Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 68

Văn bản gốc(Tây Tạng)

Trang 17 / 22 (50.000 ký tự/trang)
ོན་ལས་བྱུང་བ། །སྤོབས་པ་བརྩེགས་པ་ལྗང་གུ་ལ། །གསེར་གཡུ་ཅན་གྱི་ཏོག་བསྣམས་པའོ། །ཏྲི་ཡི་ས་བོན་ལས་བྱུང་བ། །པདྨའི་རྒྱལ་པོ་དཀར་བ་ལ། །ཁ་ནི་མ་ཕྱེད་པདྨ་བསྣམས། །བ་ཡི་ས་བོན་ལས་བྱུང་བ། །པདྨ་དམ་པ་མདོག་སྔོན་ལ། །པདྨ་བྱེ་བ་བསྣམས་པའོ། །
ཧཱུཾ་གི་ས་བོན་ལས་བྱུང་བ། །སེམས་དཔའ་རྡོ་རྗེ་མི་གཡོ་བ། །མདོག་དམར་པུསྟི་བསྣམས་པའོ། །ཨ་ཡི་ས་བོན་ལས་བྱུང་བ། །ཐོགས་མེད་རྒྱལ་པོ་སེམས་དཔའ་ཡང་། །ལྗང་གུའི་མདོག་ཅན་ལྕགས་ཀྱུ་བསྣམས། །ཏྲཾ་གི་ས་བོན་ལས་བྱུང་བ། །རིན་ཆེན་དབང་ཕྱུག་སེམས་དཔའ་ནི། །

དུང་ལྟར་དཀར་བའི་སྐུ་མདོག་ལ། །རིན་ཆེན་ཟུར་བརྒྱད་བསྣམས་པའོ། །ཏྲཾ་གི་ས་བོན་ལས་བྱུང་བ། །མི་གཡོའི་ལས་ནི་སེམས་དཔའ་ཆེ། །ནམ་མཁའི་མདོག་ཏུ་གནས་པའོ། །སྣ་ཚོགས་རྡོ་རྗེ་བསྣམས་པའོ། །ཨི་ཡི་ས་བོན་ལས་བྱུང་བ། །དགའ་བ་སྟོན་པའི་
སེམས་དཔའ་ནི། །དམར་བའི་མདོག་ལ་མེ་ལོང་བསྣམས། །ཨ་ཡི་ས་བོན་ལས་བྱུང་བ། །མི་གཡོའི་སེམས་དཔའ་བསམ་གཏན་ཚུལ། །སྐུ་མདོག་ལྗང་གུ་དག་ཏུའོ། །བ་ཡི་ས་བོན་ལས་བྱུང་བ། །སེམས་དཔའ་ཕྱག་ན་རྡོ་རྗེ་ཡང་། །སྐུ་མདོག་དུང་ལྟར་དཀར་བ་ལ། །ཕྱག་ན་རྡོ་རྗེ་
བསྣམས་པའོ། །ཧྲཱིཿཡི་ས་བོན་ལས་བྱུང་བ། །བྱམས་དང་སྙིང་རྗེའི་བདག་ཉིད་ཅན། །སྐུ་མདོག་ནམ་མཁའི་མདོག་ཅན་ལ། །པདྨ་འཛིན་པར་གནས་པའོ། །ཏྲཾ་གི་ས་བོན་ལས་བྱུང་བ། །ནམ་མཁའི་སྙིང་པོ་སེམས་དཔའ་ནི། །སྐུ་མདོག་མརྒད་ལྟ་བུ་ལ། །ཟ་མ་ཏོག་གི་ཕྱག་མཚན་
བསྣམས། །ཀྵ་ཡི་ས་བོན་ལས་བྱུང་བ། །ས་ཡི་སྙིང་པོའི་སེམས་དཔའ་ནི། །ལྗང་གུའི་མདོག་ཏུ་གནས་པ་ལ། །རིན་ཆེན་མྱུ་གུ་བསྣམས་པའོ། །ཏྲཾ་གི་ས་བོན་ལས་བྱུང་བ། །སེམས་དཔའ་ཀུན་དུ་བཟང་པོ་ཡང་། །མདོག་དཀར་རིན་ཆེན་སྙེ་མ་བསྣམས། །མུ་ཡི་ས་བོན་ལས་བྱུང་བ། །
སེམས་ཅན་ཀུན་ལ་འཇམ་པའི་དཔལ། །ནམ་མཁའི་མདོག་ལྟར་རལ་གྲི་བསྣམས། །ཨ་ཡི་ས་བོན་ལས་བྱུང་བ། །སེམས་ཅན་ཀུན་གྱི་སྒྲིབ་སེལ་ཀྱང་། །པདྨ་རཱ་གའི་མདོག་ཅན་ལ། །ཨུཏྤལ་སྔོན་པོ་བསྣམས་པའོ། །མཻ་ཡི་ས་བོན་ལས་བྱུང་བ། །བྱམས་པ་མཆོག་ཏུ་དམ་པ་དེ། །ལྗང་
གུའི་མདོག་ཅན་གུནྡྷེ་བསྣམས། །པ་ཡི་ས་བོན་ལས་བྱུང་བ། །སེམས་དཔའ་མཐུ་ཆེན་ཐོབ་པ་ཡང་། །པདྨའི་རྩ་བའི་མདོག་ཅན་ལ། །རྡོ་རྗེ་རྩེ་གསུམ་བསྣམས་པའོ། །ཨཾ་གི་ས་བོན་ལས་བྱུང་བ། །ཉོན་མོངས་ནད་སེལ་སེམས་དཔའ་ནི། །སྨན་པའི་རྒྱལ་པོ་ཞེས་བྱ་བ། །ནམ་མཁའི་མདོག་
ཏུ་གནས་པ་ལ། །བདུད་རྩི་བུམ་པ་བསྣམས་པའོ། །ཏཾ་གི་ས་བོན་ལས་བྱུང་བ། །ཡོན་ཏན་སྙིང་པོ་སེམས་དཔའ་ནི། །མརྒད་ལྟ་བུའི་མདོག་ཅན་ལ། །རིན་ཆེན་སྙེ་མ་བསྣམས་པའོ། །ཨ་ཡི་ས་བོན་ལས་བྱུང་བ། །མཐོང་བ་དགའ་བའི་སེམས་དཔའ་ནི། །ཨིནྡྲ་ནཱི་ལའི་མདོག་ཅན་ལ། །

ཀླུ་ཤིང་ལོ་མ་བསྣམས་པའོ། །ཨ་ཡི་ས་བོན་ལས་བྱུང་བ། །སེམས་དཔའ་གཞོན་པའི་རྒྱན་ཆགས་པ། །ཀུ་མུ་ད་ཡི་མེ་ཏོག་བསྣམས། །དུང་ལྟར་དཀར་བའི་མདོག་ཏུའོ། །ཧཱུཾ་གི་ས་བོན་ལས་བྱུང་བ། །སྐྱེས་བུ་དམ་པའི་སེམས་དཔའ་ཆེ། །ནམ་མཁའི་མདོག་ཅན་རལ་གྲི་བསྣམས། །ཏྲི་ཡི་ས་
བོན་ལས་བྱུང་བ། །སེང་གེ་འདྲ་བའི་སེང་གེའི་སྒྲ། །དམར་བའི་མདོག་ལ་དུང་བསྣམས་པའོ། །ཧཱུཾ་གི་ས་བོན་ལས་བྱུང་བ། །རྡོ་རྗེ་སྤྱན་གསལ་སེམས་དཔའ་ནི། །ལྗང་གུའི་མདོག་ལ་སྤྱན་ཉིད་བསྣམས། །ཧཾ་གི་ས་བོན་ལས་བྱུང་བ། །བྱང་ཆུབ་སེམས་དཔའ་བཟང་སྐྱོང་ནི། །མདོག་དཀར་
བུམ་པ་བསྣམས་པའོ། །ཏྲཾ་གི་ས་བོན་ལས་བྱུང་བ། །སེམས་དཔའ་དཀོན་མཆོག་འབྱུང་གནས་ནི། །ནམ་མཁའི་མདོག་ཅན་སྡོང་བུ་བསྣམས། །ཏྲཾ་གི་ས་བོན་ལས་བྱུང་བ། །སེམས་དཔའ་དཔའ་བར་འགྲོ་བ་ནི། །དམར་བའི་མདོག་ལ་རལ་གྲི་བསྣམས། །ཨ་ཡི་ས་བོན་ལས་བྱུང་བ། །
བྱང་ཆུབ་སེམས་དཔའ་གཞོན་ནུ་རྒྱལ། །ལྗང་གུའི་མདོག་ཅན་ཟླ་བ་བསྣམས། །ཏྲཾ་གི་ས་བོན་ལས་བྱུང་བ། །བྱང་ཆུབ་སེམས་དཔའ་ཡེ་ཤེས་ཏོག །དུང་ལྟར་དཀར་བའི་མདོག་ཅན་ལ། །གསེར་གྱིས་བརྒྱན་པའི་ཏོག་བསྣམས་པའོ། །ཨ་ཡི་ས་བོན་ལས་བྱུང་བ། །མྱ་ངན་ཀུན་འཇོམས་
སེམས་དཔའ་ནི། །ནམ་མཁའི་མདོག་ཅན་རལ་གྲི་བསྣམས། །ཏ་ཡི་ས་བོན་ལས་བྱུང་བ། །སེམས་དཔའ་བློ་གྲོས་མི་ཟད་པ། །དམར་བའི་མདོག་ལ་པུསྟི་བསྣམས། །ཨ་ཡི་ས་བོན་ལས་བྱུང་བ། །ཡེ་ཤེས་འོད་ཟེར་སེམས་དཔའ་ནི། །འོད་དང་བཅས་པའི་རྡོ་རྗེ་བསྣམས། །སྐུ་མདོག་
ལྗང་གུར་གནས་པའོ། །ལཱ་སྱ་ལ་སོགས་ལྷ་མོ་བརྒྱད། །སྐུ་མདོག་ཕྱག་མཚན་གདན་ལ་སོགས། །སྒོ་སྲུང་བཞི་དང་བཅས་པ་དག །རྩ་བའི་རྒྱུད་ལས་འབྱུང་བ་བསམ། །འདི་ནི་དཀྱིལ་འཁོར་རྒྱལ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།། །།འདི་དག་གི་ཕྲིན་ལས་ནི་སེམས་ཅན་ཐམས་
ཅད་ཀྱིས་བྱང་ཆུབ་རྣམ་པ་གསུམ་ཐོབ་པར་མཛད་པས་ན་ལས་ཀྱི་རྒྱལ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅས་ལ། བསྡུ་བར་བྱའོ། །འོད་ཟེར་གྱི་སྒོ་ནས་བྱོན་ཏེ། དེ་རྣམས་ཀྱི་སྙིང་པོ་འདི་ཡིན་ནོ། །ཨོཾ་པྲཛྙེ་མ་ཧཱ་པྲཛྙེ་ཧཱུཾ། དྷརྨ་དྷཱ་ཏུ་ཡེ་སྭཱཧཱ། ཨོཾ་སརྦ་ཏ་ཐཱ་ག་

ཏ་བ་ཡུ་རཱ་ག་ཏི་སྭཱ་ཧཱ། ཨོཾ་དྷརྨ་ཀེ་ཏུ་སྭཱ་ཧཱ། ཨོཾ་ཀེ་ཏུ་ཤྭ་རཱ་ཛ་སྭཱ་ཧཱ། ཨོཾ་པདྨ་ལ་པདྨ་དྷ་ར་སྭཱ་ཧཱ། ཨོཾ་རཏྣ་པྲ་བརྟ་ཡ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨརྩི་བ་རི་ནི་སྭཱ་ཧཱ། ཨོཾ་ཨ་ཀ་ལ་ཀོ་པྲ་བརྟ་ན་སྭཱ་ཧཱ། ཨོཾ་ཨཱ་ཙར་མུ་ཏ་སྭཱ་ཧཱ། ཨོཾ་དུ་ཏི་པ་ནི་ར་ཛ་ཎེ་སྭཱ་ཧཱ། ཨོཾ་དུ་པེ་པ་
དུ་ན་དུ་པ་ནུ་དེ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་དྲྀཥྚི་ཤ་ག་ས་ཏྲི་བྲི་ས་རི་སྭཱ་ཧཱ། ཨོཾ་ཀ་མ་ལ་རཱ་ཛ་པདྨ་དྷ་ར་སྭཱ་ཧཱ། ཨོཾ་པདྨ་བ་ལ་པདྨ་རཱ་ཛ་སྭཱ་ཧཱ། ཨོཾ་བཛྲ་ཨཀྵོ་བྷྱཿསྭཱ་ཧཱ། ཨོཾ་ཨ་མོ་གྷ་རཱ་ཛ་པདྨ་དྷ་ར་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་བི་ཤི་རཏྣ་ན་སནྡྷི་སྭཱ་ཧཱ། ཨོཾ་ཤྭ་ར་རཏྣ་དྷ་ར་སྭཱ་ཧཱ། ཨོཾ་ཀརྨཱ་སིདྡྷི་
དྷརྨ་དྷ་ར་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་བྷ་ག་བ་ཏེ་སྭཱ་ཧཱ། ཨོཾ་བི་ཡ་མ་ས་བ་བེ་སྭཱ་ཧཱ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་སྭཱ་ཧཱ། ཨོཾ་ས་རི་ཏི་ག་ན་མ་རཱ་སྭཱ་ཧཱ། ཨོཾ་ཏྲཾ་ཨཱ་ཀཱ་ཤ་སརྦ་སཏྭ་སྭཱ་ཧཱ། ཨོཾ་ཀྵི་ཏི་གརྦྷ་ད་ན་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་དུ་རུ་མ་ལེ་ག་ཏོ་བ་ཡེ་སྭཱ་ཧཱ། ཨོཾ་ས་མནྟ་བྷ་དྲ་རཏྣ་ད་རེ་སྭཱ་ཧཱ།
ཨོཾ་མཉྫུ་ཤྲཱི་ཀུ་མཱ་ར་མུཾ་སྭཱ་ཧཱ། ཨོཾ་སརྦ་ཨ་པཱ་ཡ་བི་ཤ་ཏ་ནེ་རཾ་བ་ཡེ་སྭཱ་ཧཱ། ཨོཾ་མཻ་ཏྲི་མཻ་ཏྲི་མཻ་ཏྲི་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་བི་མུཀྟེ་མརྒ་ད་ཤ་མ་ཏི་སྭཱ་ཧཱ། ཨོཾ་རུ་ན་མ་ཡ་ཛ་སྭཱ་ཧཱ། ཨོཾ་གུ་ཎ་ཊི་ཨ་རཏྣ་དྷ་ར་སྭཱ་ཧཱ། ཨོཾ་ཨཱ་ལོ་ཀ་ཏི་རི་ཏི་རི་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཙ་ར་ཨ་མྲྀ་ཏ་ར་ཤ་ཎེ་སྭཱ་ཧཱ། ཨོཾ་
སརྦ་ཏ་ཐཱ་ག་ཏ་སཱུཪྱ་མི་ལ་ཏ་སྭཱ་ཧཱ། ཨོཾ་ཀུ་ལཾ་པདྨ་དྷ་ར་སྭཱ་ཧཱ། ཨོཾ་སརྦ་ཨརྩེ་ནན་ཏིག་སྣ་དྷ་ར་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཏི་ར་མི་ཏི་བཛྲ་སྭཱ་ཧཱ། ཨོཾ་བཛྲ་ཏྲ་བ་ལེ་ཏྲ་བ་ཏེ་སྭཱ་ཧཱ། ཨོཾ་རཏྣ་སཾ་བྷ་བ་རཏྣ་དྷ་ར་སྭཱ་ཧཱ། ཨོཾ་ཤུ་རངྒ་མ་ཏི་སྭཱ་ཧཱ། ཨོཾ་ཙིནྟཱ་པྲ་བརྟ་ཤུ་རདྒ་མེ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་
བ་ལ་སྭཱ་ཧཱ། ཨོཾ་ཛྙཱ་ན་ཀེ་ཏུ་བི་ད་ར་ཎ་སྭཱ་ཧཱ། ཨོཾ་སརྦ་ཤོ་ག་མ་ཏོ་ནིརྒ་ཏི་སྭཱ་ཧཱ། ཨོཾ་ཨ་ཀྵོ་ཀ་མོ་ནིརྒ་ཏི་སྭཱ་ཧཱ། ཨོཾ་ཨ་ཀྵ་ཡ་ཕུ་ཕུ་བཾ་ཤ་ནེ་སྭཱ་ཧཱ། ཨོཾ་ཛྙཱ་ན་པྲ་བརྟ་དྷ་ར་སྭཱ་ཧཱ། དེ་ནས་བསྡུ་བས་བྱོན་པའི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་སྲས་ཕྱོགས་བཅུའི་སངས་རྒྱས་འཁོར་
དང་བཅས་པ་ཐམས་ཅད། ཨོཾ་སརྦ་ཏ་ཐཱ་ག་ཏ་བནྡ་ནཾ་ཀ་རོ་མི། ཞེས་བརྗོད་ཅིང་། ཨེ་མ་ཧོ་ཀུན་དུ་བཟང་པོའི་བྱང་ཆུབ་སེམས་དཔའི་སྤྱོད་པ་མཆོག །དེ་བཞིན་གཤེགས་པའི་འཁོར་ལོ་ཡི། །དབུས་ན་བདེ་གཤེགས་ཡུམ་མཛེས་པ། །ཆེད་དུ་བརྗོད་པར་བསམ་པར་བྱ། །དེ་ནས་

ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ཐུགས་ཀར་ཞུགས་ནས་སླར་བྱུང་སྟེ་དེ་བཞིན་གཤེགས་པ་དཀོན་མཆོག་འབྱུང་གནས་ལ་སོགས་པ་དང་གཅིག་ཏུ་གྱུར་ཏེ་ཡང་ཆེད་དུ་བརྗོད་པ་མཛད་དོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །རྒྱ་ཆེན་གདོད་ནས་སྐྱེ་བ་མེད། །རྡུལ་ཕྲན་ཇི་སྙེད་ཐམས་ཅད་ཀྱི། །
སངས་རྒྱས་རྣམས་ནི་གཅིག་ཏུ་གྱུར། །དེ་ནས་བྱམས་པའི་སྒོ་ནས་གནས་པའི་རྣལ་འབྱོར་པས། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་ནས་ཕྱག་རྒྱ་ཆེན་པོ་བཞིས་རྒྱས་བཏབ་སྟེ། ལག་གཉིས་རྡོ་རྗེ་བསྡམས་པ་ལས། གུང་མོ་
མྱུ་གུ་ལྟར་མཉམ་བསྒྲེང་། །བདེ་བར་གཤེགས་པའི་ཡུམ་གྱུར་པའི། །དམ་ཚིག་ཕྱག་རྒྱ་ཡིན་པར་བཤད། །གུང་མོ་རིན་ཆེན་འདྲ་བ་ནི། །དང་པོའི་སངས་རྒྱས་ཡིན་པར་བཤད། །གུང་མོ་འཁོར་ལོ་འདྲ་བ་ནི། །མྱ་ངན་མེད་པའི་ཕྱག་རྒྱ་ཡིན། །སོར་མོ་ཐམས་ཅད་སྦྱངས་བྱས་
ནས། །མཛུབ་གཉིས་མཆེ་བ་ལྟར་བྱས་པ། །འོད་ཆེན་འཕྲོ་བའི་ཕྱག་རྒྱ་ཡིན། །གུང་མོ་པདྨ་འདྲ་བ་ནི། །སངས་རྒྱས་བཞི་པའི་ཡིན་པར་བཤད། །ཏིང་འཛིན་ཚུལ་དུ་བྱས་པ་ནི། །ཏིང་འཛིན་དཔལ་གྱི་ཕྱག་རྒྱའོ། །བསྡམས་ལས་པདྨ་ལྟར་བྱས་པ། །པདྨ་དམ་པའི་ཕྱག་རྒྱའོ། །
སོར་མོ་རྩེ་མོ་བསྣོལ་བ་ནི། །ཉི་མ་དཔལ་གྱི་ཕྱག་རྒྱའོ། །བསྡམས་ལས་མཛུབ་མོ་མཐེའུ་ཆུང་གཉིས། །འོད་ཟེར་རྩེ་སྤྲད་ཅུང་ཟད་བསྐྱེད། །གདུགས་ཆེན་དམ་པའི་ཕྱག་རྒྱའོ། །བསྡམས་ནས་བུམ་པ་ལྟར་བཞག་པ། །དགའ་བའི་དཔལ་གྱི་ཕྱག་རྒྱའོ། །གུང་མོ་ལ་སོགས་
གསུམ་བྱས་ནས། །མཛུབ་མོ་པདྨ་འདྲ་བ་ནི། །སངས་རྒྱས་བཅུ་པའི་ཕྱག་རྒྱའོ། །བསྡམས་པ་སྲིན་ལག་མཐེ་ཆུང་གཉིས། །འོད་ཟེར་འདྲ་བར་བྱས་པ་ནི། །ཆོས་ཀྱི་རྒྱལ་མཚན་ཕྱག་རྒྱའོ། །བསྡམས་ལས་གཡས་པའི་མཛུབ་མོ་ནི། །ལྕགས་ཀྱུ་འདྲ་བར་བྱས་པ་ལ། །གཡོན་
པ་རྒྱབ་ནས་བསྒྲེང་བ་ནི། །དབང་ཕྱུག་རྒྱལ་པོའི་ཕྱག་རྒྱའོ། །ལག་པ་རྟིང་པ་གཉིས་སྤྲད་ནས། །པདྨ་ཆེ་བ་ལྟ་བུ་ནི། །བཀོད་པའི་རྒྱལ་པོའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་དམ་བཅས་ནས། །གུང་མོ་རིན་ཆེན་འདྲ་བ་ནི། །རིན་ཆེན་འོད་འཕྲོའི་ཕྱག་རྒྱའོ། །མཐིལ་སྦྱར་རྩེ་མོ་བསྣོལ་བ་ནི། །

སྣང་བའི་མཆོག་གི་ཕྱག་རྒྱའོ། །བསྡམས་པ་གཡོན་པའི་མཛུབ་མོ་ནི། །གཞུ་ཡི་ཚུལ་དུ་བྱས་པ་ལ། །གཡས་པ་པདྨ་ལྟར་བྱས་པ། །ཕྱག་རྒྱའི་རྒྱལ་པོའི་ཕྱག་རྒྱའོ། །རིན་ཆེན་སྒྲོམ་ལྟར་ཕྱག་རྒྱ་ནི། །སྤོས་ཀྱི་གླང་པོའི་ཕྱག་རྒྱའོ། །མཐེ་ཆུང་སྲིན་ལག་གཉིས་བསྡམས་
ནས། །གུང་མོ་སེ་གོལ་གཏོགས་པ་ནི། །སྤོབས་པ་བརྩེགས་པའི་ཕྱག་རྒྱའོ། །རྟིང་སྤྲད་པདྨ་རྒྱས་པ་ལྟར། །སོར་མོ་ཅུང་ཟད་གདེངས་པ་དེ། །པདྨ་རྒྱལ་པོའི་ཕྱག་རྒྱའོ། །གོང་གི་ཕྱག་རྒྱ་དེ་ཉིད་ལས། །སོར་མོ་དེ་བས་གདེངས་པ་ནི། །པདྨ་དམ་པའི་ཕྱག་རྒྱའོ། །ལག་གཉིས་སོར་མོ་
རྩེ་བསྣོལ་ནས། །ཏིང་འཛིན་ཕྱག་རྒྱར་བྱ་བ་ནི། །མི་གཡོ་བ་ཡི་ཕྱག་རྒྱའོ། །བསྡམས་ནས་གུང་མོ་གཉིས་ཕྱུང་ནས། །མཛུབ་གཉིས་དང་པོའི་ཚིགས་སྤྲད་པ། །ཐོགས་མེད་རྒྱལ་པོའི་ཕྱག་རྒྱའོ། །བསྡམས་ལས་མཛུབ་མོ་མཐེ་བོང་གཉིས། །རྩེ་མོར་སྤྲད་པ་བྱས་པ་ནི། །རིན་ཆེན་
དབང་ཕྱུག་ཕྱག་རྒྱའོ། །བསྡམས་པའི་གུང་མོ་གཉིས་ཕྱུང་ནས། །མཐེ་བོ་མཐེ་ཆུང་གཤིབས་ཏེ་བསྐྱེད། །གྲུབ་པའི་ལས་ཀྱི་ཕྱག་རྒྱའོ། །སོར་མོ་ནང་དུ་བསྣོལ་ནས་ཀྱང་། །མཐེ་བོང་གཉིས་ཀྱིས་གུང་མོ་མནན། །མཛུབ་གཉིས་བསྒྲེང་བར་བྱས་པ་ནི། །དགའ་བ་སྟོན་པའི་ཕྱག་རྒྱའོ། །
ཏིང་འཛིན་ཕྱག་རྒྱ་བྱ་བ་ནི། །མི་གཡོ་བ་ཡི་ཕྱག་རྒྱའོ། །བསྡམས་ལས་གུང་མོ་གཉིས་ཕྱུང་སྟེ། །མཐེ་བོ་མཐེབ་ཆུང་སོ་སོར་བསྒྲེང་། །ཕྱག་ན་རྡོ་རྗེའི་ཕྱག་རྒྱའོ། །བསྡམས་ནས་མཛུབ་གཉིས་རྩེ་སྤྲད་ནས། །པདྨའི་ཚུལ་དུ་བྱས་པ་ནི། །སྤྱན་རས་གཟིགས་ཀྱི་ཕྱག་རྒྱའོ། །རིན་ཆེན་
སྒྲོམ་ལྟར་བྱ་བ་ནི། །ནམ་མཁའི་སྙིང་པོའི་ཕྱག་རྒྱའོ། །མཐེབ་ཆུང་མཛུབ་མོ་བསྒྲེང་བ་ལ། །ལྷག་མ་རྣམས་ནི་བསྣོལ་བྱས་པ། །ས་ཡི་སྙིང་པོའི་ཕྱག་རྒྱའོ། །བསྡམས་ལས་མཛུབ་གཉིས་གཤིབས་ཏེ་བསྒྲེངས། །མཐེ་བོ་གཉིས་ནི་བསྣོལ་བྱས་པ། །ཀུན་དུ་བཟང་པོའི་ཕྱག་རྒྱའོ། །
བསྡམས་ལས་གུང་མོ་གཉིས་ཕྱུང་སྟེ། །གུང་མོ་གཉིས་ནི་སྦྱར་བྱས་པ། །མཐུ་ཆེན་ཐོབ་པའི་ཕྱག་རྒྱའོ། །བསྡམས་ལས་མཛུབ་མོ་གཉིས་བརྐྱང་ནས། །མཐེ་བོང་གཉིས་ནི་རྩེ་སྤྲད་པ། །བདུད་རྩི་རྒྱལ་པོའི་ཕྱག་རྒྱའོ། །བསྡམས་ལས་གུང་མོ་གཉིས་ཕྱུང་སྟེ། །རིན་པོ་ཆེ་ལྟར་བྱ་བ་ནི། །ཡོན་

ཏན་སྙིང་པོའི་ཕྱག་རྒྱའོ། །ལག་གཉིས་ཅུང་ཟད་བསྣོལ་བྱས་ནས། །གུང་མོ་གཤིབས་ཏེ་ཕྱུང་བ་ནི། །མཐོང་ན་དགའ་བའི་ཕྱག་རྒྱའོ། །ལག་གཉིས་རྡོ་རྗེ་བསྣམས་བྱས་ཏེ། །གུང་མོ་པདྨར་བྱ་བ་ནི། །གཞོན་ནུ་རྒྱན་གྱི་ཕྱག་རྒྱའོ། །བསྡམས་ལས་གུང་མོ་གཉིས་ཕྱུང་ནས། །རལ་གྲི་ལྟ་བུར་
བྱ་བ་ནི། །སྐྱེས་བུ་དམ་པའི་ཕྱག་རྒྱའོ། །ཐལ་མོ་སྦྱར་བ་བྱས་པ་ལས། །མཛུབ་གཉིས་གུང་མོའི་ཚིགས་སུ་སྦྱར། །མཐེ་བོང་གཤིབས་ལ་བརྐྱང་བ་ནི། །སེང་གེའི་སྒྲ་ཡི་ཕྱག་རྒྱའོ། །བསྡམས་ལས་མཛུབ་མོ་མཐེ་བོ་གཉིས། །རྩེ་སྤྲད་ཅུང་ཟད་གནས་པ་ནི། །རྡོ་རྗེ་སྤྱན་གྱི་ཕྱག་རྒྱའོ། །
ཐལ་མོ་ཁོང་སྟོང་སྦྱར་བ་ནི། །སྐྱེས་བུ་བཟང་སྐྱོང་ཕྱག་རྒྱའོ། །བསྡམས་ལས་གུང་མོ་གཉིས་ཕྱུང་ནས། །མཛུབ་མོ་གུང་མོའི་རྒྱབ་ཏུ་སྦྱར། །དཀོན་མཆོག་འབྱུང་གནས་ཕྱག་རྒྱ་ཡིན། །རྡོ་རྗེ་བསྡམས་པ་དམ་བྱས་ནས། །གུང་མོ་རལ་གྲི་ལྟར་བྱས་པ། །དཔའ་བར་འགྲོ་བའི་ཕྱག་རྒྱའོ། །
བསྡམས་ལས་མཛུབ་མོ་མཐེ་བོང་གཉིས། །ཟླ་བ་ཁམ་པ་ལྟར་བྱས་པ། །ཟླ་འོད་གཞོན་ནུའི་ཕྱག་རྒྱའོ། །བསྡམས་ལས་མཛུབ་མོ་གཉིས་བསྒྲེང་བ། །གུང་མོ་མཐེ་བོ་སོ་སོར་སྤྲད། །ཡེ་ཤེས་ཏོག་གི་ཕྱག་རྒྱའོ། །བསྡམས་ལས་གུང་མོ་གཉིས་ཕྱུང་སྟེ། །རལ་གྲི་ལྟ་བུར་བྱས་པ་ནི། །མྱ་ངན་
ཀུན་འཇོམས་ཕྱག་རྒྱའོ། །པུསྟི་འཛིན་ལྟར་བསྣམས་པ་ནི། །བློ་གྲོས་མི་ཟད་ཕྱག་རྒྱའོ། །བསྡམས་ལས་གུང་མོ་གཉིས་ཕྱུང་སྟེ། །མཛུབ་མོ་རྒྱབ་ནས་སྦྱར་བ་ནི། །ཡེ་ཤེས་འོད་ཟེར་ཕྱག་རྒྱའོ། །འདི་དག་ནི་དམ་ཚིག་གི་ཕྱག་རྒྱའོ། །སྙིང་གར་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསྐྱེད་ལ་ས་མ་ཡ་སྟྭཾ།
ཞེས་བརྗོད་པར་བྱའོ། །དེ་ནས་ཆོས་ཀྱི་ཕྱག་རྒྱ་ནི་བདེ་བར་གཤེགས་པའི་ཡུམ་གྱི་ལྗགས་ལ། བཛྲ་དྷརྨཱ་དྷི། ཞེས་བྱ་བ་དགོད་པར་བྱའོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པའི་ལྗགས་ལ་བཛྲ་ཛྙཱ་ན། ཞེས་བྱ་བས་དགོད་པར་བྱའོ། །སྔ་མ་བཞིན་དུ་ལྕེ་ལ་རྡོ་རྗེ་བསམ་པར་བྱའོ། །དེ་ནས་ལས་ཀྱི་
ཕྱག་རྒྱ་བཅིང་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱ་ནི་སྔར་གྱི་འབྱིན་པའི་ས་བོན་གྱི་ཕྱག་རྒྱའོ། །ཕྱུང་ནས་ཇི་ལྟར་ཕྱག་མཚན་བསྣམས་པ་ནི། ཕྱག་རྒྱ་ཆེན་པོ་ཡིན་པར་ཤེས་པར་བྱའོ། །དེ་ལས་ཕྱག་མཚན་མེད་པ་ནི་ལས་ཀྱི་ཕྱག་རྒྱར་ཤེས་པར་བྱའོ། །ལས་ཀྱི་ཕྱག་

རྒྱ་ལ་ཡང་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ་བཅིང་བར་བྱའོ། །རྒྱལ་པོའི་བཀའ་རྟགས་དང་། བཟང་མོའི་དཔུང་རྒྱན་དང་འདྲ་བའི་ཕྱིར་དང་། ཉོ་ཚོང་མཁན་གྱི་ལག་པ་དང་འདྲ་བའི་ཕྱིར་རོ། །དེ་ནས་ཡི་གེ་བརྒྱ་པས་བརྟན་པར་བྱ་སྟེ། བཛྲ་སཏྭ་སུ་སཾ་གྲ་ཧཾ་བཛྲ་རཏྣ་མ་ནུཏྟ་རཾ།
བཛྲ་དྷརྨ་གཱ་ཡ་ནེ། བཛྲ་ཀརྨ་ཀ་རོབྷ་བ། ཞེས་བྱ་བའི་རྡོ་རྗེའི་གླུ་བླང་ཞིང་སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་མཆོད་དོ། །དེ་ལྟར་མཆོད་པ་བརྒྱད་ཀྱིས་མཆོད་ནས། ལག་པ་གཡོན་པས་རྡོ་རྗེ་དྲིལ་བུ་བླངས་ལ། ལག་པ་གཡས་པས་རྡོ་རྗེ་གསོར་ཞིང་། ཊཀྐི་ཧཱུཾ་ཛཿ། ཡང་རྡོ་རྗེ་རང་གི་སྙིང་
གར་སྟོད་པའི་ཚུལ་གྱིས་འཇོག་ཅིང་། ཊཀྐི་ཛ་ཧོཿ། ཞེས་བརྗོད་པར་བྱའོ། །དེ་ལྟར་བྱས་པས་ལུས་དང་ངག་དང་སེམས་རྡོ་རྗེ་འདྲ་བར་འགྱུར་རོ། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་
བདག །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིང་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་མཆོག་ཏུ་བྱེད་པར་འགྱུར། །དྷརྨཱ་ཨ་ཞེས་བྱ་བ་ནི་དྲིལ་བུའི་ས་བོན་ནོ། །དེ་ནས་དམ་ཚིག་གསུམ་གྱི་གླུས་མཆོད་པ་ནི་འདི་ཡིན་ཏེ། ཨོཾ་ནམ་མཁའ་ལས་བྱུང་མཚན་
ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །ཡུམ་མཆོག་ཤེས་རབ་ཕ་རོལ་ཕྱིན། །བདེ་བར་གཤེགས་པ་དེང་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབ་མཛོད། །ཉེས་པ་མི་མངའ་
རྟག་པ་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་པ་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །དངོས་
གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་བསྙེམས་བདག་བདག་མཛོད་ཅིག །དེ་ནས་ཕྱག་བཞི་བྱས་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་འདིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་

