགས་ཀྱིས་ཀྱང་ཉོན་མོངས་པའི་འཆིང་བ་དང་སྒྲིབ་པར་མི་ འགྱུར་བས་ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པས་ན་ཆོས་ཐམས་ཅད་ཀྱང་མཐར་ཐུག་པ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། དངོས་གྲུབ་ཐམས་ཅད་སྦྱིན་པར་བྱེད་པས་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །གཞུང་ལས། གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས། རྡོ་རྗེ་ འཛིན་པར་མྱུར་དུ་འགྱུར། བཛྲ་བྷྱོ་ཞེས་བྱ་བའི་བར་དུ་སྟེ། ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་ཚུལ་འདི་མཉན་པ་ལ་སོགས་ཏེ་བསྒོམ་པའི་བར་དུ་ནན་ཏན་བྱས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་དག་པའི་མཐར་ཕྱིན་ཏེ། ཆོས་མཚན་མ་སྣ་ཚོགས་ཀྱི་སྒོར་ ཞུགས་ཀྱིས་ཀྱང་མཉམ་པ་ཉིད་ཀྱི་དོན་གྱིས་སྒྲིབ་པ་ཐམས་ཅད་ཟད་ནས་དེ་བཞིན་གཤེགས་པའམ། རྡོ་རྗེ་འཛིན་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །གཞུང་ལས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི། དེ་བཞིན་ གཤེགས་པ་དང་། རྡོ་རྗེ་འཛིན་པ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྐྱོབ་པ་དགེ་བའི་བཤེས་གཉེན་ཡིན་པས་དེ་དང་ནམ་དུ་ཡང་མི་འབྲལ་བར་བྱ་བའི་ཕྱིར་གུས་པ་ཞེས་རི་མོར་བྱ་བའི་ཕྱིར་ཕྱག་འཚལ་ལོ་ཞེས་བྱ་བ་ཡིན་ནོ། །གཞུང་ལས། ཨོཾ་བྷ་ག་བཱན་ནཱ་རོད་པ་རཾ་བིད་ཤ་དྷ་ཡ་ སྭཱ་ཧཱ། ཞེས་བྱ་བ་ནས། ཨོཾ་ཞེས་བྱ་བ་སྟེ་སྔགས་ཀྱི་ཡི་གེ་འབྲུ་དྲུག་པོ་འདི་རྣམས་ནི་དཀྱིལ་འཁོར་ཀྱི་ནང་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་སོ་སོའི་རིགས་ཀྱི་སྙིང་པོ་འདིའི་དོན་ནི་སྤྱོད་པ་ཐམས་ཅད་ཀྱི་ཐོག་མར་འགྲོ་བའི་དོན་ཡིན་ནོ། །རིག་པ་ཆེན་པོའི་སྙིང་པོ་འདི་བཤད་པའི་ཚེ་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རློབས་ཀྱིས་ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་དོན་ཏེ། མ་ནོར་བར་བཏོན་པའི་དམ་ཚིག་གི་སྒྲ་དང་སྔགས་ཀྱི་སྙིང་པོ་ཡི་གེ་འབྲུ་དྲུག་བརྗོད་པ་བར་སྣང་ལ་གྲག་གོ། །སྔགས་ཀྱི་སྙིང་པོ་འདི་རྣམས་ནི་རིག་འཛིན་ཐམས་ ཅད་ཀྱི་རྟག་ཏུ་བསྙེན་བཀུར་བྱ་ཞིང་རྗེས་སུ་དྲན་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ་ཆོས་ཀྱི་རྣམ་གྲངས་སྙིང་པོ་བསྟན་པ་འདི་དངོས་གྲུབ་ཐམས་ཅད་ཐོབ་པར་བྱེད་པའི་དོན་ཡོད་པས་དེ་བཞིན་གཤེགས་པ་ཀུན་ཀྱང་མྱུར་དུ་འགྲུབ་པར་བྱ་བར་བྱིན་གྱིས་བརླབས་ནས་ལེགས་སོ་ཞེས་བྱ་ བ་བྱིན་ནོ། །ཨོཾ་ཞེས་བྱ་བའི་དོན་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྐུ་ལྟ་བུའོ། །བར་མ་ནི་ཀྵོ་བྷྱ་དང་། རཏྣ་སམྦྷ་བ་དང་། ཨ་མོ་གྷ་སིདྡྷི་འདུས་པའི་སྐུ་ལྟ་བུའོ། །ཐ་མ་ནི་ཆོས་ཀྱིས་ཨ་མི་ཏཱ་བྷ་ལྟ་བུར་བལྟའོ། །ཡང་རྣམ་པ་གཅིག་ཏུ་ན་ཐོག་མ་ནི་ཕ་རོལ་ཏུ་ཕྱིན་པ་ཐ་མ་ནི་ རབ། བར་ནི་བྱང་ཆུབ་ཀྱི་སེམས་ལྟ་བུ་ཡིན་ནོ། །གཞུང་ལས་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས་བློ་གྲོས་ཆེན་པོ་ལེགས་སོ་ཞེས་བྱ་བའི་བར་དུ་སྟེ། རིགས་ཀྱི་ཡུམ་རྣམས་ཀྱིས་མཉམ་པར་སྦྱོར་བའི་དཀྱིལ་འཁོར་སོ་སོའི་ཡོན་ཏན་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ལ་བསྟོད་པ་ནི་སེམས་ དཔའ་ཆེན་པོ་ལེགས་སོ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔའ་ནི་ཁམས་གསུམ་པ་ཐམས་ཅད་ཀྱི་སློབ་དཔོན་ལྟ་བུ་སྟེ། སྟོང་པ་ཉིད་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་ཞིང་བདུད་ལ་སོགས་པ་ལོག་པར་ལྟ་བ་ཐམས་ཅད་ཟིལ་གྱིས་གནོན་པར་མཛད་དེ་མ་རུངས་པ་ཐམས་ཅད་ འདུལ་བའི་གཉེན་པོ་བས་དེའི་ཕྱིར་རྡོ་རྗེ་ཞེས་བྱ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་མཉམ་པ་ལས་མ་འགྱུར་བར་འཇིག་རྟེན་གྱི་ཆོས་དང་ལོངས་སྤྱོད་ཐམས་ཅད་ལ་ཡང་མངོན་པར་སྤྱོད་པས་ཡོན་ཏན་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པས་ལེགས་སོ་ཞེས་བྱ་བས་བསྟོད་དོ། །རིན་པོ་ཆེའི་ རིགས་ཀྱི་དཀྱིལ་འཁོར་ལ་བསྟོད་པ་ནི་བདེ་བ་ཆེན་པོ་ལེགས་སོ་ཞེས་བྱ་བ་ཡིན་ནོ། །ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་ལ་བསྟོད་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བས་དོན་དམ་པའི་བདེན་པ་དང་ཀུན་རྫོབ་ཀྱི་བདེན་པ་དང་ཡང་ལྡན། ཐབས་དང་ ཤེས་རབ་ཟུང་དུ་འབྲེལ་ཏེ་མཉམ་པས་བསོད་ནམས་ཡེ་ཤེས་ཀྱི་ཚོགས་རྫོགས་པར་འགྱུར་བས་ཐེག་པ་ཆེན་པོའི་ཆོས་ཀྱི་དཀྱིལ་འཁོར་ཏེ། ཡོན་ཏན་བསམ་གྱིས་མི་ཁྱབ་པས་ཐེག་པ་ཆེན་པོ་ལེགས་སོ་ཞེས་བྱ་བ་ཡིན་ནོ། །ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ལ་བསྟོད་པ་སྟེ། སྟོང་པ་ཉིད་ཀྱི་ ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བས་དངོས་གྲུབ་ཀྱི་ལས་སྣ་ཚོགས་མཛད་ཀྱིས་ཀྱང་མཉམ་པ་ཉིད་ཀྱི་ཆོས་ཉིད་ལས་མི་འགྱུར་བས་ཇི་ལྟར་བསྟོད་པ་བཞིན་དུ་ཡང་གྲུབ་ལ། ཤེས་རབ་དང་ཐབས་ཆེན་པོ་ཆུད་མི་ཟ་བས་ཤིན་ཏུ་བློ་གྲོས་དང་ལྡན་པ་ཡིན་པས་ཡོན་ ཏན་བསམ་གྱིས་མི་ཁྱབ་པའི་ཕྱིར་བློ་གྲོས་ཆེན་པོ་ལེགས་སོ་ཞེས་བྱ་བ་ཡིན་ནོ། །གཞུང་ལས། ཆོ་ག་འདི་ནི་དགེ་བར་སྨྲས། །ཞེས་བྱ་བ་ནས། བཤད་པ་ལ་ནི་མངོན་པར་བསྟོད། །ཅེས་བྱ་བའི་བར་དུ་སྟེ། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་ བས་འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་འཛེམ་པ་མེད་པར་སྤྱོད། ཤེས་རབ་དང་ཐབས་ཀྱི་སྤྱོད་ཡུལ་ཡང་ངོ་བོ་ཉིད་ཀྱིས་མཉམ་པ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བའི་སྒོ། སེམས་ཅན་ཐམས་ཅད་ཀྱང་མོས་ཤིང་དད་པར་འགྱུར་བའི་ཆོས་ཆེན་པོ་ཡིན་ པས་དགེ་བར་སྨྲས་སོ་ཞེས་བྱའོ། །དཀྱིལ་འཁོར་ཆེན་པོ་མཛད་པའི་ཚེ་དེ་བཞིན་གཤེགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་ཕྱག་ན་རྡོ་རྗེ་བསྣམས་ཏེ། ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་ཞུགས་ནས། མདོ་སྡེ་ཟབ་མོ་འདི་ཡང་དེ་བཞིན་གཤེགས་པས་དཀྱིལ་འཁོར་ མཛད་པའི་ཚུལ་དུ་བསྟན་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེར་བྱིན་གྱིས་བརླབས་པ་ཞེས་བྱའོ། །ཆོས་ཐམས་ཅད་རང་བཞིན་གྱི་སྟོང་པ་ཉིད་ཡིན་གྱིས་ཀྱང་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུར་སྦྱར་བ་སྟེ། དེ་བས་ན་མདོ་སྡེའི་དོན་འདི་བསྟན་པས་ཐོབ་པའི་ཤེས་རབ་བསྐྱེད་དེ་ཆོས་ཉིད་ ཀྱི་རིག་པ་ལ་བརྟེན་ནས་བསམ་པའི་ཤེས་རབ་ཀྱིས་དོན་གང་ཡིན་པ་ལ་གཞིག་པར་བྱས་ནས་མཉམ་པར་སྦྱོར་བའི་དོན་ལ་བསྒོམས་ན། འབྲས་བུ་བྱང་ཆུབ་ཀྱི་རིག་འཛིན་ལ་སོགས་ཏེ་བླ་ན་མེད་པའི་ས་མན་ཆད་དངོས་གྲུབ་ཅི་འདོད་པ་ཐོབ་པར་འགྱུར་ཏེ་འབྲས་བུ་ཡོད་པས་སེམས་ཅན་ཀུན་ཀྱང་ དམ་པའི་ཆོས་སྤྱོད་པས་འདི་ལ་འཇུག་ཅིང་སྒོམ་པར་འགྱུར་བས་འདུལ་བའི་མཆོག་ཅེས་བྱའོ། །མཉམ་པར་སྦྱོར་བའི་སྒོ་ཡངས་པ་འདི་ལ་ཀུན་ཀྱང་མོས་ཤིང་དད་པར་གྱུར་ལ་ལོངས་སྤྱོད་དང་ལྡན་བཞིན་དུ་བླ་ན་མེད་པ་ཐོབ་པར་འགྱུར་བས་ཐོབ་པའི་རྒྱལ་པོ་སྟེ། ཤེས་རབ་ དང་ཐབས་གཉིས་མཉམ་པར་སྤྱོད་པས་ལྷག་པའི་ཆོས་གུད་ན་མེད་པས་སངས་རྒྱས་ཀྱིས་ཐོབ་པའི་ས་ཆེ་བ་ལས་བསྒྲུབ་ཏུ་མེད་པས་བླ་ན་མེད་པས་བླ་ན་མེད་པ་ཞེས་བྱའོ། །སེམས་ཅན་གང་ཡང་རུང་སྟེ། དམ་པའི་ཆོས་སྤྱོད་ལམ་འདི་ལ་ཉན་པ་དང་སེམས་པ་དང་བསྒོམ་པ་ལ་སོགས་ཏེ་ནན་ ཏན་དུ་བྱེད་པ་ལ་ནི་གདོན་དང་བགེགས་ལ་སོགས་པ་ཐམས་ཅད་ཀྱིས་སྤྱོད་པའི་བར་ཆད་དུ་མི་འགྱུར་བ་དང་འཚེ་བར་བྱེད་མི་ནུས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ས་ཐོབ་པར་བྱ་བ་དང་། དངོས་གྲུབ་དམ་པ་ཅི་འདོད་པ་ཐམས་ཅད་སངས་རྒྱས་ཀུན་གྱིས་རིང་པོར་མི་ཐོགས་པར་སྟེར་བར་ འགྱུར་རོ་ཞེས་གསུངས་པ་ཡང་མི་འགལ་བར་མྱུར་དུ་ཐོབ་པར་འགྱུར་རོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་དང་མཉམ་པའི་ཆོས་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་མཉམ་པ་ཉིད་ཀྱི་སྦྱོར་བ་བྱིན་གྱིས་བརླབས་པས་གསང་བའི་དོན་འདི་ ཡང་རྡོ་རྗེ་ཅན་གྱིས་གྲུབ་པར་འགྱུར་རོ། །ཐེག་པ་ཆེན་པོའི་ཆོས་ཡངས་པ་ཤིན་ཏུ་རྒྱ་ཆེ་ལ་ལོངས་སྤྱོད་དང་ལྡན་བཞིན་དུ་གྲུབ་པའི་ཆོས་བཤད་པ་འདི་ལ་དོན་ཆེན་པོ་ཡོད་པར་མཐོང་ནས་མངོན་པར་དགའ་ཞིང་བསྟོད་དོ། །གཞུང་ལས་དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཅེས་བྱ་བ་ནས། སྭ་བཛྲ་ཨོཾ་ཞེས་བྱ་བའི་བར་དུ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ནི་ཁམས་གསུམ་ཐམས་ཅད་ཀྱི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་ཡིན་པས་གསང་བའི་ཆོས་ཉིད་པས་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་གཉིས་སུ་མེད་པར་མཉམ་པར་སྦྱོར་བ་སྤྲོས་པ་མེད་པ་བདེ་བ་ཆེན་པོའི་དོན་ཡོད་པ་ མཉམ་པར་སྦྱོར་བ་མི་གཏོང་བའི་དམ་ཚིག་དང་ལྡན་པ་ཆོས་ཡངས་ཤིང་རྒྱ་ཆེ་བའི་སྒོ་འདི་ཐོག་མ་དད་པས་རྩོམ་པ་ནས་ཞུགས་ནས་མཇུག་བླ་ན་མེད་པ་ཐོབ་ཀྱི་བར་དུ་ཉོན་མོངས་པ་མེད་པར་སྒྲིབ་པ་ཐམས་ཅད་སྤངས་པས་ན་ཐོག་མ་དང་ཐ་མ་དང་དབུས་ཀྱི་ཁྱད་པར་མེད་པར་དུས་ཐམས་ཅད་དུ་བདེ་བ་མཉམ་ པའི་ཆོས་གསུངས་སོ། །མུར་ཐུག་ལ་སོགས་པ་ཆོས་ཟབ་མོའི་དོན་མ་མཐོང་བ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། གཉིས་སུ་མེད་པའི་མཉམ་པར་སྦྱོར་བའི་ཆོས་ཉིད་མི་ཤེས་པ་རྣམས་ཀྱིས་ནི་དཀའ་ཐུབ་པ་ཉོན་མོངས་པ་སྤྱད་ཀྱིས་ཀྱང་འབྲས་བུ་བདེ་བ་ཐོབ་པར་མི་འགྱུར་རོ། །དེས་ན་སྤྱོད་པ་ཀུན་ལས་འཕགས་ པའི་ཆོས་ཀྱང་ཐུགས་རྗེ་ཅན་གྱིས་བསྟན་པར་ཟད་དོ། །དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སྟོང་པ་ཉིད་ཀྱི་ཡེ་ཤེས་གཉིས་སུ་མེད་པར་མཉམ་པར་སྦྱོར་བས་ལོངས་སྤྱོད་དང་ལྡན་ཞིང་། བླ་ན་མེད་པའི་དངོས་གྲུབ་ཐོབ་པ་སེམས་ཅན་ཐམས་ ཅད་ཀྱང་བྱང་ཆུབ་ཏུ་སྒྲོལ་བར་བྱེད་པས་ཐོག་མ་དད་པ་ལ་ཞུགས་ནས་ཐ་མ་བླ་ན་མེད་པ་ལ་སྒྲོལ་བ་ལ་ཐུག་གི་བར་དུ་དུས་ཐམས་ཅད་དུ་བདེ་བས་འདོད་ཆགས་ཆེན་པོའི་དངོས་གྲུབ་དམ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོའི་དངོས་གྲུབ་དམ་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་སྐུའི་ སྤྱོད་ཡུལ་དུ་བསྟན་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཏེ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བ་ལས་ལོངས་སྤྱོད་ཚད་ཆེན་པོ་དང་ལྡན་ཞིང་བདེ་བ་འདི་ཡང་ཐམས་ཅད་ཆོས་ཀྱི་དབྱིངས་ལ་ཁྱབ་ཏེ། དོན་ དམ་པའི་མཚན་ཉིད་པས་ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་གཉིས་སུ་མཉམ་པར་སྦྱོར་བས་བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པའི་དངོས་གྲུབ་དམ་པ་ཡང་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་ པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་རིན་པོ་ཆེའི་ཕྲེང་བས་ཁམས་གསུམ་གྱི་རྒྱལ་པོར་དབང་སྐུར་བར་བྱེད་པས་ན་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་མཉམ་པར་སྦྱོར་བས་ཁམས་གསུམ་པ་ཐམས་ཅད་ཀྱི་བདག་པོ་ བྱེད་པས་སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་དག་པའི་སྤྱོད་ཡུལ་ལ་དགོད་པའི་ཕྱིར་འཁོར་བའི་ནང་ན་གནས་ཤིང་སེམས་ཅན་གྱི་དོན་ལ་བརྩོན་ཀྱང་འཁོར་བའི་ཉོན་མོངས་པས་མི་ཆགས་པས་མི་གནས་པའི་མྱ་ངན་ལས་འདས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་ཆུའི་རྒྱུན་དང་འདྲ་བའི་ ལས་འཇུག་ཅིང་དངོས་གྲུབ་དམ་པ་ཐམས་ཅད་ཐོབ་པའི་ལས་སྤྱོད་པས་ན་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །དཀྱིལ་འཁོར་གསུངས་པ་ཡང་། དཀྱིལ་འཁོར་ལ་ལར་ནི་ལྔར་གསུངས་ལ། ལ་ལར་ནི་བཞིར་གསུངས། ལ་ལར་ནི་གསུམ་དུ་གསུངས་པ་ཇི་ལྟ་བུ་ཞེ་ན། དཀྱིལ་འཁོར་ལྔར་གསུངས་པ་ནི་དེ་བཞིན་གཤེགས་པའི་རིགས་དང་། རྡོ་རྗེའི་རིགས་དང་། རིན་པོ་ཆེའི་རིགས་དང་། ཆོས་ཀྱི་རིགས་དང་། ལས་ཀྱི་རིགས་ཏེ་འདི་རྣམས་ཀྱི་མཚན་ཉིད་དང་ཡོན་ཏན་ཏེ། དེ་བཞིན་གཤེགས་པ་ལྔ་དང་ཡུམ་ལྔའི་དོན་བསྟན་ཏོ། །དཀྱིལ་འཁོར་བཞིར་ བསྟན་པ་ནི་རྡོ་རྗེའི་རིགས་ཀྱི་ནང་དུ་དེ་བཞིན་གཤེགས་པའི་རིགས་བསྡུས་ཏེ་དཀྱིལ་འཁོར་བཞིར་བསྟན་ཏོ། །གསུང་རབ་ཁ་ཅིག་ལས་དཀྱིལ་འཁོར་གསུམ་དུ་བསྟན་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་ནང་དུ་རྡོ་རྗེ་རིགས་བསྡུ། ལས་ཀྱི་རིགས་ཀྱི་ནང་དུ་རིན་པོ་ཆེའི་རིགས་སྡུད་པ་དང་། ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཏེ། འདི་ལྟར་གསུངས་པ། དེ་ཅི་དང་འདྲ་ཞེ་ན། ཕྱིན་ཅི་ལོག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྤྱོད་ཡུལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་བྱུང་སྟེ། སེམས་ཅན་ཉོན་མོངས་པས་བཅིངས་པས་འཁོར་བའི་ནང་དུ་སྡུག་བསྔལ་བ་ཡང་ལུས་དང་ ངག་དང་ཡིད་གསུམ་འཁྲུལ་པའི་དབང་གིས་གྱུར་ཏོ། །ཕྱིན་ཅི་ལོག་མེད་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་དག་པས་ལུས་རྡོ་རྗེ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་སྐུ་ཕྱག་རྒྱ་ཆེན་པོ་དཀྱིལ་འཁོར་ཞེས་བྱའོ། །ངག་རྡོ་རྗེ་སྟེ་དོན་དམ་པའི་ཆོས་ཀྱི་དབྱིངས་དང་ མཐུན་པས་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །ཡིད་རྡོ་རྗེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ལྡན་པ་ཡིན་པས་ན་སེམས་ཅན་གྱི་དོན་བྱ་བ་སྣ་ཚོགས་མཛད་པ་དངོས་གྲུབ་ཀྱི་ལས་ཐམས་ཅད་མངོན་པར་སྤྱོད་པའི་དབང་དུ་བྱེད་ཅིང་ལས་རྣམས་ལ་སྤྱོད་པས་ དེ་བཞིན་གཤེགས་པ་རིན་པོ་ཆེའི་རིགས་དང་། དེ་བཞིན་གཤེགས་པ་ལས་ཀྱི་རིགས་གཅིག་ཏུ་བསྡུས་པའི་དཀྱིལ་འཁོར་ཞེས་བྱ་སྟེ། ལུས་དང་ངག་དང་ཡིད་གསུམ་རྡོ་རྗེར་འགྱུར་བས་འདོད་ཆགས་ནི་དེ་བཞིན་གཤེགས་པ་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་གྱི་མཚན་ཉིད་དུ་གྱུར། ཞེ་སྡང་ནི་ དེ་བཞིན་གཤེགས་པ་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་གྱི་མཚན་ཉིད་དུ་འགྱུར། གཏི་མུག་ནི་དེ་བཞིན་གཤེགས་པ་ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་དུ་གྱུར་པས་ན་འདོད་ཆགས་ཞེ་སྡང་གཏི་མུག་རྣམས་ཀྱང་དེ་བཞིན་གཤེགས་པའི་སྐུའི་མཚན་ཉིད་དུ་བཤད་པས་ཉོན་མོངས་པའི་ཆོས་ཞེས་གཞན་གུད་ ན་མེད་པས་ཆོས་སོ་ཅོག་ཐམས་ཅད་རྣམ་པར་དག་པའི་རང་བཞིན་ཡིན་པར་མངོན་ནོ། །དཀྱིལ་འཁོར་ཕྱོགས་བཞི་དབུས་ལྔ་དང་། སངས་རྒྱས་དང་བྱང་ཆུབ་པའི་ཡེ་ཤེས་དང་སྤྱོད་ཡུལ་སྔར་སོ་སོར་འགྱུར་ཏེ། གཅིག་ཏུ་ན་སྤྱོད་ཡུལ་གཅིག་ལས་མེད་པ་མ་ཡིན་གྱི། རིགས་ཀྱི་དཀྱིལ་འཁོར་ ལ་ཡང་རིགས་ཀྱི་ལྔ་ཆར་གྱི་མཚན་ཉིད་ཡོན་ཏན་དང་སྤྱོད་ཡུལ་དང་ཚོགས་ཤིང་དང་ལྡན་པས་མིང་ཙམ་དུ་དཀྱིལ་འཁོར་ཡང་ལྔའི་མཚན་ཉིད་དུ་དབྱེ་བར་ཟད་དོ། །དཀྱིལ་འཁོར་ལྔ་ཡང་དེ་བཞིན་གཤེགས་པའི་སྐུ་སྟེ་ཆོས་ཀྱི་དབྱིངས་ཉིད་ཡིན། རིགས་ཀྱི་ཡུམ་དང་གཙོ་བོ་ཉིད་ལས་སྤྲུལ་ཏོ། །མཆོད་ པའི་ལྷ་མོ་བཅུ་དྲུག་ཀྱང་རིགས་ཀྱི་ཡུམ་ལས་གཞན་མ་ཡིན་ནོ། །སྭ་བཛྲ་ཨོཾ་ཞེས་བྱ་བའི་སྭཱཾ་ནི་དཔལ་དང་ལྡན་པའམ་བཀྲ་ཤིས་པའི་མཚན་ཉིད། བཛྲ་ནི་རྡོ་རྗེའི་མཚན་ཉིད། ཨོཾ་ནི་དེ་བཞིན་གཤེགས་པའི་མཚན་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བ་ནས་སྭ་ ཞེས་བྱ་བའི་བར་དུ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་བདེ་བ་ཆེན་མོ་དེ་བཞིན་གཤེགས་པ་ཐམས་ཅད་དང་ཐ་མི་དད་པ་མཉམ་པར་སྦྱོར་བའི་ཆོས་དོན་ཇི་ལྟ་བ་བཞིན་དུ་མཁྱེན་པའི་ཆོས། ཆོས་ཐམས་ཅད་ཀྱི་དབྱིངས་ལས་ཐ་མི་ དད་པའི་ཕྱིར་དོན་ཐམས་ཅད་བསྒྲུབ་པར་གསུངས་ཏེ། སྭཱ་ཧཱ་ཞེས་བྱ་བ་ནི་ཞི་བ་དང་རྒྱས་པ་དང་བཀྲ་ཤིས་ཀྱི་དོན་ཡིན། ཧཱུཾ་དང་ཕཊ་ཅེས་བྱ་བ་ནི་མངོན་སྤྱོད་དང་དགུག་པ་དང་འཇིགས་པར་བྱ་བའི་དོན་ཡིན་ཏེ། འདི་རིགས་ཀྱི་ཡུམ་གྱི་ཆོས་ཐམས་ཅད་དགེ་ཞིང་བཀྲ་ཤིས་པར་གསུངས་པའི་ཕྱིར་ཞེས་ བརྗོད་དོ། །གཞུང་ལས། ཅིའི་ཕྱིར་ཞེ་ན། ཇི་སྲིད་འཁོར་བའི་གནས་སུ་ནི། །ཞེས་བྱ་བ་ནས་དངོས་གྲུབ་ཀྱི་ཕྱོགས་ཀྱང་ཚེ་འདི་ལ་ཐོབ་པར་འགྱུར་རོ། །ཧཱུཾ་ཞེས་བྱ་བའི་བར་དུ་སྟེ། རིགས་ཀྱི་ཡུམ་གྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བ་ལ་ མཁས་པའི་མཆོག་ཐོབ་པར་འགྱུར་ཞིང་། སེམས་ཅན་འཁོར་བའི་མཐའ་མེད་པ་དེ་སྲིད་དུ་དོན་མཛད་པས་ན་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་མ་གཏོགས་པར་ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པར་སྦྱོར་བའི་རྒྱ་ཆེན་པོ་འདི་ལ་དོན་ཆུད་མི་ཟ་བ་མཁྱེན་ནས་ ཚིགས་བཅད་དུ་བསྟོད་པ་ཡིན་ནོ། །འཁོར་བ་ཐོག་མ་དང་ཐ་མ་མེད་པའི་ཕྱིར་མཐའི་མཐའ་ཡང་མེད་དེ། ཇི་ཙམ་དུ་འཁོར་བ་མཐའ་མེད་པའི་བར་དུ་སྟོང་པ་ཉིད་དང་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ནི་དེ་དང་མཉམ་པར་སྦྱོར་བ་མ་ཡིན་ནོ། །དེ་ལྟར་འཁོར་བ་མཐའ་མེད་པའི་དོན་ལ་སེམས་དང་ པོ་བསྐྱེད་པ་ནས་ཞུགས་པས་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཀྱིས་ཀྱང་ཐོག་མ་སྙིང་རྗེ་ཆེན་པོ་དང་སྨོན་ལམ་ཆེན་པོས་སེམས་ཅན་གྱི་དོན་ལ་འཇུག་པར་བྱ་བའི་ཤུགས་ཀྱིས་སེམས་ཅན་གྱི་དོན་ཚུལ་རྒྱུན་དང་འདྲ་བར་མཛད་པས་ཉན་ཐོས་དང་རང་སངས་རྒྱས་དང་རང་བཞིན་དུ་ཕུང་པོའི་ ལྷག་མ་མ་ལུས་པའི་མྱ་ངན་ལས་འདའ་བར་མི་མཛད་དོ། །ཤེས་རབ་ཅེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པ་མཉམ་པ་ཉིད་དུ་ཤེས་པ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་དབྱིངས་ཀྱི་མཚན་ཉིད་དེ། དེ་ཤེས་རབ་དང་དབྱིངས་གཉིས་སུ་སྦྱོར་ཏེ་མཉམ་པར་གྱུར་པའི་དུས་ན། ཤེས་རབ་དང་ཡོངས་སུ་རྫོགས་པའི་མཐར་ཕྱིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཐབས་ནི་ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་ལ་བྱང་ཆུབ་ཀྱི་སེམས་སྐྱེས་ཏེ། སེམས་དེ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐྱེད་པ་དང་། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་མཆོད་པ་ཕུན་སུམ་ཚོགས་པ་བསྐྱེད་པ་དང་། དངོས་གྲུབ་དམ་པ་ཐམས་ཅད་བསྐྱེད་པ་དང་། སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་བྱས་པས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐབས་སུ་འབྲེལ་པ་ཐབས་ཀྱིས་གཟུང་བའི་ཤེས་རབ་པས་ཤེས་རབ་ཀྱང་ཐབས་ཤེས་རབ་ཀྱིས་གཟུང་ བའི་ཐབས་པས་ན་ཐབས་ཀྱང་ཤེས་རབ་སྟེ། དེ་ལྟར་ཤེས་རབ་དང་ཐབས་དུས་ཐམས་ཅད་དུ་མཉམ་པའི་དུས་ན་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་པའི་ས་པས་ཆོས་སོ་ཅོག་ཐམས་ཅད་རྣམ་པར་དག་པའི་རང་བཞིན་དུ་གྱུར་པས་ན་རང་བཞིན་མེད་པས་དག་པར་འགྱུར། ཇི་སྲིད་དུ་སེམས་ཅན་འཁོར་བའི་མཐའ་ མེད་པའི་བར་དུ་འཇིག་རྟེན་གྱི་སྡིག་པའི་ཆོས་ཐམས་ཅད་དང་། འདོད་ཆགས་ཀྱི་ཉོན་མོངས་པའི་འཆིང་བར་མི་འགྱུར་གྱིས་རྣམ་པར་དག་པའི་སྤྱོད་ཡུལ་དུ་གྱུར་པས་ན་དེ་བས་ན་སེམས་ཅན་ཐམས་ཅད་ཀྱང་མཉམ་པར་སྦྱོར་བ་ལ་འཛུད་ཅིང་སྒྲིབ་པ་མེད་པར་བྱེད་པའི་ཕྱིར། ཇི་སྲིད་འཁོར་བ་དེ་ཙམ་གྱི་བར་ དུ་སེམས་ཅན་འདུལ་ཞིང་དགེ་བའི་བཤེས་གཉེན་བྱེད་དོ། །ཆོས་ཐམས་ཅད་ནམ་མཁའི་མཚན་ཉིད་དང་མཚུངས་པ་རང་བཞིན་གྱིས་གྲུབ་པ་མེད་དེ་ཅི་ལ་ཡང་མི་གནས་པའོ། །ནམ་མཁའ་ཞེས་བྱ་བ་ཡང་སེམས་ཅན་ཕྱིན་ཅི་ལོག་གིས་ལས་ཀྱི་འབྲས་བུ་ལ་ནམ་མཁའ་ཡང་དངོས་པོ་མི་སྣང་བའི་ཕྱིར་ མེད་པར་འཛིན་གྱིས། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ་མཉམ་པའི་དུས་ཀྱི་ནམ་མཁའ་ལ་ཅི་ཞིག་མེད་ན་མེད་ཅེས་བྱ་སྟེ། མེད་པར་ལྟ་བ་ཡང་མི་འབྱུང་བས་ན་དེ་བས་ན་ནམ་མཁའ་ལ་ཡང་མཚན་གྲུབ་པ་མེད་པའི་ཕྱིར་རོ། །ཆོས་སོ་ཅོག་ཐམས་ཅད་ཀྱང་ནམ་མཁའ་བཞིན་ཏེ་གྲུབ་པ་ མེད་པས་མཉམ། རང་བཞིན་གྱིས་དག་པའི་ཕྱིར་ཉོན་མོངས་པའི་འཆིང་བར་མི་འགྱུར་བས་ན་ཀུན་གྱི་མཆོག་མངོན་པ་ཉིད་རྫོགས་ཞེས་བྱའོ། །དཔེར་ན་པདྨ་ཚོགས་ཀྱིས་བསྒྱུར་ཡང་སྨན་གྱི་ཁ་དོག་གིས་མི་འགྱུར་བ་བཞིན་དུ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་གཉིས་སུ་མེད་པའི་མཉམ་པར་སྦྱོར་བས་འགྲོ་ བ་ལ་ཕན་པའི་དོན་བྱེད་ཀྱི་ཉེས་པས་འཆིང་བར་མི་འགྱུར་རོ། །ཤེས་རབ་ཕ་རོལ་ཕྱིན་པ་མཉམ་པར་སྦྱོར་བས་ལོངས་སྤྱོད་ཆེན་པོའི་ནང་དུ་བཞུགས་ཏེ། སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་དོན་བྱེད་ཀྱང་རྣམ་པར་དག་པའི་སྤྱོད་ཡུལ་དུ་གྱུར་པས་ན་ལོངས་སྤྱོད་ཆེན་པོ་དང་ཡང་མི་ འབྲལ་བའི་ཕྱིར་ན་དོན་ཆེ། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་མཉམ་པར་སྦྱོར་བ་ལ་གནས་པས་སྡུག་བསྔལ་དང་ཉོན་མོངས་པ་མེད་པའི་ཕྱིར་ནི་བདེ་བ་ཆེ་སྟེ། དེ་ལྟར་ན་སྤྱོད་པ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་རྫོགས་ཏེ། སྐུ་གསུམ་ལྷུན་གྱིས་གྲུབ་པས། བཅོམ་ལྡན་འདས་དཔལ་རྣམ་ པར་སྣང་མཛད་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་མཛད་པས་ན་སེམས་ཅན་གྱིས་ཧཱ་ཞེས་བྱ་བ་ནི་ཆོས་རྒྱ་ཆེན་པོ་འདིས་སེམས་ཅན་སྨིན་པར་འགྱུར་བས་དགའ་སྟེ་དགོད་པའི་ཐ་ཚིག་གོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། མཉམ་པར་སྦྱོར་བའི་ཆོས་ནི་ ཉན་པ་ལ་སོགས་ཏེ་བསྒོམ་པ་ནན་ཏན་ཆེན་པོར་བྱས་ན་བདེ་བ་ཐམས་ཅད་ཐོབ་པ་དང་དངོས་གྲུབ་ཀྱི་མཆོག་ཀྱང་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་རོ། །ཧཱུཾ་ཞེས་བྱ་བའི་དོན་ནི་རྟག་ཏུ་བཤད་པ་དང་མཐུན་ནོ། །གཞུང་ལས། བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཞེས་བྱ་བ་ནས་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་གསང་བའི་དངོས་གྲུབ་ཀྱི་དམ་པ་རྡོ་རྗེ་འཛིན་ཆེན་པོ་དང་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །ཨོཾ་དེ་བཞིན་གཤེགས་པའི་སྐུའི་མཚན་ཉིད་དུ་བྱིན་གྱིས་བརླབས་པ་ཡིན། དེ་བཞིན་གཤེགས་པ་ནི་སེམས་ཅན་གྱི་མིག་ཆོས་ཀྱི་མཚན་ཉིད་རྣམ་པར་ དག་པ་ཡོངས་སུ་སྟོན་པས་ན། ཨོཾ་ནི་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཕྱིར་ཐོག་མར་འགྲོ་ཞེས་བྱའོ། །དེ་མན་ཆད་ནི་ཚིག་གི་མཇུག་རྒྱན་ཏེ། ཡི་གེའི་ནང་ནས་དངོས་སུ་ཟེར་བར་ཟད་དོ། །ཞལ་ནས་གསུངས་པའི་དགོངས་པ་ནི་མ་རབ་ཀུན་ལ་བཀའ་ཡིས་ཀྱང་ཚིག་གོ་ཅོག་གི་དོན་དེ་ནི་དེ་བཞིན་ གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ་བར་གཞུང་ལས་མངོན་སུམ་དུ་གསུངས་པའི་ཕྱིར་སེམས་ཅན་གྱི་ཕྱིར་བསྟན་པ་རྣམས་མ་ནོར་བ་ཙམ་མོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་མི་ཏྲས་མཛད་པ་ རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤ་ཏཱཀྵ་ར་བི་དྷིཿ། བོད་སྐད་དུ། ཡི་གེ་བརྒྱ་པའི་ཆོ་ག །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་། །དེ་བཞིན་ར