Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 68

Văn bản gốc(Tây Tạng)

Trang 15 / 22 (50.000 ký tự/trang)
་ཀུ་ཤས་བསྐོར། མཆོད་ཡོན་གྱི་བུམ་པའམ་གཏོར་མ་བཅས་པ་ཆ་གཉིས་བཤམས། བགེགས་བསྐྲད་པའི་ཕྲིན་ལས་བཅོལ་བས་བྱང་ཤར་དུ་གཞག །སྦྱིན་སྲེག་གི་རྫས་ཀྱང་ནུབ་ཏུ་གཞག །ལྷ་དགོད་ཙམ་ན་སོ་སོའི་སྙིང་པོ་བཟླས།

བུམ་པ་ལ་སོགས་པ་སོ་སོའི་གནས་སུ་དགོད། རྣམ་པར་རྒྱལ་བའི་བུམ་པ་ཤར་སྒོར་གཞག །ཕྱོགས་བཞིར་རིང་བའམ་ཡུན་ཐུང་བ་མ་ཡིན་པར་ཁྲི་ལ་ཀློག་མཁན་བཞག་ལ་སངས་རྒྱས་བཞིན་དུ་མཆོད། མདོ་བཞི་གདོན་ནོ། །ཚོན་ལྷག་མ་བསྡུས་ལ་བཤགས་པ་བྱས་ལ་གཏང་།
དེ་ནས་ཤར་ཕྱོགས་སུ་སློབ་དཔོན་གྱིས་རྡོ་རྗེ་དྲིལ་བུ་དེ་ཉིད་དྲན་པར་བྱས་ལ། དཀྲོལ་བསོར་ལྕེ་དང་ལག་པ་བྱིན་གྱིས་བརླབ། བདག་མེད་པར་བསྒོམ། དེ་ནས་ཁྲོ་བོར་བསྒོམས་ཏེ་དབང་བསྐུར་གོ་བགོ། རྐང་པ་དང་མིག་བྱིན་གྱིས་བརླབས་ཏེ་རྐང་པའི་འོག་ཏུ་ཧཱུཾ་ལས་རྡོ་རྗེ་རྒྱ་གྲམ་
དུ་བསམ། མིག་གཡོན་པར་མ་ལས་ཉི་མའི་དཀྱིལ་འཁོར་གཡས་པར་ཊ་ལས་ཟླ་བའི་དཀྱིལ་འཁོར་དབུས་སུ་ཧཱུཾ་མཐིང་ག་བསམ། དེ་ནས་ང་རྒྱལ་བསྐྱེད་ལ་བསྟོད། དེ་ནས་བསྐྲད་པ་དང་རྒྱན་ཆ་བྱིན་གྱིས་བརླབས་ལ་གདོན་ལ་བདེན་པས་བསྒོ། །དེ་ནས་བྱང་ཤར་ནས་བརྩམས་ནས་
རྩེ་གསུམ་འགྲོས་དང་རྒྱ་གྲམ་འགྲོས། གཡས་བརྐྱང་དང་གཡོན་བརྐྱང་ལ་སོགས་པ་བྱའོ། །ཁྲོ་བོའི་ལྟ་བ་ལ་སོགས་པ་བྱ། རྡོ་རྗེ་འགྲོས་ཀྱིས་འགྱིང་ཚུལ་གར་སྟབས་དང་། འཇོ་ཚུལ་དང་འདེགས་པ་དང་། རྒྱ་གྲམ་དང་སྟེག་པ་དང་། འཕེན་ཚུལ་དང་། དབང་བསྐུར་བ་དང་གོ་
བགོ་བ་དང་། ལས་ཀྱི་ཕྱག་རྒྱ་ལ་སོགས་པ་མ་ལུས་པར་བྱའོ། །ཧཱུཾ་རྒྱུན་མ་ཆད་པར་གདོན་ནོ། །ཕྱོགས་ཕྱོགས་སུ་བསྟོད་པ་བདེན་པ་བསྒྲགས་པར་བྱའོ། །ར་བ་དང་དྲ་བ་བསམ། རྒྱན་དང་བཅས་པ་ལྷོ་ཤར་དུ་གཞག །དེ་ནས་སེམས་དཔའ་འམ་མཉམ་པའི་སྐྱིལ་ཀྲུང་དུ་འདུག་
ལ། ཡང་བདག་མེད་པར་མོས་པར་བྱ། ཁ་ལག་བྱིན་གྱིས་བརླབ། ཧཱུཾ་ལས་ཁྲོ་བོར་བསྒོམ། དབང་བསྐུར་བ་བླང་གོ་གོན། དེ་ནས་རྡོ་རྗེ་འཇིགས་བྱེད་ནས་རྡོ་རྗེ་རི་བོའི་བར་དང་ར་བ་དང་དྲ་བ་དང་བླ་རེ་དང་ས་གཞིའི་བར་དུ་བྱའོ། །དེ་ནས་འཁོར་ལོ་སྤྲུལ་ནས་དེའི་སྤྱན་སྔར་ཕྱག་བྱས་པ་
དང་། མཆོད་པ་ཉི་ཤུས་མཆོད་པ་དང་། བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། ལུས་ཕུལ་ལ་དགེ་བ་བསྔོ་བར་བྱའོ། །དེའི་སྤྱན་སྔར་སྡོམ་པ་བླང་ངོ་། །དེ་ཡན་ཆད་དུ་