བསྒོམ་མོ། །དེ་ནས་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བྱ་བས་རང་བཞིན་གྱིས་དག་པར་མོས་པར་བྱས་ལ། ཨོཾ་སརྦ་ས་མོ྅ཧཾ། ཞེས་བྱ་བས་བདག་མེད་པའི་མཉམ་པ་ཉིད་ཀྱིས་བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་སོགས་པའི་ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་བསམ་པར་བྱའོ། །དེ་ནས་རྡོ་རྗེ་
དབྱིངས་ཆེན་པོའི་ཡི་གེ་བརྒྱ་པ་རྡོ་རྗེ་ཚིག་གམ། ཡིད་ཀྱིས་བཟླས་ལ་ཐམས་ཅད་ཀྱང་བདག་ཡིན་ནོ་ཞེས་བསྒོམས་ཏེ། ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་འབྱུང་བར་བསམས་ལ་བཟླས་པ་ལ་བརྩོན་པར་བྱའོ། །དེ་ལྟ་བུ་ནི་ལྷ་ཐམས་ཅད་ཀྱི་བཟླས་པར་འགྱུར་རོ། །ཇི་སྲིད་དུ་སྐྱོ་བར་མ་འགྱུར་
བ་དེ་སྲིད་དུ་བསྒོམས་ལ་སྐྱོ་བར་གྱུར་ན་ཡང་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། མཆོད་ཡོན་ཕུལ་ཏེ་ཕྱག་བཞི་བྱས་ནས། ཕྱག་རྒྱ་གོང་ནས་འབྱུང་བ་དེ་ཉིད་དཀྲོལ་ནས། མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་དགེ་བའི་རྩ་བ་བསྔོ་སྟེ། བདག་གིས་ཆོ་ག་མ་ཚང་བ་གང་དག་བགྱིས་
པ་དེ་བཟོད་པར་མཛོད་ཅིག་ཅེས་གསོལ་བ་བཏབ་ལ་མཆོད་ཡོན་ཕུལ། ཨོཾ་ཀྲིདྦྷ་བ་སརྦ་སཏྭཱརྠ། སིདྡྷི་དཏྟཱ་ཡ་ཐཱ་ནུ་ག །གཙྪ་ཏཱཾ་བུདྡྷ་བི་ཥ་ཡཾ། པུ་ན་ར་ག་མ་ན་ཡཙྪ། ཞེས་བྱ་བ་ཐམས་ཅད་གཤེགས་པའི་ཕྱིར་བསྐུལ་བར་བྱ་ཞིང་བཛྲ་སཏྭ་མུཿ། ཞེས་བྱ་བའི་སྙིང་པོ་འདིས། རྡོ་རྗེ་
སེམས་དཔའ་ཕྱག་རྒྱ་གྱེན་དུ་དགྲོལ་བར་བྱའོ། །དེ་ལྟ་བུས་ཐམས་ཅད་གཤེགས་སུ་གསོལ་བར་འགྱུར་རོ། །ཇི་ལྟར་སྤྲུལ་པའི་དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ནི་དེ་བཞིན་དུ་ཡིད་ཀྱིས་རང་གི་ལུས་ལ་བཅུག་ལ། རྡོ་རྗེ་གནོད་སྦྱིན་གྱི་སྲུང་བ་ཐམས་ཅད་བྱས་ཏེ། དཀྱིལ་
འཁོར་གྱི་ལས་དང་གླེགས་བམ་ཀློག་པ་ལ་སོགས་པ་བྱའོ། །དེ་ལྟར་དུས་བཞིར་ཉིན་རེ་བཞིན། ཟླ་བ་གཅིག་གམ་ཟླ་བ་དྲུག་གམ་དུས་ཇི་སྲིད་ཀྱི་བར་དུ་བཟླས་པར་བྱ་སྟེ་ལྷ་རྣམས་ལས་གནང་བ་ཐོབ་ཀྱི་བར་དུའོ། །སྔོན་དུ་བསྙེན་པའི་ཆོ་གའོ།། །།དེ་ལྟར་སྔོན་དུ་བསྙེན་པ་བྱས་ནས་
གཙུག་ལག་ཁང་ངམ་ཀུན་དགའ་ར་བའམ། གྲོང་ཁྱེར་གྱི་ཤར་རམ། བྱང་ཕྱོགས་ཀྱི་ཆའམ་གང་ཡིད་དགའ་བར་དཀྱིལ་འཁོར་བྱའོ། །ལྷ་ཁང་གྲོང་ཁྱེར་སྐྱེད་ཚལ་གྱི། །བྱང་ཤར་ཕྱོགས་ནི་ཇི་ལྟ་བའི། །ས་ཡི་ཆ་ནི་ཡོངས་བཟུང་ལ། །ཆོ་ག་བཞིན་དུ་སྦྱར་བར་བྱའོ། །ཡང་ན་སྔར་

ནི་བརྟགས་ཟིན་པའི། །གནས་དང་སྦྱང་བ་བྱ་མི་དགོས། །པུས་མོ་རྐེད་པ་ལྟེ་བའམ། །ལྐོག་མ་ནུབ་ཙམ་ས་བརྐོས་ལ། །ལེགས་པར་ཡོངས་སུ་བརྟགས་ནས་ནི། །ཐལ་བ་སོལ་བ་གྱོ་མོ་དང་། །གསེག་མ་ཕུབ་མ་རུས་པ་བསལ། །ཡུམ་མཆོག་ཉིད་ཀྱི་སྔགས་བཟླས་
ཤིང་། །དེ་བཞིན་བདུད་རྩི་ཐབ་སྦྱོར་གྱི། །སྔགས་བཟླས་པ་ཡི་ཆུ་ཉིད་ཀྱིས། །ས་ནི་ཀུན་ལ་བསང་གཏོར་བྱ། །དྲི་ཞིམ་པ་ཡི་ས་ཡིས་ནི། །དཀྱིལ་འཁོར་ས་ནི་ཀུན་དུ་དགང་། །དེ་ལྟ་བུ་ཡི་དབུས་དག་ཏུ། །ཞི་བ་ལ་སོགས་སྦྱིན་སྲེག་བྱ། །ས་ཡི་ལྷ་ལ་གསོལ་བ་གདབ། །དེ་ནས་
ཚད་དང་ལྡན་པ་རུ། །རྒྱལ་པོའི་ཁྲུ་ནི་བརྒྱད་ཉིད་དམ། །དེ་བཞིན་ཁྲུ་ནི་ལྔ་བཅུ་ཉིད། །བློན་པོ་ཚོང་དཔོན་དེད་དཔོན་གྱི། །ཉི་ཤུ་རྩ་ལྔའམ་དེ་ཡི་ཕྱེད། །ཁྲུ་དེ་དག་ནི་མ་ནུས་ན། །ཅི་ནུས་པར་ནི་བྲི་བར་བྱའོ། །དཀྱིལ་འཁོར་དེ་ཡི་ས་གཞི་ནི། །སྤོས་ཆུས་བསང་གཏོར་བྱ་བ་དང་། །བ་ཡི་རྣམ་
ལྔས་སྐྱང་ནུལ་བྱ། །ས་གཞི་ཡོངས་སུ་རྫོགས་པ་རུ། །ཐིག་གདབ་ཆོ་ག་རྫོགས་པར་བྱ། །ས་སྦྱང་བའི་ཆོ་གའོ།། །།ལེགས་པར་ཁྲུས་བྱས་ལུས་དྲིས་བྱུགས། །ཇི་སྙེད་གོས་དང་རྒྱན་གྱིས་བརྒྱན། །ཤིན་ཏུ་དམར་བའི་གོས་གྱོན་ནས། །ཡར་གྱི་ངོ་ནས་བརྩམ་པར་བྱ། །དཀྱིལ་
འཁོར་ས་གཞིའི་དབུས་སོང་སྟེ། །བདག་སྲུང་བགེགས་གཞོམ་ལ་སོགས་བྱ། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་ཡིས། །དཀྱིལ་འཁོར་སྔ་མ་བཞིན་དུ་སྤྲུལ། །ཕྱག་འཚལ་མཆོད་པ་ལ་སོགས་པ། །སྔོན་དུ་སོང་བས་སྡོམ་པ་གཟུང་། །ཁང་པ་གདན་ལ་སོགས་བསྐྱེད་ནས། །དབུས་སུ་སྐྱིལ་
ཀྲུང་གིས་འདུག་སྟེ། །བདག་ཉིད་སྤྲོ་བ་བསྐྱེད་པར་བྱ། །དེང་དུ་བདག་ཚེ་འབྲས་བུ་ཡོད། །བདག་ནི་གསོན་པའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པར། །གྱུར་པར་བདག་ཉིད་ཐེ་ཚོམ་མེད། །བྱང་ཆུབ་སེམས་དང་སེམས་གཅིག་པས། །མི་ལྡོག་པར་ནི་བདག་གྱུར་ཏེ། །
དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གིས་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །ཞེས་བྱའོ། །ཕྱག་རྒྱ་བདུག་སྤོས་ཐོགས་ནས་སུ། །ཡུམ་མཆོག་

སྲས་དང་བཅས་པ་རྣམས། །ཐམས་ཅད་མ་ལུས་སྤྱན་དྲང་ངོ་། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས་ནི། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་མཆོག་ནི་སྩལ་དུ་
གསོལ། །ཞེས་བརྗོད་དོ། །སྦྱོར་བ་རྣམ་གསུམ་བསྒོམས་ནས་ནི། །སྒོ་རྣམས་དབྱེ་བ་བྱས་ནས་སུ། །བྱམས་པའི་སྒོ་ན་གནས་པ་ཡི། །ཡུམ་མཆོག་སྔགས་ཟློས་བརྩོན་པ་ཡི། །རྣལ་འབྱོར་ང་རྒྱལ་ཆེར་ལྡན་པས། །དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར། །བསྟོད་དེ་གསོལ་བ་གདབ་པར་བྱ། །
མ་ཞིག་ན་བར་གྱུར་པ་ལ། །བུ་རྣམས་རིམ་གྲོ་བྱེད་པ་ལྟར། །ཡུམ་མཆོག་གསུང་བ་བྱ་བའི་ཕྱིར། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཡིས། །ནམ་མཁའི་ཁམས་སུ་གང་གྱུར་ཏེ། །བདག་གིས་གུས་ཏེ་ཕྱག་བྱས་ནས། །བདག་ཉིད་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་
རང་ཉིད། །བདག་ཉིད་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་རྡོ་རྗེ་ཅན་བདག་ཉིད། །བདག་ནི་རྣལ་འབྱོར་དབང་ཕྱུག་ཆེ། །ཕྱག་ན་རྡོ་རྗེ་བདག་བརྟན་ཉིད། །བདག་པོ་རྡོ་རྗེ་ཆེན་པོའི་བདག །བྱིན་གྱིས་བརླབས་པ་མི་འདོར་རོ། །དེ་ནས་བཛྲ་ཏིཥྛ་མ་ཊ། མིག་གཉིས་དག་ཏུ་བཀོད་ནས་
ཀྱང་། །རྐང་མཐིལ་གཉིས་སུ་ཨ་ལས་ནི། །སྣ་ཚོགས་རྡོ་རྗེ་བསྐྱེད་བྱས་ཏེ། །དམ་ཚིག་ཕྱག་རྒྱས་རབ་བསྲུངས་ནས། །བཛྲ་སཏྭ་བཛྲ་ཨུཏྟིཥྛ། དེ་ཡིས་དཀྱིལ་འཁོར་འདེགས་པར་བྱའོ། །སྔར་བཞིན་བྱིན་གྱིས་བརླབ་བྱས་ནས། །ཕྱག་རྒྱ་ཆེན་པོ་དེ་བཅིངས་ཏེ། །གཡོན་པས་
དྲིལ་བུ་ལེགས་བཟུང་ནས། །གཡས་པས་རྡོ་རྗེ་གསོར་བར་བྱ། །ཡི་གེ་ཧཱུཾ་གི་སྒྲ་སྒྲོགས་པས། །ཅུང་ཟད་གར་བྱེད་གོམ་སྟབས་ཀྱི། །བསྐོར་བའི་ཚུལ་གྱིས་སོང་ནས་ནི། །དེངས་ཤིག་ཅེས་ནི་བརྗོད་པར་བྱ། །སྒྱུ་འཕྲུལ་དྲ་བར་གསུངས་པ་ལྟར། །གཡས་བརྐྱང་ལ་སོགས་སྟང་སྟབས་
བྱ། །བསྒྱིངས་པའི་ཚུལ་གྱིས་སོང་ནས་ནི། །གདུག་པའི་བགེགས་རྣམས་བསྐྲད་པར་བྱ། །དེ་ནས་ཕྱག་རྒྱ་འདི་ཡིས་ནི། །གསང་བའི་དཀྱིལ་འཁོར་དགུག་པར་བྱ། །རྡོ་རྗེ་ཁུ་ཚུར་གྱིས་བཅིངས་ནས། །མཛུབ་མོ་མཐེ་བོང་རྡོ་རྗེ་བྱས། །དཀྱིལ་འཁོར་དགུག་པའི་ཕྱག་རྒྱའོ། །ཨོཾ་བཛྲ་མཎྜལ་

ཧཱུཾ་ཛཿ། དེ་ནས་རྡོ་རྗེ་འཁོར་ལོ་ཡི། །ཕྱག་རྒྱ་དང་ནི་སྔགས་འདི་ཡིས། །དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ། །མ་ཧཱ་བཛྲ་ཙཀྲ་ཨ་དྷིཥྛ་སིདྡྷྱ་ཧཱུཾ། རྡོ་རྗེ་རྒྱུ་ཡི་ལས་ཀྱི་ནི། །ཕྱག་རྒྱ་ཉིད་ནི་བཤད་པ་ཡིན། །དེ་ནས་ཕུར་བུ་བཏབ་ནས་ནི། །འོག་གི་ཕྱོགས་ཀྱི་བགེགས་རྣམས་
བཟློག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བནྡྷ་ཧཱུཾ་ཕཊ། བརྒྱ་ནི་རྩ་བརྒྱད་བཟླས་ནས་ཀྱང་། །དཀྱིལ་འཁོར་དབུས་དང་གྲྭ་བཞི་རུ། །གཡོན་པས་བཟུང་སྟེ་གཡས་པས་གདབ། །སེང་སྡེང་ཕུར་བུ་ལྔ་བསྐྱེད་དོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་ཧཱུཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་
ཕཊ། བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱ་ཛྙ་པ་ཡ་ཏི་སྭཱ་ཧཱ། བདུག་པས་བདུགས་ཏེ་དབང་བསྐུར་རོ། །དེ་ནས་དཀྱིལ་འཁོར་དབུས་སུ་ནི། །དཀྱིལ་འཁོར་ཡོངས་སུ་བརྟག་བྱས་ནས། །ཙནྡན་གུར་ཀུམ་ལ་སོགས་པས། །ཡུམ་ཆེན་གྱི་ནི་གནས་དག་ཏུ། །རིན་ཆེན་ཟུར་བརྒྱད་ཐིག་ལེ་བྱ། །དེ་
བཞིན་གཤེགས་པའི་གནས་དག་དང་། །བྱང་ཆུབ་སེམས་དཔའི་གནས་སུ་ནི། །གྲྭ་བཞི་ཟླུམ་པོར་བྱ་བའོ། །ཡུམ་མཆོག་གི་ནི་སྔགས་ཀྱིས་ནི། །ལན་གསུམ་དག་ཏུ་བཟླས་པའོ། །དེ་ནས་ནམ་མཁའི་ཕྱོགས་ནས་ནི། །ནམ་མཁའི་དཀྱིལ་འཁོར་བཀུག་ནས་ནི། །གཞུག་ནས་བཅིང་
དང་དབང་དུ་བྱ། །མཆོད་པ་ལྔ་པོས་ལེགས་པར་མཆོད། །དེ་ནས་དབང་བསྐུར་བུམ་པ་ལ། །འབྲུ་སོགས་བཅས་པར་ཆུ་བླུགས་ལ། །ཡུམ་མཆོག་སྔགས་ནི་བརྒྱ་བཟླས་ཏེ། །མཆོད་ཡོན་ལེགས་པར་དབུལ་བར་བྱ། །བདུག་པས་བདུགས་ནས་མེ་ཏོག་དོར། །ལྷག་པར་གནས་པར་
བྱ་བའོ། །ཐུན་གསུམ་དག་ཏུ་བཟླས་བྱས་ནས། །དེས་ནི་དབང་བསྐུར་བྱ་བའོ། །ལྷག་པར་གནས་པའི་སྦྱིན་སྲེག་བྱ། །དེ་ནས་ཕྱི་རོལ་ཕྱུང་ནས་ཀྱང་། །དམ་ཚིག་ཅན་ལ་གཏོར་མ་སྦྱིན། །ཉེ་རེག་དག་ཀྱང་བྱས་ནས་ནི། །མཚན་བརྒྱ་རྩ་བརྒྱད་དམ་པ་ནི། །ལན་ཅིག་བར་དུ་བརྗོད་པར་བྱ། །
དེ་ནས་མེ་ཏོག་ལ་སོགས་དང་། །སྒེག་མོ་ལ་སོགས་བརྒྱད་ཀྱིས་མཆོད། །སློབ་མ་ལྷག་པར་གནས་པའོ། །རེ་ཞིག་དང་པོར་ཁྲུས་བྱས་ལ། །ཤིན་ཏུ་གཙང་བའི་གོས་གྱོན་ལ། །མེ་ཏོག་ཐོགས་པའི་སློབ་མ་ཡིས། །སློབ་དཔོན་དག་ལ་ཕྱག་བྱས་ཏེ། །འདི་སྐད་ཅེས་ནི་སྨྲ་བར་བྱ། །དགའ་

ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་
མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་བགྱིའོ། །དེ་ནས་སྡིག་པ་བཤགས་པ་བྱེད་དུ་བཅུག་སྟེ། རྟོག་པ་རྣམས་ནི་ཤིན་ཏུ་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །
དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ཡང་ན་བགྱིད་རྩལ་གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་ཏུ་ནི། །སྤྱན་སྔར་དེ་ལྟ་མ་ལུས་སོ་སོར་བཤགས། །བདེ་བར་གཤེགས་པ་སྲས་ཀྱི་ལྷ་རྣམས་དང་། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་
ལས་གཞན་ལའང་། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིག །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པ། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །སྨྲ་བསམ་བརྗོད་མེད་
ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་དང་། །དམན་པས་འཇིགས་པ་ཉིད་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་པ་ཟིལ་
གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང་། །བློ་གྲོས་རྣམ་རྒྱལ་ཐུགས་རྗེ་ཆེར་ལྡན་པའི། །བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབས་སུ་མཆི། །སྲིད་དང་བྲལ་བ་རྣམས་ལ་ཕྱག་འཚལ་ལོ། །རྒྱུ་
ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པའི། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་ཡང་དག་གཟུང་བར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་བསྐྱབ་པར་བྱ་བའམ། །

རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩྭ་སོག་བཞིན་དུ་བཏང་། །དེ་བཞིན་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་རྣམས་དག་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ནི་བསྒོམ་པར་བགྱི། །
བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡི། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་ཕྱིར། །ཁྱད་པར་གནས་ལ་བདག་ནི་གནས་པར་བགྱི། །ཞེས་ལན་གསུམ་བརྗོད་དོ། །བདག་གིས་དེ་སྐད་བརྗོད་པའི་དགེ་བའི་རྩ་བ་འདིས། །བདག་གིས་ལུས་
ཐམས་ཅད་ཡོངས་སུ་གཏང་བར་བགྱིའོ། །བདག་གིས་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བགྱིའོ། །བདག་གིས་སེམས་ཅན་ཐམས་ཅད་ཐེག་པ་ཐམས་ཅད་དང་། ཐབས་ཀྱི་བྱེ་བྲག་ཐམས་ཅད་ཀྱིས་བཏུལ་ནས་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་རབ་ཏུ་
གཞག་པར་བགྱིའོ། །བདག་གིས་སེམས་ཅན་ཐམས་ཅད་མྱ་ངན་འདས་ཀྱང་སེམས་ཅན་འགའ་ཡང་མྱ་ངན་ལས་འདས་པ་མེད་དོ་ཞེས་སེམས་བསྐྱེད་པར་བགྱིའོ། །བདག་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་དུ་རྗེས་སུ་རྟོགས་པར་བགྱིའོ། །བདག་གིས་མ་ཡེངས་པའི་སེམས་དང་། ཐམས་
ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བགྱིའོ། །བདག་གིས་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་པོ་ཐོབ་པར་བགྱི་སྟེ་སེམས་ཅན་ཐམས་ཅད་བྱང་ཆུབ་རྣམ་པ་གསུམ་ལ་དགོད་པར་བགྱིའོ། །བདག་གིས་ཐེག་པ་གཅིག་གི་ཚུལ་དུ་གནས་པར་ཡང་རྟོགས་པར་བགྱིའོ། །བདག་
གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་གནས་པ་སོ་སོར་རྟོགས་པར་བྱ་བའི་ཕྱིར་བསླབ་པར་བགྱིའོ། །བདག་གིས་སྟོབས་བཅུ་དང་མི་འཇིགས་པ་དང་སོ་སོ་ཡང་དག་པར་རིག་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ་སོར་རྟོགས་པར་བྱ་བའི་ཕྱིར་མངོན་པར་བརྩོན་པར་བགྱིའོ། །དེ་བཞིན་
དུ་བདག་གིས་སངས་རྒྱས་ཀྱི་ཆོས་མ་ལུས་པའི་བར་ལ་མངོན་པར་གནས་པར་བྱ་བའི་ཕྱིར་མངོན་པར་བསྒྲུབ་པར་བགྱིའོ། །འདི་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་དང་། དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ་སྟེ། འདི་ཉིད་བཅོམ་ལྡན་འདས་ཀུན་དུ་བཟང་པོའོ། །དེའི་དགེ་བའི་རྩ་བ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྫོགས་པར་བྱས་པའི་སྟོབས་ཀྱིས་བདག་སེམས་བསྐྱད་པ་འདི་ལ་གནས་པས་ཀུན་དུ་བཟང་པོའི་སྤྱོད་པ་
ཞེས་བྱ་བ་སྒོ་མཐའ་ཡས་པ་ལ་གནས་པ། མཐའ་མེད་པར་འགྱུར་བ་རྫོགས་པར་བྱས་ནས་གདུལ་བྱ་འགྲོ་བའི་ཚོགས་མ་ལུས་པ་རྣམས་ལ་སྤྱོད་པ་རབ་ཏུ་དབྱེ་བའི་སྒོ་མང་པོ་བསྟན་པས་ཡང་དག་པར་མགུ་བར་བྱ་བ་དང་། ཡང་དག་པར་དགའ་བར་བྱ་བ་དང་། ཡང་དག་པར་གཟེངས་བསྟོད་པ་ལ་
ངེས་པར་སྦྱར་བར་བགྱིའོ། །དེ་ནས་ས་མ་ཡ་ཨ་ཞེས་བཟླས་པས། སློབ་མའི་སྙིང་གར་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་དཀར་པོ་དེ་ལ་བཞག་ལ། སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷ་ཡ་ཐཱ་སུ་ཁཾ། ཞེས་བྱ་བའི་སྙིང་པོ་ཡང་སྙིང་གར་བཟླས་ལ། སྤྱི་བོར་སྤོས་ཆུས་བརླན་
པའམ་གཤེར་བའི་ལག་པ་བཞག་ལ། རྡོ་རྗེ་སེམས་དཔའ་བཟླས་ཤིང་རྡོ་རྗེར་བསམ་པར་བྱའོ། །དཔྲལ་བ་དང་ལྐོག་མ་དང་སྤྱི་བོར་ཏྲཾ་ཧྲཱི་དང་ཀཾ་ལས་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེར་བསམས་ལ། བཛྲ་སཏྭ། བཛྲ་རཏྣ། བཛྲ་དྷརྨ། བཛྲ་ཀརྨ་ཞེས་ཟློས་ཤིང་སྙིང་ག་ལ་སོགས་པར་
བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཨ་ཤྭདྠ་ལ་སོགས་པའི་སོ་ཤིང་སོར་བཅུ་གཉིས་པའི་ཚད་ལ་རྩེ་མོར་མེ་ཏོག་བཅིངས་ལ། རྡོ་རྗེ་བཞད་པས་བཟླས་ལ་སྦྱིན་ནོ། །དེ་ནས་ཤར་རམ་བྱང་དུ་བལྟས་ཏེ་རྩེ་མོ་ཉིད་ནས་བཅའ་བར་བྱའོ། །དེ་ནས་ཀུ་ཤ་སར་པ་ལ་རྡོ་རྗེ་གནོན་པོ་བཟླས་ཏེ་བྱིན་ལ། འདི་
ནི་སྟན་དུ་གདིང་ཞིང་སྔས་སུ་གྱིས་ལ་ཉོལ་ཅིག་ཅེས་བསྒོའོ། །དེ་ནས་དཔུང་པ་གཡོན་པར་ནི། །རྡོ་རྗེ་སྲུང་བ་བཟླས་པ་ཡི། །སྲུང་སྐུད་མདུད་པ་གསུམ་ལྡན་པ། །བདག་ཉིད་ཀྱིས་ནི་ལེགས་པར་བཅིང་། །དེ་ནས་ཟབ་མོ་རྒྱ་ཆེ་བའི། །ཆོས་ནི་ཅི་ནུས་པར་བསྟན་པས། ཐམས་ཅད་ལ་གཟེངས་བསྟོད་
པར་བྱས་ནས། བཞིན་བཟངས་རྣམས་ལོངས་ཤིག་ནང་པར་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་ཞེས་བསྒོའོ། །ལྷག་པར་གནས་པའི་ཆོ་གའོ།། །།དེ་ནས་ཉི་མ་འཆར་ཀ་རུ། །དཀྱིལ་འཁོར་ནམ་མཁར་འདེགས་པར་བྱ། དེ་ནས་ཐིག་ནི་གདབ་པར་བྱའོ། །དང་པོར་ཚོན་རྩི་སྔོན་པོ་དང་། །

སེར་པོ་དང་ནི་དམར་པོ་དང་། །ལྗང་གུ་དཀར་པོ་དག་ལ་ནི། །དྲི་ཞིམ་ཚོན་གྱིས་སོ་སོར་བསྒྱུར། །གོ་རིམས་ཀྱིས་ནི་བཞག་པ་ལ། །དེ་ལ་ཧཱུཾ་ཏྲཱཾ་ཧྲཱིཿཨཿཨོཾ། །རང་གི་ས་བོན་དེར་དགོད་དོ། །དཱིཔྟ་དྲྀཥྚ་ཨཾ་ཀུ་ཤ་ཛཿ། མིག་གཉིས་དག་ཏུ་རབ་དགོད་དོ། །རབ་ཏུ་གཡོ་ཞིང་འབར་བའི་
མིག །མིག་གི་རྫི་མ་འདྲེན་པ་ནི། །ཞེས་བྱ་བའི་འབར་བའི་ལྟ་བས་མི་བསྐྱོད་པ་ལ་སོགས་བསྐུལ་ཞིང་། བཅོམ་ལྡན་འདས་ཡུམ་ཆེན་མོའི་དཀྱིལ་འཁོར་ཐིག་གདབ་པར་བྱ་བའི་ཕྱིར་རྡོ་རྗེའི་ཐིག་གདབ་པ་གསོལ་ཅིག་ཅེས་བགྱི་བས་ཀྱང་བསྐུལ་བར་བྱའོ། །དེ་ནས་རང་གི་ས་བོན་གྱི་འོད་ཀྱིས་
བསྐུལ་བས་མི་བསྐྱོད་པ་ལ་སོགས་པས་བཏང་བའི་སྲད་བུ་འབར་བའི་ལྕགས་ཀྱུས་བཀུག་སྟེ། རང་གི་ལག་ན་གནས་པའི་སྲད་བུ་དེ་གང་བར་བྱས་པ་ལ། ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱ་པ་ར་སྤ་ར་ཨ་ནུ་པྲ་བིཥྚ། སརྦ་དྷརྨཱཿཨོཾ་ཨཏྱཱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿདྷི། ཞེས་བསྒྲིལ་བར་བྱའོ། །བསྒྲིལ་
ནས་མིག་གཡས་དང་གཡོན་དུ། མ་དང་ཊ་ལས་ཉི་མ་དང་ཟླ་བ་བསྐྱེད་ལ། བཛྲ་དྲྀཥྚི་མ་ཊ། ཞེས་བྱ་བས་བརྟན་པར་བྱས་ལ། སྲད་བུ་དེ་དྲིས་བྱུགས་པའི་རིན་པོ་ཆེའི་སྣོད་དུ་བཞག་ལ། དྲི་དང་མེ་ཏོག་དང་བདུག་སྤོས་ཀྱིས་མཆོད་དོ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ། ཞེས་རྡོ་རྗེ་བསྡམས་
པས་བཟུང་སྟེ། ལན་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །དེ་ནས་དྲིས་ཉེ་བར་བྱུགས་ལ་བར་སྣང་ལ་བཞུགས་པའི་རིགས་ཐམས་ཅད་ལ་མཆོད་ཡོན་ཕུལ་ཏེ། མེ་ཏོག་མ་ལ་སོགས་པ་ལྔ་དང་། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་མཆོད་ལ་ཕྱག་བྱས་ལ། དཀྱིལ་འཁོར་གྱི་ས་བཞི་བརྟག་པར་བྱའོ། །
དེ་ལ་རེ་ཞིག་སྔགས་བཟླས་པའི་སྲད་བུ་མཐའ་མ་དཀར་པོ་དང་ལྡན་པ་སྤངས་ལ་ཡིད་ཀྱིས་བཛྲ་དྷཱ་ཏུ། ཞེས་བྱ་བས་རྡོ་རྗེའི་ཚིག་གིས་བཟླས་ལ། རྣམ་པར་སྣང་མཛད་དུ་གྱུར་པར་བྱས་ནས། བཛྲ་ཀརྨ། ཞེས་བརྗོད་པས་སྒྲུབ་པའི་གྲོགས་མཆོག་རང་གི་སྙིང་ག་ནས་རྡོ་རྗེ་ལས་ཀྱི་གཟུགས་སུ་སྤྲུལ་པར་
བྱའོ། །དེ་ནས་སྲད་བུ་དེ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། ཛཿཞེས་བྱ་བས་སྒྲུབ་པའི་གྲོགས་མཆོག་རྡོ་རྗེ་ལས་ཀྱི་གཟུགས་ཅན་གྱི་ལག་ཏུ་སྲད་བུ་གཏད་ལ་ཕྱོགས་ཐམས་ཅད་མཉམ་པ་ཉིད་བསྒོམ་ཞིང་། ཤར་ཕྱོགས་སུ་བལྟས་ཏེ་རྡོ་རྗེ་སྲད་བུ་གདབ་པར་བྱའོ། །ཡང་སློབ་དཔོན་ལྷོར་

