Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 68
Văn bản gốc(Tây Tạng)
Trang 16 / 22 (50.000 ký tự/trang)
གསུངས་སོ། །དེ་ལས་འོད་ཟེར་སྤྲོ་བ་དང་། བསྡུ་བའི་སྦྱོར་བས་ཡེ་ཤེས་ལྔ་ལ་སོགས་པ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཐམས་ཅད་དང་ལྷ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དབྱིངས་དང་གསུང་དང་ཐུགས་ཐམས་ཅད་ཀྱི་རྡོ་རྗེ་ དབྱིངས་ཐམས་ཅད་སྙིང་གར་བསྡུས་ཏེ་གཅིག་ཏུ་བརྟན་པར་བྱ་བའོ། །ཨོཾ་བཛྲ་ཨ་ཧཾ། ཞེས་པས་བརྟན་པར་འགྱུར་རོ། །དེ་ཡང་གསུངས་པ། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །སྐྱོན་མེད་སྣང་བ་མེད་པ་སྟེ། །བཅོས་མེད་མ་སྐྱེས་དག་པ་དག །དངོས་མེད་ལ་སོགས་རྣམས་ སྤངས་པ། །རྫས་མེད་ཆོས་ཀྱི་སྐུ་འདི་ནི། །མི་ཆོད་པ་དང་མི་ཤིགས་པའོ། །རྡོ་རྗེའི་བདག་ཉིད་ལེགས་འབྱུང་བ། །རྡོ་རྗེའི་སྐུ་ནི་བླ་མེད་པ། །ཞེས་སོ། །ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏཱ་སྟ་ཐཱ་ཨ་ཧཾ། ཞེས་པས་སྐུར་འགྱུར་རོ། །དེ་ཡང་སྐུ་མདོག་ལ་སོགས་པ་གསེར་བཙོ་མའི་ཁ་དོག་ ཏུ་གནས་པ། ཕྱག་གཉིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཐབས་མཛད་པ། རབ་ཏུ་བྱུང་བའི་ཆ་བྱད་ཅན་དུ་བསྐྱེད་དོ། །དེ་ཡང་གསུངས་པ། ལུས་དང་དེ་བཞིན་སྤྱོད་པ་དང་། །སྦྱངས་དང་དེ་བཞིན་རྟོགས་པ་སྟེ། །མངོན་པར་བྱང་ཆུབ་རྣམ་པ་ལྔ། །སངས་རྒྱས་ཀུན་བདག་ བཟང་པོ་ཡི། །ཞེས་སོ། །དེ་ནས་བྱིན་གྱིས་བརླབ་པར་བྱ་སྟེ། །སྙིང་གར་རྡོ་རྗེ་དང་དཔྲལ་བར་རིན་པོ་ཆེ། ལྐོག་མར་པདྨ་སྤྱི་བོར་རྒྱ་གྲམ་རྡོ་རྗེ་སེམས་མ་ལ་སོགས་པའི་ཕྱག་རྒྱ་བསམ་མོ། །རིན་པོ་ཆེ་མྱུ་གུའི་ཕྱག་རྒྱས་དབང་བསྐུར་བར་བྱའོ། །དེ་ལྟར་བདག་ཉིད་སྐུ་བསྐྱེད་ནས་ནང་ སེམས་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ་སྟེ། རྫོགས་པའི་སྦྱོར་བ་ལས་བྱུང་བའི། །ཞེས་པ་ལ་སོགས་པ་དང་མཚམས་སྦྱར་བར་བྱའོ། །རྫོགས་པའི་སྦྱོར་བ་ནི་སྐད་ཅིག་མས་སྐྱེས་པའོ། །དེ་ཡང་རྡོ་རྗེ་འཁོར་ལོའི་སྔགས་དང་ཕྱག་རྒྱས་སོ། །ཇི་སྙམ་པ་ལ་དཀྱིལ་འཁོར་ལྷ་ནི་ཐམས་ ཅད་དག་སྟེ་ཉི་ཤུ་རྩ་གཅིག་གོ། །གཙོ་བོ་གང་སྙམ་པ་ལ་ཤཱཀྱ་སེང་གེའོ། །གང་གི་རྣམ་པ་ཅན་ནི་བདག་ཤཱཀྱ་ཐུབ་པར་བསྒོམ་པ་དེའི་དངོས་པོ་ཅན་ནོ། །དེའི་སྙིང་གར་ཅི་བསྒོམ་ན། དེ་ནས་དེ་ཡི་དེ་མ་ཐག །གོ་རིམས་ཇི་བཞིན་བསྒོམ་པར་བྱ། །ཞེས་པ་ལ་སོགས་པ་དང་ མཚམས་འབྲེལ་ཏོ། །ནང་སེམས་ཀྱི་དཀྱིལ་འཁོར་དང་། ཚོགས་བསགས་པའི་དཀྱིལ་འཁོར་གཅིག་ཏུ་བྱ་བ་ནི་དེའི་དབུས་སུ་དཀྱིལ་འཁོར་ཡང་བྱ་བ་ནས། དཀྱིལ་འཁོར་གཅིག་ཏུ་བསྒོམ་པར་བྱ། །ཞེས་པའི་བར་རོ། །དེ་ལྟར་དཀྱིལ་འཁོར་རྣམ་པ་གཉིས་གཅིག་ཏུ་བྱས་ནས། ལྷ་དེ་དག་ཐམས་ཅད་ཀྱི་ཐུགས་ཀར་སྦྱོར་བའི་སྔགས་དགོད་པ་ནི། དེ་ནས་ཤཱཀྱ་ཐུབ་པ་ཡི། །ཞེས་བྱ་བ་ནས། སྔགས་ཀྱི་རྒྱལ་པོ་རྗེས་དྲན་ནས། །ཞེས་བྱ་བ་ལ་སོགས་པ་དང་འབྲེལ་ཏོ། །དེ་ལྟར་སྔགས་བཀོད་ནས་དེའི་འོད་ཀྱིས་ངན་སོང་གསུམ་པོ་ལ་སོགས་པ་སེམས་ཅན་ཐམས་ ཅད་ལ་དབང་བསྐུར་བར་བྱ་སྟེ། དེ་ཡང་དང་པོར་འོད་ཟེར་སྤྲོ་བ་བསྟན་ཏེ། ཚུར་འདུས་ས་བོན་ལས་འོད་འཕྲོ། །ཞེས་པའོ། །འོད་དེས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྣང་བར་བྱས་ཤིང་སྔགས་དང་ཕྱག་རྒྱས་སྡིག་པ་དག་པར་བྱ་བ་ནི། དེ་ནས་འོད་ཟེར་གྱིས་ཀུན་དུ། ཞེས་ པ་ནས། འོད་ཟེར་གྱིས་ཀྱང་ཕོག་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏོ། །སྔགས་དང་ཕྱག་རྒྱ་ནི་བྲབ་པའི་གནས་སྐབས་ལས་ཤེས་པར་བྱའོ། །དེ་ནས་དབང་བསྐུར་བ་ནི། །སེམས་ཅན་ཐམས་ཅད་བཀུག་ནས་སུ། །ཞེས་པའི་བར་གྱིས་བསྟན་ཏེ། དེའི་འོད་ཀྱང་འདི་ལྟར་ཤེས་ པར་བྱ་སྟེ། དང་པོར་འོད་ཟེར་སྙིང་ག་ནི་མེའི་སྔགས་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པར་བྱས་ཤིང་ཁྱད་པར་དུ་ཡང་ངན་སོང་གསུམ་ལ་ཕོག་པས་ངན་སོང་གསུམ་གྱི་སྡིག་པ་དང་སྡུག་བསྔལ་སྔགས་དང་འོད་ཀྱིས་དག་པར་བྱས་ཏེ་དེ་ཡང་སྔགས་ནི། ཨོཾ་སརྦ་པཱ་པཾ་ ད་ཧ་ན་བཛྲ་ཧཱུཾ་ཕཊ། ཅེས་བྱ་བ་ནས། ཨོཾ་མ་ཐ་མ་ཐ་སརྦ་ཏིརྱ་ཀྒ་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཅེས་པའི་བར་གྱིས་སྲབ་ཅིང་དག་པར་བྱའོ། །དེ་ནས་བྱིན་གྱིས་བརླབ་པ་ནི། ཨོཾ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུཾ་ཕཊ། ཅེས་པས་གནས་ཉི་ཤུ་ལ་སོགས་པར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ནང་ སེམས་ཀྱི་དཀྱིལ་འཁོར་དུ་སེམས་ཅན་ཐམས་ཅད་བཀུག་ནས་དཀྱིལ་འཁོར་དུ་བཅུག་སྟེ་ཆུ་ལ་སོགས་པ་དབུ་རྒྱན་དང་། རྡོ་རྗེ་དང་དྲིལ་བུ་དང་བདག་པོ་དང་མིང་དང་ཕྱིར་མི་ལྡོག་པའི་དབང་ལ་སོགས་པ་བསྐུར་བར་བྱའོ། །དེ་ལྟར་དབང་བསྐུར་བ་ཙམ་གྱིས་ཀྱང་ཁམས་གསུམ་གྱི་སེམས་ ཅན་ཐམས་ཅད་སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་དང་མཉམ་པར་མཐོང་ནས། དེ་ནས་ལྷ་དང་། ཀླུ་ལ་སོགས་པ་ངོ་མཚར་སྐྱེས་ནས་མཆོད་དེ་དེ་ཡང་། དེ་ནས་ནམ་མཁའི་ཕྱོགས་སུ་ཡང་། །ཞེས་པ་ལ་སོགས་པ་དང་མཚམས་སྦྱར་རོ། །དེ་ནས་ནམ་མཁའི་ཁམས་གང་ བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཡི་དགས་དང་། ཤ་ཟ་ལ་སོགས་པ་དང་། གཟུགས་ཁམས་ན་གནས་པའི་ལྷ་རྣམས་ཀྱིས་ཀྱང་མཆོད་པའི་རྣམ་པར་བསམས་པ་ནི་རྫས་ཀྱི་མཆོད་པ་དང་ཏིང་ངེ་འཛིན་གྱི་མཆོད་པ་དང་རེག་བྱའི་མཆོད་ པ་བསམ་གྱིས་མི་ཁྱབ་པས་མཆོད་དེ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་སྔགས་པར་བྱེད་དོ། །ཇི་སྙམ་པ་ལ། ཀྱེ་མ་སངས་རྒྱས་ཀྱེ་སངས་རྒྱས། །ཞེས་པ་ལ་སོགས་པའོ། །ཀྱེ་མ་སངས་རྒྱས་ནི་ངོམ་ཞིང་ངོ་མཚར་བའོ། །ཀྱེ་མ་སངས་རྒྱས་ནི་བོད་པར་བྱའོ། །ཅི་ལ་ངོ་མཚར་ན་ སངས་རྒྱས་ཀྱི་མཛད་སྤྱོད་ཇི་སྙམ་པ་ལ། ངན་སོང་ཐམས་ཅད་སྦྱངས་ནས་སུ། །སེམས་ཅན་རྣམས་ནི་བྱང་ཆུབ་ཅེས་པ་ལའོ། །ཕྱི་མ་གོ་སླའོ། །དེ་ལྟར་ནང་སེམས་ཀྱི་དཀྱིལ་འཁོར་གྱིས་གཞན་གྱི་དོན་བྱས་པ་བསྟན་ནས་ད་ནི་བསྟོད་པ་བསྟན་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་ནས་སུ། ། ཞེས་པ་ལ་སོགས་པས་བསྟན་ཏེ་གང་གིས་བསྟོད་ན། སྔགས་པ་རྡོ་རྗེ་དྲིལ་འཛིན་པ། །བསྟོད་པའི་རྒྱལ་པོ་དེས་བསྟོད་དོ། །ཞེས་སོ། །ཕྱི་མ་དཀྱུས་སུ་གསལ་ལོ། །དཀྱིལ་འཁོར་ལུས་ལ་བརྟག་པར་བྱ། །ཞེས་པ་ནི་རྣལ་འབྱོར་ཆེན་པོ་ལ་བྱ་སྟེ། གནས་ཉི་ཤུ་རྩ་གཅིག་ནི་སྙིང་ག་དང་དཔྲལ་ བ་དང་མགོ་བོ་དང་གཙུག་ཕུད་ལ་སོགས་པར་ལྷ་ཉི་ཤུ་རྩ་གཅིག་བསྒོམ་པའོ། །དེ་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ཏོ། །ད་ནི་དཀྱིལ་འཁོར་རྒྱལ་མཆོག་གི་དོན་བཤད་པར་བྱ་སྟེ་དེ་ཡང་དང་པོར་སྟོང་པ་ཉིད་དུ་བྱ་བ། གཞལ་ཡས་ཁང་བསྐྱེད་པ་དང་གདན་བསྐྱེད་པའོ། །དེ་ལ་དང་པོར་སྟོང་པ་ ཉིད་དུ་བྱ་བ་ནི། དེ་ནས་ཁམས་གསུམ་མ་ལུས་པ། །སྟོང་པ་ཉིད་དུ་བསྒོམ་བྱ་སྟེ། །ཞེས་པའོ། །རྟེན་བསྐྱེད་པ། རླུང་དང་ཆུ་གཉིས་སྟེང་དབུས་སུ། །ཞེས་པ་ལ་སོགས་པའོ། །གཞལ་ཡས་ཁང་བསྐྱེད་པ་ནི། །ས་བོན་བྷྲཱུཾ་ལས་བྱུང་བ་ཡི། །ཞེས་པ་ལ་སོགས་པའོ། ། གདན་བསྐྱེད་པ་ནི། པདྨ་གནས་པ་སེང་གེའི་གདན། །ཞེས་པའོ། །དེའི་དོན་ཡང་འདི་ལྟར་ཤེས་པར་བྱ་སྟེ། དང་པོར་ཆོས་ཐམས་ཅད་གཅིག་དང་དུ་མའི་རང་བཞིན་དང་བྲལ་བར་བྱས་པས་སྟོང་པ་ཉིད་དུ་བྱའོ། །དེ་ནས་སྟོང་པ་ཉིད་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ཁ་དོག་སྔོན་པོ་ དབྱིབས་ཟླ་གམ་ལྟ་བུ་བ་དན་བཞིས་མཚན་པ་རྒྱ་ཁྱོན་དཔག་ཏུ་མེད་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་བུམ་པས་མཚན་པ་དཀར་པོ་བསམ། དེ་གཉིས་ཀྱི་སྟེང་དུའམ་དབུས་སུ་ལཾ་ལས་གསེར་གྱི་ས་གཞི་བསྒོམ་པར་བྱ་སྟེ་ཁ་དོག་སེར་པོ་དབྱིབས་གྲུ་བཞི་རྡོ་རྗེ་རྒྱ་གྲམ་གྱིས་ མཚན་པའོ། །དེའི་སྟེང་དུ་ས་བོན་སུཾ་ལས་རི་རབ་ཆེན་པོ་བསམ་པར་བྱ་སྟེ། རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་ངོས་བཞི་གྲུ་བཞི་པ་དཔག་ཚད་བརྒྱད་ཁྲི་ཡོད་པ། ཤར་དཀར་བ་བྱང་ལྗང་གུ་ཤིན་ཏུ་ཡངས་པ་དབྱིབས་གྲུ་བཞི་པའོ། །དེའི་དབུས་སུ་ངན་སོང་ཐམས་ཅད་སྦྱོང་བའི་དཀྱིལ་ འཁོར་བསྒོམ་པར་བྱ་སྟེ། ཡི་གེ་བྷྲཱུཾ་ལས་འཁོར་ལོ་རྩིབས་བརྒྱད་པ་དེ་སྤྲོ་བ་དང་བསྡུ་བ་ལས་གཞལ་ཡས་ཁང་བརྩེགས་མ་བསྒོམ་པར་བྱའོ། །དེ་ཡང་ཅི་ལྟ་བུ་བསྒོམ་པར་བྱ་སྙམ་པ་ལས། གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་པ་ལ་སོགས་པས་བསྟན་ཏེ། གྲུ་བཞི་པ་ནི་བྱམས་པ་དང་ སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་བཞི་རྣམ་པར་དག་པའོ། །སྒོ་བཞི་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་རྣམ་པར་དག་པའོ། །ཏྭ་ར་ན་བཞིས་བཀླུབས་པ་དང་། །ཞེས་པ་ནི་ བསམ་གཏན་བཞི་རྣམ་པར་དག་པའོ། །ཐིག་སྐུད་བཞི་ཆོས་སོ་སོར་དབྱེ་བའི་ཤེས་རབ་རྣམ་པ་གསུམ་གྱི་ཡེ་ཤེས་བཞི་གཏན་ལ་འབེབས་པའི་རྟགས་སོ། །མུ་ཁྱུད་ནི་མུ་ཁྱུད་དོ། །ལྟེ་བ་ནི་དབུས་སོ། །བཅས་པ་ནི་རྩིབས་བརྒྱད་འཁོར་ལོའོ། །མཛེས་པ་ནི་ལེགས་པར་བྲིས་པའོ། ། ཡང་ན་མཛེས་པ་ནི་དབུས་ཀྱི་ལྟེ་བ་ལ་སྣ་ཚོགས་པདྨ་བརྒྱད་ཀྱིས་མཛེས་པར་བྱས་པའོ། །གཞན་ཡང་སྒོའི་གློ་དང་སྒོའི་ཁྱམས་དང་མཚམས་དང་གྲྭ་རྣམས་སུ་རིན་པོ་ཆེས་མཚན་པའི་ཟླ་ཕྱེད་ཕུར་བུ་དང་རྡོ་རྗེས་བརྒྱན་པ་ནི་བྱང་ཆུབ་ཀྱི་སེམས་སྤྲོས་པ་མེད་པས་སེམས་ཅན་ཚིམ་ཞིང་ཡེ་ཤེས་ལྔ་རྟོགས་ པར་བྱེད་པའི་རྟགས་སོ། །གཞན་ཡང་རྟ་བབས་ཀྱི་ཁའི་དར་འཕན་དྲིལ་བུ་དང་དོ་ཤལ་དང་ཕྲེང་བས་བརྒྱན་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་རྣམ་པར་དག་པའོ། །དྲ་བ་དང་དྲ་བ་ཕྱེད་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པའོ། །རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་རྒྱ་གྲམ་གྱིས་བརྒྱན་ པ་ནི་འགྲོ་བ་མ་ལུས་པའི་བསམ་པ་ཡོངས་སུ་རྫོགས་པའི་ངོ་བོ་བས་ན་ཕྱག་རྒྱ་དེ་རྣམས་ཀྱིས་གཞལ་ཡས་ཁང་གི་མཚམས་དང་དབུས་ཀྱི་སྣ་ཚོགས་པདྨ་བརྒྱན་པའོ། །དེ་རྣམས་ཀྱི་སྤྱི་ཁྱབ་ཏུ་ཡང་བརྒྱན་ཞིང་སྤྲས་པའོ། །དེ་ལྟ་བུའི་གཞལ་ཡས་ཁང་གྲུ་བཞི་པ་ལ་འདོད་པའི་ཡོན་ཏན་ལྔ་དང་། ཚུལ་ཁྲིམས་རྣམ་པར་དག་པའི་ཕ་གུ་དང་། རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པའི་ནང་གི་ཀ་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དག་པའི་རྟ་བབས་ཀྱི་ཕྱོགས་བ་དན་ཀ་བ་བརྒྱད་དང་། སེམས་ཅན་ཐམས་ཅད་ལ་སྙོམས་པར་ཆོས་ཀྱི་འཁོར་ལོ་བསྐོར་བའི་འཁོར་ལོ་དང་། སྟོབས་ བཅུ་དང་ལྡན་པའི་གྱད་ཚན་པོ་ཆེས་རྟ་བབས་རིམ་པ་གཉིས་པ་འདེགས་པ་ལ་སོགས་པའོ། །ནང་གི་རྩིབས་བརྒྱད་འཁོར་ལོ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ཀྱི་ཚུལ་གྱིས་སྦྱང་བར་བྱའོ། །མཐའི་མུ་ཁྱུད་རྡོ་རྗེ་ཕྲེང་བས་བསྐོར་བ་ནི་ཐེག་པ་གཞན་ལས་ཁྱད་པར་དུ་གྱུར་པ་རྡོ་རྗེ་ ཐེག་པས་འགྲོ་བ་ཡོངས་སུ་སྨིན་པར་མཛད་པའི་ཚུལ་བསྟན་པའོ། །དེའི་དབུས་སུ་གདན་བསྐྱེད་པ་ནི་ཨ་སིཾ་ཨཿ། ཞེས་པས་སེང་གེའི་གདན་བསྐྱེད་དོ། །དེའི་སྟེང་དུ་སྣ་ཚོགས་པདྨ་ཧྲཱིཿལས་བསྐྱེད་པ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་པའོ། །དེ་ལྟར་རྡོ་རྗེ་གཙུག་ཏོར་ལ་ སོགས་པའི་གནས་སུ་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་བསྐྱེད་དོ། །དེའི་ཕྱིར་ན། པདྨར་གནས་པ་སེང་གདན་དང་། །དེ་ལ་གནས་པའི་ཟླ་དབུས་སུ། །ཞེས་སོ། །ད་ནི་གཙོ་བོའི་སྐུ་བསྐྱེད་པ་སྟོན་ཏེ། དབུས་སུ་ཐབས་དང་ཤེས་རབ་ཞུ་བྱས་ཏེ། །ཞེས་པ་ལ་སོགས་པས་བསྟན་ ཏོ། །དེ་ཡང་སྒྲིབ་པ་ཀུན་སེལ་ཞེས་པ་ལ་སོགས་པའི་ཏིང་ངེ་འཛིན་དང་འབྲེལ་ཏོ། །སྒྲིབ་པ་ཀུན་སེལ་བའི་ཏིང་ངེ་འཛིན་ནི་ཅི་ལྟ་བུ་སྙམ་པ་ལ། ཐབས་དང་ཤེས་རབ་ཞུ་བྱས་ཏེ། །ཞེས་པ་ཇི་ལྟ་བུ་སྙམ་པ་ལ། ཨོཾ་མུ་ནེ་ཞེས་པ་ལ་སོགས་པ་དང་འབྲེལ་ཏོ། །དེའི་དོན་ཡང་འདི་ལྟར་ ཤེས་པར་བྱ་སྟེ། ཟླ་བའི་དབུས་སུ་དང་པོར་ཧྲཱིཿདེའི་ཐ་མ་ན་ཚུར་ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་པས་སོ། །དེ་ནས་སྔགས་ཀྱི་རྒྱལ་པོ་དེས་ཤཱཀྱ་ཐུབ་པ་རྗེས་སུ་དྲན་ཏེ། དེ་ནས་འོད་ཟེར་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་རྟོག་སྒྲིབ་སྦྱངས་ཏེ། སླར་འདུས་པའི་ཏིང་ངེ་ འཛིན་དེས་པདྨ་འདབ་མ་བཅུ་དྲུག་ལ་བརྒྱད་གྱེན་དུ་བལྟས་པ། བརྒྱད་ཐུར་དུ་བལྟས་པའི་རང་བཞིན། དེ་དག་དེའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་གནས་པ་བསམ་པ་དེ་ལ་ནི་སྒྲིབ་པ་ཀུན་སེལ་གྱི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་པ་ལ་སྙོམས་པར་ཞུགས་པ་ཞེས་བྱའོ། །ཐབས་དང་ཤེས་རབ་ ཞུ་བྱ་སྟེ། །ཞེས་པ་ནི་པདྨ་ནི་ཐབས་ཞེས་བྱ་ལ་རྡོ་རྗེ་ལ་ནི་ཤེས་རབ་ཅེས་བྱའོ། །དེ་ཡང་པདྨ་ནི་རིགས་ཀྱི་ཆ་འཛིན་པ་སྟེ་ཤཱཀྱ་ཐུབ་པ་ནི་པདྨའི་རིགས་སོ། །དེ་ཡང་ངན་སོང་སྦྱོང་བ་རྣམ་པར་སྣང་མཛད་ཀྱི་རྒྱུད་ལས། རྒྱབ་ཏུ་ཤཱཀྱའི་རིགས་དབང་པོ། །གཙོ་བོ་ཐུབ་པའི་གཟུགས་སུ་བྲི། ། ཞེས་གསུངས་སོ། །དེའི་ཕྱིར་ན་རྒྱབ་ནི་གཙོ་བོའི་རྒྱབ་བོ། །དེའི་གནས་ནི་པདྨ་རིགས་ཀྱི་གནས་སོ། །དེའི་ཕྱིར་ན་པདྨའི་རིགས་སོ། །རྡོ་རྗེ་ནི་ཐུབ་པ་སྟེ་ཡང་དག་པའི་ཡེ་ཤེས་ཀྱི་རྟགས་སོ། །དེ་ལས་འོད་ཟེར་སྤྲོ་བ་དང་བསྡུ་བས་སེམས་ཅན་གྱི་དོན་བྱས་ཏེ། དེ་བཞིན་གཤེགས་ པའི་སྐུ་གསུང་ཐུགས་ཀྱི་བཅུད་བསྡུས་པས་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་དང་པོར་འོད་དུ་ཞུ་བས་སེམས་ཅན་གྱི་དོན་གྱི་རྒྱུར་བྱུང་བའི་གོང་མའི་སྔགས་ཀྱིས་ཤཱཀྱ་ཐུབ་པའི་གཟུགས་སུ་སྤྲུལ་པར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་རྟགས་སུ། ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །ཞེས་པ་ལ་སོགས་པའོ། །ཕྱི་མ་དཀྱུས་ལས་གསལ་ལོ། །དེ་ལྟར་སྐུ་བསྐྱེད་ནས་སྐུ་མདོག་དང་དེ་ནས་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་ཡང་གོང་ལྟར་བྱས་ཏེ་གནས་པར་བྱའོ། །དེ་ལྟར་རྩ་བའི་སྐུ་བསྐྱེད་ནས་ད་ནི་དཀྱིལ་འཁོར་གྱི་སྐུ་བསྐྱེད་པར་ བྱ་སྟེ། དེ་ནས་སྙིང་གར་ཟླ་བ་ལ། །གནས་པའི་སྔགས་རྣམས་བརྗོད་ནས་སུ། །རྡོ་རྗེ་གཙུག་ཏོར་ནས་བརྩམས་ནས། །རྡོ་རྗེ་ལྕགས་ཀྱུའི་བར་དུ་བསྐྱེད། །ཅེས་པ་དེས་མདོར་བསྟན་ཏེ། དེའི་དོན་ཡང་འདིར་ཡང་མདོར་བསྟན་པས་རྒྱས་པར་བྱའོ། །ཤཱཀྱ་ཐུབ་པའི་སྙིང་གར་ཟླ་བའི་ དཀྱིལ་འཁོར་ལ། བྷ་ག་བ་ཏིའི་སྐོར་སྔགས་དང་དབུས་སུ་ལྷ་གང་སྐྱེད་པར་བྱེད་པའི་སྔགས། ཨོཾ་བཛྲ་ཧཱུཾ་ཕཊ་དང་། རཏྣོཏྟ་མ་ཧཱུཾ། ཞེས་པ་ལ་སོགས་པའི་སྔགས་བསམས་ལ། དེ་ནས་འོད་ཟེར་སྣ་ལྔ་སྙིང་ག་ནས་བྱུང་བས་སྔགས་ཀྱི་འོད་ཟེར་དེ་འཇིག་རྟེན་གྱི་ཁམས་ཀུན་དུ་འཕྲོས་ པས་འགྲོ་བ་ཐམས་ཅད་ལ་ཕོག་པར་བྱ་སྟེ་སེམས་ཅན་གྱི་སྡུག་བསྔལ་ཞི་བར་བྱས་ནས། དེ་བཞིན་གཤེགས་པའི་བཅུད་བསྡུས་ནས་འོད་དེ་ཕྱིར་ལོག་ནས་སྙིང་གར་ཞུགས་པས་སྐད་ཅིག་མས་སྔགས་དང་འོད་ཟེར་གཉིས་འདུས་པས་རྡོ་རྗེ་གཙུག་ཏོར་གྱི་གཟུགས་རྫོགས་པར་བསྐྱེད་ནས་སྤྲོ་ བར་བྱའོ། །དེ་ཡང་གང་དུ་སྤྲོ་ན་ནི་ཤར་ཕྱོགས་ཀྱི་འཁོར་ལོའི་རྩིབས་པདྨའི་སྟེང་ན་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དགོད་པར་བྱ་སྟེ་བཀའ་ནོད་ཅིང་བཞུགས་པར་བྱའོ། །དེ་ལ་ཆོ་འཕྲུལ་ཆེན་པོ་བཞིས་བྱིན་གྱིས་བརླབ་པར་བྱ་སྟེ་སྙིང་གར་རྡོ་རྗེ། ཁར་པདྨ། དཔྲལ་བར་རིན་པོ་ཆེ། སྤྱི་བོར་ རྒྱ་གྲམ་མོ། །དེ་ལ་ཡང་དབང་བསྐུར་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱན་ནམ་མཁའ་ལས་བྱུང་བས་དབང་བསྐུར་ཏེ། བདག་གི་རྡོ་རྗེ་དང་དྲིལ་བུ་གཉིས་སྲི་ཞུའི་ཚུལ་གྱིས་ལག་པར་བྱིན་ལ། རྡོ་རྗེ་གཙུག་ཏོར་ཞེས་ལན་གསུམ་བརྗོད་དེ། མིང་གི་དབང་བསྐུར་ཕྲིན་ལས་གཞོལ་ལོ། ། སྐུ་མདོག་དང་འོད་ཟེར་དཀར་པོ་འབར་བའོ། །ཕྱག་རྒྱ་ནི་རྡོ་རྗེ་དང་ལྡན་པའི་ས་གནོན་གྱིས་བཞུགས་པའོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་དང་པོ་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་བཀོད་པ་དང་། དེ་ལས་འོད་འཕྲོས་པ་དང་བསྡུ་བའི་སྦྱོར་བས་སྐུར་གྱུར་པ་དང་སེམས་ཅན་གྱི་དོན་བྱས་ནས་ སླར་བྱོན་ཏེ་བཀའ་ནོད་པ་དང་། དེ་ལ་ཆོ་འཕྲུལ་བཞིས་བྱིན་གྱིས་བརླབ་པ་དང་། ནམ་མཁའ་ལས་བྱུང་བའི་རིན་པོ་ཆེས་དབང་བསྐུར་བ་དང་། ཕྱག་མཚན་ལག་ཏུ་བྱིན་ཏེ་མིང་གི་དབང་བསྐུར་བར་བྱས་ལ་ཉིད་ཀྱི་ཕྲིན་ལས་ལ་བཞག་སྟེ་གནས་ཇི་ལྟ་བར་བཞུགས་པར་བྱའོ། །ས་ བོན་དང་སྐུ་མདོག་ནི་དཀྱུས་སུ་གསལ་ལོ། །བསྐལ་བཟང་བཅུ་དྲུག་ཡང་དགོད་པར་བྱ་བའི་སོགས་དང་སྤྲོ་བ་དང་། བསྡུ་བ་ནི་གོང་ལྟར་ཤེས་པར་བྱའོ། །མིང་གི་དབང་བསྐུར་མི་བྱའོ། །རིན་པོ་ཆེའི་དབང་བསྐུར་རོ། །དེ་ཡན་ཆད་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། ། ད་ནི་ལས་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་བསྟན་ཏེ་ལྷའི་ལས་དང་རྣལ་འབྱོར་པའི་ལས་རྒྱལ་པོ་མཆོག་སྟེ། དེ་ཡང་ལྷའི་ལས་རྒྱལ་བ་མཆོག་གི་དོན་སྟོན་ཏོ། །ཤཱཀྱ་སེང་གེར་ཕྱག་བཙལ་ནས། །ཞེས་པ་ལ་སོགས་པས་བསྟན་ཏེ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཤཱཀྱ་ སེང་གེ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕྱག་འཚལ་ནས་ངན་སོང་སྦྱོང་བའི་དཀྱིལ་འཁོར་འདིར་གཞུག་ཅིང་དབང་ནོས་པ་དང་དཀྱིལ་འཁོར་འདིའི་ལྷ་རྣམས་ཀྱིས་ངན་སོང་གསུམ་གྱི་སྡུག་བསྔལ་སྦྱང་བ་དང་སེམས་ཅན་ཐམས་ཅད་ཀྱང་ངན་སོང་ལས་འདྲེན་པར་མཛད་པའི་ ཕྱིར་ན་ལས་ཀྱི་ཕྱག་རྒྱ་མཆོག་ཅེས་བྱའོ། །རྩ་བའི་ལྷ་ཉི་ཤུ་རྩ་གཅིག་དང་། བསྐལ་པ་བཟང་པོའི་ལྷ་བཅུ་དྲུག་སྟེ་སུམ་ཅུ་རྩ་བདུན་པོ་ཀུན་གྱི་ཕྲིན་ལས་སུ་ངན་སོང་སྦྱོང་བ་ལས་གཞན་མི་མངའ་བའི་ཕྱིར་ན་སོ་སོ་རེ་རེ་ལ་དེ་དག་ལས་བཅོམ་ལྡན་འདས་དེས་ཀྱང་མ་གསུངས་སོ། །སོ་ སོ་རེ་རེའི་སྒྲས་ནི་རྡོ་རྗེའི་དབྱིངས་ལ་སོགས་པའི་ལྷ་རྣམས་ལ་ནི་ལས་སོ་སོ་རེ་རེ་ཡོད་དོ་ཞེས་སྦྱར་བར་བྱའོ། །འདིར་ནི་ཅི་ཞིག་ཁོ་ནའོ་ཞེས་བྱའོ། །དེ་ནི་ལས་ཀྱི་རྒྱལ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་ནི་ལྷའི་ལས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་རྣལ་འབྱོར་པའི་ལས་ལ་ རྗེས་སུ་སྦྱོར་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡང་སྤྱན་དྲང་བ་དང་ཕྱག་རྒྱ་བཞིས་རྒྱས་གདབ་པ་དང་དབང་བསྐུར་ཞིང་བྱིན་གྱིས་བརླབ་པ་དང་མཆོད་པ་དང་བཟླས་པའོ། །དེ་ལ་དང་པོར་སྤྱན་དྲང་པ་བསྟན་ཏེ། སྔགས་དང་ཕྱག་རྒྱ་ལྡན་པ་ཡིས། །སྒོ་ནི་དབྱེ་བར་བྱ་བ་སྟེ། ཞེས་པ་ལ་སོགས་པ་དང་འབྲེལ་ཏོ། །སྒོ་དབྱེ་བའི་སྔགས་དང་ཕྱག་རྒྱ་ལ་སོགས་པ་ནི་དཀྱུས་སུ་གསལ་ལོ། །ཤཱཀྱའི་རྒྱལ་པོ་བདག་སྦྱོར་རོ། །ཞེས་པ་ལ་སོགས་པ་ལ་ཤཱཀྱ་ནི་བདག་ཉིད་ཀྱི་རིགས་སུ་འཁྲུངས་པས་ནའོ། །རྒྱལ་པོ་ནི་གཙོ་བོར་གྱུར་ཞེས་བྱའོ། །བདག་སྦྱོར་བ་ཞེས་ པ་ནི་བདག་རྣལ་འབྱོར་པ་ཤཱཀྱ་ཐུབ་པའི་ཏིང་ངེ་འཛིན་དང་ལྡན་པའོ། །དེའི་དོན་ཡང་འདི་ལྟར་ཤེས་པར་བྱ་སྟེ། དབུས་ཀྱི་གཙོ་བོ་ལས་མར་མེ་གཉིས་པ་ལྟར་བདག་བྱུང་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་དབང་ནོས་ཕྱག་བཙལ་ནས་གྲོགས་ལྟ་བུའི་ཚུལ་དུ་བསམས་ནས་ཤར་གྱི་སྒོ་དྲུང་དུ་གནས་ ཏེ་སྤྱན་དྲང་བར་བྱའོ། །ལ་ལ་དག་བདག་སྦྱོར་བ་དང་པོ་དང་ལྡན་པ་དེས་བྱའོ་ཞེས་སྨྲའོ། །དེའི་དོན་ཡང་བདག་སྦྱོར་བ་པོ་དང་ལྡན་པ་དེས་ནམ་མཁའི་ཕྱོགས་སུ་གནས་ལ་སྟོང་པར་བྱ་བ་དང་གནས་བསྐྱེད་པ་དང་གཙོ་བོ་ལ་སོགས་པ་རྣམས་བསྐྱེད་པ་བྱས་ནས། དེ་ནས་ནམ་མཁའ་ལས་ བསམས་ནས་སྒོ་དྲུང་དུ་གནས་ཏེ། ཡེ་ཤེས་སེམས་དཔའ་གྲོགས་སུ་བལྟས་ཏེ་སྤྱན་དྲང་བར་བྱའོ་ཞེས་གསུངས་སོ། །སྤྱན་དྲང་བ་ཡང་ཆོས་ཀྱི་སྐུ་ལས་བཞེངས་པ་དང་ལོངས་སྤྱོད་དང་རྡོ་རྗེ་རྒྱལ་པོའི་སྙིང་གའམ། གདན་མཚམས་ནས་སྤྱན་དྲང་བའོ། །ཛཿཧཱུཾ་བཾ་ཧོཿ། ཞེས་པ་ནི་རྡོ་རྗེ་ རྒྱལ་པོའི་སྔགས་སོ། །ལྕགས་ཀྱུ་ལ་སོགས་པའི་སྔགས་སོམ་ཉི་ཟ་བར་མི་བྱའོ། །ཕྱི་མ་ནི་དཀྱུས་སུ་གསལ་ལོ། །བགེགས་བསྐྲད་རྡོ་རྗེ་གནོད་སྦྱིན་གྱིས། །ཞེས་པ་ནི་ནམ་མཁའི་ཕྱོགས་སུ་བྱོན་པ་ལས་རྣལ་འབྱོར་པའི་རྣམ་པར་རྟོག་པའི་བློ་ལ་གནས་པའི་བགེགས་རྡོ་རྗེ་གནོད་སྦྱིན་ གྱི་སྔགས་དང་ཕྱག་རྒྱས་བསྐྲད་དོ། །དེ་ནས་དྲི་ཆུའི་ཡོན་ཆབ་ཞབས་བསིལ་དབུལ་ལོ། །དེ་ནས་བསྟོད་པས་བསྟོད་དོ། །ཕྱག་རྒྱ་བཞིས་ནི་བཅིང་བར་བྱ། །ཞེས་པ་ནི་ཚུལ་རྣམ་པ་གཉིས་སུ་མེད་པར་བྱ་བ་ཕྱག་རྒྱ་བཞིས་རྒྱས་གདབ་བོ། །དེ་ལྟར་ཕྱག་རྒྱ་བཞིས་གཉིས་སུ་མེད་པར་བྱས་ ནས་ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱ་སྟེ། དེ་ལ་ཡང་སྔགས་དང་ཕྱག་རྒྱ་གཉིས་སོ། །དེ་ནས་སྔགས་དང་ཕྱག་རྒྱ་ནི། །གོ་རིམས་བཞིན་དུ་བཤད་པར་བྱ། །ཞེས་པ་དང་མཚམས་སྦྱར་བར་བྱའོ། །སྔགས་ལ་ཡང་གཉིས་ཏེ། སྤྱིའི་སྔགས་དང་རྩ་བའི་སྔགས་སོ། །སྤྱིའི་སྔགས་ནི་ ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོདྷ་ན། ཞེས་པ་ལ་སོགས་པའོ། །རྩ་བའི་སྔགས་ནི་འོག་ནས་ཤེས་པར་བྱ་སྟེ། དཀྱུས་སུ་གསལ་བས་ཤེས་པར་བྱའོ། །ཤཱཀྱ་སེང་གེའི་ཕྱག་རྒྱ་ནི། །ཞེས་པ་ལ་སོགས་པས་བསྟན་ཏེ་དེ་ལ་ཡང་དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་ དང་། ལས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོའོ། །རེ་རེ་ལ་ཡང་བསམ་པ་དང་བཅིང་བ་དང་བཟླས་པ་གསུམ་ཉིད་དུ་ཤེས་པར་བྱའོ། །དེ་ཡང་ལུས་ཀྱི་ལས་དང་ངག་དང་ཡིད་ཀྱིའོ། །དེ་རེ་རེ་ལ་ཡང་སྐུ་དང་གསུང་དང་ཐུགས་གསུམ་དུ་ཤེས་པར་བྱའོ་དེ་ཡང་། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ ཡིས། །ཕྱག་རྒྱ་བཞི་ནི་བཅིང་བྱ་སྟེ། །ལུས་ངག་ཡིད་ཀྱི་ལས་རྣམས་ཀྱི། །དངོས་གྲུབ་ཐམས་ཅད་གྲུབ་ཅེས་པའོ། །ཞེས་གསུངས་སོ། །ལུས་ཀྱི་ལས་སུ་ནི། དབུས་སུ་ཏིང་འཛིན་མཆོག་གནས་པ། །ཞེས་པ་ལ་སོགས་པའོ། །ཡིད་ཀྱིའམ་བསམ་པར་བྱ་བ་དམ་ཚིག་གི་ཕྱག་ རྒྱ་ནི། ལྷ་ནི་རེ་རེའི་ཐུགས་ཀ་ནས། །སེམས་དཔའི་རྡོ་རྗེ་བཀོད་ནས་སུ། །དམ་ཚིག་ཕྱག་རྒྱ་དེ་བསྒྱུར་རོ། །ཞེས་པའོ། །དག་གི་ལས་སུ་ནི། ཨོཾ་ཨཱཿསརྦ་བིཏ་སརྦ་ཨཱ་ཝ་ར་ཎཱ་བི་ཤོ་དྷ་ནེ་མུ་ནེ་ཧཱུཾ་ཕཊ། ཤཱཀྱ་ཐུབ་པའི་སྔགས་སོ་ཞེས་པ་ལ་སོགས་པའོ། །ཆོས་ཀྱི་ཕྱག་རྒྱ་ལ་ཡང་ གསུམ་མོ། །ལྕེ་ལ་པདྨ་དང་ཟླ་བ་བསམ་པ་ནི་སྐུའོ། །རྡོ་རྗེ་བསམ་པ་ནི་ཐུགས་སོ། །ཡིག་འབྲུ་བསམ་པ་ནི་གསུང་ངོ་། །ཆོས་ཀྱི་ཕྱག་རྒྱ་བསྒོམ་པ་ནི། །མགྲིན་པའི་པདྨ་ཟླ་དཀྱིལ་དུ། །གོང་དུ་ཕྱུང་བའི་སྔགས་བཀོད་པ། །ཆོས་ཀྱི་ཕྱག་རྒྱའི་ཆོ་གའོ། །ཞེས་པའོ། །ལས་ཀྱི་ ཕྱག་རྒྱ་ལ་ཡང་དེ་བཞིན་དུ་ཤེས་པར་བྱ་སྟེ། ལུས་ཀྱི་ལས་སུ་བཅིང་བ་ནི། །ལྷ་ཀུན་གྱི་ནི་ཐུགས་ཀ་རུ། །རྡོ་རྗེ་རྒྱ་གྲམ་བསྐྱེད་ནས་སུ། །ཞེས་བྱའོ། །ལུས་ཀྱི་ལས་ནི། ཆོས་ཀྱི་འཁོར་ལོར་ཅི་གསུངས་པ། །ཞེས་པའོ། །ཕྱི་མ་ནི་ངག་གིའམ་འོག་ནས་འབྱུང་བ་ལ་བཀར་མ་ བཏགས་པ་ལ་ཕྱག་རྒྱ་ཆེན་པོ་དེའི་ལས་ཀྱང་དེ་ལྟར་གསུམ་དུ་ཤེས་པར་བྱའོ། །བསམ་པ་དང་བཅིང་བ་དང་བཟླས་པའོ། །གོང་དུ་ཆུང་བ་ལས་གསུང་བའི། །ཞེས་པ་ལ་སོགས་པའོ། །ཕྱི་མ་ནི་དཀྱུས་སུ་གསལ་ལོ། །དེ་ནས་བྱིན་གྱིས་བརླབ་པ་ནི་དེ་བཞིན་ གཤེགས་པ་རྣམས་ལ་གནས་བཞི་རུ་སེམས་མ་བཞིས་བྱིན་གྱིས་བརླབ། སྒེག་མོ་ལ་སོགས་པ་རྣམས་ལ་རང་གི་རིགས་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབ་བོ། །དབང་བསྐུར་བ་ནི་རིན་པོ་ཆེ་མྱུ་གུའི་ཕྱག་རྒྱས་དབང་བསྐུར་ཏེ། གཙོ་བོ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་ བསྐུར་ནས་ཐིམ་པས་དབུ་གཙུག་ཏོར་བལྟར་མི་མངོན་པར་གྱུར་ཏོ། །རྡོ་རྗེ་གཙུག་ཏོར་ལ་སོགས་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆ་བྱད་དུ་གནས་སོ། །དེ་ལྟར་དབང་བསྐུར་ནས་མཆོད་དེ། དེ་ནས་དེའི་མཆོད་པ་ཀུན་ལ་དྲིའི་ཆུས་གཏོར་བར་བྱའོ། །དེ་ནས་མཆོད་པའི་ཁྱད་ པར་ནི་གོང་དུ་གསུངས་པ་བཞིན་དེ་དག་ལ། རྣམ་པ་སྣ་ཚོགས་མཆོད་པ་བྱ། །ཞེས་པ་ནི་གོང་དུ་གསུངས་པ་དེ་བཞིན་དུ་རྫས་ཀྱི་མཆོད་པ་ལྔ་དང་། ཕྱག་རྒྱའི་མཆོད་པ་ལྔ་དང་། ལཱ་སྱེ་ལ་སོགས་པ་བརྒྱད་དང་མཆོད་པ་ཉི་ཤུ་པས་མཆོད་དོ། །གཞན་ཡང་སྣ་ཚོགས་ཏེ། ཕྱག་ རྒྱས་རོལ་མོ་བཅུ་པོ་རྣམས་ཀྱིས་ཀྱང་མཆོད་པར་བྱའོ། །སྒྲུབ་པའི་མཆོད་པ་བཅུ་དྲུག་གིས་ཀྱང་མཆོད་དོ། །མཆོད་པའི་རྗེས་ལ་མཉམ་མེད་མི་གཡོའི་བསྟོད་པ་བྱ་སྟེ་ཞེས་པ་ནི། མཉམ་མེད་མི་གཡོ་མཆོག་ཆོས་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་སྡུག་སེལ། །ཡོན་ཏན་ དངོས་གྲུབ་སྦྱིན་མཛད་པ། །འདིས་ནི་མཉམ་ཉིད་དམ་པ་བསྟོད། །ཡོན་ཏན་ཀུན་དུ་ཚད་མེད་དེ། །ནམ་མཁའ་དང་ཡང་བསྐྲུན་ཡོད་མིན། །དངོས་གྲུབ་མཉམ་མེད་དཔེ་བྲལ་བ། །འགྲོ་ལ་གནས་པར་སྩོལ་མཛད་བསྟོད། །རྟག་ཏུ་དྲི་མེད་ཐུགས་རྗེ་འབྱུང་། །སྨོན་ལམ་གྲུབ་པ་འགག་ མེད་ཉིད། །འགྲོ་བའི་དོན་ནི་མཐའ་ཡས་པ། །བདག་ཉིད་རྟག་ཏུ་སྣང་ལ་བསྟོད། །ཚད་བྲལ་ཡོངས་སུ་རྫོགས་པ་ཡི། །བདེ་གཤེགས་གོ་འཕང་དེར་བསྙེགས་ཀྱང་། །ཐུགས་རྗེའི་སྤྱོད་པ་འགག་མི་འགྱུར། །བཟང་པོ་ཤིན་ཏུ་མཆོག་ལྡན་བསྟོད། །མཆོག་སྦྱིན་ནང་ན་མཆོག་ བརྙེས་པ། །ཀུན་གྲུབ་འགྲོ་ལ་མཆོག་སྩོལ་མཛད། །མགོན་པོ་ཀུན་དུ་སྒྲིབ་མེད་པ། །དངོས་གྲུབ་དམ་པ་སྩོལ་མཛད་པ། །བསྟོད་པའི་རྒྱལ་པོ་འདི་དག་གིས། །ལན་ཅིག་ཙམ་ཡང་བསྟོད་བྱས་ན། །སངས་རྒྱས་ཀུན་གྱིས་དབང་བསྐུར་ཞིང་། །བདེ་གཤེགས་ཐམས་ཅད་ འགྲུབ་པར་འགྱུར། །ཞེས་པའོ། །དེ་ནས་བཟླས་པ་ལ་འཇུག་པར་བྱ་སྟེ་བདག་དང་ལྷ་ཐམས་ཅད་ཐ་མི་དད་པར་གྲོགས་ལྟ་བུར་བསམས་ཏེ། གང་དང་གང་གི་བཟླས་པ་བྱེད་པ་དེའི་ཚེ་དེ་ཉིད་ཀྱི་རང་བཞིན་དུ་བསམས་ལ་གོང་གི་སྔགས་གང་ཡིན་པ་བཟླས་སོ། །དེ་ལྟ་བུར་བསྒོམ་པ་ནི་ ཟླ་བ་དྲུག་གམ་ཟླ་བ་གཅིག་ཏུ་གནང་པའམ་མཚན་མའམ་གྲངས་རྫོགས་སུ་བསྙེན་པ་ཐུན་བཞིའི་རིམ་པ་བྱའོ།། །།དེ་ནས་གདོད་རྡུལ་ཚོན་བརྩམ་མོ། །སྔོན་དུ་བསྙེན་པ་བྱ་བའི་ཆོ་གའི་རིམ་པའི་དཀའ་འགྲེལ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། སརྦ་དུརྒ་ཏི་པ་རི་ཤོ་དྷ་ནེ་སཾ་ཀྵིཔྟ་ནཱ་མ། བོད་སྐད་དུ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཆོ་ག་མདོར་བསྡུས་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་འཁོར་ལོ་ སྐོར་མཛད་པའི། །ཤཱཀྱ་སེང་གེར་ཕྱག་འཚལ་ནས། །ངན་སོང་ཐམས་ཅད་སྦྱོང་དོན་དུ། །ལུང་གཞན་ཅུང་ཟད་བཤད་པར་བྱ། །དེ་ལ་དང་པོར་རྣལ་འབྱོར་པའི་དབང་ཕྱུག་གིས་མི་ཕྱེད་བཞི་རིགས་རྣམས་གསོན་པའི་བར་ཆད་དུ་གྱུར་པའི་དུས་སུ་རྡོ་རྗེའི་རིགས་ཅན་རྣམས་འཆི་ བའི་དུས་བྱས་པའི་ཚེ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཆོ་ག་བྱེད་པར་འདོད་པས་རོ་དང་ཉེ་བའི་གནས་སུ་སྟན་ལ་སྐྱིལ་མོ་ཀྲུང་བཅས་པས་འདུག་སྟེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པར་བྱའོ། །དེའི་རྗེས་ལ་མགྲིན་པར་ཡི་གེ་ཧྲཱིཿཡོངས་སུ་ གྱུར་པ་ལས་པདྨ། དེའི་སྟེང་དུ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྣམ་པར་བསྒོམ་སྟེ། རྡོ་རྗེའི་ལྕེ་རྣམ་པར་བསམས་པས་སྔགས་བཟླས་པ་མཐུ་དང་ལྡན་པར་འགྱུར་རོ། །ལག་པ་གཉིས་གན་རྐྱལ་དུ་བྱས་པའི་ལག་པའི་མཐིལ་དུ་ཨ་ལས་བྱུང་བའི་ ཟླ་བ་ལ། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཁ་དོག་དཀར་པོར་སྤྲུལ་ཏེ་ལག་པའི་མཐིལ་དུ་ཐིམ་པར་བསྒོམས་ལ། ལག་པ་གཉིས་ཐལ་མོ་སྦྱར་བ་བཅིངས་ལ། རྡོ་རྗེ་ལག་པར་རྡོ་རྗེའི་བར་དུ་སྦྱོར་བས་ཕྱག་རྒྱ་བཅིང་བ་མཐུ་དང་ལྡན་པར་འགྱུར་རོ། །དེ་ནས་ལྕི་བ་མ་ལྷུང་བས་ དཀྱིལ་འཁོར་གྲུ་བཞི་པའི་ཚད་དུ་བྱུགས་ལ། ཙནྡན་དཀར་པོས་ཀྱང་བྱུགས་ཏེ་ཀུ་ཤས་ཆུ་དང་བའི་རྣམ་པ་ལྔ་གཏོར་བར་བྱའོ། །འབྲུ་ལྔ་དང་སྨན་ལྔ་དང་རིན་པོ་ཆེ་ལྔ་ནང་དུ་བླུགས་པ་མགྲིན་པ་གོས་སྔོན་པོས་བཅིངས་པའི་བུམ་པ་ཀུ་ཤ་ལ་ཉེ་བར་གཞག་པར་བྱའོ། །རྡོ་རྗེ་འཇིགས་བྱེད་ ནས་བཟུང་སྟེ་རྡོ་རྗེ་རྩེ་མོ་མཐར་ཐུག་པའི་ཕྱག་རྒྱས་སྲུང་བའི་འཁོར་ལོ་རྣམ་པར་བསྒོམ་པར་བྱ་སྟེ། ར་བ་དང་གུར་བཅིང་བ་བསྒོམས་ལ་བྱིན་གྱིས་བརླབ་པར་བྱའོ། །དཀྱིལ་འཁོར་ལ་མེ་ཏོག་གི་ཚོམ་བུ་སིལ་མ་གཏོར་ལ། འཁོར་ལོ་ཚོགས་དང་བཅས་པ་ཡི། །དཀྱིལ་འཁོར་ནམ་ མཁར་བསྒོམ་པར་བྱ། །མེ་ཏོག་སོགས་ཀྱིས་ཡང་དག་མཆོད། །སྡིག་པ་བཤགས་པ་ལ་སོགས་བྱ། །ལྷ་དང་ལྷ་མིན་དྲི་ཟ་དང་། །ཀླུ་དང་འབྱུང་པོ་ལྟོ་འཕྱེ་ཆེ། །གནོད་སྦྱིན་སྲིན་པོ་ཡི་དྭགས་ཀྱིས། །ནམ་མཁར་བཞུགས་པའི་དཀྱིལ་འཁོར་ལ། །མཆོད་ནས་སངས་རྒྱས་ རྣམས་ཀྱིས་ནི། །ཡོན་ཏན་བརྗོད་པ་བསྒོམ་བྱ་སྟེ། །ཨེ་མ་ཧོ་སངས་རྒྱས་ཨེ་སངས་རྒྱས། །སངས་རྒྱས་མཛད་པ་མཆོག་མཛད་ལེགས། །ངན་སོང་ཐམས་ཅད་ལེགས་སྦྱངས་ནས། །འགྲོ་རྣམས་བྱང་ཆུབ་ཐོབ་པར་མཛད། །ལྷ་དང་ཀླུ་སོགས་ཐམས་ཅད་ཀྱིས། །ཐལ་མོ་རབ་ཏུ་སྦྱར་ བྱས་ཏེ། །ཤཱཀྱ་སེང་གེ་ཕྱག་འཚལ་ནས། །དེ་ཉིད་དུ་ནི་མི་སྣང་འགྱུར། །དེ་རྗེས་ཡི་གེ་ཨ་ལས་ནི། །བསྐྱེད་པའི་ཟླ་བ་སྙིང་གར་ཏེ། །དེ་ཡི་དབུས་སུ་དཀྱིལ་འཁོར་བསམ། །ནམ་མཁའི་དཀྱིལ་འཁོར་བཀུག་ནས་ནི། །སྙིང་ག་རུ་ནི་གཞུག་པར་བྱ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་ ཀྱིས། །དགུག་གཞུག་བཅིངས་ལ་དབང་དུ་བྱ། །དཀྱིལ་འཁོར་རྣམ་གཉིས་ལེགས་བསྲེས་ཏེ། །རོ་གཅིག་ཏུ་ནི་རྣམ་པར་བསྒོམ། །དཀྱིལ་འཁོར་བ་ནི་ཐམས་ཅད་དུ། །རྫོགས་པའི་སྦྱོར་བ་ལས་བྱུང་བ། །དེ་ཡི་དབུས་སུ་བདག་གི་དངོས། །ཤཱཀྱ་སེང་གེར་བསྒོམ་པར་བྱ། །དེ་ནས་ཤཱཀྱ་ ཐུབ་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ངན་སོང་སྦྱོང་བའི་སྔགས་ཁ་དོག་དཀར་པོར་བསམས་ཏེ། སྔགས་ཀྱི་འོད་ཟེར་རྣམས་ཀྱིས་ཁམས་གསུམ་པོ་སྣང་བར་བྱས་ནས་དམྱལ་བ་དང་ཡི་དྭགས་དང་བྱོལ་སོང་གི་སེམས་ཅན་ངན་སོང་བ་རྣམས་འོད་ཟེར་གྱིས་བཀུག་པར་བལྟས་ལ་དཀྱིལ་ འཁོར་དུ་བཅུག་པ་དང་། དཀྱིལ་འཁོར་པ་ཐམས་ཅད་ཀྱིས་དེ་ནས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བ་དང་ལྡན་པར་བལྟ་བར་བྱའོ། །དེ་ལྟར་དབང་བསྐུར་ཙམ་གྱིས་ནི། །ཁམས་གསུམ་པ་ཡི་སེམས་ཅན་ཀུན། །སངས་རྒྱས་སྲས་དང་མཉམ་བཀོད་ནས། །དྲི་མ་མེད་པའི་ཁྱད་པར་གྱིས། ། དེ་ནས་སེམས་ཅན་དགའ་བ་ཡིས། །བསྟོད་པའི་ཚིག་རྣམས་རྗོད་པར་བྱེད། །ཆོས་ཀྱི་འཁོར་ལོ་སྐོར་མཛད་པ། །ཁམས་གསུམ་པ་ཡི་འགྲོ་ཀུན་གྱི། །ངན་སོང་ཐམས་ཅད་སྦྱོང་མཛད་པ། །ཤཱཀྱ་སེང་གེ་ཕྱག་འཚལ་ལོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས། །སེམས་ཅན་ ཀུན་ལ་ཕན་པའི་ཕྱིར། །རང་གི་དེ་ཉིད་སྟོན་མཛད་པ། །རྡོ་རྗེ་གཙུག་ཏོར་ཕྱག་འཚལ་ལོ། །མཉམ་པའི་ཡེ་ཤེས་སྒོམ་པ་ཡིས། །ཁམས་གསུམ་ལ་གནས་ཐམས་ཅད་ལ། །དབང་བསྐུར་རབ་ཏུ་སྩོལ་མཛད་པ། །རིན་ཆེན་གཙུག་ཏོར་ཕྱག་འཚལ་ལོ། །སོ་སོར་ཀུན་རྟོག་རང་ བཞིན་ལས། །ཆོས་ཀྱི་བདུད་རྩི་ཆར་འབེབས་པ། །སེམས་ཅན་དབུགས་འབྱིན་མཛད་པ་པོ། །པདྨའི་གཙུག་ཏོར་ཕྱག་འཚལ་ལོ། །སེམས་ཅན་སྡུག་བསྔལ་བསལ་བའི་ཕྱིར། །བྱ་བ་རྗེས་གྲུབ་རང་བཞིན་ཅན། །ཕྲིན་ལས་སྣ་ཚོགས་མཛད་པ་པོ། །སྣ་ཚོགས་གཙུག་ཏོར་ཕྱག་ འཚལ་ལོ། །ཁམས་གསུམ་འོད་ཀྱིས་གསལ་མཛད་ནས། །སེམས་ཅན་རྣམས་ལ་ཐུགས་བརྩེ་བས། །བདེན་པ་མཐོང་བར་མཛད་པ་པོ། །གཙུག་ཏོར་གཟི་བརྗིད་ཕྱག་འཚལ་ལོ། །ཡིད་བཞིན་ནོར་བུ་རྒྱལ་མཚན་རྣམས། །སྦྱིན་པས་སེམས་ཅན་ཐམས་ཅད་ཀྱི། །བསམ་པ་ ཐམས་ཅད་རྫོགས་མཛད་པ། །གཙུག་ཏོར་རྒྱལ་མཚན་ཕྱག་འཚལ་ལོ། །ཉོན་མོངས་ཉེ་བའི་ཉོན་མོངས་དག །གཅོད་ཅིང་བདུད་བཞིའི་སྟོབས་བཅོམ་ནས། །སེམས་ཅན་བྱང་ཆུབ་ཐོབ་མཛད་པ། །གཙུག་ཏོར་གནོན་པོ་ཕྱག་འཚལ་ལོ། །ཁམས་གསུམ་འགྲོ་བ་ཐམས་ཅད་ ཀྱིས། །གདུགས་དཀར་གྱིས་ནི་བརྒྱན་པ་ཡི། །ཆོས་ཀྱི་རྒྱལ་པོ་ཐོབ་མཛད་པ། །གཙུག་ཏོར་གདུགས་དཀར་ཕྱག་འཚལ་ལོ། །སྒེག་མོ་ཕྲེང་བ་དེ་བཞིན་དུ། །གར་མ་ལྷ་མོ་བཞི་པོ་དང་། །སྤོས་དང་མེ་ཏོག་མར་མེ་མ། །དྲི་ཡི་ལྷ་མོ་ཕྱག་འཚལ་བསྟོད། །དད་ སོགས་ངོ་བོ་ལས་བྱུང་བའི། །སྒོ་ཡི་དབུས་ན་གང་བཞུགས་པ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །སྒོ་སྲུང་རྣམས་ལ་ཕྱག་འཚལ་འདུད། །སྒོ་བཞི་ཡི་ནི་ལོགས་དག་ན། །ཁྱམས་ལ་སོགས་པར་བཞུགས་མཛད་ཅིང་། །རབ་དགའ་ལ་སོགས་གནས་མཛད་གང་། ། བྱང་ཆུབ་སེམས་དཔའ་ཕྱག་འཚལ་འདུད། །ཚངས་པ་དྲག་པོ་ཟླ་བ་སོགས། །ཕྱོགས་བཞིའི་འཇིག་རྟེན་སྐྱོང་བ་དང་། །མེ་དང་སྲིན་པོ་རླུང་ལྷ་དང་། །འབྱུང་པོའི་བདག་པོ་ཕྱག་འཚལ་བསྟོད། །ཅེས་བྱ་བའི་ཚིག་འདིས་བསྟོད་ཅིང་དྲིལ་བུ་དཀྲོལ་བར་བྱའོ། །སྤྲོས་ནས་དཀྱིལ་ འཁོར་ལ་སོགས་པ་སྟེ་ཁམས་གསུམ་པོ་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་སྟོང་པ་ཉིད་ལས་ཡཾ་རཾ་བཾ་ལཾ་ལས་བྱུང་བའི་དཀྱིལ་འཁོར་གྱི་སྟེང་དུ། སུཾ་ལས་བྱུང་བའི་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན་གྱི་རི་རབ་བསྒོམ་པར་བྱའོ། །དེའི་དབུས་སུ་བྷྲཱུཾ་ལས་བྱུང་བའི་གཞལ་ཡས་ ཁང་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །དེའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ། དེའི་ལྟེ་བ་ལ་གནས་པའི་སེང་གེའི་གདན་ནོ། །དེའི་སྟེང་དུ་ཨ་ལས་བྱུང་བའི་ཟླ་བ་ལ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་སྔགས་བཟླས་ཏེ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནི་སྭཱ་ཧཱ། སྔགས་འདིའི་ཡོངས་སུ་གྱུར་པ་ལས། །ཤཱཀྱའི་རྒྱལ་པོ་རྗེས་དྲན་བྱ། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་འཛིན། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །རིམ་གྱིས་རྣམ་པར་འབྱེད་པ་ནི། །རྒྱ་འདི་ཆོས་ཀྱི་འཁོར་ལོ་སྟེ། །འཁོར་བ་ཐམས་ཅད་གཅོད་ བྱེད་ཡིན། །འདི་ཡི་དཔེ་ནི་འདི་འདྲ་སྟེ། །ཇི་ལྟར་པདྨ་ལ་ཆགས་པའི། །བུང་བ་ལ་སོགས་བསྡམས་པ་བཞིན། །དེ་བཞིན་པདྨའི་འདབ་ཕྱེ་ན། །བཅིང་པའི་སྡུག་བསྔལ་ཐར་བར་བྱེད། །དེ་བཞིན་འཁོར་བར་སེམས་ཅན་རྣམས། །སྲིད་གསུམ་འཁོར་བར་བཅིངས་པ་ལས། །ཐུགས་ རྗེའི་བདག་ཅན་ཤཱཀྱ་ཡི། །སེང་གེས་བཅིངས་པ་ལས་གྲོལ་མཛད། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཟླ་བ་ལ་སྔགས་ཀྱི་ཡི་གེ་བསྒོམ་པར་བྱ་སྟེ། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་ སརྦ་པཱ་པཾ་བི་ཤོ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། སྔགས་འདིས་རྡོ་རྗེ་གཙུག་ཏོར་ནས་བཟུང་ནས་རྡོ་རྗེ་ལྕགས་ཀྱུའི་བར་དུ་རྫོགས་པར་བྱའོ། །ཨོཾ་བཛྲ་ཧཱུཾ་ཕཊ། ཅེས་བརྗོད་ནས། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་ཕྱུང་སྟེ་སེམས་ཅན་ཐམས་ཅད་སྣང་བར་ བྱས་ནས་ངན་སོང་ཐམས་ཅད་ཞི་བར་བྱས་ཏེ་ཤར་གྱི་རྩིབས་ཀྱི་པདྨ་དང་ཟླ་བ་ལ་གནས་པའི་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་གཙུག་ཏོར་སྐུ་མདོག་དཀར་པོ་ས་གནོན་གྱི་ཕྱག་རྒྱས་ཡང་དག་པར་བཞུགས་པའོ། །ཨོཾ་རཏྣོ་ཏ་ཏ་མ་ཏྲཱཾ་གིས་ལྷོའི་རྩིབས་ཀྱི་པདྨ་དང་ཟླ་བ་ལ་གནས་པའི་རིན་ཆེན་གཙུག་ཏོར་ སྐུ་མདོག་སྔོན་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་འཛིན་པ་ཁམས་གསུམ་པ་ལ་དབང་སྐུར་བར་མཛད་པའོ། །ཨོཾ་པདྨོ་ཏ་ཏ་མ་ཧྲཱིཿས་ནུབ་ཀྱི་རྩིབས་ཀྱི་པདྨ་དང་ཟླ་བ་ལ་གནས་པའི་པདྨའི་གཙུག་ཏོར་སྐུ་མདོག་དམར་པོ་བསམ་གཏན་གྱི་ཕྱག་རྒྱ་འཛིན་པ། སེམས་ཅན་ཐམས་ཅད་དབུགས་འབྱིན་ པར་མཛད་པའོ། །ཨོཾ་བི་ཤོ་དྷ་མ་ཨ་ཞེས་པས་བྱང་གི་རྩིབས་ཀྱི་པདྨ་དང་ཟླ་བ་ལ་གནས་པའི་སྣ་ཚོགས་གཙུག་ཏོར་སྐུ་མདོག་ལྗང་གུ་མི་འཇིགས་པ་སྩོལ་བས་སེམས་ཅན་འཁོར་བ་ལས་སྒྲོལ་བར་མཛད་པའོ། །ཨྃ་གྱི་ས་བོན་ལས་བྱུང་བའི་གཙུག་ཏོར་གཟི་བརྗིད་མེའི་མཚམས་ཀྱི་ པདྨ་དང་ཟླ་བ་ལ་གནས་པ། སྐུ་མདོག་དཀར་དམར་ཕྱག་གཡས་ན་ཉི་མ་བསྣམས་པ་གཡོན་དཀུར་བརྟེན་ཏེ་བཞུགས་པ་ཁམས་གསུམ་པ་སྣང་བར་མཛད་པའོ། །ཧཱུཾ་གི་ས་བོན་ལས་བྱུང་བའི་གཙུག་ཏོར་རྒྱལ་མཚན་བདེན་བྲལ་གྱི་རྩིབས་ཀྱི་པདྨ་དང་ཟླ་བ་ལ་གནས་པ་སྐུ་མདོག་ དམར་ནག་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་བསྣམས་པ་སེར་སྣ་སྦྱོང་བར་མཛད་པའོ། །དྷིའི་ས་བོན་ལས་བྱུང་བའི་གཙུག་ཏོར་རྣོན་པོ་རླུང་གི་རྩིབས་ཀྱི་པདྨ་དང་ཟླ་བ་ལ་གནས་པ་སྐུ་མདོག་ནམ་མཁའ་ལྟར་སྔོ་བ། ཕྱག་གཡས་ན་རལ་གྲི་གཡོན་ན་གླེགས་བམ་བསྣམས་པ་ཉོན་མོངས་ པ་དང་ཉེ་བའི་ཉོན་མོངས་པ་ཡང་དག་པར་གཅོད་པར་མཛད་པའོ། །ཀྵཾ་གི་ས་བོན་ལས་བྱུང་བ་གཙུག་ཏོར་གདུགས་དཀར་པོ་དབང་ལྡན་གྱི་རྩིབས་ཀྱི་པདྨ་དང་ཟླ་བ་ལ་གནས་པ་སྐུ་མདོག་དཀར་པོ་གདུགས་བསྣམས་པ་ཆོས་ཀྱི་བདག་པོ་ཐོབ་པར་མཛད་པའོ། །ཧཱུཾ་ཏྲཱ་ཧྲཱིཿཨཿའི་ སྔགས་ཀྱིས་སྒེག་མོ་ལ་སོགས་པ་བཞི་མཚམས་ཀྱི་ཆའི་པདྨ་དང་ཟླ་བ་ལ་གནས་པ་སྐུ་མདོག་རིགས་ཀྱི་རིམ་པ་བཞིན་ནོ། །མེ་ཏོག་ལ་སོགས་པ་གྲྭའི་ཆའི་པདྨ་དང་ཟླ་བ་ལ་གནས་པ་སྐུ་མདོག་དང་སྔགས་དེ་བཞིན་དུ་སྤྲོ་བར་བྱའོ། །དེ་ནས་ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷེ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་ བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡཱ་པ་རི་བཱ་རེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་བྱམས་པ་ལ་སོགས་པ་བཅུ་དྲུག་སྤྲོ་བར་བྱ་སྟེ་ཤར་གྱི་སྒོའི་ལོགས་གཉིས་སུ་བྱམས་པ་ལ་སོགས་པ་བཞི་དགོད་དེ། བྱམས་པ་མདོག་སེར་པོ་པདྨ་ལ་གནས་པའི་ཟླ་བ་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཕྱག་ གཡས་ན་ཀླུ་ཤིང་མེ་ཏོག །གཡོན་ན་རིལ་བ་སྤྱི་བླུགས་འཛིན་པ་བྱམས་པའི་ཐུགས་ཀྱི་བདག་ཉིད་ཅན་ནོ། །གཉིས་པ་མཐོང་བ་དོན་ཡོད་ནི་མདོག་སེར་པོ་པདྨ་ལ་གནས་པའི་ཟླ་བ་ལ་བཞུགས་པ་གཡས་པ་ན་པདྨ་སྤྱན་དང་ལྡན་པ། གཡོན་པ་ཁུ་ཚུར་དཀུར་བརྟེན་པའོ། །གསུམ་པ་ངན་སོང་ སྦྱོང་བ་ནི་སྐུ་མདོག་དམར་པོ་ལྕགས་ཀྱུ་འཛིན་པའོ། །བཞི་པ་མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་ནི་མདོག་དམར་སེར་གཡས་ན་དབྱུག་པ་འཛིན་པ། གཡོན་པ་ཁུ་ཚུར་དཀུར་བརྟེན་པའོ། །ལྷོའི་སྒོའི་ལོགས་སུ་དང་པོ་སྤོས་ཀྱི་གླང་པོ་མདོག་དཀར་ལྗང་ཕྱག་གཡས་ན་དྲིའི་གླང་ པོའོ། །གཉིས་པ་དཔའ་བར་འགྲོ་བ་ནི་ཤེལ་དང་ཟླ་བའི་མདོག་ཅན་གཡས་ན་རལ་གྲི་འཛིན་པའོ། །གསུམ་པ་ནམ་མཁའི་མཛོད་ནི་མདོག་དཀར་སེར་གཡས་པ་ན་པདྨ་ལ་གནས་པའི་ཆོས་ཀྱི་མཛོད་དོ། །བཞི་པ་ཡེ་ཤེས་ཏོག་ནི་མདོག་སྔོན་པོ་གཡས་ན་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་ འཛིན་པའོ། །ནུབ་ཀྱི་སྒོའི་ལོགས་སུ་དང་པོ་ནི་འོད་དཔག་ཏུ་མེད་པ་ཟླ་བའི་མདོག་ཅན་ཕྱག་གཡས་པ་ན་བདུད་རྩིའི་བུམ་པ་བསྣམས་པའོ། །གཉིས་པ་ཟླ་འོད་ནི་མདོག་དཀར་པོ་ཕྱག་གཡས་པ་ན་པདྨ་ལ་གནས་པའི་ཟླ་བ་འཛིན་པའོ། །གསུམ་པ་བཟང་སྐྱོང་ནི་མདོག་དཀར་དམར་ཕྱག་ གཡས་ན་རིན་པོ་ཆེ་འབར་བ་འཛིན་པའོ། །བཞི་པ་དྲ་བ་ཅན་གྱི་འོད་ནི་མདོག་དམར་པོ་ཕྱག་གཉིས་ཀྱིས་རྡོ་རྗེའི་དྲ་བ་འཛིན་པའོ། །དེ་ནས་བྱང་གི་སྒོའི་ལོགས་སུ་རྡོ་རྗེ་སྙིང་པོ་མདོག་སྔོ་ཞིང་དཀར་བ་ལ་ཕྱག་གཡས་པ་ན་ཨུཏྤ་ལ་རྡོ་རྗེ་དང་ལྡན་པའོ། །གཉིས་པ་བློ་གྲོས་མི་ཟད་པ་ནི་ཀུནྡ་དང་ཟླ་བ་ ལྟར་དཀར་བ་ཕྱག་གཉིས་ན་ཡེ་ཤེས་ཀྱི་བུམ་པ་འཛིན་པ། གསུམ་པ་སྤོབས་པ་བརྩེགས་པ་ནི་ཟངས་ཀྱི་མདོག་ཅན་ཕྱག་གཉིས་ན་པདྨ་ལ་གནས་པའི་རིན་པོ་ཆེ་བརྩེགས་པ་འཛིན་པའོ། །བཞི་པ་ཀུན་དུ་བཟང་པོ་ནི་མདོག་སེར་པོ་ཕྱག་གཡས་ན་རིན་པོ་ཆེའི་སྙེ་མ་འཛིན་པའོ། །བྱང་ཆུབ་ སེམས་དཔའ་ཐམས་ཅད་ནི་པདྨ་དང་ཟླ་བའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་གཡོན་པ་ཁུ་ཚུར་དཀུར་བརྟེན་པའོ། །ཛཿཡི་ས་བོན་ལས་བྱུང་བ། །ཤར་དུ་རྡོ་རྗེ་ལྕགས་ཀྱུ་ནི། །ཟླ་བ་དཀར་ལྟར་མདོག་འཆང་ཞིང་། །ཕྱག་གཡས་ལྕགས་ཀྱུ་འཛིན་པའོ། །ཧཱུཾ་གི་ས་ བོན་ལས་བྱུང་བའི། །རྡོ་རྗེ་ཞགས་པ་ལྷོ་རུ་སྟེ། །སྐུ་མདོག་སེར་པོ་འཛིན་པས་གནས། །ཕྱག་ན་ཞགས་པ་ཡང་དག་བསྣམས། །བཾ་གྱི་ས་བོན་ལས་བྱུང་བའི། །རྡོ་རྗེ་ལྕགས་སྒྲོག་ནུབ་ཏུ་སྟེ། །སྐུ་མདོག་དམར་པོ་ལེགས་པར་མཛེས། །ཕྱག་ན་ལྕགས་སྒྲོག་འཛིན་པའོ། །ཧོཿཡི་ ས་བོན་ལས་བྱུང་བའི། །རྡོ་རྗེ་འབེེབས་པ་བྱང་དུ་སྟེ། །སྣ་ཚོགས་མདོག་ནི་འཛིན་པས་གནས། །ཕྱག་ན་དྲིལ་བུ་ཡང་དག་བསྣམས། །དེ་ལྟར་དཀྱིལ་འཁོར་བསྐྱེད་ནས་སོ་སོའི་སྔགས་བརྗོད་པར་བྱ་སྟེ། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་བཅིངས་ལ། ཨོཾ་ན་མཿསརྦ་དུརྒ་ཏེ་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཞེས་བྱ་བ་ལ་སོགས་པ་ནས་ཏེ་སྔགས་བརྗོད་པར་བྱའོ། །སེམས་ནི་རྣམ་པར་གཡེང་བའི་རྒྱུར་འགྱུར་བས་ཕྱི་རོལ་གྱི་ཕྱག་རྒྱ་བཅིང་བར་མི་བྱའོ་ཞེས་གསུངས་པས་དཀྱིལ་འཁོར་པ་སོ་སོའི་ཕྱག་རྒྱ་སོ་སོར་མ་བསྟན་ཏོ། །སརྦ་བིཏ་སརྦ་ཨཱ་བ་ར་ཎ་བི་ཤོ་དྷ་ནེ་མུ་ནེ་ཧཱུཾ་ཕཊ། ཤཱཀྱ་ཐུབ་པའི་ སྔགས་སོ། །ཨོཾ་སརྦ་བིད་ཧཱུཾ་ཧཱུཾ། རྡོ་རྗེ་གཙུག་ཏོར་གྱིའོ། །ཨོཾ་སརྦ་བིཏ་ཏྲཊ། རིན་ཆེན་གཙུག་ཏོར་གྱིའོ། །ཨོཾ་སརྦ་བིད་ཧྲི་ཧྲི། པདྨ་གཙུག་ཏོར་གྱིའོ། །ཨོཾ་སརྦ་བིད་ཨཿཨཿ། སྣ་ཚོགས་གཙུག་ཏོར་གྱིའོ། །ཨོཾ་སརྦ་བིད་ཨོཾ་ཨོཾ། གཙུག་ཏོར་གཟི་བརྗིད་ཀྱིའོ། །ཨོཾ་སརྦ་བིད་ཧཱུཾ་ཧཱུཾ། གཙུག་ཏོར་རྒྱལ་མཚན་གྱིའོ། །ཨོཾ་སརྦ་བིཏ་ཕཊ། གཙུག་ཏོར་རྣོན་པོའིའོ། །ཨོཾ་སརྦ་བིཏ་ཀྲིཾ་ཏྲཊ། གཙུག་ཏོར་གདུགས་དཀར་གྱིའོ། །ཨོཾ་སརྦ་བིད་མ་ཧཱ་བཛྲོདྦྷ་བ་དཱ་ན་པཱ་ར་མི་ཏཱ་པཱུ་ཛེ་ཧཱུཾ། སྒེག་མོའིའོ། །ཨོཾ་སརྦ་བིད་མ་ཧཱ་བཛྲོདྦྷ་བ་ཤཱི་ལ་པཱ་ར་མི་ཏཱ་པཱུ་ཛེ་ཏྲཱཾ། ཕྲེང་ བ་མའིའོ། །ཨོཾ་སརྦ་བིད་མ་ཧཱ་བཛྲོདྦྷ་བ་ཀྵཱནྟི་པཱ་ར་མི་ཏཱ་པཱུ་ཛེ་ཧྲཱིཿ། གླུ་མའིའོ། །ཨོཾ་སརྦ་བིད་མ་ཧཱ་བཛྲོདྦྷ་བ་བཱིརྱ་པཱ་ར་མི་ཏཱ་པཱུ་ཛེ་ཨཿ། གར་མའིའོ། །ཨོཾ་སརྦ་བིཏ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་དྷ་མ་དྷ་མ་དྷུ་པ་ཡ་དྷྱཱ་ན་པཱ་ར་མི་ཏཱ་པཱུ་ཛེ་ཧཱུཾ་ཕཊ། བདུག་པ་མའིའོ། །ཨོཾ་སརྦ་བིཏ་སརྦ་ དུརྒ་ཏི་པ་རི་ཤོ་དྷ་ནི་ཀླེ་ཤ་ཚེ་ད་ན་པུཥྤ་བི་ལོ་ཀ་ནི་པྲཛྙཱ་པཱ་ར་མི་ཏཱ་པཱུ་ཛེ་ཏྲཾ་ཧཱུཾ་ཕཊ། མེ་ཏོག་མའིའོ། །ཨོཾ་སརྦ་བིད་ཨ་པཱ་ཡ་བི་ཤོ་དྷ་ནི་ཛྙཱ་ན་ཨཱ་ལོ་ཀ་ཀ་རི་པྲ་ཎི་དྷི་ན་པཱ་ར་མི་ཏཱ་པཱུ་ཛེ་ཧཱུཾ་ཕཊ། མར་མེ་མའིའོ། །ཨོཾ་སརྦ་བིཏ་སརྦ་ཨ་པཱ་ཡ་གནྡྷ་བི་ནཱ་ཤ་ནི་བཛྲ་གནྡྷ་ཨུ་པ་ཡ་པཱ་ར་མི་ཏཱ་པཱུ་ཛེ་ཨཱ་ཧཱུཾ་ ཕཊ། དྲི་མའིའོ། །ཨོཾ་སརྦ་བིད་ན་ར་ཀ་ག་ཏི་ཨཱ་ཀཪྵ་ཎི་ཧཱུཾ་ཛཿཕཊ། རྡོ་རྗེ་ལྕགས་ཀྱུའིའོ། །ཨོཾ་སརྦ་བིཏ་སརྦ་ད་ར་ཀ་ཨུཏྟ་ར་ནི་ཧཱུཾ་ཧཱུཾ་ཕཊ། རྡོ་རྗེ་ཞགས་པའིའོ། །ཨོཾ་སརྦ་བིཏ་སརྦ་ཨ་པཱ་ཡ་བནྡྷ་ན་བི་མོ་ཙ་ནི་ཧཱུཾ་བཾ་ཕཊ། རྡོ་རྗེ་ལྕགས་སྒྲོག་གིའོ། །ཨོཾ་སརྦ་བིཏ་སརྦ་ཨ་པཱ་ཡ་ ག་ཏི་ག་ཧ་ན་བི་ཤོ་དྷ་ནི་ཧཱུཾ་ཧོཿཕཊ། རྡོ་རྗེ་འབེེབས་པའིའོ། །ཨོཾ་མཻ་ཏྲི་ཡ་ཧ་ར་ཎཱ་སྭཱ་ཧཱ། ཨོཾ་ཨ་མོ་གྷཱ་དཪྴ་ནི་ཧཱུཾ། ཨོཾ་སརྦ་ཤོ་ཀ་ཏ་མོ་ནིརྒ་ཏེ་ན་མ་ཏི་ཧཱུཾ་ཕཊ། ཨོཾ་སརྦ་ཨ་པཱ་ཡ་ཛ་ཧ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཧཱུཾ། ཨོཾ་གནྡྷ་ཧསྟི་ནི་ཧཱུཾ། ཨོཾ་ཤཱུ་རཾ་ག་མེ་ཧཱུཾ། ཨོཾ་གྷ་ནེ་ག་ག་ན་ ལོ་ཙ་ནེ་ཧཱུཾ། ཨོཾ་ཛྙཱ་ན་ཀེ་ཏུ་ཛྙཱ་ན་བ་ཏི་ཧཱུཾ། ཨོཾ་ཨ་མི་ཏ་བྷཱ་ཨ་མི་ཏ་ཝ་ཏི་ཧཱུཾ། ཨོཾ་ཙནྡྲེ་ཙནྡྲ་བྱ་བ་ལོ་ཀི་ཏེ་སྭཱ་ཧཱ། ཨོཾ་བྷ་དྲ་པཱ་ལེ་ཧཱུཾ། ཨོཾ་ཛཱ་ལ་ནི་མ་ཧཱ་ཛཱ་ལ་ནི་ཧཱུཾ། ཨོཾ་བཛྲ་གརྦྷེ་ཧཱུཾ་ཨོཾ་ཨཀྵ་ཡ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནི་སྭཱ་ཧཱ། ཨོཾ་སརྦ་པྲ་ཏི་བྷཱ་ནེ་པྲ་ཏི་བྷཱ་ན་ཀཱུ་ཊེ་སྭཱ་ཧཱ། ཨོཾ་ས་མནྟ་ བྷ་དྲེ་ཧཱུཾ། ཞེས་བྱ་བའི་སྔགས་ལན་རེ་རེ་དེ་དག་སོ་སོར་བརྗོད་ལ། དེ་ནས་ཕྱིས་འཁོར་ལོས་སྒྱུར་བའི་སྙིང་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པར་ཡང་དག་པར་སྤྲོས་ལ། ཤི་བའི་རྣམ་པར་ཤེས་པ་བཀུག་ལ་འགྲོ་བ་རིགས་དྲུག་ཀྱང་ངོ་། །ཡི་གེ་གསུམ་གྱི་བདག་ཉིད་དུ་ནམ་མཁའ་ལ་ གནས་པར་བྱ་སྟེ། གོས་སྔོན་པོས་མགུལ་ཆིངས་བྱས་པའི་རྡོ་རྗེ་གནོད་སྦྱིན་གྱིས་བྱིན་རླབས་བྱས་ལ་དེ་ཉིད་ཀྱིས་སྔགས་བཟླས་ལ། མཁས་པས་རྟག་ཏུ་མཆོད་པར་བྱའོ། །ཤི་བའི་རུས་པའམ་མིང་ཡང་རུང་སྟེ། སྐྱེས་པའམ་བུད་མེད་གསོན་པོ་གང་ཡང་རུང་སྟེ་ཤིང་རོ་ཁ་བ་ལ་མེ་སྦར་ ཏེ་ཕྱིར་བཟློག་པ་བྱ་བ་ནི། ནིམ་པ་དང་ཡུངས་ཀར་བསྲེགས་ལ་སྔགས་དང་ཕྱག་རྒྱས་བསྣུན་པར་བྱའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཆེ་གེ་མོའི་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། སྡིག་པ་ཐམས་ཅད་བསྲེག་པའི་སྔགས་དེས་མེའི་དཀྱིལ་འཁོར་དུ་བསྣུན་པར་བྱའོ། །ཚད་དང་ཚུར་ལྡན་པའི་བུམ་པས་ དེའི་སྡིག་པ་བཀྲུ་བར་བྱ་སྟེ། ཨོཾ་སརྦ་ཨཱ་བ་ར་ཎ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ཁྲུས་ཀྱི་སྔགས་ཀྱིས་ངན་སོང་གི་དྲི་མ་དག་པར་བྱའོ། །དེའི་རྗེས་ལ་ཟན་དང་ཆུར་བསྲེས་པས་སྡིག་པ་ཞི་བར་རབ་ཏུ་བརྟགས་ལ། དེ་ནས་སྣོད་དུ་གྱུར་པའི་དྲི་མ་ལྷག་མ་གཞོམ་པར་བྱ་སྟེ་དེ་ནས་ཕྱིར་བཟློག་པ་བྱ་སྟེ། ཡུངས་ཀར་དང་། མེ་ཏོག་ཀུནྡས་སྒྲིབ་པ་ཐམས་ཅད་དག་པར་བྱའོ། །སྔགས་དང་ལྡན་པའི་བླ་མས་ཕྱག་རྒྱས་བྲབ་པར་བྱའོ། །དེའི་རྗེས་ལ་ཕྱིར་བཟློག་པ་བྱ་བ་ནི་ཡུངས་ཀར་གྱིས་བྱ་སྟེ་ཡུངས་ཀར་མེ་ཏོག་དང་ལྡན་པས་ཡང་དག་པར་བརྗོད་ཅིང་བྲབ་པར་བྱའོ། །བྲབ་པའི་སྔགས་ནི། ཨོཾ་སརྦ་ པཱ་པཾ་བི་ཤོ་དྷ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་ཀརྨ་ཨཱ་བ་ར་ཎཱ་ནི་བྷསྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བྲུཾ་བི་ནཱ་ཤ་ཡ་ཨཱ་བ་ར་ཎཱ་ནི་ཛཿཧཱུཾ་ཕཊ། ཨོཾ་དྲུཾ་བི་ཤོ་དྷ་ཡ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་སྲུཾ་ཤ་ར་ཤ་ར་པྲ་ཤ་ར་པྲ་ཤ་ར་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧ་ར་ ཧ་ར་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཚིནྡ་ཚིནྡ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊ། ཞེས་བྱ་བའི་སྔགས་འདིས་བསྣུན་བྲབ་ལ་ནམ་མཁའ་ལ་གཞག་པར་བྱའོ། །དེའི་རྗེས་ལ་རྡོ་རྗེ་སེམས་དཔའ་ལས་བྱུང་བའི་ཐབ་ཁུང་གི་དབུས་སུ། ཧཱུཾ་ལས་བྱུང་བའི་མེ་ལྷ་མདོག་དཀར་པོ་ཤེས་རབ་ལ་འཁྱུད་པ་ཕྱག་ན་རིལ་བ་སྤྱི་བླུགས་དང་མི་འཇིགས་པ་དང་དབྱུག་པ་དང་། བགྲང་ཕྲེང་ཅན་ བལྟ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་བཀུག་ནས་བསང་གཏོར་དང་མཆོད་ཡོན་དང་ཞབས་བསིལ་ཕུལ་ཏེ། ཡོངས་སུ་དག་པའི་མེ་ལ་ཐིམ་པར་བལྟའོ། །སྲེག་རྫས་རྣམས་སོ་སོར་ལན་བདུན་ཕུལ་ཏེ་དགང་བླུགས་དབུལ་བར་བྱའོ། །དེ་ལ་ཉེ་རེག་ཕུལ་ཏེ་དེ་བཞིན་ཉིད་ཀྱི་ ཡེ་ཤེས་ཀྱི་མེ་རུ་ཡང་དག་པར་བལྟ་སྟེ། དེའི་ཐུགས་ཀར་ངན་སོང་སྦྱོང་བའི་དཀྱིལ་འཁོར་གྱི་འཁོར་ལོ་འཁོར་དང་བཅས་པ་བཞུགས་པར་བསམ་མོ། །དེ་ནས་འཁོར་ལོས་སྒྱུར་བ་ནས་བརྩམས་ཏེ་དཀྱིལ་འཁོར་པ་རྣམས་ཀྱི་སྔགས་ཀྱིས་སྦྱིན་སྲེག་དབུལ་ལོ། །དེའི་རྗེས་སུ་ནམ་མཁའ་ ལ་གནས་པའི་ཡི་གེ་གསུམ་གྱིས་བདག་ཉིད་ལ་ཨོཾ་སརྦ་བིཏ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ན་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་ངན་སོང་རྣམ་པར་སྦྱངས་ལ་འཁོར་ལོས་སྒྱུར་བའི་བཀས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྤྲོ་བའི་སྦྱོར་བས་ངན་སོང་ནས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་ དུ་བྱ་བ་ལ་འགྲོ་བ་ལ་ལམ་ཡང་དག་པར་བསྟན་པའི་སྔགས་འདི་བརྗོད་པ་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་ཟླ་བ་ལ་ཡི་གེ་གསུམ་གྱི་བདག་ཉིད་བཞུགས་པར་བལྟས་ཏེ། ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣ་སམྦྷ་བེ་རཏྣ་ཀི་ར་ཎེ་རཏྣ་མཱ་ལ་བི་ཤུདྡྷེ་ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུཾ་ཕཊ། ལམ་ཡང་དག་པར་བསྟན་ པའི་སྔགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཡི་གེ་གསུམ་གྱི་བདག་ཉིད་རོ་གཅིག་པར་གྱུར་ཏེ་སྤྲོས་པའི་སྦྱོར་བས་རྡོ་རྗེ་གཙུག་ཏོར་ལ་སོགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་དབང་བསྐུར་བ་དང་ལྡན་པར་བལྟས་ལ་དྲིལ་བུ་དཀྲོལ་ཏེ་དགང་གཟར་མར་གྱིས་གང་བ་དབུལ་བར་བྱ་སྟེ། ཨོཾ་པདྨེ་ པདྨེ་པདྨ་ཨུདྦྷ་བེ་སུ་ཁ་པ་ཏྱཾ་གཙྪནྟུ་སྭཱ་ཧཱ། ཨོཾ་སརྦ་བུདྡྷ་ཀྵེ་ཊ་གཙྪནྟུ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་དགང་བླུགས་དབུལ་ལོ། །ཉེ་རེག་དང་སོ་རྩི་ལ་སོགས་པ་ཕུལ་ལ་དཀྱིལ་འཁོར་པ་རིམ་པས་བཅོམ་ལྡན་འདས་ལ་ཐིམ་པ་དང་། བཅོམ་ལྡན་འདས་ཀྱང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ ལྡན་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་བཞུགས་པར་བྱའོ། །འཇིག་རྟེན་ལས་འདས་པའི་བྱ་བ་བྱས་ནས་དཀྱིལ་འཁོར་གཤེགས་སུ་གསོལ་བར་བྱ་སྟེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་བྱ་བ་ལ་སོགས་པས་གཤེགས་སུ་གསོལ་ལོ། །དེ་ནས་ཉི་མ་གསུམ་པའམ་བདུན་པ་ལ་སྔ་ མ་བཞིན་དུ་ཏིང་ངེ་འཛིན་གསུམ་བསྒོམས་ལ་འོ་མས་ཡོངས་སུ་གང་བའི་སྣོད་དུ་རུས་པ་ཐམས་ཅད་བཞག་སྟེ་ངན་སོང་སྦྱོང་བའི་སྔགས་ཐམས་ཅད་རིམ་གྱིས་བརྗོད་ཅིང་། ཡུངས་ཀར་མེ་ཏོག་དཀར་པོ་དང་ལྡན་པས་དབང་བསྐུར་བ་སྦྱིན་པར་བྱའོ། །ཁྲུས་བྱས་ནས་ཀྱང་ངན་སོང་སྦྱོང་བའི་སྔགས་ མང་པོ་བཟླས་ཏེ་དེ་ནས་ཚོགས་ཀྱི་འཁོར་ལོའི་བཟའ་བ་དང་སྟོན་མོ་ཇི་ལྟར་འདོད་པ་ཡོངས་སུ་སྤྱད་ལ་ཤིས་པ་བརྗོད་པ་ཇི་ལྟ་བ་བཞིན་དུ་སྦྱིན་པར་བྱའོ། །གང་ཞིག་སེམས་ཅན་བསམ་པའི་ངོ་རུ་ནི། །མདོ་རུ་ཡང་དག་བསྡུས་ཙམ་བྱས་པ་ལ། །བསྟན་བཅོས་མཐར་སོན་མཁས་པ་ཡིས། ། བདག་ལ་བཟོད་པ་མཛད་པར་རིགས། །བསོད་ནམས་འདི་ཡི་སྦྱོར་བ་ཡིས། །ཁམས་གསུམ་གནས་པའི་སེམས་ཅན་ཀུན། །ཉོན་མོངས་རྒྱ་མཚོ་ལས་བརྒལ་ནས། །བདེ་བ་ཅན་དུ་འགྲོ་བར་ཤོག །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཆོ་གའི་བྱ་བ་མདོར་བསྡུས་པ་ རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་ནནྟ་པ་ར་ཧེ་ཏའི་ཞལ་སྔ་ནས་མཛད་པའོ།། ༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏ་ཧྲྀད་ཡ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུས་ གསུམ་རྒྱལ་བ་སྲས་དང་བཅས་པ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་གྱི་གཞི་ཡིན་ལམ་ཡིན་འབྲས་བུའང་དེ། །ཤེས་རབ་མི་དམིགས་ཤེས་རབ་སྙིང་པོ་གཙོ་བོ་དབྱེར་མེད་པ། །སྐུ་གསུམ་དཀོན་མཆོག་གསུམ་ལ་དབྱེར་མེད་ལུས་ངག་ཡིད་བཏུད་ནས། །རྒྱལ་ཡུམ་རིམ་བརྒྱུད་ དད་དང་ཤེས་རབ་ཐོབ་ཕྱིར་བྲི། །དད་དང་ཤེས་རབ་སྔོན་འགྲོ་སྐྱབས་དང་སེམས་བསྐྱེད་ཅིང་། །བརྩོན་པས་གྲོལ་འདོད་བཟོད་ལྡན་སྡུག་བསྔལ་མེད་སྤངས་ནས། །འཇིག་རྟེན་ཆོས་བརྒྱད་བསམ་བཏང་ནས་ནི་མ་ཉམས་ཏེ། །འདོད་ཡོན་མ་ཆགས་ཁྲིམས་ལྡན་ཅི་འབྱོར་མཆོད་དང་སྦྱིན། ། ཤེས་རབ་སྦྱངས་པས་ཤེས་རབ་དོན་ཤེས་ཤེས་རབ་སྤྱོད་འདོད་པས། །རྒྱལ་བའི་གནས་དང་ཆོས་འདི་གནས་སུ་ཤེས་རབ་སྙིང་པོ་སྒྲུབ། །གང་ལ་མ་ཆགས་ཕྱིན་དྲུག་ལྡན་པས་ཁྲུས་བྱས་ལ། །རྟེན་ལ་མཎྜལ་མཆོད་བཤམས་སྟན་ལ་མཉམ་འདུག་སྟེ། །བདུན་བརྒྱ་པ་ཡི་སྔགས་བརྗོད་ སྔགས་ཀྱི་བདེན་པ་ཡིས། །རྟེན་དེར་ཕུན་སུམ་ཚོགས་པ་སྔར་བསགས་སྤྱན་དེར་དྲང་། །ཤེས་རབ་ཕ་རོལ་ཕྱིན་ཐོབ་ཤེས་རབ་ཕ་རོལ་ཕྱིན། །ཐབས་མང་གདུལ་བྱ་འདུལ་བའི་ཆོས་རྣམ་ཕ་རོལ་ཕྱིན། །རྒྱལ་བའི་ཡུམ་གྱུར་རྒྱལ་བ་སྲས་དང་བཅས་པ་ལ། །བདག་གི་ ལུས་ངག་ཡིད་གསུམ་དང་གུས་དེང་ནས་ཕྱག་འཚལ་ལོ། །འཇིག་རྟེན་འདི་དང་གཞན་གྱི་འཇིག་རྟེན་ན། །མཆོད་པར་འོས་པའི་གཟུགས་སྒྲ་དྲི་དག་དང་། །རོ་དང་རེག་བྱ་ཐུགས་དང་མི་འགལ་བའི། །གཙང་དང་མ་ཉམས་དམན་པར་མ་གྱུར་པའི། །ཆུ་གཙང་བསིལ་དང་མེ་ཏོག་ ཁྱད་པར་ཅན། །དབྱིབས་ལེགས་དྲི་ཞིམ་ཁ་དོག་སྣ་ཚོགས་མཛེས། །ཙནྡན་གུར་ཀུམ་ག་པུར་ལ་སོགས་སྦྱར། །སོ་སོར་བསྲེག་པའི་བདུག་པ་ཇི་སྙེད་དང་། །ཉི་ཟླ་ལྟར་གསལ་རིན་ཆེན་འོད་འབར་བའི། །རིན་ཆེན་སྒྲོལ་མ་མར་མེ་མཛེས་པའི་འོད། །གླ་རྩི་ཙནྡན་ཏུ་རུསྐ་སོགས་ ལེགས་སྦྱར་དྲི། །སྐུ་མཛེས་དོན་དུ་བྱི་དོར་བྱུག་པ་རྫས་རྣམས་དང་། །སྨན་དང་འབྲས་ཆན་ཤིང་ཐོག་ཏམ་པོ་ལེ། །ཡུན་རིང་འཚོ་བ་རྣམས་ཀྱང་རིམ་པར་དབུལ། །སྒྲ་སྙན་དབྱངས་དང་སིལ་སྙན་རོལ་མོར་བཅས། །རིན་ཆེན་བདུན་དང་རིན་ཆེན་གཞན་རྣམས་དང་། །བཀྲ་ཤིས་རྫས་ བརྒྱད་གཞན་ཡང་བཀྲ་ཤིས་རྫས། །བདག་གི་ལུས་ངག་ཡིད་བཅས་ཁྱོད་ལ་དབུལ། །རྒྱལ་སྲས་ཐུགས་རྗེ་ཅན་གྱིས་བདག་གཟིགས་ལ། །འགྲོ་གཟུགས་བདེ་བར་བྱ་ཕྱིར་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ། ཞེས་དེ་ཉིད་བསྡུས་པའི་སྔགས་ཀྱིས་དབུལ། རྒྱལ་བ་སྲས་ དང་བཅས་ལ་བདག་རེ་གནོང་། །འཁོར་བར་མ་རིག་ལུས་ངག་ཡིད་གསུམ་གྱིས། །མཚམས་མེད་ལ་སོགས་སྡིག་པའི་ལས་བགྱིས་དང་། །བགྱིད་དུ་སྩལ་དང་རྗེས་སུ་ཡི་རང་བཤགས། །ད་ནི་འཇིགས་སོ་རྒྱལ་སྲས་ཁྱེད་དཔང་ལས། །ལུས་ངག་ཡིད་སྡིག་སླན་ཆད་མི་བགྱིད་དོ། ། རྒྱལ་སྲས་ཁྱེད་དང་འཇིག་རྟེན་འདི་དང་གཞན་དག་ན། །འགྲོ་རིགས་དགེ་བ་ཐེག་པ་རིམ་གྱིས་སྤྱོད་བྱེད་པའི། །རྒྱུ་འབྲས་མ་འདྲེས་སོ་སོའི་དགེ་བ་བདག་ཡི་རང་། །ཡི་རང་དགེ་དེ་ཟག་མེད་འགྲོ་ལ་སོ་སོར་བསྔོ། །ཀུན་གྱི་སྐྱབས་ཆེན་རྒྱལ་སྲས་སྐྱབས་དག་ལ། །དེང་ནས་བཟུང་ སྟེ་བདག་བསྐྱབ་སྐྱོབ་པར་མཛོད། །སྐྱབས་གནས་ཁྱེད་ལྟར་བདག་ཀྱང་སེམས་བསྐྱེད་པས། །ཁྱོད་ཀྱིས་སྤྱོད་ལྟར་བདག་སྤྱོད་འགྲོ་བའི་དོན་བྱེད་ཤོག །རྒྱལ་སྲས་ཁྱོད་ཀྱིས་སྣ་ཚོགས་སྐུ་སྤྲུལ་ལ། །འགྲོ་བ་གྲོལ་བའི་རིམ་པར་ཆོས་ཀྱི་འཁོར་ལོ་བསྐོར། །འགྲོ་བ་སོ་སོར་བདེ་ལམ་བྱང་ཆུབ་མ་ ཐོབ་པར། །རྒྱལ་བ་སྲས་བཅས་མྱ་ངན་མི་འདའ་བཞུགས་པར་གསོལ། །ཕྱག་འཚལ་མཆོད་སོགས་བྱས་པའི་དགེ་བ་རྒྱ་ཆེན་དེ། །འགྲོ་ལ་བསྔོས་པས་འགྲོ་བ་སོ་སོར་བདེ་བ་དང་། །མ་གྲོལ་གྲོལ་དང་མ་བསྒལ་དང་དབུགས་ཕྱིན་དང་། །མྱ་ངན་མ་འདས་པ་དག་མྱ་ངན་འདའ་ བར་ཤོག །རྒྱལ་སྲས་དབང་པོར་རྒྱལ་སྲས་ལྟ་བུར་བདག་གིས་ནི། །ཚད་མེད་བཞི་བསྒོམ་རྒྱལ་བ་སྲས་བཅས་གནས་སུ་གཤེགས་སུ་གསོལ། །ཤེས་རབ་ཕ་རོལ་ཕྱིན་ཤེས་དངོས་པོ་རྣམས་སྟོང་པས། །སྭ་བྷཱའི་སྔགས་ཀྱིས་སྟོང་པར་བཟླས་པས་དངོས་སྟོང་དང་། །ཤཱུ་ནྱ་ཏཱ་བརྗོད་ གཟུང་བ་ཉིད་དང་བྲལ། །འཛིན་མེད་གནས་པ་མེད་པར་བློ་མཉམ་གཞག །མཉམ་པའི་ངང་ལས་རི་རྒྱལ་དམིགས་བྱས་ལ། །དེ་ལས་རིམ་གྱིས་བྱུང་བས་གླིང་རྣམས་ཆགས། །རི་སྟེང་པཾ་པད་ཨ་ལས་ཟླ་བ་དང་། །སེང་གེའི་ཁྲི་ལ་རིན་པོ་ཆེ་ཡི་ཁྲི། །རིན་ཆེན་ཡོན་ཏན་རྒྱན་རྣམས་ལེགས་ གསལ་ནས། །ཁྲི་སྟེང་པདྨ་སྣ་ཚོགས་ལྟེ་བ་ལ། །ཡི་གེ་མཾ་སེར་འཕྲོ་འདུ་ལས། །འོག་ཏུ་ཟླ་བ་ཨཱ་ལི་ལས། །སྟེང་དུ་ཀཱ་ལི་ཉི་མ་གྲུབ། །དེ་ཡི་འཁོར་ལོ་འཕྲོ་འདུ་ལས། །ལྟེ་བར་ཟླ་བ་མཾ་གནས་པ། །ཐམས་ཅད་གཅིག་གྱུར་བཅོམ་ལྡན་འདས། །ཤར་དུ་པཾ་ལས་ཡུམ་ཉིད་ བཞེངས། །ལྷོ་རུ་ཧཱུཾ་ལས་ཕྱག་རྡོ་རྗེ། །ནུབ་ཏུ་མཾ་ལས་ཤཱ་རིའི་བུ། །བྱང་དུ་ཧྲཱིཿལས་སྤྱན་རས་གཟིགས། །བཅོམ་ལྡན་གསེར་མདོག་ཆོས་འཆད་ཕྱག །རྡོ་རྗེ་སྐྱིལ་ཀྲུང་གཙུག་ཏོར་བཅས། །སྤྱན་ཡངས་མཐིང་ག་མཇོད་སྤུར་ལྡན། །སྐུ་ཡི་སྒོ་ནས་འོད་ཟེར་འགྱེད། །ཡུམ་ནི་ལོངས་ སྤྱོད་རྒྱན་ཅན་ཏེ། །གསེར་མདོག་སྐུ་ནི་ཤིན་ཏུ་རྒྱས། །པད་ཟླ་རྒྱས་པའི་གདན་ལ་བཞུགས། །ཕྱག་གཉིས་མཉམ་པའི་ཏིང་འཛིན་གཞག །གཡས་པ་ཆོས་འཆད་པ་དང་ལྡན། །གཡོན་པ་པུསྟི་འཛིན་པའོ། །ཕྱག་ན་རྡོ་རྗེ་ཞལ་གཅིག་པ། །སྔོན་པོ་གཡས་ན་རྡོ་རྗེ་བསམ། ། གཡོན་ན་པདྨ་འཛིན་པར་བྱེད། །རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་བཅས། །ཤཱ་རི་སེར་པོ་དཀའ་ཐུབ་གཟུགས། །ཆོས་གོས་གསུམ་དང་གསིལ་བྱེད་གཡས། །པུས་བཙུགས་གཡོན་ན་ལྷུང་བཟེད་ཐོགས། །ལུས་ངག་བསྡམས་ནས་གནས་པའོ། །མགོན་པོ་བྱང་སེམས་ སྤྱན་རས་གཟིགས། །རྒྱན་མཛེས་སེམས་དཔའི་སྐྱིལ་མོ་ཀྲུང་། །གཡས་ན་པདྨ་མཆོག་སྦྱིན་དང་། །གཡོན་ན་པདྨ་པུསྟི་འཛིན། །དེ་རྣམས་ཟླ་བའི་གདན་ལ་བཞུགས། །གསལ་བར་གྱུར་ནས་ཕྱོགས་ཀུན་དུ། །བྱང་ཆུབ་སེམས་དང་ཉན་ཐོས་གཟུགས། །འགྲོ་བ་སོ་སོའི་གཟུགས་འཛིན་ པ། །སྟེང་འོག་ཕྱོགས་རྣམས་ཐམས་ཅད་དུ། །རང་རང་མདོག་དང་མཚན་མས་བསྐྱེད། །དེ་ནས་བདག་པོའི་མིག་སོགས་ལ། །ཀྵཾ་ཛཾ་ཁཾ་གཾ་སྐཾ་སཾ་རྣམས། །ཟླ་བ་པདྨ་གདན་སྤྲོ་བསྡུ། །དེ་ཉིད་གསུམ་ཡང་གནས་གསུམ་དུ། །སྤྲོ་བསྡུ་མཚན་མ་གསུམ་དུ་བསྒོམ། །ཡེ་ཤེས་གཞུག་ དང་དབང་བསྐུར་དང་། །མི་བསྐྱོད་ལ་སོགས་སོ་སོར་གཞག །ཤཱ་རིའི་སྤྱི་བོར་རྒྱལ་བ་ཉིད། །གསང་དབང་སྤྱི་བོར་རྡོ་རྗེ་འཛིན། །མགོན་ལ་འོད་དཔག་ཡུམ་ཉིད་ལ། །མི་བསྐྱོད་གནས་ལ་མཆོད་པ་དབུལ། །འོ་ཐུག་སྤྲོ་བསྡུ་མདུན་གྱི་ཡུམ། །བདག་ལ་བསྡུས་ལ་སྙིང་པོའི་དོན། །འཁོར་ བ་མྱ་ངན་འདས་པའི་ཆོས། །ཐམས་ཅད་བདག་གིས་གསལ་བསྒོམས་ལ། །སྤྱན་རས་གཟིགས་དང་དེར་སེམས་ལ། །ཤཱ་རིས་ཞུས་དང་ལན་བཏབ་པའི། །མདོ་དོན་སྐབས་ཤེས་དོན་དམ་བསྒོམ། །སྐྱོ་ན་བདེན་པའི་ངག་འདོན་ཏེ། །ཏདྱ་ཐཱ་དང་ཨོཾ་སྤེལ་ནས། །ག་ཏེ་ག་ཏེ་པཱ་ར་དང་། །ག་ཏེ་ པཱ་ར་སཾ་ག་ཏེ། །བོ་དྷི་སྭཱ་ཧཱ་ཞེས་བརྗོད་ལ། །སྙིང་གར་པདྨའི་ལྟེ་བ་ལ། །མཾ་སེར་བདག་ལ་གཡས་སྐོར་བགྲང་། །བསམ་གཏན་འདོད་ན་འཁོར་རྣམས་དང་། །བདག་ཉིད་ཡི་གེ་མཾ་ལ་བསྡུ། །དེ་ལ་རིམ་བསྐྱེད་འཁོར་རྣམས་ལ། །མདོ་གདོན་སྔགས་ཀྱིས་འཁོར་རྣམས་ཀུན། །སྒྲིབ་ སྦྱངས་བདག་འདྲར་གྱུར་པ་ལ། །རྒྱལ་བའི་ཡུམ་ཉིད་བསྟན་པ་ཡི། །དགེ་བ་བདག་གིས་ཅི་བྱས་ཐམས་ཅད་ནི། །སེམས་ཅན་ཀུན་ལ་བྱང་ཆུབ་ཕྱིར་བསྔོ་བས། །བདག་གཞན་ཤེས་རབ་སྙིང་པོ་ཐོབ་པར་ཤོག །རྗེས་ལ་སྒྱུ་མའི་བློ་ཡིས་ལངས། །ལྷ་ཡི་སྣང་བ་ལ་གནས་ལ། །བྱ་བ་ཐམས་ཅད་ རྒྱལ་བས་སྤྱད། །ཅི་སྤྱད་མཐར་ཕྱིན་ལམ་ཡིན་པས། །སེམས་གཉིས་ཕྱིན་དྲུག་སེམས་ཀྱིས་བྱ། །འདི་དོན་ཤེས་རབ་སྙིང་པོ་སྟེ། །རྨི་ལམ་སྒྱུ་མས་བཟླས་བརྗོད་བྱ། །དཀའ་བས་ཀླུ་ཡི་ལག་ནས་བླངས། །ཡུན་རིང་མདོ་རྣམས་ལེགས་སྤྱད་ལ། །རྒྱལ་ཡུམ་འདི་བྱས་དགེ་བ་ཡིས། །འགྲོ་ བས་ཤེས་རབ་ཡུམ་ཐོབ་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྙིང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཻ་རོ་ཙ་ན་རཀྵི་ཏ་དང་། བོད་ཀྱི་ལོ་ཙཱ་བ་ཀླན་ཆུང་གིས་བསྒྱུར་བའོ། །སླད་ཀྱིས་སྟག་ལོ་ཙཱ་བས་བཅོས་པའོ།། །། ༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏ་ཧྲྀ་ད་ཡ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་སྒྲུབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །གང་ཞིག་སྔོན་དུ་བྱས་གྱུར་པས། །རབ་ཞི་ ཐམས་ཅད་མཁྱེན་མཛད་པའི། །རྒྱལ་བ་དེ་ལ་རབ་བཏུད་དེ། །སྒྲུབ་ཐབས་ཆོ་ག་དྲན་པར་བྱ། །དབེན་ཞིང་ཉམས་དགའི་ས་ཕྱོགས་སུ། །བདེ་བའི་སྟན་ལ་འདུག་ནས་ནི། །སྙིང་གར་པད་ཟླའི་ཉི་སྟེང་དུ། །མཾ་ལས་འོད་འཕྲོས་ཕྱོགས་བཅུ་ནས། །རྒྱལ་བ་སྲས་བཅས་སྤྱན་དྲངས་ཏེ། ། ནམ་མཁའི་ཕྱོགས་སུ་གནས་པར་བསམ། །མཆོད་དང་ཉེས་པ་བཤགས་པར་བྱ། །རྗེས་སུ་ཡི་རང་གསོལ་བ་གདབ། །སྐྱབས་འགྲོ་སེམས་བསྐྱེད་བླང་བྱ་ཞིང་། །བྱང་ཆུབ་ཆེན་པོར་བསྔོ་བར་བྱ། །བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་ཚངས་པའི་གནས་པ་བསྒོམ། ། གསང་སྔགས་འདི་ནི་རབ་ཏུ་བཟླས། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། རྒྱུ་དང་མི་རྒྱུ་འདི་དག་ཀུན། །གཟོད་ནས་རང་བཞིན་སྟོང་པར་དྲན། །དེ་རྗེས་སྟོང་པའི་རང་བཞིན་ལས། །ཡཾ་རཾ་བཾ་ལཾ་འབྱུང་བ་བཞི། །སུཾ་ལས་རི་རབ་དེ་སྟེང་དུ། །བྷྲཱུཾ་ལས་མཛེས་པའི་གཞལ་ཡས་ ཁང་། །ཡངས་ཤིང་རྒྱན་ལྡན་བསམ་པར་བྱ། །དབུས་སུ་སེང་གེའི་ཁྲི་སྟེང་དུ། །པདྨ་ཉི་མ་ལ་གནས་པའི། །དམར་སེར་རྒྱལ་ཡུམ་སྐུ་མདོག་སེར། །ཞལ་གཅིག་ཕྱག་བཞི་སྐུ་ནི་རྒྱས། །གཡས་གཉིས་རྡོ་རྗེ་སྐྱབས་སྦྱིན་ཅན། །གཡོན་གཉིས་རྡོ་རྗེ་ཆོས་འཆད་མཛད། །ལོངས་སྤྱོད་ རྫོགས་པའི་རྒྱན་ལྡན་བསམ། །ཤར་དུ་སེང་གེ་ཟླ་སྟེང་དུ། །སཾ་ལས་རྒྱལ་བ་ཤཱཀྱ་ཐུབ། །བཙོ་མའི་མདོག་ཅན་སྤྲུལ་པའི་སྐུ། །གཙུག་ཏོར་ལྡན་པ་བསྐྱེད་པར་བྱ། །ནུབ་ཏུ་པདྨ་ཟླ་བ་ལ། །ཧྲཱིཿལས་འཇིག་རྟེན་དབང་ཕྱུག་ནི། །ཤིན་ཏུ་དཀར་ཞིང་རྒྱན་མཛེས་པ། ། སེམས་དཔའི་སྐྱིལ་ཀྲུང་བཞུགས་པར་བསམ། །ལྷོ་རུ་མཾ་ལས་ཤཱ་རིའི་བུ། །དཀའ་ཐུབ་ཆ་བྱད་སྐུ་མདོག་ནི། །དམར་སྐྱ་པུས་བཙུགས་ཐལ་མོ་སྦྱར། །ཤིན་ཏུ་མཛེས་པའི་སྐུ་ཉིད་བསམ། །བྱང་དུ་ཀུནྡ་ལས་བསྐྱེད་པ། །དམར་པོ་རྒྱལ་ལ་གུས་པའི་ཚུལ། །པདྨའི་སྟེང་དུ་བསྐྱེད་བྱས་ནས། ། དེ་ལྟར་བསྐྱེད་པ་རྫོགས་པ་དང་། །བདག་ཉིད་ཐུགས་ཀའི་མཾ་ལས་ནི། །འོད་འཕྲོས་ཡེ་ཤེས་བཀུག་བྱས་ཏེ། །མཆོད་དང་ཛཿཧཱུཾ་བཾ་ཧོཿཡིས། །སོ་སོར་དགུག་གཞུག་བྱས་ནས་ནི། །རྒྱལ་བས་དབང་བསྐུར་སོ་སོ་ལ། །རྣམ་སྣང་མི་བསྐྱོད་རིན་འབྱུང་དང་། །མཐའ་ཡས་རྒྱལ་བ་ཉིད་ ཀྱིས་མཚན། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས། །ཡུམ་གྱི་ཐུགས་ཀར་རྒྱལ་བ་ཉིད། །བསྡུས་ཏེ་ཏིང་འཛིན་སྙོམས་ཞུགས་ནས། །དྲིས་དང་ལན་གདབ་སྟོང་པའི་དོན། །འཁོར་རྣམས་ཀུན་ལ་སྦྱིན་པར་བསམ། །འདི་ལྟར་ཆོས་ཀུན་རབ་ཞི་ལས། །སྤྲོས་པའི་འཁོར་ཀུན་ཡུམ་ ལ་བསྡུ། །མཚན་བཅས་ཏིང་འཛིན་ཡི་གེ་ལ། །དམིགས་ཏེ་གསལ་ལ་མི་རྟོག་བྱ། །གཟོད་ནས་ཞི་བའི་ཆོས་ཀུན་ནི། །རྐྱེན་དབང་འཁྲུལ་བར་རབ་སྣང་ལ། །དེ་ཉིད་ཚེ་ན་ཞི་བ་ཉིད། །ཞི་ཚེ་སྒྱུ་མ་ལྟ་བུར་སྣང་། །མཐའ་བཞིར་མི་རྟོག་བྲལ་བར་མིན། །བྱིང་རྒོད་མི་གནས་སེམས་ཉིད་ནི། ། འོད་གསལ་ཅིར་ཡང་མི་སྒོམ་པ། །མཚམས་མེད་རྣལ་འབྱོར་ཕ་རོལ་ཕྱིན། །རྒྱལ་བས་ཞི་བར་རབ་གསུངས་དང་། །གཅིག་དང་དུ་མ་བྲལ་སོགས་པས། །སྤྲོས་པ་བཀག་པས་མི་རྟོག་ཤེས། །རྣམ་པར་རྟོག་དང་ཡང་དག་རྟོག །གལ་ཏེ་སྐྱོ་ན་བཟླས་བྱ་སྟེ། །ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་ པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། མཾ་ལ་རབ་བསྐོར་འོད་ཟེར་ནི། །སྤྲོ་བསྡུས་དོན་བྱས་སྔགས་ཀྱི་འོད། །ལྟེ་བའི་ཁ་ཡི་བར་དུ་བསྐོར། །ཡེ་ཤེས་སེམས་དཔའ་མཆོད་ལ་གཤེགས། །སྟོང་པ་བཅོ་བརྒྱད་བརྗོད་བྱ་སྟེ། །དམ་ཚིག་སེམས་དཔའ་ཐམས་ཅད་དང་། །གཞལ་ཡས་ཁང་ནི་མི་ དམིགས་བྱ། །རྒྱལ་བའི་བཀའ་དང་ནཱ་གཱ་རྫུ་ན་ཡི། །གསུངས་པ་ལ་བརྟེན་མོས་རྣམས་དོན་དང་ནི། །བདག་ཉིད་སྦྱང་ཕྱིར་ཆོ་ག་ཐབས་མཆོག་བྱས། །མཁས་རྣམས་བློ་ཡི་དྲི་མ་བཟོད་པར་མཛོད། །འདི་ལ་ངལ་བའི་དགེ་བའི་རྩ་བ་དེས། །འགྲོ་རྣམས་རབ་སྦྱངས་སྙིང་པོའི་དོན་ཤེས་ནས། །རྒྱལ་ བའི་གོ་འཕང་རབ་ཏུ་ཐོབ་འགྱུར་ཏེ། །འགྲོ་རྣམས་ཞི་བའི་ལམ་ལ་འགོད་པར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་དཱ་རི་ཀ་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏ་ཨུ་པ་དེ་ཤ་མ་ནཱ་མ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཅེས་བྱ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡུམ་གྱུར་དེ་ཡི་མིང་། །རང་བཞིན་མེད་པའི་རང་བཞིན་ཅན། །ཚིག་མེད་ཡུལ་ལས་རྣམ་པར་འདས། །དགེ་མ་དེ་ལ་ཕྱག་འཚལ་འདུད། ། དངོས་པོ་བརྒྱད་སོགས་རྒྱས་པར་ནི། །ཁོང་ཆུད་ནུས་པ་མ་ཡིན་པས། །རྗེས་འཇུག་སྤྲོས་པ་མེད་པའི་དོན། །བདག་གིས་རབ་ཏུ་བཤད་པར་བྱ། །སྙིང་གི་དཀྱིལ་དུ་གནས་པ་ནི། །རྡོ་རྗེ་དཀར་པོ་རྣམ་པར་མཛེས། །རྩེ་མོ་ལྔ་པ་གཟི་བརྗིད་ཅན། །ལྟེ་བར་ཐིག་ལེ་དཀར་པོ་ཅིག །ལྔ་པོའི་ སྟེང་དུ་རིམ་བཞིན་འབར། །ཕ་རོལ་ཕྱིན་དྲུག་རིམ་བཞིན་དག །རིམ་བཞིན་ཐིག་ལེ་སྒྲ་སྤངས་ལ། །བརྟན་གྱུར་སྟོབས་བསྐྱེད་ཏིང་འཛིན་སྦྱང་། །མན་ངག་རིམ་པས་སྒྲ་ནང་དུ། །ཆུ་སྐྱེས་འདབ་བཞི་འདབ་བརྒྱད་ནས། །འདབ་མ་སྟོང་གི་བར་དུ་དམིགས། །སླར་བསྡུས་སྒྲ་ཡི་ངོ་བོ་ལས། །འདས་ པ་མི་ཕྱེད་ཡེ་ཤེས་འདོད། །དེ་ཉིད་གསལ་བར་བྱ་བའི་ཕྱིར། །མཁས་པ་རབ་ཏུ་བསྟེན་པར་གྱིས། །སེམས་ཅན་རྣམས་ལ་བདག་གསོལ་འདེབས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་རྡོ་རྗེ་ལྟ་བུ་ཞེས་བྱ་བ་དཔལ་ཀམྤ་ལས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་བོད་ཀྱི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་ཞུས་པ།། ༄༅༅། །རྒྱ་གར་སྐད་དུ། ཏཏྟྭ་བྷཱ་སཱ་ཀ་ར་ཎ་དཱི་པ་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྒྲོན་མ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ ཅད་ལ་ཕྱག་འཚལ་ལོ། །རྟོག་པ་ཀུན་ལས་ངེས་གྲོལ་གང་། །མཚན་མེད་སྟོང་པའི་ངོ་བོ་ཅན། །དགེ་བ་དེ་ལ་ཕྱག་འཚལ་ནས། །དེ་ཉིད་གསལ་བ་བྲི་བར་བྱ། །ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་འདི་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་སྒོ་ནས་ཤེས་པར་བྱས་ནས། དེ་ཁོང་དུ་ཆུད་པར་བྱ་བ་ཡིན་ན་ཡང་ཕལ་ཆེའི་སྤྱོད་ཡུལ་མ་ཡིན་པས་ཁོ་མོས་ནི་སྒྲ་ལས་འདས་པའི་རིམ་པ་འདི་བསྟན་ཏེ། དང་པོར་སེམས་མི་གཡོ་བར་འདུག་པ་སློབ་པར་འདོད་པས་ལུས་སེམས་ངལ་དུབ་མེད་པར་བྱས་ནས་གནས་བདེ་བར་གནས་པར་བྱའོ། །དེ་ནས་རང་གི་སྙིང་དབུས་སུ། ། ཆུ་སྐྱེས་དཀར་པོ་འདབ་བཞིའི་དབུས། །པཾ་ནི་དཀར་པོ་བསམ་པར་བྱ། །བརྟན་གྱུར་རིམ་པས་སྒྲ་ལ་དམིགས། །དེ་ནས་པདྨ་འདབ་བརྒྱད་དང་། །བརྒྱ་ཡི་བར་དུ་སྤྲོ་བསྡུ་བྱ། །དེ་ནས་མི་གཡོ་བརྟན་གྱུར་ནས། །དམ་པ་རྣམས་ལ་བསྙེན་བཀུར་གྱིས། །དེ་ཁོ་ན་གསལ་བར་བྱེད་པའི་སྒྲོན་མ་ ཞེས་བྱ་བ་དཔལ་ཀམྤ་ལའི་ཡུམ་གྱིས་མཛད་པའི་རིམ་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏ་མཎྜ་ལ་ནོ་པི་ཀ །བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དཀྱིལ་འཁོར་གྱི་ཆོ་ག །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་ འཚལ་ལོ། །སྤྲོས་པའི་མཚན་མ་ལས་འདས་པ། །ཡུམ་མཆོག་དེ་ལ་ཕྱག་འཚལ་ནས། །བདེ་གཤེགས་ཀུན་འབྱུང་དམ་པ་ཡི། །དཀྱིལ་འཁོར་ཆོ་ག་བཤད་པར་བྱ། །དམ་ཚིག་ལ་སོགས་ཐོབ་པ་ཡིས། །དང་པོར་རེ་ཞིག་བདག་མེད་པར། །མོས་པས་ནང་གི་ཁྲུས་བྱས་ལ། ། གཉིས་པ་ཕྱི་ཡི་ཁྲུས་ཀྱང་བྱ། །མགྲིན་པར་པདྨ་བསམ་པར་བྱ། །མདུན་གྱི་འདབ་མར་ཨས་བསྐྱེད་པའི། །ཟླ་བར་རྡོ་རྗེ་རྩེ་ལྔ་པ། །བསྐྱེད་དེ་ལྕེ་དེར་ཐིམ་པར་བྱ། །རྡོ་རྗེ་ལྕེར་ནི་བསམ་བྱས་ནས། །སྔགས་བཟླས་པ་ལ་ནུས་པར་གྱུར། །ལག་པ་གཉིས་ལ་ཡི་གེ་ཨ། །ཟླ་བར་རྡོ་རྗེ་རྩེ་ ལྔ་པ། །ཡི་གེ་ཧཱུཾ་གིས་བསྐྱེད་བྱས་ཏེ། །ཁ་དོག་དཀར་པོ་བསྒོམ་པར་བྱ། །ལག་པའི་ནང་དུ་ཐིམ་བྱས་ཏེ། །རྡོ་རྗེ་ལག་པ་བརྟན་བྱས་ནས། །ཕྱག་རྒྱ་ཐམས་ཅད་བཅིང་བར་བྱ། །རྡོ་རྗེ་འཇིགས་བྱེད་ནས་བརྩམས་ནས། །སྲུང་བའི་འཁོར་ལོ་ཐམས་ཅད་ཀྱང་། །རྡོ་རྗེ་རི་བོའི་མཐར་ཐུག་པར། ། མཁས་པ་ཡིས་ནི་བསམ་པར་བྱ། །ཤིན་ཏུ་མཉམ་གཞག་སློབ་དཔོན་གྱིས། །ཀུན་ནས་ཡོངས་སུ་བསྐོར་བར་ནི། །རྡོ་རྗེ་ར་བ་དྲ་བ་སོགས། །ཕྱོགས་མཚམས་བཅིང་བར་བྱ་བའོ། །དེ་ནས་དེ་ཡི་རྗེས་ཐོགས་ལ། །སེམས་ཅན་ཀུན་ལ་ཕན་དོན་དུ། །ཡུམ་མཆོག་སྲས་དང་བཅས་པ་ རྣམས། །མདུན་གྱི་ནམ་མཁར་བསམ་པར་བྱ། །ཕྱག་བྱས་ནས་ནི་མེ་ཏོག་དང་། །བདུག་པ་དྲི་ལ་སོགས་པས་མཆོད། །རྩ་བའི་རྒྱུད་ལས་གསུངས་པ་ལྟར། །མཆོད་པ་ཉི་ཤུས་མཆོད་པར་བྱ། །སྡིག་པ་ཐམས་ཅད་བཤགས་བྱ་ཞིང་། །རྗེས་སུ་ཡི་རང་བསྐུལ་བ་དང་། །དེ་བཞིན་ གསོལ་བ་གདབ་པ་དང་། །སེམས་ཅན་ཀུན་ལ་ཐུན་མོང་བསྔོ། །སྡོམ་པ་གཟུང་དང་སྡིག་པ་དྲལ། །ཡེ་ཤེས་དབབ་དང་ངན་སོང་དགུག །སྡིག་པ་དྲལ་བར་བྱ་བའོ། །བདག་ཉིད་སེམས་དཔར་བསྐྱེད་ནས་ཀྱང་། །བྱིན་གྱིས་བརླབ་པར་བྱ་བའོ། །དེ་ནས་དེ་ཡི་རྗེས་ཉིད་ལ། ། སྔགས་པ་གཞན་ལ་ཕན་བརྩོན་པས། །སྟོང་པ་ཉིད་ལ་རབ་བསྒོམས་ནས། །ཡི་གེ་ཧཱུཾ་ལས་བྱུང་བ་ཡི། །རླུང་གི་དཀྱིལ་འཁོར་ནས་བརྩམས་ཏེ། །རི་རབ་གླིང་བཞི་རབ་ཏུ་བསྐྱེད། །དེ་ཡི་སྟེང་དུ་མཁས་པ་ཡིས། །རྡོ་རྗེ་རིན་ཆེན་ལས་གྲུབ་པའི། །གཞལ་ཡས་ཁང་ནི་སྤྲུལ་པར་བྱ། །དེ་ཡི་ གནས་སུ་ཨ་སིཾ་ཨས། །སེང་གེའི་གདན་ནི་བཅུ་གཅིག་བསྐྱེད། །སེང་གེའི་གདན་ནི་དབུས་མ་ལ། །པདྨ་ལ་གནས་ཟླ་བ་ཡི། །དེ་སྟེང་བདག་ཉིད་འདུག་ནས་ཀྱང་། །སྟོང་པ་ཉིད་དུ་རབ་བསྒོམས་ནས། །དེ་ཡི་རྗེས་ཐོགས་ཉིད་ལ་ནི། །བདག་ཉིད་ཀྱི་ནི་སྙིང་ག་རུ། །དྷི་ལས་པདྨ་འདབ་བརྒྱད་པ། །དེ་ཡི་དབུས་སུ་ཨ་ལས་ནི། ། ཟླ་བའི་དཀྱིལ་འཁོར་རྣམ་པར་བསམས། །དེ་དཀྱིལ་ཡི་གེ་དྷི་བཀོད་དེ། །དེ་ཡི་འོད་ཀྱིས་བླ་མ་དང་། །ཕྱོགས་བཅུའི་བདེ་གཤེགས་རབ་ཏུ་མཆོད། །དེ་ནས་དྷི་དེ་ལས་བྱུང་བ། །པདྨ་ཤེས་རབ་ཕ་རོལ་ཕྱིན། །གླེགས་བམ་དག་གིས་མཚན་པའམ། །འདི་དག་ཡོངས་སུ་གྱུར་པ་ལས། །ཕྱོགས་ བཅུ་དུས་གསུམ་ཐམས་ཅད་ཀྱི། །བདེ་བར་གཤེགས་པའི་ཡུམ་གྱུར་པ། །ཤེས་རབ་ཕ་རོལ་ཕྱིན་པའི་ཡུམ། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །སྐུ་མདོག་དུང་ལྟར་དཀར་བ་ལ། །གཡས་པ་མཆོག་ལམ་སྦྱིན་མཛད་ཅིང་། །གཡོན་པའི་ཕྱག་ན་བསྣམས་པ་ནི། །པདྨ་ལ་གནས་ གླེགས་བམ་སྟེ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །བསམ་གཏན་དག་ལ་རབ་གཞོལ་བ། །དྲི་ཞིམ་མེ་ཏོག་གིས་བརྒྱན་པའི། །རལ་པའི་ཅོད་པན་བརྒྱན་པའོ། །དེ་ལྟ་བུ་ཡི་ཡུམ་མཆོག་ལ། །ལྷ་མོ་བརྒྱད་ཀྱིས་མཆོད་པར་བྱ། །སྙིང་ག་ལྐོག་མ་སྨིན་མཚམས་ དང་། །སྤྱི་བོ་དག་གི་གནས་སུ་ཡང་། །དམ་ཚིག་ཕྱག་རྒྱས་བྱིན་གྱིས་བརླབ། །སྦྱོར་བ་མཆོག་གི་ཏིང་ངེ་འཛིན་ཞེས་བྱའོ།། །།ཕྱོགས་བཅུའི་དཀྱིལ་འཁོར་དག་ཏུ་ནི། །པདྨ་ལ་གནས་ཟླ་དཀྱིལ་དུ། །དྷི་ནི་བཅུ་རུ་གསལ་བ་ལས། །རྫོགས་པ་ཡི་ནི་ཚུལ་ཉིད་དུ། །ཕྱོགས་ བཅུའི་སངས་རྒྱས་བསྐྱེད་པར་བྱ། །ཤར་ཕྱོགས་པད་གནས་ཟླ་དཀྱིལ་དུ། །བདེ་གཤེགས་དཀོན་མཆོག་འབྱུང་གནས་ནི། །སྐུ་མདོག་དམར་སྐྱར་གནས་པ་ལ། །གཡས་པ་རིན་ཆེན་མཆོག་སྦྱིན་མཛད། །གཡོན་པ་ལྟེ་བ་ཁུང་དུ་བརྟེན། །དེ་ནས་གོ་རིམས་བཞིན་དུ་ནི། །བདེ་ གཤེགས་མྱ་ངན་མེད་པ་ནི། །སྐུ་མདོག་ནམ་མཁའ་ལྟ་བུ་ལ། །ཕྱག་གཡས་འཁོར་ལོ་འབར་བ་བསྣམས། །གཡོན་པ་ལྟེ་བ་ཁུང་དུ་བརྟེན། །བདེ་བར་གཤེགས་པ་གསུམ་པ་ནི། །རིན་ཆེན་གྱི་ནི་འོད་འཕྲོ་བ། །དུང་ལྟར་དཀར་བའི་སྐུ་མདོག་ལ། །གཡས་པ་མཆེ་བ་གཙིགས་པ་ བསྣམས། །གཡོན་པ་ལྟེ་བར་བརྟེན་པའོ། །བྱང་ཕྱོགས་ཟླ་བའི་དཀྱིལ་འཁོར་ལ། །རྒྱལ་བའི་དབང་པོ་ཞེས་བྱ་བ། །སྐུ་མདོག་ལྗང་གུ་འབར་བ་ལ། །གཡས་པའི་ཕྱག་ན་པདྨ་བསྣམས། །གཡོན་པ་ལྟེ་བར་བརྟེན་པའོ། །བདེ་བར་གཤེགས་པ་ལྔ་པ་ནི། །ཏིང་འཛིན་གླང་པོ་ དམ་པའི་དཔལ། །བཙོ་མ་གསེར་གྱི་མདོག་འདྲ་བ། །ཕྱག་གཡས་ཆོས་ནི་འཆད་པ་ལ། །གཡོན་པ་ཆོས་གོས་འཛིན་པའོ། །བདེ་གཤེགས་པདྨ་དམ་པའི་དཔལ། །སྐུ་མདོག་དཀར་བ་ཉིད་ལ་ནི། །གཡས་པའི་ཕྱག་ན་པདྨ་བསྣམས། །གཡོན་པ་ལྟེ་བར་བརྟེན་པའོ། །བདེ་ བར་གཤེགས་པ་བདུན་པ་ནི། །ཉི་མའི་དཀྱིལ་འཁོར་སྣང་བའི་དཔལ། །སྐུ་མདོག་རིན་ཆེན་མརྒད་ལ། །ཕྱག་གཡས་ཉི་མའི་དཀྱིལ་འཁོར་བསྣམས། །གཡོན་པ་ལྟེ་བར་བརྟེན་པའོ། །དཀྱིལ་འཁོར་བརྒྱད་པའི་བདེ་གཤེགས་ནི། །སངས་རྒྱས་གདུགས་ཆེན་དམ་པའི་དཔལ། ། སྐུ་མདོག་ལྗང་གུ་འོད་དུ་འབར། །གཡས་པ་སྣ་ཚོགས་རྡོ་རྗེ་ལ། །གཡོན་པ་ལྟེ་བར་བརྟེན་པའོ། །སྟེང་གི་ཕྱོགས་ཀྱི་སངས་རྒྱས་ནི། །དགའ་བར་བྱེད་པའི་སེམས་ཅན་ལ། །སྐུ་མདོག་ཨུཏྤལ་སྔོན་པོ་ལ། །ཕྱག་གཡས་རིན་ཆེན་བུམ་པ་བསྣམས། །གཡོན་པ་དཀུ་རུ་བརྟེན་པའོ། ། བདེ་གཤེགས་བཅུ་པ་ཞེས་བྱ་བ། །པདྨ་དམ་པའི་དཔལ་ཞེས་བྱ། །སྐུ་མདོག་གསེར་ལྟར་འབར་བ་ལ། །གཡས་པ་པདྨ་བསྣམས་པ་ལ། །གཡོན་གྱིས་ལྟེ་བར་བརྟེན་པའོ། །བདེ་གཤེགས་འཁོར་གྱི་སེམས་དཔའ་ནི། །གཡོན་པ་པདྨ་འཛིན་པ་ལ། །གཡས་པ་རང་གི་མཚན་མ་ འཛིན། །རང་གི་རིགས་ཀྱི་མདོག་འཛིན་པའོ། །ཟླ་བ་པདྨ་ལྡན་པ་ལ། །ཨ་ཡི་ས་བོན་ལས་བྱུང་བ། །ཆོས་ཀྱི་རྒྱལ་མཚན་སེམས་དཔའ་ཆེ། །མདོག་དཀར་ཆུ་སྲིན་རྒྱལ་མཚན་བསྣམས། །ཏྲཾ་གི་ས་བོན་ལས་བྱུང་བ། །སེམས་དཔའ་དབང་ཕྱུག་རྒྱལ་པོ་ནི། །ནམ་མཁའི་མདོག་ ཅན་ལྕགས་ཀྱུ་བསྣམས། །ཏྲི་ཡི་ས་བོན་ལས་བྱུང་བ། །བཀོད་པའི་རྒྱན་གྱི་སེམས་དཔའ་ཆེ། །མདོག་དཀར་མེ་ཏོག་ཨུཏྤལ་བསྣམས། །ཏྲཾ་གི་ས་བོན་ལས་བྱུང་བ། །རིན་ཆེན་འོད་འཕྲོ་ལྗང་གུ་མདོག །རིན་ཆེན་འོད་འབར་བསྣམས་པའོ། །ཨ་ཡི་ས་བོན་ལས་བྱུང་བ། །སེམས་ དཔའ་སྣང་མཆོག་དཀར་བ་ལ། །ཉི་མའི་དཀྱིལ་འཁོར་བསྣམས་པའོ། །ཧཱུཾ་གི་ས་བོན་ལས་བྱུང་བ། །ཕྱག་རྒྱའི་རྒྱལ་པོ་ཞེས་བྱ་བ། །སྐུ་མདོག་སྔོ་ལ་མདའ་གཞུ་བསྣམས། །ཏྲཾ་གི་ས་བོན་ལས་བྱུང་བ། །སེམས་དཔའ་སྤོས་ཀྱི་རྒྱལ་པོ་ནི། །ཟ་མ་ཏོག་བསྣམས་དམར་བའོ། །ཨོཾ་གྱི་ ས་བ