རིམ་པ་དང་པོའི་བྱ་བ་རྫོགས་སོ།། །།འདི་ནས་མར་ནི་སློབ་དཔོན་གང་དག་ཏིང་ངེ་འཛིན་གསུམ་དུ་འདོད་དེ་དེ་ཡང་མི་འགལ་བས། དང་པོ་གཟུགས་བརྙན་གྱི་སྦྱོར་བས་ཐལ་མོ་སྦྱར་ལ། ཨོཾ་སྭ་བྷཱ་ཝ་བྷི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། དེའི་དོན་མོས་པར་བྱའོ། །དེ་
ནས་དཀྱིལ་འཁོར་རྒྱ་ཡོངས་སུ་མ་ཆད་པ། རི་རབ་གཟི་མདངས་དང་ལྡན་པའི་དབུས་སུ་རྡོ་རྗེ་རིན་པོ་ཆེའི་དཀྱིལ་འཁོར་འཁོར་ལོ་ལྟ་བུ་ཆ་བརྒྱད་དུ་ལེགས་པར་ཕྱེ་བ། དེའི་མཐའ་ཀ་བ་ཆེན་པོ་བརྒྱད་ཀྱིས་བརྟེན་པ་རིན་པོ་ཆེ་སྣ་ཚོགས་འོད་འབར་བའི་ཁང་པ་མཐོན་པོར་འཇིག་རྟེན་ལས་འདས་
པའི་ཕུན་སུམ་ཚོགས་པ་ཆེན་པོ་ངོ་མཚར་བ་རྣམ་པ་སྣ་ཚོགས་པའི་གཞིར་གྱུར་པ་ཅིག་བསམས་ལ། ཇི་ལྟར་བསམས་པའི་འཁོར་ལོའི་ནང་དུ། སེང་གེ་དང་གླང་པོ་ཆེ་དང་རྟ་དང་རྨ་བྱ་དང་ཤང་ཤང་དང་ཟླ་བ་དང་པདྨ་ནི་གཙོ་བོ་རྣམས་ཀྱིའོ། །ཡང་ན་སེང་གེ་འབའ་ཞིག་ཏུ་བཤད་པའི་རྒྱུད་
ལས་འབྱུང་བ་ལྟར་བྱའོ། །འཁོར་ལོ་སོ་སོའི་གནས་སུ་ཟླ་བ་དང་པདྨའོ། །དེ་རུ་ལྷ་མོ་མཆོད་པ་བྱ་བ་ནི་རྡུལ་ཚོན་དུ་ཇི་ལྟར་བཀོད་པ་དེ་དེ་ལྟར་བསམ་མོ། །དེ་བཞིན་གཤེགས་པ་ལ་སོགས་པ་ལྷའི་དཀྱིལ་འཁོར་འདི་དག་གི །ཁ་དོག་རྣམ་པར་དབྱེ་བ་བརྟག་པ་ནི་འདི་ལྟ་སྟེ་རྩ་བའི་རྒྱུད་
ཀྱི་དབང་དུ་བྱས་པ་ནི་སློབ་དཔོན་དང་སློབ་མའི་གདོང་གཡོགས་དང་སྟོད་གཡོགས་དང་སྨད་དཀྲིས་ཀྱི་ཁ་དོག་ལས་ཤེས་པར་བྱ་སྟེ། དེ་ཡང་རྩ་བའི་རྒྱུད་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་རིགས་བཞི་ཆར་གྱི་ཁ་དོག་གསུངས་པ། དམར་པོ་དེ་བཞིན་གཤེགས་པའི་རིགས། །
སྔོན་པོ་རྡོ་རྗེའི་རིགས་སུ་བཤད། །དཀར་པོ་པདྨའི་ལས་བྱུང་ཡིན། །ཁ་དོག་ཐམས་ཅད་རིན་ཆེན་འབྱུང་། །ཞེས་གསུངས་སོ། །དེའི་རྗེས་སུ་བསྙགས་ན་རིགས་ཀྱི་བདག་པོ་ཡང་ཁ་དོག་དེ་དང་འདྲ་བ་ཉིད་དུ་རིག་པར་བྱའོ། །ཡང་ན་ཁ་དོག་རྒྱན་སྔགས་པ་ཇི་ལྟར་འདོད་པ་
བཞིན་དུ་འདིར་བསམ་པར་བྱའོ། །ཇི་སྲིད་དུ་ཁ་དོག་རྒྱན་རྣམས་ཇི་ལྟར་འདོད་པ་བཞིན་དུ་བྲིའོ་ཞེས་རྩ་བའི་རྒྱུད་ལས་གསུངས་པའི་ཕྱིར་རོ། །འདིར་ནི་རྡོ་རྗེ་རྩེ་མོའི་དབང་དུ་བྱས་ཏེ་དེ་ལས་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཁ་དོག་རྣམ་པར་ཕྱེ་སྟེ་ཇི་སྐད་དུ། སྔོན་པོ་སེར་པོ་དེ་

བཞིན་དམར། །སྔོ་བསངས་དེ་དག་རིགས་སུ་བཤད། །དེ་བཞིན་རྒྱལ་བའི་རིགས་བཟང་པོ། །ཁ་དོག་དཀར་པོར་རབ་ཏུ་གྲགས། །ཞེས་གསུངས་སོ། །ཡང་གཞུང་ཆེན་པོ་ལས་རྒྱལ་བ་འབའ་ཞིག་གི་ཁ་དོག་རྣམ་པར་དབྱེ་བ་བཤད་པ་ལྟར་བྱའོ། །དེ་ཡང་ཇི་སྐད་དུ། རྟག་པའི་
འཁོར་ལོ་སེར་པོ་སྟེ། །མི་འཁྲུགས་འཁོར་ལོ་དཀར་པོ་ཡིན། །རིན་ཆེན་དབང་གི་རབ་ཏུ་སྔོ། །ཚེ་དཔག་མེད་པ་དམར་པོར་བྱ། །ཁ་དོག་སྣ་ཚོགས་རྒྱ་ཆེན་མཆོག །ཅེས་གསུངས་སོ། །དེ་བས་ན་དེ་ལྟར་འདུལ་བའི་སྐྱེ་བོའི་དབང་གིས་དེ་དག་གི་ཁ་དོག་དང་དབྱིབས་དུ་
མར་སྣང་བར་འགྱུར་བས། དེ་དག་གི་ཁ་དོག་ཁྱད་པར་ནི་སོ་སོར་ངེས་པ་མེད་པར་རིག་པར་བྱའོ། །སྣམ་བུ་བདག་པོ་དང་འཁོར་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ཉིད་ཡོན་ཏན་ཐམས་ཅད་ལྡན་པར་བསམ་པ་ནི་རྡུལ་ཚོན་གྱི་དབང་དུ་བྱས་པའི་དཀྱིལ་འཁོར་རྒྱལ་བ་མཆོག་
གི་ཏིང་ངེ་འཛིན་རྫོགས་སོ།། །།ལྷ་སོ་སོའི་ལས་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་བྱང་ཆུབ་སེམས་བསྐྱེད་པ་ལ་སོགས་པའི་ལས་ལ་སྦྱར་བར་བྱའོ། །ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་རྫོགས་སོ།། །།དེ་ལྟར་བསམ་པར་བྱས་ནས་སྤྱན་དྲང་པར་བྱ་སྟེ་དེ་ལ་
རིམ་པ་འདིའོ། །དང་པོར་རེ་ཞིག་ལྷའི་རྣལ་འབྱོར་ཇི་ལྟར་བྱས་པ་སྔོན་དུ་བྱས་ཏེ་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ཏེ། རྡོ་རྗེ་བསྡུ་བའི་སྙིང་པོ་རྡོ་རྗེ་ཚིག་གིས་བརྗོད་ཅིང་། རྡོ་རྗེ་ཁུ་ཚུར་གཉིས་བསྣོལ་ཏེ་དཔུང་མགོར་བཞག་ལ་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བྱས་ལ་རང་གི་
གུང་མོ་དང་མཐེ་བོང་གཉིས་ཀྱིས་སེ་གོལ་བརྡབ་ཅིང་། ཇི་ལྟར་བསམས་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་སེམས་དཔའ་ཆེན་པོ་རྣམས་བསྡུ་བར་བྱའོ། །དེ་ལ་འདི་ནི་རྡོ་རྗེ་བསྡུ་བའི་སྙིང་པོའོ། །ཨོཾ་བཛྲ་ས་མ་ཡ་ཛཿཧཱུཾ་བཾ་ཧོཿ །ཞེས་བརྗོད་དོ། །དེ་ནས་སོ་སོའི་བྱ་
བའི་རྣམ་པར་གྲོལ་བ་ལ་མཉམ་པར་བཞག་པས་ཇི་ལྟར་བསམས་པ་རྣམས་ཇི་ལྟར་བསམས་པའི་མཆོད་པའི་གནས་ཀྱི་ཁོ་ར་ཁོར་ཡུག་ཏུ་བཞུགས་པར་བསམ་མོ། །དེ་ནས་ཇི་ལྟར་བསམས་པའི་གནས་ཀྱི་ཤར་སྒོར་བལྟས་ཏེ་རྡོ་རྗེ་ལྕགས་ཀྱུ་སྒོ་སྲུང་གི་ལས་ཀྱི་ཕྱག་རྒྱ་བཅིངས་