འདུག་ལ་བྱང་དུ་བལྟས་ཏེ། གཉིས་པ་གདབ་པར་བྱའོ། །དེ་ནས་མེའི་ཕྱོགས་ཀྱི་ཆར་གནས་ལ་བྱང་དུ་བལྟས་ཏེ། ཕྱིའི་དཀྱིལ་འཁོར་གྱི་ཤར་དུ་ཐིག་གདབ་པར་བྱའོ། །རླུང་གི་ཕྱོགས་སུ་གནས་པ་ལ་ལྷོའི་ཕྱོགས་སུ་བལྟས་ཏེ་ནུབ་ཀྱི་ཐིག་གདབ་པར་བྱའོ། །དེ་ཉིད་དུ་འདུག་སྟེ་བྱང་གི་ཐིག་གདབ་
པར་བྱའོ། །ཡང་མེའི་ཕྱོགས་སུ་འདུག་སྟེ་ལྷོ་ཕྱོགས་སུ་ཐིག་གདབ་པར་བྱའོ། །ཁ་ཁྱེར་གྱི་ཐིག་ཀྱང་གདབ་པར་བྱའོ། །ཡང་མེའི་མཚམས་སུ་གནས་ཏེ་རླུང་གི་ཕྱོགས་ཀྱི་མཚམས་ཀྱི་ཐིག་གདབ་པ་དང་། ཡང་བདེན་བྲལ་གྱི་མཚམས་སུ་གནས་ཏེ་དབང་ལྡན་གྱི་མཚམས་ཀྱི་བར་གྱི་ཐིག་གདབ་
པར་བྱའོ། །སློབ་དཔོན་གྲོགས་མཆོག་གཉི་ག་ནི་སྐོར་ཕྱོགས་སུ་འགྲོ་བར་བྱའོ། །དེ་ལ་སྒོ་ནི་འཁོར་ལོའི་བརྒྱད་ཆའོ། །སྒོ་ཁྱུད་ནི་སྒོའི་ཚད་ཀྱི་ཕྱེད་དོ། །ཁ་ཁྱེར་ནི་སྒོའི་ཕྱེད་དོ། །ཚོན་སྣ་ལྔའི་ས་ནི་ཁ་ཁྱེར་གྱི་ཕྱེད་དོ། །རྟ་བབས་ནི་སྒོའི་སུམ་འགྱུར་དུ་བྱའོ། །ད་ནི་ལུང་ལས་འབྱུང་བའི་ཐིག་
གདབ་སྟེ། །གསར་བ་ལས་ནི་བཀལ་ནས་ཀྱང་། །ཚད་མཐུན་པར་ནི་མཛེས་པ་ཡིས། །ཐིག་ནི་མཁས་པས་ཅི་ནུས་ཀྱིས། །དཀྱིལ་འཁོར་གྱི་ནི་ཐིག་གདབ་བོ། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །ཡུམ་གྱུར་དམ་པའི་དཀྱིལ་འཁོར་ནི། །ཐིག་བཞི་བཏབ་པས་དཀྱིལ་འཁོར་
དགུ། །དཀྱིལ་འཁོར་དགུ་ཡི་དཀྱིལ་དུ་ནི། །བདེ་གཤེགས་ཡུམ་དུ་གྱུར་པ་དགོད། །དུང་ལྟར་སྐུ་མདོག་དཀར་བ་ལ། །གཡས་པ་རིན་ཆེན་མཆོག་སྦྱིན་ཞིང་། །གཡོན་པ་གླེགས་བམ་འཛིན་པ་དེ། །སེང་གེ་ལ་གནས་པདྨའི་གདན། །ཟླ་བའི་དཀྱིལ་འཁོར་དག་ལ་ནི། །སྦྱིན་པ་ཚུལ་
ཁྲིམས་བཟོད་པ་དང་། །བསམ་གཏན་ལ་སོགས་འཁོར་གྱིས་བསྐོར། །ཕྱི་ཡི་ལེའུ་ཚེ་བརྒྱད་པོ་ལ། །ཕྱོགས་བཅུའི་བདེ་བར་གཤེགས་པ་བཅུ། །སོ་སོའི་འཁོར་གྱིས་བསྐོར་བ་ནི། །སེང་གེ་ལ་གནས་པདྨའི་གདན། །དེ་སྟེང་ཟླ་བའི་དཀྱིལ་འཁོར་ལ། །གོ་རིམས་བཞིན་དུ་དགོད་པར་བྱ། །
ཕྱོགས་བཞིའི་ཟླ་གམ་བཞི་པོ་ལ། །སེམས་དཔའི་རྡོ་རྗེ་ལ་སོགས་ནི། །པད་གནས་ཟླ་བའི་དཀྱིལ་འཁོར་ལ། །གོ་རིམས་བཞིན་དུ་དགོད་པར་བྱ། །དེ་ཡང་ཕྱི་རིམ་དག་ཏུ་ནི། །ཐུགས་རྗེ་འོད་ཀྱི་དཀྱིལ་འཁོར་ནི། །པདྨ་བརྒྱའམ་སྟོང་དག་ཏུ། །ཆོ་ག་ཤེས་པས་བྲི་བར་བྱ། །རྡོ་རྗེ་ཉི་མར་

ཡང་དག་ལྡན། །གྲྭ་བཞི་ཕྱོགས་བཞི་དག་ཏུ་ནི། །ལཱ་སེ་ལ་སོགས་ལྷ་མོ་བརྒྱད། །པད་གནས་ཟླ་བའི་དཀྱིལ་འཁོར་ལ། །ལེགས་པ་དག་ཏུ་བྲི་བར་བྱ། །ལྷ་ཡི་སྣམ་བུ་དགོད་བྱ་བ། །བསྐལ་པ་བཟང་པོ་འདི་ཉིད་ཀྱི། །སངས་རྒྱས་སྟོང་དུ་བཞིས་མ་ཚང་། །པད་གནས་ཟླ་
བའི་དཀྱིལ་འཁོར་ལ། །རང་རང་མཚན་མ་བསྣམས་པ་བྲི། །སྒོ་ཁྱུད་བཞི་པོ་དག་ལ་ཡང་། །སྒོ་བ་བཞི་པོ་བྲི་བར་བྱ། །རྟ་བབས་བཞིས་ནི་མཛེས་བྱས་ལ། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །གྲྭ་བཞི་ཕྱོགས་བཞི་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་ནང་རྣམས་སུ། །རྡོ་རྗེ་རིན་ཆེན་སྤྲས་པར་ནི། །
དཀྱིལ་འཁོར་ཕྱི་རིམ་བྲི་བར་བྱ། །དེ་ལྟར་དཀྱིལ་འཁོར་ལེགས་བྲིས་ནས། །དང་པོར་བདག་ཉིད་འཇུག་པར་བྱ། །དེ་ནས་སློབ་མ་གཞུག་པར་བྱ། །ཞེས་འབྱུང་ངོ་། །གལ་ཏེ་བགེགས་བྱུང་ན་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱས་ནས། དེ་འོག་ཨ་ལས་རྣམ་པར་སྣང་མཛད་དུ་གྱུར་ནས་རྒྱུད་
ལས་བཤད་པའི་རྣམ་པར་སྣང་མཛད་ཀྱི་སྐུར་ཡང་ངེས་པར་བྱས་ནས། ཧཾ་ལས་འཕགས་པ་མི་གཡོ་བ་ཐུགས་ཀ་ནས་ཕྱུང་སྟེ། བཛྲ་བནྡྷ་ཞེས་ཡིད་ལ་བརྗོད་ལ། ཕྱིའི་དཀྱིལ་འཁོར་དུ་རླུང་གི་ཕྱོགས་སུ་དྲིའི་ཐིག་ལེ་བདུན་བྱས་ཏེ་ཐིག་ལེ་རེ་རེ་ཞིང་ཡང་རེ་རེའི་ནང་དུ་ཆུད་པར་བྱས་ལ་དབུས་མ་དང་
མཐའ་མ་ཡང་ཐིག་ལེ་བདུན་དང་ལྡན་པར་བྱས་ཏེ་ཐིག་ལེ་བདུན་པོ་དེ་དག་ཀྱང་རླུང་ལྷ་བདུན་པོ་རི་དགས་ལ་ཞོན་པ། མདོག་ནག་པོ་འཕགས་པ་མི་གཡོ་བས་ཞགས་པས་ཀུན་ནས་བཅིངས་པར་བསམས་ལ། དེ་རྣམས་ཀྱི་དབུས་མ་གཅིག་ནི་གཙོ་བོ་ཡིན་ལ། ལྷག་མ་དྲུག་ནི་འཁོར་ཡིན་པས། ཀུན་
ནས་བསྐོར་བར་བསམ་པའོ། །དེ་ནས་ཁམ་ཕོར་ཨ་ལས་རི་རབ་ཏུ་བསམས་ལ། དེའི་སྟེང་དུ་ཨ་ཉིད་ལས་དབང་ཆེན་གྱི་དཀྱིལ་འཁོར་ཐམས་ཅད་དུ་རྡོ་རྗེས་གཡོགས་ལ། དབུས་རྡོ་རྗེ་རྩེ་ལྔ་པ། ཡི་གེ་ཧཱུཾ་གི་ས་བོན་ལས་བྱུང་བ། མཚམས་རྣམས་སུ་མདུང་རྩེ་རྣམས་བསམས་ལ། དེ་བཞིན་དུ་བཛྲ་
བནྡྷ་ཞེས་བརྗོད་དོ། །དེ་ཁམ་ཕོར་ངེས་ཇི་སྐད་བཤད་པའི་ཐིག་ལེ་བདུན་དག་པར་བྱའོ། །དེ་ནས་ཁམ་ཕོར་རི་རབ་ཀྱི་སྟེང་དུ་ཨོཾ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསམས་ཏེ། འཕགས་པ་མི་གཡོ་བ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཡོན་པ་བརྐྱང་བས་རི་རབ་བཟུང་ནས་རལ་གྲི་དང་

ཞགས་པས་རླུང་ལྷ་རྣམས་ལ་སྡིགས་མཛུབ་མཛད་པར་བསམས་ཏེ། དེ་ལྟ་བུས་ནི་རླུང་ཐམས་ཅད་བཅིང་བར་བྱས་པར་འགྱུར་རོ། །དེ་ནས་དཀྱིལ་འཁོར་དབུས་ན་གནས་པའི་ཕུར་བུ་ཧཱུཾ་བཞིས་བཏོན་ལ། འོག་ནས་བཤད་པའི་ཚོན་སྣ་ལྔས་བུ་ག་བཀང་ལ་མཉམ་པར་གཞག་གོ། །དེ་ནས་ཧྲི་ཞེས་བྱ་
བས་མིག་གཡས་དང་གཡོན་དུ་ཉི་མ་དང་ཟླ་བ་བསྐྱེད་ལ། ཁྲོ་བོའི་ལྟ་བས་ཀུན་དུ་བལྟས་ལ་སྒོ་རྣམས་དབྱེའོ། །དེ་ནས་ཚོན་རྩི་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡེ་ཧཱུཾ། ཞེས་བྱ་བ་འདི་ཕྱག་རྒྱ་དང་ལྡན་པས་ཚོན་རྩི་ཐམས་ཅད་ལ་ལན་བདུན་གྱི་བར་དུ་བཟླས་ན་རྡོ་རྗེའི་རང་བཞིན་དུ་
འགྱུར་རོ་ཞེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་སོ། །ཕྱག་རྒྱ་གཉིས་ལས་ནི་མཛུབ་མོ་མཉམ་པར་སྦྱར་བར་བྱས་ནས་ཚོན་རྩི་ཐམས་ཅད་ནི་འབར་བའི་ལྟ་བས་དགུག་པར་བྱ་ཧྲི་ཞེས་བྱ་བ་དང་། རྡོ་རྗེ་ཉི་མ་ཁྲོ་བོའི་དམ་ཚིག་གི་ཕྱག་རྒྱ་དང་ལྡན་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཐར་
སྦྱར་བར་བྱའོ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་ཟློས་ཤིང་དགྱེ་བར་བྱའོ། །ཕྱོགས་བཞིར་ཡང་སྤོས་སྣོད་བཞི་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀློག་ཏུ་གཞུག་གོ། །དེ་ནས་དབུས་སུ་འདུག་ནས་ནི། །རྡོ་རྗེ་སློབ་དཔོན་མཉམ་གཞག་པས། །རྡོ་རྗེ་སྒོ་ནི་རྣམ་བཞི་པོ། །ཡིད་ཀྱིས་སུ་ནི་དབྱེ་བར་བྱ། །
ཨོཾ་བཛྲོདྒྷ་ཊ་ས་མ་ཡ་པྲ་བེ་ཤ་ཧཱུཾ། རྡོ་རྗེ་མཛུབ་མོ་ཡང་དག་པར། །སྦྱར་ལ་བཀན་ཏེ་བསྡམས་ནས་སུ། །རབ་ཏུ་ཁྲོས་ནས་དབྱེ་བ་ནི། །སྒོ་དབྱེ་བ་ཡི་མཆོག་ཡིན་ནོ། །དེ་ནས་རིན་པོ་ཆེ་ལས་བྱས་པའི་བུམ་པ་རྩ་བ་མི་གནག་པ་གསུས་པ་ཆེ་བ་མགྲིན་པ་རིང་བ། མཆུ་འཕྱང་བ། བྱི་རུ་དང་།
གསེར་དང་། དངུལ་དང་། མུ་ཏིག་དང་པདྨ་རཱ་ག་སྟེ་རིན་པོ་ཆེ་ཐམས་ཅད་དང་། བྲི་ཧ་ཏི་དང་། ཀཎྜ་ཀ་རི་དང་། ཧ་ས་དེ་བ་དང་། དཎྜོཏྤ་ལ་དང་། ཤྭེ་ཏེ་ཨ་པ་ར་ཙི་ཏ་སྟེ་སྨན་ཐམས་ཅད་དང་། འབྲས་དང་། ནས་དང་། གྲོ་དང་། ཏིལ་དང་། མ་ཤ་སྟེ་འབྲུ་ཐམས་ཅད་དང་སྤོས་ཆུ་དྲི་ཞིམ་
པ་དང་མེ་ཏོག་དྲི་ཞིམ་པས་ཡོངས་སུ་བཀང་ལ་དྲིས་ཀུན་དུ་བྱུགས་པའི་མེ་ཏོག་གི་ཕྲེང་བ་བཏགས་པའོ། །མགུལ་པ་རས་དཀར་པོ་བཟང་པོས་བརྒྱན་པ་འདབ་མ་དང་འབྲས་བུ་དྲི་ཞིམ་པོས་ཁ་བརྒྱན་པ་དང་། བཛྲ་དྷཱ་ཏུ་པྲཛྙེ་མ་ཧཱ་པྲཛྙེ་ཧཱུཾ། ཞེས་ལན་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །བརྒྱའམ་སྟོང་

ངམ་དཔག་ཏུ་མེད་པའམ་བཅུ་ལས་ཉུང་བར་མི་བྱའོ། །རས་ཟུང་བརྒྱའམ་སྟོང་ངམ་ལྷ་བཤོས་དང་མར་མེ་ཡང་བརྒྱའམ་སྟོང་ངམ་བདུག་སྤོས་བརྒྱའམ་སྟོང་ངམ་བཅུ་ལས་ཉུང་བར་མི་བྱའོ། །གླང་པོ་ཆེའམ་རྟ་ལ་སོགས་པའི་ཚོགས་ཀྱང་དགོད་དོ། །རོལ་མོའི་ཚོགས་འདི་ལྟ་
སྟེ། པི་ཝང་དང་། གླིང་བུ་དང་། རྔ་དང་། ཅང་ཏེའུ་དང་། ཆ་ལང་དང་། རྔ་རིངས་དང་། རྫ་རྔ་དང་། རྔ་བོ་ཆེ་དང་། ཀུཉྫ་དང་། ཏི་མི་ལ་བརྡུང་བ་སྟེ་དེ་དག་ཀྱང་དབུལ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་མངོན་སུམ་ལྟ་བུར་བསམས་ལ། ཕྱག་བཞི་སྔོན་དུ་འགྲོ་བས་མེ་ཏོག་
ལ་སོགས་པས་ཡང་དག་པར་མཆོད་ལ། སྡོམ་པ་གཟུང་བ་ལ་སོགས་པ་བྱས་པའི་རྗེས་ལ་བདག་ཉིད་འཇུག་པར་བྱའོ། །དེ་ནས། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གི་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ལ་སྙིང་པོ་བཟླ། །ཞེས་བྱ་བའི་སྔར་བཤད་
པའི་ཆོ་ག་བྱས་ལ་ཡི་གེ་བརྒྱ་པ་བརྗོད་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་བྱ་སྟེ། དཔག་མེད་ཤེས་རབ་ཕ་རོལ་ཕྱིན། །སྡིག་མེད་རྣམས་ཀྱི་ཆོས་སྐུ་གང་། །སྐྱོན་རྣམས་ཐམས་ཅད་མེད་གཟིགས་མངའ། །རྣམ་རྟོག་མི་མངའ་ཁྱོད་ལ་འདུད། །གང་གི་ཡང་དག་ཉིད་དུ་ཁྱོད། །
ནམ་མཁའ་བཞིན་དུ་གོས་པ་མེད། །སྤྲོས་མེད་ཡི་གེ་མེད་མཐོང་ན། །དེས་ནི་དེ་བཞིན་གཤེགས་པ་མཐོང་། །འཕགས་པ་དམ་པ་རྣམས་དང་ནི། །ཡོན་ཏན་ཕྱུག་མོ་ཁྱོད་དང་ནི། །སངས་རྒྱས་འགྲོ་བའི་བླ་མ་དང་། །ཁྱད་པར་མ་མཐོང་ཟླ་འོད་བཞིན། །གུས་བྱས་སྙིང་རྗེའི་བདག་
ཉིད་ཅན། །སངས་རྒྱས་རྣམས་ཀྱི་འགྲོ་འདྲེན་མ། །ཁྱོད་ལ་བརྟེན་བགྱིས་ངེས་པར་ནི། །བདག་ཉིད་ཆེན་པོ་མཉམ་མེད་ཐོབ། །དོན་ཡོད་གཟིགས་མ་གང་ཡིན་ནི། །བསམ་པ་དག་པས་ལན་འགའ་ཡང་། །ཚུལ་བཞིན་ཁྱེད་ལ་ལྟ་བགྱིད་པ། །དེས་ཀྱང་ངེས་པར་གྲུབ་པ་ཐོབ། །ཁྱོད་ནི་
དཔའ་མོ་གཞན་དོན་ལ། །དགའ་བའི་བདག་ཉིད་ཐམས་ཅད་ནི། །གསོ་མཛད་སྐྱེད་པར་མཛད་པ་སྟེ། །བྱམས་ཤིང་གཅུགས་པའི་ཡུམ་ལགས་སོ། །དགེ་བ་གང་སློང་ཁྱོད་ཀྱི་སྲས། །སངས་རྒྱས་འཇིག་རྟེན་བླ་མ་དང་། །ཐུགས་རྗེ་ཅན་ལགས་དེ་སླད་ཁྱོད། །སེམས་ཅན་ཀུན་གྱི་ཕྱི་མོ་

ལགས། །མ་སྨད་སྐར་མ་རྣམས་ཀྱིས་ནི། །ཟླ་བའི་དཀྱིལ་འཁོར་མཛེས་བཞིན་དུ། །མི་དམིགས་ཕ་རོལ་ཕྱིན་ཀུན་གྱིས། །ཁྱོད་ནི་རབ་ཏུ་བསྐོར་བ་ལགས། །ཁྱོད་ནི་ཉག་མ་གཅིག་ལགས་ཀྱང་། །དེ་བཞིན་གཤེགས་པས་དེ་དང་དེར། །སྐྱེ་བོ་འདུལ་བའི་རྟེན་མཛད་ནས། །སྣ་ཚོགས་
མཚན་གྱིས་རྣམ་སྣང་བསྟོད། །ཉི་མའི་འོད་དང་མཇལ་གྱུར་ན། །ཟིལ་པའི་ཆུ་ཐིགས་ཇི་བཞིན་དུ། །ཁྱོད་དང་མཇལ་བ་དག་རྣམས་ཀྱི། །སྐྱོན་དང་ཚིག་རྣམས་རབ་འཇིག་འགྱུར། །ཁྱོད་ཉིད་སྐྲག་པ་སྐྱེད་པ་སྟེ། །བྱིས་པ་རྣམས་ལ་འཇིགས་པར་གདའ། །ཡང་དག་དབུགས་འབྱིན་སྐྱེད་པ་
སྟེ། །མཁས་པ་རྣམས་ལ་ཞི་བར་གདའ། །གང་ལ་མགོན་ཁྱོད་དབྱེ་བ་སྟེ། །ཁྱོད་ལ་མངོན་དུ་ཆགས་མི་མངའ། །གཞན་ལ་འདོད་ཆགས་ཞེ་སྡང་དང་། །ཇི་ལྟ་བུར་ནི་འབྱུང་གྱུར་ཡུམ། །ཁྱོད་ནི་གང་ནས་མི་བྱོན་ཏེ། །གང་དུ་བཞུད་པར་འགྱུར་མ་ལགས། །གང་ཁྱོད་དེ་ལྟར་མི་
མཐོང་ཞིང་། །ཡང་དག་ཉིད་དུ་རྟོགས་འགྱུར་བ། །རྟོགས་ནས་ངེས་པར་འགྲུབ་འགྱུར་བ། །དེང་འདིར་ངོ་མཚར་ཤིན་ཏུ་ཆེ། །ཁྱོད་མཐོང་ན་ནི་མཆི་འགྱུར་ཏེ། །མ་མཐོང་ན་ཡང་མཆི་བར་འགྱུར། །ཁྱོད་མཐོང་ན་ནི་གྲོལ་འགྱུར་ཏེ། །མ་མཐོང་ན་ཡང་གྲོལ་བར་འགྱུར། །ཀྱེ་མ་ངོ་མཚར་
སྐྱེད་མཛད་མ། །ཟབ་མོ་ལགས་སོ་གྲགས་ལྡན་མ། །སྣང་ཡང་སྣང་བ་མ་ལགས་མ། །ཤིན་ཏུ་རྟོགས་དཀའ་སྒྱུ་མ་བཞིན། །སངས་རྒྱས་རྣམས་དང་རང་རྒྱལ་དང་། །ཉན་ཐོས་རྣམས་ལ་ངེས་བསྟན་པའི། །ཐར་ལམ་གཅིག་ཏུ་ཁྱོད་ལགས་ཏེ། །གཞན་མ་མཆིས་པར་ངེས་པར་ལགས། །
འཇིག་རྟེན་མགོན་པོའི་ཐུགས་རྗེ་ཡིས། །ལུས་ཅན་རྣམས་ལ་བསྟན་སླད་དུ། །ཁྱོད་མཛད་མཛད་པ་མཛད་མ་ལགས། །མཚན་ཉིད་དང་ནི་མཚན་མ་མེད། །ཚིག་ལམ་ཀུན་ལས་འདས་ཁྱོད་ལ། །སུ་ཞིག་གིས་ནི་འདིར་བསྟོད་ནུས། །ཁྱོད་ནི་གང་ལ་གནས་མི་མངའ། །ཁྱོད་ཉིད་བསྟོད་བྱ་མ་
ལགས་ཏེ། །དེ་ལྟར་ཕུན་སུམ་ཚོགས་མངའ་བ། །དེ་འདྲའི་ཚིག་གི་ལམ་དག་གིས། །བསྟོད་པ་རྣམས་ནི་ཤིན་ཏུ་བདེ། །རྫོགས་པ་གང་ཞིག་རྟོགས་འདོད་པ། །ཉན་ཐོས་ཞི་བ་འདོད་པ་དག །ཐམས་ཅད་ཤེས་པ་ཉིད་འགྱུར་ཞིང་། །གང་ཞིག་ཐུབ་མཆོག་སྲས་དག་ནི། །ལམ་གྱི་རྣམ་པ་

ཀུན་ཤེས་འགྱུར་བ་དང་། །གང་ཞིག་མཆོག་རྣམས་རྒྱལ་བའི་ཡོན་ཏན་ཚོགས། །རྣམ་ཀུན་མཁྱེན་པ་མཉེས་པར་འགྱུར་བ་ཡི། །བདེ་བར་གཤེགས་པའི་ཡུམ་མཆོག་དེ་ལ་ནི། །མཁས་པ་རྣམས་ཀྱིས་རྟག་ཏུ་འཇུག་པར་གྱིས། །སེར་སྣ་ཉོན་མོངས་དག་པ་ཡི། །ཡིད་བཞིན་
ནོར་བུ་དམ་པ་འདིས། །ཁམས་གསུམ་བསམ་པ་རྫོགས་མཛད་པ། །དཀོན་མཆོག་འབྱུང་གནས་ཕྱག་འཚལ་བསྟོད། །ཉོན་མོངས་མཐའ་དག་རབ་བསལ་བས། །ཁམས་གསུམ་པ་ནི་ཐམས་ཅད་ཀྱི། །སྡུག་བསྔལ་རྣམས་ཀྱིས་མ་གོས་པ། །མྱ་ངན་མེད་ལ་ཕྱག་འཚལ་བསྟོད། །གསང་བའི་
དེ་ཉིད་བསྒོམས་པ་ཡིས། །འོད་ཟེར་བརྒྱ་ཕྲག་རྣམས་འགྱེད་ཅིང་། །འོད་ཀྱིས་འགྲོ་བའི་དོན་མཛད་པ། །རིན་ཆེན་འོད་འཕྲོ་ཕྱག་འཚལ་ལོ། །སྟོང་པ་ཉིད་ལ་རབ་གནས་པ། །ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས། །རབ་ཏུ་རྒྱལ་བར་མཛད་པ་པོ། །རྒྱལ་བའི་དབང་པོ་ཕྱག་འཚལ་
བསྟོད། །ཁམས་གསུམ་འཁོར་བ་ལ་གནས་པའི། །འགྲོ་བའི་དོན་རྣམས་མཛད་ནས་ཀྱང་། །པད་ལྟར་སྐྱོན་གྱིས་མ་གོས་པ། །པདྨོ་དམ་པ་ཕྱག་འཚལ་ལོ། །ཁམས་གསུམ་གཏི་མུག་འཁྱམས་པ་ལ། །ཉི་མ་ལྟ་བུའི་འཁོར་ལོ་ཡིས། །འགྲོ་བའི་དོན་རྣམས་རབ་མཛད་པ། །ཕྱག་འཚལ་
ཉི་མའི་དཀྱིལ་འཁོར་ལ། །ཉི་མ་དྲོད་ཆེན་འོད་ལྟ་བུར། །ཐབས་ཀྱི་དམ་པ་བརྙེས་འགྱུར་བའི། །འགྲོ་བའི་དོན་ལ་རབ་བརྩོན་པ། །ཕྱག་འཚལ་གདུགས་ཆེན་དམ་པ་ལའོ། །སྔོན་གྱི་སྨོན་ལམ་དམ་པ་ཡིས། །གླང་ཆེན་ལྟ་བུའི་ཏིང་འཛིན་གྱིས། །ཁམས་གསུམ་འཁོར་བ་ལས་སྒྲོལ་བ། །ཕྱག་
འཚལ་ཏིང་འཛིན་གླང་པོ་ལའོ། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །དགའ་བའི་དམ་པར་འགྱུར་བ་ནི། །བྱང་ཆུབ་རྣམ་གསུམ་ཐོབ་མཛད་པ། །དགའ་བའི་དཔལ་ལ་ཕྱག་འཚལ་ལོ། །འཁོར་བའི་འདམ་ལས་སྐུ་འཁྲུངས་པ། །སྲིད་པའི་ཉེས་པས་མ་གོས་པར། །འགྲོ་བ་འཁོར་བ་ལས་
གྲོལ་བ། །པདྨའི་ཕྱོགས་ལ་ཕྱག་འཚལ་ལོ། །འཁོར་རྣམས་ཀྱི་ཕྱག་རྒྱ་བཅིང་བ་དང་བསྟོད་པ་ནི་རྒྱལ་པོ་དང་འབངས་ཀྱི་ཚུལ་ཡིན་པས་མི་དགོས་སོ་ཞེས་སློབ་དཔོན་ཁ་ཅིག་འཆད་དོ། །དེ་ནས་སྒེག་མོ་ལ་སོགས་པས་ཀྱང་མཆོད་དོ། །དངོས་གྲུབ་ཐམས་ཅད་གྲུབ་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་

མཛོད་ཅིག་ཅེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་གྲོགས་མཆོག་དམ་པ་དཀྱིལ་འཁོར་དུ་གཞུག་སྟེ་ཕྱི་རོལ་དུ་གཏོར་མ་སྦྱིན་པར་བྱའོ། །འབྲས་ཡོས་བཅས་ཤིང་ཏིལ་དང་བཅས། །འབྲས་ཆན་གཏོར་མ་ཆུ་དང་བཅས། །འབྲས་ཆན་བཅས་ཤིང་ལ་དུ་བ། །སྣུམ་
ཁུར་ལ་སོགས་བཟའ་བ་རྣམས། །ཞེས་བྱ་བས་གཏོར་མའི་ལས་བྱའོ། །དེ་ནས་ཞི་བའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་དབུལ་ལོ། །དེ་བཞིན་གཤེགས་པ་རྣམས་ལ་ནི་བདུན་བདུན་དབུལ་ཏེ་མཉེས་པར་བྱའོ། །དེ་ནས་དཀྱིལ་འཁོར་དུ་འཇུག་པར་བྱ་སྟེ་དང་པོར་སློབ་དཔོན་བདག་ཉིད་འཇུག་པར་བྱ། དེ་
ནས་སློབ་མ་འཇུག་པར་བྱ་སྟེ། བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བྱ། །དེ་ནས་བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་པ་ལ་སྣོད་དུ་གྱུར་པ་དང་མ་གྱུར་པ་བརྟག་མི་འཚལ་ལོ། །དེ་ཅིའི་
སླད་དུ་ཞེ་ན། སེམས་ཅན་ཁ་ཅིག་སྡིག་པ་ཆེན་པོ་མཆིས་ཀྱང་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཏེ་མཐོང་ན་ངན་སོང་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འོད་ཀྱིས་ཕོག་པ་ཙམ་གྱིས་ཀྱང་ལོང་བས་གཟུགས་མཐོང་བ་དང་
འོན་པས་སྒྲ་ཐོས་པ་ལ་སོགས་པའི་བདེ་བ་རྙེད་ན་དཀྱིལ་འཁོར་ཆེན་པོར་ཞུགས་པ་དག་ལྟ་སྨོས་ཀྱང་ཅི་འཚལ་ལོ། །དེ་ནས་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་
དཔའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བསྟན་དུ་གསོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །དེ་ནས་སློབ་མ་ལ་སྟོད་གཡོགས་དང་སྨད་གཡོགས་བསྐོན་ལ་ཕྱག་བཞི་བྱེད་དུ་གཞུག་གོ། །ལག་ཏུ་མེ་ཏོག་བསྐུར་ཏེ་བཤགས་པ་ནས་གསོལ་བ་གདབ་པའི་
བར་དུ་བྱ་སྟེ་འདི་སྐད་བརྗོད་པར་བྱའོ། །གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པ་ཉི་མ་མ་ལུས་པ། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་འདི་ཞེས་བགྱི་བ་ནི། །སློབ་དཔོན་དབང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་བ། །མི་ལྡོག་པ་ཡི་འཁོར་ལོས་འབྱོར། །ཐར་པའི་

རང་བཞིན་གྲོང་ཁྱེར་ཆེ། །གསང་བ་ཆེན་པོར་འཇུག་པར་བགྱི། །གསང་བ་ཐམས་ཅད་བསྡུས་པར་ནི། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་པ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང་། །དཔེ་བྱད་རྣམས་
དང་ཡང་དག་ལྡན། །སངས་རྒྱས་ཀྱི་ནི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་ཆེན་པོ་རྨད་བྱུང་བ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ནས་སློབ་དཔོན་གྱིས། ཆེ་གེ་མོ་ཞེས་བྱ་བ་འདི་
ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་པ། །དམ་ཚིག་མཆོག་དང་གསང་བ་ཡི། །འཁོར་ལོ་འདིར་ཡང་འཇུག་པར་འཚལ། །ཡང་སློབ་དཔོན་གྱིས། གསང་བ་ཆེན་པོ་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །དེས་ཀྱང་འཚལ་ལོ་
ཞེས་བརྗོད་པར་བྱའོ་དེ་ནས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཞེས་བྱ་བ་ལ་སོགས་པས་སྡོམ་པ་དབོག་གོ། །སྡོམ་པ་འཛིན་པར་མི་བྱེད་པ་དེ་ལ་ནི་དབང་བསྐུར་ཡང་མི་བྱའོ། །འཇུག་པ་ཙམ་ཞིག་བྱེད་དུ་གཞུག་གོ །དེ་ལྟར་སྡོམ་པ་འཛིན་པ་དེ་ལ་ནི་དང་པོར་ཆུའི་དབང་བསྐུར་རོ། །ཕྱག་
རྒྱའི་དབང་དང་ཅོད་པན་དང་། དར་དཔྱངས་དང་། རྡོ་རྗེ་དང་། བདག་པོ་དང་། མིང་གི་དབང་བསྐུར་ནས་མེ་ཏོག་ལ་སོགས་པ་དང་སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས། སློབ་དཔོན་ལ་ཡོན་གྱི་མཆོག་ཕུལ་ཏེ་དབང་ཕྱི་མ་ཡང་བསྐུར་བར་བྱའོ། །དེ་ནས་ཞི་བའི་སྦྱིན་སྲེག་གིས་ཞི་
བར་བྱའོ། །ཚོན་རྩི་ཆུ་བོ་ཆེན་པོར་དོར་རོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡུམ་མཆོག་སྤྲོས་པ་མེད་པ་ཡི། །སྒྲུབ་ཐབས་ཅུང་ཞིག་སྦྱར་བ་ལས། །ཀུན་གྱིས་བདེ་གཤེགས་སྐུ་ཐོབ་ཤོག །ཡུམ་གྱུར་སྒྲུབ་ཐབས་ལེགས་སྦྱར་བ། །བསྒྱུར་བས་བསོད་ནམས་གང་ཐོབ་དེས། །ཁམས་
གསུམ་སེམས་ཅན་ཐམས་ཅད་ཀྱིས། །བྱང་ཆུབ་རྣམ་གསུམ་ཐོབ་པར་ཤོག །སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏ་མཎྜ་ལ་བི་དྷི་ནཱ་མ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དཀྱིལ་འཁོར་གྱི་