ལ་དེར་ཡང་ལྕགས་ཀྱུ་བསམས་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཞེས་བྱ་བའི་རྡོ་རྗེ་ལྕགས་ཀྱུའི་སྙིང་པོ་བརྗོད་ཅིང་དགུག་པའི་ཚུལ་གྱིས་བདེ་བར་གཤེགས་པ་ལ་སོགས་པ་རང་རང་གི་སྒོར་མངོན་པར་ཕྱོགས་པར་བལྟའོ། །དེ་ནས་ཕྱག་རྒྱ་དེ་རང་གི་གནས་སུ་བཀྲོལ་ཏེ་ལྕགས་
ཀྱུ་དེ་སྒོ་ཉིད་ལ་གཏད་དོ། །ལྷོ་ཕྱོགས་ཀྱི་སྒོར་བལྟས་ལ། རྡོ་རྗེ་ཞགས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། དེར་ཞགས་པ་བསམས་ལ་འགུགས་པའི་ཚུལ་གྱིས་བདེ་བར་གཤེགས་པ་ལ་སོགས་པ་སེམས་དཔའ་ཆེན་པོ་ཐམས་ཅད་རང་རང་གི་སྒོར་ཞུགས་པར་བརྟགས་ཏེ། དེའི་
སྙིང་པོ་ཨོཾ་བཛྲ་པཱ་ཤ་ཧཱུཾ། ཞེས་པའོ། །ཕྱག་རྒྱ་ཡང་རང་གི་གནས་ཉིད་དུ་དགྲོལ་ལོ། །དེའི་འོག་ཏུ་ནུབ་ཕྱོགས་ཀྱི་སྒོར་བལྟས་ལ། རྡོ་རྗེ་ལྕགས་སྒྲོག་ཕོ་ཉའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། དེར་ལྕགས་སྒྲོག་བསམས་ལ། ཨོཾ་བཛྲ་སྥོ་ཊ་བཾ། ཞེས་བྱ་བ་ཡང་བརྗོད་ཅིང་དེ་
དག་ཇི་སྲིད་འདོད་པར་བཞུགས་པར་བྱ་བའི་ཕྱིར། སྟོན་པའི་བཀའ་མཚན་ཉིད་རྡོ་རྗེ་ལྕགས་སྒྲོག་གི་སྒྲོག་ཏུ་གཞུག །དེ་ཡང་རང་གནས་སུ་བཀྲོལ་བར་བྱའོ། །བྱང་ཕྱོགས་ཀྱི་སྒོར་བལྟས་ཏེ་རྡོ་རྗེ་དབབ་པ་བྲན་གྱི་ཕྱག་རྒྱ་བཅིངས་ནས་དེར་ཡང་ཤེས་རབ་ཀྱི་མཚན་མ་རྡོ་རྗེ་དྲིལ་བུ་
བསམས་ཏེ། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿ། ཞེས་བརྗོད་ལ། དྲིལ་བུ་བསྐྱོད་པའི་ཚུལ་གྱིས་དེ་རྣམས་མཉེས་པར་བྱས་ཏེ་ཕྱག་རྒྱ་རང་གི་གནས་སུ་དགྲོལ་ལོ། །རང་གི་ཁས་བླངས་པའི་ཚིག་ཀྱང་བརྗོད་དོ། །དེ་ཡང་རྒྱུད་ལས། སྒོ་རྣམས་ཀྱང་ནི་ཐམས་ཅད་དུ། །ལྕགས་ཀྱུ་ལ་
སོགས་ལས་བྱས་ནས། །ཞེས་གསུངས་སོ། །དེ་སྔོན་དུ་སྒོ་དབྱེ་བ་ཡང་ལ་ལ་འདོད་དོ། །བདག་ཉིད་ཆེན་པོ་གང་གང་གིས། །ཕྱག་རྒྱས་གང་དང་གང་བཅིངས་པ། །བཟླས་པའི་སྙིང་པོའི་དོན་དུ་ནི། །དེར་ནི་བདག་ཉིད་བསྒོམ་པར་བྱའོ། །དམ་ཚིག་གི་ཕྱག་རྒྱ་
ཐམས་ཅད་ལས་རྒྱལ་བ་ལ་ས་མ་ཡ་སྟྭཾ། ཞེས་བརྗོད་དོ། །དེ་ནི་ཕྱག་རྒྱ་བཅིང་བའི་སྙིང་པོ་ཡིན་པས་ཕྱག་རྒྱ་བཅའ་བའི་རིགས་ཀུན་ལ་ཡང་མི་འགལ་ལོ། །དེ་ནས་ལས་ཀྱི་ཕྱག་རྒྱ་ལྷ་ཐམས་ཅད་ཀྱི་བཀས་གཞུག་པའི་ས་ནས་སོ་སོའི་གནས་སུ་གཞུག་པ་བསྟིམ་པ་སྟེ་གཉིས་