ཆོ་ག་ཞེས་བྱ་བ། སྤང་དང་བླང་བའི་གཞི་རྣམས་ཤེས། །གང་ཟག་གསུམ་གྱི་ལམ་རྣམས་ཤེས། །ཐུབ་པ་ཡི་ནི་རྟོག་པའི་ཡུལ། །རྟེན་གསུམ་གྱི་ནི་བདག་ཉིད་ཅན། །སངས་རྒྱས་ཉན་ཐོས་སེམས་དཔའ་ཡི། །ཚོགས་ཀྱིས་བསྐོར་བའི་ཡུམ་དེ་ལ། །སྒོ་གསུམ་དང་བས་ཕྱག་འཚལ་ལོ། །བདེ་གཤེགས་
ལུང་བསྟན་ཀླུ་སྒྲུབ་དང་། །དེ་ཡི་སློབ་མ་ཟླ་གྲགས་དང་། །མཁས་པ་ཡི་ནི་བྷ་བྱ་དང་། །དེ་སོགས་ཡུམ་གྱི་སྒྲུབ་ཐབས་ནི། །ལེགས་པ་ཉིད་དུ་བསྟན་ཀྱང་ནི། །སླ་ཞིང་དཀྱིལ་འཁོར་རྒྱས་པ་ནི། །མཁས་པས་དེ་དག་མ་བསྟན་ཏེ། །དེས་རྒྱས་བདག་གིས་སླ་བར་བསྟན། །བདག་འདྲ་ཤིན་ཏུ་བླུན་གྱུར་
ཀྱང་། །བླ་མ་ཡི་དམ་དྲིན་དང་ནི། །གཞུང་རྣམས་ཀུན་ནས་བསྡུས་ནས་ནི། །དཀྱིལ་འཁོར་ཆོ་ག་ལེགས་པར་བཤད། །སྙིང་རྗེ་དང་ལྡན་རིགས་ཀྱི་བུས། །ཡུམ་བརྗོད་པ་ཡི་མཇུག་ཐོགས་སུ། །དགེ་བ་རྣམས་ནི་བསྡུ་བའི་ཕྱིར། །དཀྱིལ་འཁོར་ཆེན་པོ་བཤམ་བྱ་སྟེ། །དེ་ནས་ལྷ་གནས་ནང་
པར་ནི། །ཚངས་དང་ཟུར་དང་ལོགས་ཐིག་རྣམས། །གཞན་དང་མཐུན་པར་གདབ་པར་བྱ། །ཕྱི་དང་ནང་དུ་དབྱེ་བར་བྱ། །ཕྱི་ལ་སྒོ་སོགས་རྫོགས་པར་གདབ། །ནང་ལ་ཡང་ནི་ཚུལ་བཞིན་གདབ། །ནང་གི་ལེའུ་ཚེ་བཞི་ལ་ནི། །པདྨ་ཟེའུ་འབྲུ་ལྡན་དགུ་བྲི། །དེ་ཕྱི་ལེའུ་ཚེ་བཅུ་གཉིས་ལ། །ཟེའུ་
འབྲུ་འདབ་ལྡན་བཞི་རྣམས་བྲི། །དེ་ཡི་ཕྱི་ཡང་གཞན་དང་མཐུན། །བྲི་དང་བཤད་པ་རིམ་གྱིས་བསྟན། །དྲན་བཞི་བརྡ་བསྟན་གདུགས་བཞི་བྲི། །སྤོང་བཞི་བརྡ་བསྟན་འཁོར་ལོ་བཞི། །རྫུ་འཕྲུལ་རྐང་པ་བཞི་ཡི་བརྡར། །པད་འདབ་བཞི་ནི་བྲི་བར་བྱ། །ངེས་འབྱེད་ཡན་ལག་རྣམ་བཞིའི་བརྡར། །
རྟ་བབས་བཞི་ཡང་བྲི་བར་བྱ། །ཡེ་ཤེས་སྐད་ཅིག་བཅུ་དྲུག་བརྡར། །བཅུ་གཅིག་རྡོ་རྗེ་བཅུ་དྲུག་བྲི། །འཕགས་ལམ་ཡན་ལག་བརྒྱད་ཀྱི་བརྡར། །རེ་ཁཱ་ལྔ་དང་དྲ་བ་ཕྱེད། །རིན་ཆེན་ཕག་དང་འདོད་ཡོན་སྣམ། །དེ་དག་ཀྱང་ནི་རིམ་བཞིན་བྲི། །ས་བཅུ་པ་ཡི་བརྡར་བསྟན་པ། །སྒོ་ཡི་ནང་ཡང་
ལེགས་པར་བྲི། །དེ་ལྟར་ཕོ་བྲང་ནང་དག་ན། །ཡུམ་ཆེན་འཁོར་དང་བཅས་པ་བྲི། །དབུས་ཀྱི་པདྨའི་ལྟེ་བ་ལ། །སྐུ་མདོག་སེར་མོ་ཕྱག་བཞི་མ། །གཡས་ཀྱི་དང་པོ་པདྨའི་སྟེང་། །ཤེས་རབ་ཀྱི་ནི་པུསྟིའོ། །གཡོན་གྱི་དང་པོ་ཨུཏྤལ་ཏེ། །མི་ཤིགས་པ་ཡི་རྡོ་རྗེའོ། །དང་པོའི་འོག་མ་མཆོག་

སྦྱིན་དང་། །གཉིས་པ་འོག་མ་མཉམ་གཞག་སྟེ། །དེ་ལྟ་བུ་ཡི་ཡུམ་བྲིའོ། །ཕྱོགས་བཞི་པདྨའི་འདབ་སྟེང་དུ། །སེམས་མ་རྡོ་རྗེ་རིན་ཆེན་མ། །ཆོས་དང་ལས་ཀྱི་སེམས་མའོ། །སྐུ་མདོག་ཕྱག་མཚན་རིགས་དང་མཐུན། །མཚམས་བཞི་པདྨའི་འདབ་སྟེང་དུ། །མཱ་མ་ཀཱི་དང་
གོས་དཀར་མོ། །སངས་རྒྱས་སྤྱན་དང་སྒྲོལ་མ་སྟེ། །སྐུ་མདོག་ཕྱག་མཚན་རིགས་དང་མཐུན། །ཤར་གྱི་པདྨའི་ལྟེ་བ་ལ། །རིན་ཆེན་འབྱུང་གནས་སྐུ་མདོག་སེར། །ས་གནོན་ཕྱག་རྒྱ་ཅན་དགོད་དོ། །ཕྱོགས་བཞི་ཡི་ནི་པདྨ་ལ། །སེམས་དཔའ་འོད་ཟེར་ཀུན་འབྱུང་དང་། །རིན་ཆེན་འོད་
འཕྲོ་རིན་དབང་ཕྱུག །རྡོ་རྗེ་མི་གཡོ་སེམས་དཔའ་བཞི། །པདྨ་རྡོ་རྗེ་དབྱུག་ཏོ་དང་། །རིན་ཆེན་ལྕགས་ཀྱུ་རིམ་བཞིན་ཐོགས། །ལྷོ་ཡི་པདྨའི་ལྟེ་བ་ལ། །མྱ་ངན་མེད་དཔལ་སྐུ་མདོག་སྔོ། །མཆོག་སྦྱིན་པདྨ་ཅན་དགོད་དོ། །ཕྱོགས་བཞི་ཡི་ནི་འདབ་མ་ལ། །སེམས་དཔའ་མྱ་ངན་མེད་པ་
དང་། །ཆོས་ཀྱི་རྒྱལ་མཚན་བཀོད་པ་རྒྱལ། །དབང་ཕྱུག་རྒྱལ་ཏེ་སེམས་དཔའ་བཞི། །པདྨ་འདབ་བཞི་རིན་ཆེན་འབར། །རྒྱལ་མཚན་རྣམས་ཏེ་རིམ་བཞིན་ཐོགས། །ནུབ་ཀྱི་པདྨའི་ལྟེ་བ་ལ། །རིན་ཆེན་འོད་འཕྲོ་སྐུ་མདོག་དམར། །མཉམ་གཞག་ཕྱག་རྒྱ་ཅན་དགོད་དོ། །ཕྱོགས་བཞི་ཡི་ནི་
འདབ་མ་ལ། །སྤྱོད་པའི་བློ་གྲོས་སྣང་བ་མཆོག །ཕྱག་རྒྱ་དང་ནི་སྤོབས་པ་བརྩེགས། །པདྨ་དུང་དང་ལྕགས་ཀྱུ་དང་། །མཉམ་གཞག་པུསྟི་བསྣམས་པའོ། །དེ་དག་ཐོགས་ནས་གཙོ་ལ་འདུད། །བྱང་གི་པདྨའི་ལྟེ་བ་ལ། །རྒྱལ་བའི་དབང་པོ་སྐུ་མདོག་ལྗང་། །སྐྱབས་སྦྱིན་ཕྱག་རྒྱ་ཅན་དགོད་
དོ། །ཕྱོགས་བཞི་ཡི་ནི་པདྨ་ལ། །རྒྱལ་བ་བྱིན་དང་གྲུབ་པའི་ལྷ། །དགའ་བ་སྟོན་དང་མི་གཡོ་བ། །པདྨ་རིན་ཆེན་པ་ཏྲ་དང་། །རྒྱ་གྲམ་མཉམ་གཞག་ཏིང་འཛིན་བསྣམས། །བྱང་ཤར་པདྨའི་ལྟེ་བ་ལ། །ཏིང་འཛིན་གླང་པོ་དམར་སེར་མདོག །ཆོས་འཁོར་བསྐོར་བའི་ཕྱག་རྒྱ་ཅན། །ཕྱོགས་
བཞི་ཡི་ནི་འདབ་མ་ལ། །རྒྱལ་བ་གནོན་དང་ཀུན་དུ་བཟང་། །འཇམ་དཔལ་སྒྲིབ་པ་སེལ་བ་སྟེ། །པདྨ་རིན་ཆེན་གའུ་དང་། །རྡོ་རྗེ་མེ་ཏོག་རིམ་བཞིན་ཐོགས། །ཤར་ལྷོ་པདྨའི་ལྟེ་བ་ལ། །པདྨོ་དམ་པ་དམར་སྐྱའི་མདོག །ཆོས་འཆད་ཕྱག་རྒྱ་ཅན་དགོད་དོ། །ཕྱོགས་བཞི་ཡི་ནི་འདབ་མ་ལ། །

ལག་ན་པདྨོ་མཐུ་ཆེན་ཐོབ། །སྨན་གྱི་རྒྱལ་དང་ཡོན་ཏན་སྙིང་། །པདྨ་མེ་ཏོག་མྱུ་གུ་དང་། །བུམ་པ་དང་ནི་རལ་གྲིའོ། །དེ་དག་བསྣམས་ཏེ་གཙོ་ལ་འདུད། །ལྷོ་ནུབ་པདྨའི་ལྟེ་བ་ལ། །ཉི་མའི་དཀྱིལ་འཁོར་སྣང་བའི་དཔལ། །དམར་སེར་མདོག་ལྡན་ཆོས་འཆད་ཚུལ། །ཕྱོགས་བཞི་ཡི་ནི་འདབ་
མ་ལ། །ཉི་མ་རབ་སྣང་རྡོ་རྗེ་ཅན། །གཞོན་ནུ་རྒྱན་དང་སེང་གེའི་སྒྲ། །པདྨ་དང་ནི་མེ་ཏོག་ཉུག །རྡོ་རྗེ་བདུད་རྩི་བུམ་པ་ནི། །རིམ་པ་བཞིན་དུ་ཐོགས་པའོ། །ནུབ་བྱང་པདྨའི་ལྟེ་བ་ལ། །གདུགས་དམ་པ་སྟེ་དམར་སེར་མདོག །ཆོས་འཆད་པ་ཡི་ཕྱག་རྒྱ་ཅན། །ཕྱོགས་བཞི་ཡི་ནི་འདབ་མ་
ལ། །རིན་ཆེན་མཆོག་དང་པདྨོ་རྒྱལ། །པདྨ་དམ་པ་ཐོགས་མེད་རྒྱལ། །པདྨ་དང་ནི་རྩེ་ལྔ་དང་། །མེ་ཏོག་དང་ནི་མཛེས་གོས་དང་། །གོ་རིམས་བཞིན་དུ་ཐོགས་པའོ། །ཕྱི་རིམ་ཤར་ཕྱོགས་ལྟེ་བ་ལ། །དགའ་བ་དཔལ་ཏེ་མདོག་དཀར་པོ། །སྐྱབས་དང་ལྡན་པ་དགོད་པར་བྱ། །ཕྱོགས་
བཞི་ཡི་ནི་འདབ་མ་ལ། །དགའ་སྦྱིན་དང་ནི་བཟང་སྐྱོང་དང་། །དཀོན་མཆོག་འབྱུང་གནས་ཟླ་འོད་གནས། །པདྨ་དང་ནི་མེ་ཏོག་དང་། །ཉི་མ་ཟླ་བ་བསྣམས་པའོ། །ལྷོ་ཕྱོགས་ཀྱི་ནི་ལྟེ་བ་ལ། །ཤཱཀ་ཐུབ་གསེར་གྱི་བཙོ་མ་བཞིན། །བདུད་བཏུལ་བ་ཡི་ཚུལ་ཅན་ནོ། །ཕྱོགས་བཞི་ཡི་
ནི་འདབ་མ་ལ། །བྱམས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་དང་སྤྱན་རས་གཟིགས། །མཽད་གལ་དང་ཤཱ་རིའི་བུ། །ཀུན་དགའ་བོ་དང་འོད་སྲུངས་ཏེ། །པདྨ་དང་ནི་རིན་ཆེན་དང་། །བུམ་པ་ཁྲི་སྙན་ས་ལེ་རྣམས། །གོ་རིམས་ཐོགས་ཏེ་གཙོ་ལ་འདུད། །བཞི་ཡི་ཕྱག་མཚན་ལྷུང་བཟེད་དོ། །
ནུབ་ཀྱི་པདྨའི་ལྟེ་བ་ལ། །མར་མེ་མཛད་དེ་མདོག་དམར་པོ། །ཀུན་སྣང་ཕྱག་རྒྱ་ཅན་དགོད་དོ། །ཕྱོགས་བཞི་ཡི་ནི་འདབ་མ་ལ། །ཉི་འོད་དང་ནི་ཟླ་འོད་དང་། །བྱམས་པ་མཻ་ཏྲི་སྐྱེས་བུ་དམ། །ཀུན་ཀྱང་རིན་ཆེན་འཛིན་པའོ། །བྱང་ཕྱོགས་པདྨའི་ལྟེ་བ་ལ། །པདྨོའི་དཔལ་དེ་མདོག་སྔོ་བ། །སྐྱབས་
སྦྱིན་ལྡན་པ་དགོད་པར་བྱ། །ཕྱོགས་བཞི་ཡི་ནི་འདབ་མ་ལ། །པདྨ་དམ་དང་ཡེ་ཤེས་ཏོག །མྱ་ངན་ཀུན་འཇོམས་བློ་མི་ཟད། །ཀུན་ཀྱང་པདྨོ་བསྣམས་པའོ། །མཚམས་སུ་སྒེག་མོ་ཕྲེང་བ་མ། །གླུ་དང་གར་དེ་གཞན་དང་མཐུན། །ཕྱི་ལ་མེ་ཏོག་བདུག་པ་མ། །དྲི་ཆབ་མ་སྟེ་གཞན་དང་མཐུན། །

ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །དེ་ཡང་གཞན་དང་མཐུན་པའོ། །དཀར་དང་སེར་དང་དམར་དང་ལྗང་། །ཀུན་གྱི་ནང་རོལ་མཐིང་བའོ། །ཤར་དུ་དཀར་པོ་ཆེ་བ་སྟེ། །ལྷོ་རུ་སེར་པོ་ཆེ་བ་སྟེ། །ནུབ་ཏུ་དམར་པོ་ཆེ་བ་སྟེ། །བྱང་དུ་ལྗང་གུ་ཆེ་བ་སྟེ། །དབུས་སུ་མཐིང་ག་ཡང་
དག་ལྡན། །མཆོད་དང་གཏོར་མ་རྒྱས་པར་བཤམས། །དཀྱིལ་འཁོར་རྒྱན་སོགས་ལེགས་པར་དགོད། །རང་ཉིད་བདེ་བའི་སྟན་ལ་འདུག །དང་པོ་ཚོགས་ཀྱི་ལམ་གྱི་ཆོས། །བཞི་གསུམ་བཅུ་གཉིས་བསྒོམ་རྟོགས་བྱ། །དེ་རྗེས་སྦྱོར་བའི་ལམ་གྱི་ཆོས། །ངེས་འབྱེད་བསྒོམ་ཞིང་རྟོགས་
པར་བྱ། །དེ་རྗེས་མཐོང་བའི་ལམ་གྱི་ཆོས། །བྱང་ཆུབ་བདུན་བསྒོམ་རྟོགས་པར་བྱ། །དེ་རྗེས་བསྒོམ་པ་ལམ་གྱི་ཆོས། །འཕགས་ལམ་བརྒྱད་བསྒོམ་རྟོགས་པར་བྱ། །དེ་རྗེས་རྡོ་རྗེ་ལྟ་བུ་གནས། །དེ་དེ་ཡང་ནི་རྟོགས་པར་བྱ། །དེ་རྗེས་བཅུ་གཅིག་པ་ཡང་ཐོབ། །བྷྲཱུཾ་ལས་རིན་ཆེན་གཞལ་ཡས་
བསམ། །ཀུན་གྱི་ས་བོན་ཨ་ཡིན་ཏེ། །དེ་ཞུ་མཚན་མ་ལྷ་རུ་བསམ། །ལམ་ལྔ་རྫོགས་པའི་ཕོ་བྲང་དུ། །ཡུམ་ཆེན་འཁོར་དང་བཅས་པ་རྣམས། །གཟུགས་ནས་རྒ་ཤི་རྟོགས་པའི་ཚུལ། །སྦྱིན་ནས་རྣམ་པ་ཐམས་ཅད་མཁྱེན། །དེ་ཡང་སྤྱོད་པའི་ཚུལ་ཅན་རྣམས། །མངོན་པར་རྫོགས་
པར་སངས་རྒྱས་ནས། །རིང་པོ་མ་ལོན་དེ་ཉིད་ཀྱི། །ཡུམ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །བསམ་བརྗོད་ཡུལ་འདས་འགྲོ་བ་ལ། །མཚོན་ཕྱིར་སྐྱེ་མེད་མཚོན་བསྟན་པ། །སྐྱེ་བ་མེད་པའི་གཟུགས་བརྙན་ལས། །འགྲོ་བའི་དོན་དུ་ཡུམ་དུ་ཤར། །ཡུམ་སྲས་འཁོར་དང་བཅས་པ་ཡང་། །
ཡོན་བདག་སྒྲིབ་རྒྱུན་སྦྱང་བ་དང་། །དམ་ཆོས་ཀློག་དང་ཁ་ཏོན་དང་། །ཡི་གེ་འདྲི་སོགས་བགྱིས་པ་ཡིས། །ཡུམ་ཆེན་དགེ་བ་བསྡུ་བའི་ཕྱིར། །རིན་ཆེན་པདྨའི་གདན་སྟེང་དུ། །སྙིང་རྗེའི་དབང་གིས་སྤྱན་འདྲེན་ན། །བྱང་ཆུབ་སེམས་ཀྱིས་གཤེགས་སུ་གསོལ། །བསམ་བརྗོད་ཡུལ་
འདས་ཕ་རོལ་ཕྱིན། །ཀུན་རྫོབ་འགྲོ་དོན་ཡུམ་གྱི་སྐུ། །ཡུམ་ཆེན་ཕ་རོལ་ཕྱིན་མ་ཡང་། །ཡོན་བདག་སྒྲིབ་རྒྱུན་སྦྱང་བ་དང་། །དམ་ཆོས་ཀློག་དང་ཁ་ཏོན་དང་། །ཡི་གེ་འདྲི་སོགས་བགྱིས་པ་ཡིས། །ཡུམ་ཆེན་དགེ་བ་བསྡུ་བའི་ཕྱིར། །རིན་ཆེན་པདྨའི་གདན་སྟེང་དུ། །སྙིང་རྗེའི་དབང་

གིས་སྤྱན་འདྲེན་ན། །བྱང་ཆུབ་སེམས་ཀྱིས་གཤེགས་སུ་གསོལ། །ཤར་ཕྱོགས་རིན་ཆེན་ཡོང་བ་ཡིས། །དག་པ་ཡི་ནི་ཞིང་ཁམས་ན། །བདེ་གཤེགས་རིན་ཆེན་འབྱུང་གནས་ལ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། །རབ་ཏུ་བྱུང་དང་ཁྱེའུ་དང་། །བུ་མོའི་ཚོགས་ཀྱིས་འཁོར་དུ་བསྐོར། །འཁོར་
བཅས་མ་ལུས་པ་དག་ཀྱང་། །ཡོན་བདག་སྒྲིབ་རྒྱུན་སྦྱང་བའི་ཕྱིར། །དམ་ཆོས་ཀློག་དང་ཁ་ཏོན་དང་། །ཡི་གེ་འདྲི་སོགས་བགྱིས་པ་ཡིས། །ཡུམ་ཆེན་དགེ་བ་བསྡུ་བའི་ཕྱིར། །རིན་ཆེན་པདྨའི་གདན་སྟེང་དུ། །སྙིང་རྗེའི་དབང་གིས་སྤྱན་འདྲེན་ན། །བྱང་ཆུབ་སེམས་ཀྱིས་གཤེགས་སུ་གསོལ། །
ལྷོ་ཕྱོགས་མྱ་ངན་མེད་པ་ཡི། །དམ་པ་ཡི་ནི་ཞིང་ཁམས་ན། །བདེ་གཤེགས་མྱ་ངན་མེད་པ་ལ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། །རབ་ཏུ་བྱུང་དང་ཁྱེའུ་དང་། །བུ་མོའི་ཚོགས་ཀྱིས་འཁོར་དུ་བསྐོར། །འཁོར་བཅས་མ་ལུས་པ་དག་ཀྱང་། །ཡོན་བདག་སྒྲིབ་རྒྱུན་སྦྱང་བའི་ཕྱིར། །དམ་
ཆོས་ཀློག་དང་ཁ་ཏོན་དང་། །ཡི་གེ་འདྲི་སོགས་བགྱིས་པ་ཡིས། །ཡུམ་ཆེན་དགེ་བ་བསྡུ་བའི་ཕྱིར། །རིན་ཆེན་པདྨའི་གདན་སྟེང་དུ། །སྙིང་རྗེའི་དབང་གིས་སྤྱན་འདྲེན་ན། །བྱང་ཆུབ་སེམས་ཀྱིས་གཤེགས་སུ་གསོལ། །ནུབ་ཕྱོགས་ཉེ་བར་ཞི་བ་ཡི། །དག་པ་ཡི་ནི་ཞིང་ཁམས་ན། །བདེ་
གཤེགས་རིན་ཆེན་འོད་འཕྲོ་ལ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། །རབ་ཏུ་བྱུང་དང་ཁྱེའུ་དང་། །བུ་མོའི་ཚོགས་ཀྱིས་འཁོར་དུ་བསྐོར། །འཁོར་བཅས་མ་ལུས་པ་དག་ཀྱང་། །ཡོན་བདག་སྒྲིབ་རྒྱུན་སྦྱང་བའི་ཕྱིར། །དམ་ཆོས་ཀློག་དང་ཁ་ཏོན་དང་། །ཡི་གེ་འདྲི་སོགས་བགྱིས་པ་ཡིས། །
ཡུམ་ཆེན་དགེ་བ་བསྡུ་བའི་ཕྱིར། །རིན་ཆེན་པདྨའི་གདན་སྟེང་དུ། །སྙིང་རྗེའི་དབང་གིས་སྤྱན་འདྲེན་ན། །བྱང་ཆུབ་སེམས་ཀྱིས་གཤེགས་སུ་གསོལ། །བྱང་ཕྱོགས་རྒྱལ་བ་ཅན་གྱི་ནི། །དག་པ་ཡི་ནི་ཞིང་ཁམས་ན། །བདེ་གཤེགས་རྒྱལ་བའི་དབང་པོ་ལ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་
དང་། །རབ་ཏུ་བྱུང་དང་ཁྱེའུ་དང་། །བུ་མོའི་ཚོགས་ཀྱིས་འཁོར་དུ་བསྐོར། །འཁོར་བཅས་མ་ལུས་པ་དག་ཀྱང་། །ཡོན་བདག་སྒྲིབ་རྒྱུན་སྦྱང་བའི་ཕྱིར། །དམ་ཆོས་ཀློག་དང་ཁ་ཏོན་དང་། །ཡི་གེ་འདྲི་སོགས་བགྱིས་པ་ཡིས། །ཡུམ་ཆེན་དགེ་བ་བསྡུ་བའི་ཕྱིར། །རིན་ཆེན་པདྨའི་གདན་

སྟེང་དུ། །སྙིང་རྗེའི་དབང་གིས་སྤྱན་འདྲེན་ན། །བྱང་ཆུབ་སེམས་ཀྱིས་གཤེགས་སུ་གསོལ། །བྱང་ཤར་ཏིང་འཛིན་བརྒྱན་པ་ཡི། །དག་པ་ཡི་ནི་ཞིང་ཁམས་ན། །བདེ་གཤེགས་ཏིང་འཛིན་གླང་པོ་ལ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། །རབ་ཏུ་བྱུང་དང་ཁྱེའུ་དང་། །བུ་
མོའི་ཚོགས་ཀྱིས་འཁོར་དུ་བསྐོར། །འཁོར་བཅས་མ་ལུས་པ་དག་ཀྱང་། །ཡོན་བདག་སྒྲིབ་རྒྱུན་སྦྱང་བའི་ཕྱིར། །དམ་ཆོས་ཀློག་དང་ཁ་ཏོན་དང་། །ཡི་གེ་འདྲི་སོགས་བགྱིས་པ་ཡིས། །ཡུམ་ཆེན་དགེ་བ་བསྡུ་བའི་ཕྱིར། །རིན་ཆེན་པདྨའི་གདན་སྟེང་དུ། །སྙིང་རྗེའི་དབང་གིས་སྤྱན་འདྲེན་ན། །
བྱང་ཆུབ་སེམས་ཀྱིས་གཤེགས་སུ་གསོལ། །ཤར་ལྷོ་སྙིང་པོ་བྱང་ཆུབ་བརྒྱན། །ཤིན་ཏུ་ཡིད་འོང་ཞིང་ཁམས་ན། །བདེ་གཤེགས་པདྨ་དམ་པ་ལ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། །རབ་ཏུ་བྱུང་དང་ཁྱེའུ་དང་། །བུ་མོའི་ཚོགས་ཀྱིས་འཁོར་དུ་བསྐོར། །འཁོར་བཅས་མ་ལུས་པ་དག་ཀྱང་། །
ཡོན་བདག་སྒྲིབ་རྒྱུན་སྦྱང་བའི་ཕྱིར། །དམ་ཆོས་ཀློག་དང་ཁ་ཏོན་དང་། །ཡི་གེ་འདྲི་སོགས་བགྱིས་པ་ཡིས། །ཡུམ་ཆེན་དགེ་བ་བསྡུ་བའི་ཕྱིར། །རིན་ཆེན་པདྨའི་གདན་སྟེང་དུ། །སྙིང་རྗེའི་དབང་གིས་སྤྱན་འདྲེན་ན། །བྱང་ཆུབ་སེམས་ཀྱིས་གཤེགས་སུ་གསོལ། །ལྷོ་ནུབ་རྡུལ་དང་བྲལ་བ་ཡི། །དག་
པ་ཡི་ནི་ཞིང་ཁམས་ན། །བདེ་བར་གཤེགས་པ་ཉི་མ་ཡི། །དཀྱིལ་འཁོར་སྣང་བའི་དཔལ་ལ་ནི། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། །རབ་ཏུ་བྱུང་དང་ཁྱེའུ་དང་། བུ་མོའི་ཚོགས་ཀྱིས་འཁོར་དུ་བསྐོར། །འཁོར་བཅས་མ་ལུས་པ་དག་ཀྱང་། །ཡོན་བདག་སྒྲིབ་རྒྱུན་སྦྱང་བའི་ཕྱིར། །དམ་ཆོས་ཀློག་དང་ཁ་ཏོན་དང་། །ཡི་གེ་
འདྲི་སོགས་བགྱིས་པ་ཡིས། །ཡུམ་ཆེན་དགེ་བ་བསྡུ་བའི་ཕྱིར། །རིན་ཆེན་པདྨའི་གདན་སྟེང་དུ། །སྙིང་རྗེའི་དབང་གིས་སྤྱན་འདྲེན་ན། །བྱང་ཆུབ་སེམས་ཀྱིས་གཤེགས་སུ་གསོལ། །ནུབ་བྱང་དབང་དུ་བྱ་བ་ཡི། །དག་པ་ཡི་ནི་ཞིང་ཁམས་ན། །བདེ་གཤེགས་གདུགས་ཀྱི་དམ་པ་ལ། །
བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། །རབ་ཏུ་བྱུང་དང་ཁྱེའུ་དང་། །བུ་མོའི་ཚོགས་ཀྱིས་འཁོར་དུ་བསྐོར། །འཁོར་བཅས་མ་ལུས་པ་དག་ཀྱང་། །ཡོན་བདག་སྒྲིབ་རྒྱུན་སྦྱང་བའི་ཕྱིར། །དམ་ཆོས་ཀློག་དང་ཁ་ཏོན་དང་། །ཡི་གེ་འདྲི་སོགས་བགྱིས་པ་ཡིས། །ཡུམ་ཆེན་དགེ་བ་བསྡུ་བའི་ཕྱིར། །

རིན་ཆེན་པདྨའི་གདན་སྟེང་དུ། །སྙིང་རྗེའི་དབང་གིས་སྤྱན་འདྲེན་ན། །བྱང་ཆུབ་སེམས་ཀྱིས་གཤེགས་སུ་གསོལ། །སྟེང་ཕྱོགས་མདངས་དགའི་ཞིང་ཁམས་ན། །བདེ་གཤེགས་དགའ་བའི་དཔལ་ལ་ནི། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། །རབ་ཏུ་བྱུང་དང་ཁྱེའུ་དང་། །བུ་མོའི་ཚོགས་
ཀྱིས་འཁོར་དུ་བསྐོར། །འཁོར་བཅས་མ་ལུས་པ་དག་ཀྱང་། །ཡོན་བདག་སྒྲིབ་རྒྱུན་སྦྱང་བའི་ཕྱིར། །དམ་ཆོས་ཀློག་དང་ཁ་ཏོན་དང་། །ཡི་གེ་འདྲི་སོགས་བགྱིས་པ་ཡིས། །ཡུམ་ཆེན་དགེ་བ་བསྡུ་བའི་ཕྱིར། །རིན་ཆེན་པདྨའི་གདན་སྟེང་དུ། །སྙིང་རྗེའི་དབང་གིས་སྤྱན་འདྲེན་ན། །བྱང་ཆུབ་
སེམས་ཀྱིས་གཤེགས་སུ་གསོལ། །འོག་ཕྱོགས་པདྨའི་ཞིང་ཁམས་ན། །བདེ་གཤེགས་པདྨའི་དཔལ་ལ་ནི། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། །རབ་ཏུ་བྱུང་དང་ཁྱེའུ་དང་། །བུ་མོའི་ཚོགས་ཀྱིས་འཁོར་དུ་བསྐོར། །འཁོར་བཅས་མ་ལུས་པ་དག་ཀྱང་། །ཡོན་བདག་སྒྲིབ་རྒྱུན་སྦྱང་བའི་
ཕྱིར། །དམ་ཆོས་ཀློག་དང་ཁ་ཏོན་དང་། །ཡི་གེ་འདྲི་སོགས་བགྱིས་པ་ཡིས། །ཡུམ་ཆེན་དགེ་བ་བསྡུ་བའི་ཕྱིར། །རིན་ཆེན་པདྨའི་གདན་སྟེང་དུ། །སྙིང་རྗེའི་དབང་གིས་སྤྱན་འདྲེན་ན། །བྱང་ཆུབ་སེམས་ཀྱིས་གཤེགས་སུ་གསོལ། །མི་མཇེད་འཇིག་རྟེན་ཁམས་འདི་ན། །བདེ་གཤེགས་
ཤཱཀྱ་སེང་གེ་ལ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། །རབ་ཏུ་བྱུང་དང་ཁྱེའུ་དང་། །བུ་མོའི་ཚོགས་ཀྱིས་འཁོར་དུ་བསྐོར། །འཁོར་བཅས་མ་ལུས་པ་དག་ཀྱང་། །ཡོན་བདག་སྒྲིབ་རྒྱུན་སྦྱང་བའི་ཕྱིར། །དམ་ཆོས་ཀློག་དང་ཁ་ཏོན་དང་། །ཡི་གེ་འདྲི་སོགས་བགྱིས་པ་ཡིས། །ཡུམ་ཆེན་
དགེ་བ་བསྡུ་བའི་ཕྱིར། །རིན་ཆེན་པདྨའི་གདན་སྟེང་དུ། །སྙིང་རྗེའི་དབང་གིས་སྤྱན་འདྲེན་ན། །བྱང་ཆུབ་སེམས་ཀྱིས་གཤེགས་སུ་གསོལ། །ཡོངས་སུ་དག་པའི་ཞིང་ཁམས་ན། །བདེ་གཤེགས་མར་མེ་མཛད་པ་ནི། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། །རབ་ཏུ་བྱུང་དང་ཁྱེའུ་དང་། །བུ་
མོའི་ཚོགས་ཀྱིས་འཁོར་དུ་བསྐོར། །འཁོར་བཅས་མ་ལུས་པ་དག་ཀྱང་། །ཡོན་བདག་སྒྲིབ་རྒྱུན་སྦྱང་བའི་ཕྱིར། །དམ་ཆོས་ཀློག་དང་ཁ་ཏོན་དང་། །ཡི་གེ་འདྲི་སོགས་བགྱིས་པ་ཡིས། །ཡུམ་ཆེན་དགེ་བ་བསྡུ་བའི་ཕྱིར། །རིན་ཆེན་པདྨའི་གདན་སྟེང་དུ། །སྙིང་རྗེའི་དབང་གིས་སྤྱན་འདྲེན་

ན། །བྱང་ཆུབ་སེམས་ཀྱིས་གཤེགས་སུ་གསོལ། །ཕྱི་དང་ནང་ན་རབ་གནས་ཤིང་། །སྒོ་རྣམས་སྐྱོང་བ་ལ་སོགས་ཀུན། །མ་ལུས་དེ་དག་ཐམས་ཅད་ཀྱང་། །གནས་འདིར་མཆོད་ཀྱིས་གཤེགས་སུ་གསོལ། །རིན་ཆེན་རྒྱས་པ་པདྨའི་གདན། །ཤེས་རབ་གསལ་བ་ཟླ་བའི་གདན། །
ཐུགས་རྗེ་རྒྱས་པ་ཉི་མའི་གདན། །ཡུམ་ཆེན་སྲས་དང་བཅས་ལ་དབུལ། །དམ་ཆོས་ཀློག་དང་ཁ་ཏོན་དང་། །ཡི་གེ་འདྲི་སོགས་བགྱིས་པ་ཡིས། །དགེ་བ་བསྡུ་ཕྱིར་གཤེགས་སུ་གསོལ། །ཨོཾ་པྲཛྙཱ་པཱ་ར་མི་ཏཱ་སརྦ་དེ་བ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། གདན་སོགས་དབུལ་ཞིང་གཉིས་མེད་བྱ། །དེ་ནས་
མཆོད་པ་འདི་སྐད་དོ། །བདེ་གཤེགས་མཉེས་པའི་ཡོན་ཆབ་འདི། །འཁོར་གསུམ་ཡོངས་སུ་དག་སྒོ་ནས། །ཡུམ་ཆེན་སྲས་དང་བཅས་ལ་དབུལ