སུ་མེད་པར་བྱའོ། །དེ་ཡང་སྔགས་ཀྱི་རྒྱུད་ལས། ལས་ཆེན་མཆོག་གི་ཕྱག་རྒྱ་ཡིས། །དམ་ཚིག་རྣམས་ནི་གཞག་པར་བགྱི། །ཞེས་གསུངས་སོ། །དེའི་དོན་ནི་ལྷ་སོ་སོའི་ལས་ཀྱི་ཕྱག་རྒྱ་བཅས་ཏེ་སོ་སོའི་སྙིང་པོ་བརྗོད་ལ་གནས་སུ་བསྟིམ་མོ། །སྙིང་གར་སྣ་ཚོགས་རྡོ་རྗེ་
བསམས་ལ་སྦྱར་བར་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱས་གཉིས་སུ་མེད་པ་དེ་ལ་ཡུན་རིང་དུ་བསམ་གཏན་བྱའོ། །སྔགས་ཀྱི་རྒྱུད་ལས། །དམ་ཚིག་མཆོག་གི་ཕྱག་རྒྱ་རྣམས། །སེམས་མ་རྡོ་རྗེ་ལ་སོགས་པས། །དེ་ལྟར་སེམས་དཔའ་ཆེན་པོ་བསྒྲུབ། །ཅེས་གསུངས་སོ། །དེའི་
དོན་སྙིང་གར་སེམས་མ་རྡོ་རྗེ་བསམས་ལ་ལྷ་སོ་སོའི་དམ་ཚིག་གི་ཕྱག་རྒྱ་བཅས་ལ་སོ་སོའི་སྔགས་ཀྱི་མཇུག་ལ་ས་མ་ཡ་སྟྭཾ། ས་མ་ཡ་ཧོ་ཨཱ་ཧཱུཾ། ཞེས་བརྗོད་ལ་རྡོ་རྗེའི་ལྟ་བས་ཡུན་རིང་དུ་བསམ་གཏན་བྱའོ། །སྔགས་ཤིན་ཏུ་གསལ་བ་དེ་ལ་ལྷ་སོ་སོའི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པའི་
དབུས་སུ་ཆོས་ཀྱི་ཕྱག་རྒྱ་བཅས་ལ། སོ་སོའི་ཆོས་ཀྱི་ཕྱག་རྒྱ་བརྗོད་དོ། །ཕྱག་རྒྱ་ཆེན་པོ་གོང་དུ་བསམ་པའོ། །དེ་ལྟར་ཕྱག་རྒྱ་བཞི་དང་ལྡན་པར་བྱས་ནས་བདེ་བར་གཤེགས་པས་བདག་བྱིན་གྱིས་བརླབ་པའོ། །ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་ཨ་ན་ཡ་ཧཱུཾ། ངན་སོང་འདྲེན་པའི་
སྔགས་སོ། །ཨོཾ་སརྦ་བིཏ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཧཱུཾ་ཕཊ། སྡིག་པ་ཐམས་ཅད་དག་པར་བྱེད་པའི་སྔགས་སོ། །ཨོཾ་སརྦ་བིཏ་ཏྲ་ཊ་ཧཱུཾ་ཕཊ། ངན་སོང་ཐམས་ཅད་དག་པར་བྱེད་པའོ། །ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་རཱ་ཛ་ཛ། ཨོཾ་བཛྲ་རཱ་ག་ཧོ། །ཨོཾ་བཛྲ་སཱ་དྷུ་དྷུ། ཨོཾ་བཛྲ་རཏྣ་
ཨོཾ། །ཨོཾ་བཛྲ་ཏེ་ཛ་ཨཾ། ཨོཾ་བཛྲ་ཀེ་ཏུ་ཏྲཾ། ཨོཾ་བཛྲ་ཧ་ས་ཧ། ཨོཾ་བཛྲ་དྷརྨ་ཧྲི། ཨོཾ་བཛྲ་ཏཱི་ཀྵྞ་དྷཾ། ཨོཾ་བཛྲ་ཧེ་ཏུ་མཾ། ཨོཾ་བཛྲ་བྷ་ཥ་རཾ། ཨོཾ་བཛྲ་ཀརྨ་ཏྲཾ། ཨོཾ་བཛྲ་རཀྵ་ཧཾ། ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་སིནྡྷ་བཾ། ཨོཾ་བཛྲ་ལཱ་སྱེ་ཧཱུཾ། ཨོཾ་བཛྲ་མཱ་ལེ་ཏྲཾ། ཨོཾ་གཱི་ཏི་ཧྲི། ཨོཾ་
བཛྲ་ནིརྟི་ཨ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཏྲཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲི། ཨོཾ་བཛྲ་གནྡྷེ་ཨ། ཨོཾ་བཛྲ་ཨ་ངྐུ་ཤ་ཛཿ། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཨ། ཨོཾ་བཛྲ་སརྦ་སཾ་སྐཱ་ར་པ་རི་ཤོ་དྷ་ཡ་མ་ཧཱ་ཡ་ན་པ་རི་བཱ་རེ་སྭཱ་ཧཱ། དེ་ནི་སྔགས་རྣམས་སོ། །བྱམས་པ་

ལ་སོགས་པ་ནས་ཀུན་དུ་བཟང་པོ་མཐར་ཐུག་པ་ནི་རིག་པ་དེས་བྱའོ། །ཡང་ན་བཤད་པའོ་རྒྱུད་ལས་འབྱུང་བ་སོ་སོའི་སྔགས་ཀྱིས་བྱའོ། །བཤད་པའི་རྒྱུད་ལས་འབྱུང་བའི་ཚིག་འདི་དག་བརྗོད་དོ། །མཉམ་ཉིད་ཆོས་སྐུ་ཆེན་པོ་ལ། །སེམས་ཅན་དོན་ཕྱིར་ལོངས་སྤྱོད་རྫོགས། །
ཐུགས་རྗེས་སྤྲུལ་སྐུར་གཤེགས་ནས་ཀྱང་། །སེམས་ཅན་དགོངས་པ་བསྒྲུབ་པའི་ཕྱིར། །སོ་སོའི་གནས་སུ་ཕྱག་རྒྱས་གཞུག །ཕྱག་རྒྱ་དང་ནི་སྙིང་པོ་བརྗོད། །དེ་ནས་ཡང་། སེམས་ཅན་དོན་ཕྱིར་གཙོ་བོའི་གཟུགས། །རྒྱལ་བ་སྲས་དང་བཅས་པ་རྣམས། །སྔོན་གྱི་ཐུགས་དམ་རྗེས་དགོངས་
ཏེ། །དགོས་པ་བསྒྲུབ་ཕྱིར་བརྟན་པར་བཞུགས། །ཞེས་བརྗོད་ལ། ཕྱག་རྒྱ་བཅའ་ལ་སྙིང་པོ་བརྗོད། །སེམས་ཅན་དང་ཕྱིར་སྐུ་སྤྲུལ་པ། །རྒྱལ་སྲས་འཁོར་དང་བཅས་པ་རྣམས། །རྒྱལ་བ་གྲངས་དང་གསུངས་པའོ། །གསུངས་པའི་དོན་རྣམས་བཤད་དུ་གསོལ། །ཞེས་བརྗོད་དོ། །
བྱམས་པ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ནི། སྐུ་དང་ལས་དང་དམ་ཚིག་གི་ཕྱག་རྒྱ་དང་ལྡན་པ་ནི་ཕྱག་རྒྱའོ། །ལས་ཀྱི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱ་མེད་པའོ། །དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་། རྡོ་རྗེ་རྩེ་ཉི་ཤུ་པའོ། །ཡང་ན་དེ་བཞིན་གཤེགས་པའི་ཁུ་ཚུར་གཡས་པའི་
མཐེབ་མཛུབ་ཀྱིས་ཕྱེ་བའོ། །ཆོས་ཀྱི་ཕྱག་རྒྱ་ནི་གོང་གི་རིག་པའོ། །བརྗོད་པ་ཆོས་ཀྱི་ཕྱག་རྒྱ་དང་། །བསམ་པ་ཆོས་ཀྱི་ཕྱག་རྒྱའོ། །བསམ་པ་དང་བཅས་པ་ལས་ཀྱི་ཕྱག་རྒྱའོ། །བསམ་པ་དང་བཅིང་བ་དང་གཟུང་བའི་དམ་ཚིག་གི་ཕྱག་རྒྱའོ། །ཀུན་ལ་སྦྱོར་ན་དངོས་གྲུབ་ཏུ་
འགྱུར་རོ། །ཕྱག་རྒྱ་བཞི་དང་བྲལ་བ་ནི། །ལྡན་ན་དགོས་པ་ཐམས་ཅད་འགྲུབ། །རྣལ་འབྱོར་པ་ལ་དངོས་གྲུབ་མེད། །རྡོ་རྗེ་སེམས་དཔའ་ཉིད་ཀྱིས་གསུངས། །དེ་བས་ན་འཇིག་རྟེན་པ་ལ་ཡང་སྐུ་དང་གསུང་དང་ཐུགས་དང་ལས་དང་རིམ་པས་སྦྱར་རོ། །ཀུན་ཀྱང་ཕྱག་རྒྱ་བཞིས་རྒྱས་
གདབ་པར་བྱའོ། །སྐུ་ཕྱག་རྒྱ་ཆེན་པོ་དེ་ནས་མཆོད་པ་བྱ་སྟེ། དེ་ཡང་དེ་དག་གི་མདུན་དུ་སྡོམ་པ་བླངས་ཏེ་དེ་ཡང་། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པ་ནས། སེམས་ཅན་མྱ་ངན་ལས་འདས་དགོད། །ཅེས་བྱ་བའི་བར་དུ་བརྗོད། དེ་ནས་རང་གི་ལྷའི་ཏིང་ངེ་

འཛིན་དང་ལྡན་པས་མཆོད་པ་བྱིན་གྱིས་བརླབས་ཏེ། གཙོ་བོའི་སྔགས་དང་སརྦ་ཀ་རི་གང་ཡང་རུང་བ་གདགས་པར་བྱའོ། །དེ་ནས་ལྷ་སོ་སོའི་ལས་མུ་དྲ་ཕྱག་རྒྱ་དང་ལྡན་པས་སོ་སོའི་སྔགས་བཟླས་སོ། །དེ་ནས་རྡོ་རྗེ་སེམས་དཔའི་སྔགས་མང་དུ་བཟླས་ཏེ་བསང་དག་པར་བྱའོ། །
དེ་ནས་མཆོད་པ་ཡང་དྲི་ཆུས་ཞབས་བསིལ་དབུལ། འོ་མ་དང་མངར་བསྲེས་པས་ཞལ་བསིལ། ཆུ་གཙང་མ་འབའ་ཞིག་གིས་འཐོར་འཐུང་བྱ། དེ་ནས་མེ་ཏོག་དཀར་པོ་གཡས་པའི་མཐེ་བོང་དང་མཛུབ་མོས་བླངས་ལ་གཞན་བརྐྱང་ལ་དབུལ། ཨོཾ་ནི་རི་ཏི་ཁཾ་སྭཱ་ཧཱ། ཞེས་པ་
གོང་མའི་སྔགས་སོ། །ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ། གསུམ་གྱི་སྔགས་སོ། །དེ་ནས་མཆོད་ཡོན་གྱི་སྣོད་ནས། ཨོཾ་བཻ་རོ་ཙ་ན་ཨརྒྷཾ་པྲ་ཏཱིཙྪ་ཧོ། །ཞེས་པས་དབུལ་ལོ། །དེ་ནས་སྤོས་ལ་སོགས་པ་བཞི་ཞེས་བསྐྱེད་དེ། རྒྱལ་བ་སྲས་དང་བཅས་པ་ལ་སོ་སོའམ་སྤྱིར་དབུལ་ལོ། །
ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་པ་དང་སྤོས་ཀྱིས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཤྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བྱ་བ་དང་མེ་ཏོག་གིས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བྱ་བ་དང་
མར་མེས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བྱ་བ་དང་དྲིས་སོ། །བདག་གི་སློབ་དཔོན་རྩ་བའི་རྒྱུད་ལྟར་བྱ་བར་གསུངས་སོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ། ཅེས་བྱ་བ་དང་བཤོས་ཀྱིས་སོ། །དེ་ནས་མཚན་བརྒྱ་རྩ་
བརྒྱད་པས་བསྟོད་དོ། །ཡང་ན་ལྷ་ཐམས་ཅད་ལ་བསྟོད་པ་སོ་སོས་བསྟོད་དོ། །ནུས་ན་མཆོད་པ་བཅུ་དྲུག་པོས་མཆོད། དེ་ནས་ཕྱག་བཞི་བྱ་སྟེ། འདི་ལྟར་ཤར་ཕྱོགས་ནས་རྡོ་རྗེ་ཐལ་མོ་བརྐྱང་ལ་ལུས་ཐམས་ཅད་ཕབ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠ་ན་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི།
སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་སཱཾ། ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་ལྷོ་ཕྱོགས་ནས་ཇི་སྐད་བཤད་པའི་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ་དཔྲལ་བ་ས་ལ་རེག་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ་ཎཾ་ནིརྱཱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨེ་བྷི་ཥིཉྩ་མཱཾ།

ཞེས་པས་ཕྱག་བྱའོ། །དེ་ནས་ནུབ་ཕྱོགས་ནས་ཇི་སྐད་བཤད་པའི་རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་སྟེ་ཁ་ས་ལ་རེག་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ན་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བརྟ་ཡཱ་མི། ཞེས་ཕྱག་བྱའོ། །དེ་ནས་བྱང་ཕྱོགས་
ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ་སྤྱི་བོ་ནས་ཕབ་སྟེ་སྙིང་གར་སྦྱར་ལ་སྤྱི་བོ་ས་ལ་རེག་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཾ། ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་གསང་བའི་མཆོད་པ་བྱ་སྟེ། དེ་ཡང་སྒེག་
མོའི་ལས་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ལཱ་སྱ་སཏྭ་སུ་སཾ་གྲ་ཧ། ཞེས་བརྗོད་པས། ལྷ་མོ་གཟུགས་མཛེས་མས་མཆོད་པར་བྱའོ། །ཡང་བྱང་ཆུབ་སེམས་ཀྱི་ཕན་ཡོན་དྲན་པས་བ་སྤུ་ལྡང་བ་ལ་སོགས་པས་མཆོད། ཡང་མཱ་ལེའི་ལས་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་མཱ་
ལེ་བཛྲ་རཏྣ་མ་མུཏྟ་རཾ། ཞེས་པས་ལྷ་མོ་ཕྲེང་བ་དབུ་དང་སྐུ་ལ་བཅིང་བར་བྱའོ། །ཡང་དེ་བཞིན་གཤེགས་པའི་ཡོན་ཏན་མེ་ཏོག་གི་ཕྲེང་བ་བདག་དང་སེམས་ཅན་ཐམས་ཅད་ལ་འབྱུང་བར་གྱུར་ཅིག །གཱི་ཏི་མའི་ལས་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་གཱི་ཏི་བཛྲ་དྷརྨ་ཀ་རོད་བྷ་བ།
ཞེས་པས་ལྷ་མོ་ཉིད་ཀྱིས་པི་ཝང་བརྡུངས་པས་མཆོད་པར་བསམ་མོ། །ཡང་དེ་བཞིན་གཤེགས་པས་བཤད་པའི་ཆོས་བདག་དང་སེམས་ཅན་ཐམས་ཅད་ལ་འབྱུང་བར་གྱུར་ཅིག །ནིརྟིའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་ནིརྟི་བཛྲ་ཀརྨ་ཀ་རོད་བྷ་བ། ལྷ་མོ་ཉིད་ཀྱིས་
གར་བསྒྱུར་བས་མཆོད་པར་བསམ་མོ། །ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་བདག་དང་སེམས་ཅན་ལ་འབྱུང་བར་གྱུར་ཅིག་ཅེས་པས། མཆོད་པ་ཀུན་ཀྱང་རྡོ་རྗེ་སེམས་དཔའི་ང་རྒྱལ་བྱའོ། །རྡོ་རྗེ་སེམས་དཔའ་བསྡུས་པས་ན། རྡོ་རྗེ་རིན་ཆེན་བླ་ན་
མེད། །རྡོ་རྗེ་ཆོས་ནི་གླུ་བླངས་པས། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །ཞེས་གསུངས་སོ། །ནུས་ན་སྒྲུབ་པའི་མཆོད་པ་བྱའོ། །ལས་ཀྱི་ཕྱག་རྒྱ་དང་ལྡན་པར་བྱའོ། །རྩ་བའི་རྒྱུད་དུ་ཤེས་པར་བྱའོ། །དེ་ནས་རས་ཟུང་བརྒྱ་ལ་སོགས་པ་དང་བླ་རེ་རྣམ་པ་སྣ་ཚོགས་དང་

བ་དན་དང་གདུགས་དང་རྒྱལ་མཚན་དང་མེ་ཏོག་གི་ཤིང་དང་དྲི་དང་བདུག་སྤོས་དང་ལྷ་བཤོས་དང་བཟའ་བ་དང་བཅའ་བ་དང་བཏུང་བ་དང་རོལ་མོའི་ཆ་བྱད་གར་མཁན་དང་། དར་དཔྱངས་དང་ཕྲེང་བ་དང་སེམས་ཅན་གླང་པོ་ཆེ་ལ་སོགས་པ་བརྒྱའམ་སྟོང་ངམ་ཁྲི་དབུལ་བར་བྱའོ། །དེ་
ཐམས་ཅད་ལ་ཡི་གེ་ཨཾ་མཾ། རྡོ་རྗེ་སེམས་དཔའི་སྔགས་སམ་མེ་ཏོག་ལ་སོགས་པ་རང་རང་སྔགས་ཀྱིས་དབུལ་ལོ། །དངོས་གྲུབ་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར། རྒྱལ་བ་སྲས་དང་བཅས་པས་སེམས་ཅན་ཐམས་ཅད་ཀྱི་དོན་མཛོད་ཅིག་ཅེས་གསོལ་བ་གདབ་བོ། །དེ་ནས་
ཕྱི་རོལ་དུ་གཏོར་མ་སྦྱིན་པར་བྱ་སྟེ་དེ་ཡང་རྒྱུད་ལས། འབྲས་ཡོས་བཅས་ཤིང་ཏིལ་དང་བཅས། །འབྲས་ཆན་མེ་ཏོག་ཆུ་དང་བཅས། །སྲན་ཆན་བཙོས་ཤིང་མངར་དང་བཅས། །སྣུམ་ཁུར་ལ་སོགས་བཟའ་བ་རྣམས། །དེ་ཡང་གཏོར་མ་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་
ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ། ཅེས་པ་བཟླས་ལ་ཤར་ཕྱོགས་ནས་བརྩམས་ནས་གསུམ་གསུམ་དུ་བཏང་། དྲི་དང་སྤོས་དང་བདུག་པ་མཆོད་པ་ཐོག་མ་དང་ཐ་མ་མེད་པར་སྦྱར་བར་བྱའོ། །དེ་ཡང་དང་པོར་སྤྱན་དྲང་། དེ་ནས་དམ་ཚིག་གི་ཕྱག་རྒྱ་བསྟན་ལ་མཆོད་ཡོན་དབུལ། དེ་ནས་དྲི་ལ་
སོགས་པས་ལེགས་པར་མཆོད། དེ་ནས་གཏོར་མ་དབུལ་ལོ། །དེ་ནས་གཤེགས་སུ་གསོལ་བར་བྱའོ། །ཕྱག་རྒྱ་དང་སྔགས་བཤད་པའི་རྒྱུད་དུ་ཤེས་པར་བྱའོ། །ཡང་ན་དཔུང་བཟངས་ཀྱིས་ཞུས་པ་ལས་འབྱུང་བའི་ཚིགས་སུ་བཅད་པ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་
གྲུལ། །ཞེས་བྱ་བ་ལ་སོགས་པས་གཏོར་མ་སྦྱིན་ནོ། །དེ་ནས་རང་གི་ལྷ་བཞིན་དུ་ང་རྒྱལ་བྱའོ་ཡི་གེ་བརྒྱ་པ་གདོན་ནོ། །དེ་ནི་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབ་བོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ། བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་
རྗེ་སློབ་དཔོན་བཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱིའོ། །དེ་ནས་སློབ་མ་དགེ་བསྙེན་ནམ་དགེ་སློང་ངམ། ཐེག་པ་འོག་མ་ལ་སྡོམ་པ་བླངས་ལ་དབང་བསྐུར་བའམ། རོ་ཉིད་དེ་ལྟ་བུས་འདི་སྐད་བརྗོད་དོ། །དགའ་ཆེན་ཁྱོད་ནི་

བདག་སྟོན་པས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །དམ་ཚིག་དེ་ནི་བདག་ལ་སྩོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །དེ་ནས་
སློབ་མ་ལ་རྡོ་རྗེ་སྲུང་བ་དང་བཟླས་པའི་སྟོད་གཡོགས་དང་། རྡོ་རྗེ་གནོད་སྦྱིན་ལ་སོགས་པའི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཟླས་པའི་གདོང་གཡོགས་བཅིངས་ལ་ཕྱག་བཞི་བྱེད་དུ་གཞུག་གོ། །དེ་ནས་སློབ་དཔོན་གྱིས་ཆོས་བཤད་གོ་བགོ་བ་སྡོམ་བཤགས་རྗེས་སུ་ཡི་རང་སྐྱབས་བྱེད་
གསོལ་བ་ཡང་བྱས་ལ་ཡང་འདི་སྐད་བརྗོད་པར་བྱའོ། །གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པའི་ཉི་མ་མ་ལུས་པ། །སངས་རྒྱས་རྣམས་ཀྱང་བདག་ལ་དགོངས། །བདག་མིང་འདི་ཞེས་བགྱི་བ་ཡིས། །སློབ་དཔོན་དཔང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་
བའི། །མི་ལྡོག་པ་ཡི་འཁོར་ལོ་འབྱོར། །ཐར་པའི་རང་བཞིན་གྲོང་ཁྱེར་ཆེ། །གསང་བ་ཆེན་པོར་འཇུག་པར་བགྱི། །གསང་བ་ཐམས་ཅད་བསྡུས་པར་ནི། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །
མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང་། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་ཀུན་གྱི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་ཆེན་པོ་རྨད་བྱུང་བ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །སློབ་དཔོན་
ཆེན་པོ་བདག་ལ་སྩོལ། །དེ་ནས་སློབ་དཔོན་གྱིས་རིགས་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་མོ་ཞེས་འདི་ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་པ། །དམ་ཚིག་མཆོག་ཏུ་གསང་བ་པ། །འཁོར་ལོ་འདིར་ཡང་འཇུག་པར་འཚལ། །དེ་ནས་ཡང་སློབ་དཔོན་གྱིས་
འདི་སྐད་བརྗོད་པར་བྱ་སྟེ། གསང་བ་ཆེན་པོ་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །དེས་ཀྱང་འཚལ་ཞེས་བརྗོད་པར་བྱ། །ཡང་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་

མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་འདའ་བར་དཀའ་བའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བྱའོ། །
བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམས་བཞི་རབ་ཏུ་སྦྱིན། །ཕྱི་ནང་
གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ནི་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་
བགྱི། །གཞན་ཡང་བཅུ་བཞི་འདི་དག་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བར་ཤེས་པར་བྱ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གང་ཚེ་ཉམས་ན་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་
འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་པ་ལོག་པར་མི་སྤྱོད་དོ། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པར། །བྱ་བ་མ་ཡིན་ཐམས་ཅད་
སྤང་། །དམ་པ་ཉེ་བར་བསྟེན་བྱ་ཞིང་། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་རྣམས་དང་། །ཡིད་ཀྱི་རྣམ་པ་གསུམ་རྣམས་ནི། །ཅི་ནུས་པར་ནི་རྗེས་སུ་སྦྱང་། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་
རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོངས་མི་སྤང་། །རྟག་ཏུ་མྱ་ངན་འདའ་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་མཚོན་ཆ་བཞོན་པ་དང་། །མཚན་མ་འགོང་བར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་

ཀྱིས་རྟག་ཏུ་བསྲུང་བར་བྱ། །དེས་ཀྱང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སློབ་དཔོན་འདིར་ནི་གནས་པ་ལ། །གཙོ་བོས་ཇི་སྐད་བཀའ་སྩལ་པ། །དེ་ལྟར་བདག་ནི་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་བྱ་བ་ནས། སེམས་ཅན་མྱ་ངན་
འདས་ལ་དགོད། །ཅེས་པའི་བར་དུ་བརྗོད། གང་སྡོམ་པ་འཛིན་པར་མི་བྱེད་པ་དེ་ལ་ནི། དེང་ཁྱོད་ཅེས་པ་ལ་སོགས་པར་བརྗོད་པར་མི་བྱའོ། །དབང་མི་བསྐུར་གནང་བ་མི་སྦྱིན་འཇུག་པ་ཙམ་བྱའོ། །དེ་ནས་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་པ་འདིས་རྡོ་རྗེ་སྙིང་གར་
བཞག་ལ། བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་ནས་སུ། །དེ་ཡི་སྙིང་གར་སྙིང་པོས་ནི། །རྡོ་རྗེ་རབ་ཏུ་གཞག་པར་བྱ། །སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷ་ཡ་ཐཱ་སུ་ཁཾ། དེ་ནས་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ་དྲི་དང་མེ་ཏོག་ལ་སོགས་པས་
མཆོད་དོ། །མེ་ཏོག་གི་ཕྲེང་བ་གདགས་གདོང་དྲིས་བྱུགས་ལ་ཡོན་གྱི་མཆོག་བླང་ངོ་། །དེ་ནས་ཕྱི་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ་ས་མ་ཡ་སྟྭཾ། ཞེས་བྱ་བ་འདིས་རྡོ་རྗེ་སེམས་མའི་ཕྱག་རྒྱ་འཆིང་དུ་བཅུག་ལ། གུང་མོ་གཉིས་མེ་ཏོག་གི་ཕྲེང་བ་ཐོགས་ལ་ས་མ་ཡ་ཧཱུཾ། ཞེས་
པས་གཞུག་པར་བྱ་ཞིང་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་རང་གི་སྒོ་ནས་བཛྲ་ཨངྐུ་ཤ་ཛཿ། བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་ཨཱ་བེ་ཤ་ཨཿ། ཞེས་བྱ་བས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱའོ། །དེ་ནས་ཤར་སྒོར་དེ་བཞིན་དུ་བཅུག་ལ་འདི་སྐད་བརྗོད་པར་
བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་གྲུབ་པ་ཡང་ཐོབ་ལ་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱས་ལ་ཁྱོད་ཀྱིས་དཀྱིལ་འཁོར་
ཆེན་པོ་མ་མཐོང་བ་ལ་སྨྲ་བར་མ་བྱེད་ཅིག་ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་རྡོ་རྗེ་སློབ་དཔོན་བདག་ཉིད་ཀྱིས་རྡོ་རྗེ་སེམས་མའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་དང་གྱེན་དུ་བསྟན་པ་བཅིངས་ལ། རྡོ་རྗེ་སློབ་མའི་སྤྱི་བོར་བཞག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་རྡོ་རྗེའི་

དམ་ཚིག་ཡིན་གྱིས་གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ། །དེ་ནས་ཕྱག་རྒྱ་དེ་ཉིད་དང་མནའི་སྙིང་པོ་འདི་ལན་ཅིག་བཟླས་ཏེ་སློབ་མ་དེར་འཐུང་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད། །
གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བཀས་ནས་གཤེགས། །བཛྲོད་ད་ཀ་ཋ་ཞེས་བྱའོ། །དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་སྤངས་པར་
ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་ཡི་གེ་ཨ་ཞེས་བྱ་བས་བདག་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོར་བསམ་པར་བྱའོ། །དེའི་རྗེས་ལ་རང་གི་སྙིང་གར་ཡི་གེ་ཨ་ལས་རྡོ་རྗེ་འོད་ཟེར་གྱི་ཕྲེང་བ་དང་ལྡན་པ་བསམ་པར་བྱའོ། །ཡི་གེ་ཧཱུཾ་གིས་སློབ་མ་རྡོ་རྗེ་
སེམས་དཔའ་རྡུལ་དང་བྲལ་ཞིང་ཤིན་ཏུ་དང་བར་བསམས་ལ། ཧཱུཾ་ཏྲཾ་ཧྲི་ཀཾ། ལས་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེ་སྙིང་ག་དང་དཔྲལ་བ་དང་ལྕེ་དང་སྤྱི་བོར་བསམ་མོ། །དེ་ནས་སྒོ་དབྱེ་བའི་ཕྱག་རྒྱས་རང་དང་སློབ་མའི་སྙིང་ག་དབྱེ་བར་བྱའོ། །དེ་ནས་རང་གི་སྙིང་གར་གནས་
པའི་རྡོ་རྗེ་ཨ་ཞེས་བྱ་བས་ཕྱུང་ལ། སློབ་མའི་སྙིང་གའི་རྡོ་རྗེའི་དབུས་སུ་བཅུག་སྟེ་ལུས་ཐམས་ཅད་གང་བར་བསམས་ལ། འདི་སྐད་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་སྨྲར་
གཞུག་གོ། །དེ་ནས་སློབ་དཔོན་གྱིས་མྱུར་དུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ལ་དེའི་སྙིང་གར་བཞག་སྟེ་འདི་སྐད་བརྗོད་དུ་གཞུག་གོ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །དེ་རིང་ཉིད་དུ་འབབ་པར་ཤོག །བཛྲ་ཨཱ་བེ་ཤ་ཨཿ། ཞེས་པ་ལན་བཅུ་
ནས་བརྒྱའི་བར་དུ་བཟླས་ན་འབབ་པར་འགྱུར་རོ། །གལ་ཏེ་མ་བབ་ན་ཡང་ཁྲོ་བོའི་ཁུ་ཚུར་བཅིངས་ལ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་དྲལ་བར་བྱ་ཞིང་། བཛྲ་སཏྭ་ཨ་ཨ། ཞེས་བྱ་བ་འདི་བརྗོད་ལ། རྡོ་རྗེ་སེམས་དཔའ་འོད་ཟེར་དམར་པོ་འབབ་པས་ཀུན་དུ་ཁྱབ་པར་ཀུན་དུ་གང་བར་

བསམས་ལ། ལན་བརྒྱའི་བར་དུ་བཟླ་བར་བྱའོ། །མ་བབ་ན་མི་བསྐུར་མི་གནང་ལ། གསོན་པོ་ལ་ནི་སྦྱིན་སྲེག་བྱ་བ་དང་། གར་དང་ཉེ་བའི་གར་དང་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དང་། ཀྱེ་རྡོ་རྗེ་རིན་ཆེན་ཞེས་བྱའོ། །ཀྱེ་རྡོ་རྗེ་ལས་རྡོ་རྗེ་ཆོས་ལན་དང་ཉེ་བའི་ལན་ནོ། །ཕྱག་རྒྱ་
འཆིང་དུ་གཞུག་གོ། །དེ་ཡང་དང་པོར་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་འཆིང་དུ་གཞུག་གོ། །ཡང་ནིརྱ་བཛྲ། ཞེས་པས་གར་བསྒྱུར་རོ། །དེ་ནས་གར་དང་ཉེ་བའི་གར་ལ་སོགས་པ་སློབ་དཔོན་གྱིས་རྡོ་རྗེ་ཁུ་ཚུར་ནས་རྡོ་རྗེ་ཆོས་ཀྱི་བར་དུ་བྱ། སློབ་མས་རྡོ་རྗེ་སེམས་དཔའ་ནས་རྡོ་རྗེ་
བཞད་པའི་བར་དུ་བྱའོ། །དེ་ལྟ་བུས་རྒྱལ་བ་སྲས་དང་བཅས་པ་མཛད་པར་འགྱུར་རོ། །དེ་ནས་འབབ་པའི་ལྕེ་ལ་རྡོ་རྗེ་བསམས་ལ་ཧཱུཾ་ཏིཥྛ་བཛྲ། ཞེས་བརྗོད་པས་ཐམས་ཅད་སྨྲ་བར་འགྱུར་རོ། །དེ་ནས་པྲ་ཏཱིཙྪ་བཛྲ་ཧོ། །ཞེས་པས་ཕྲེང་བ་དཀྱིལ་འཁོར་དུ་དོར་བར་བྱའོ། །བབས་
པའི་ལྷ་དེ་འདི་ལ་གྲུབ་པར་འགྱུར་རོ། །དེ་ནས་ཨོཾ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཞེས་པ་དེས་ཕྲེང་བ་དེ་མགོ་ལ་བཅིང་བར་བྱའོ། །དེ་ནས་གདོང་གཡོགས་བསལ་ཏེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་དབྱེ་བར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་རབ་
འབྱེད་ལ། །རྡོ་རྗེའི་མིག་ནི་བླ་མེད་པའོ། །ཧེ་བཛྲ་པཱ་ཤྱ། ཞེས་བྱ་བ་འདིས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ་རྣམ་པར་སྣང་མཛད་ལ་ཐུག་གི་བར་དུ་དཀྱིལ་འཁོར་བསྟན་པར་བྱའོ། །ཏིཥྛ་བཛྲ། ཞེས་དབབ་པའི་ཕྱག་རྒྱས་སློབ་མའི་སྙིང་གར་
དགྲོལ་ལོ། །དེ་ནས་ཤར་ཕྱོགས་ཀྱི་སྒོ་ལ་མངོན་པར་ཕྱོགས་པར་ཟླ་བའི་དཀྱིལ་འཁོར་བྲིས་ལ། རང་གི་ཕྱག་རྒྱས་སློབ་མ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་སུ་བསམས་ལ་རང་གི་ཕྱག་རྒྱ་ཆེན་པོས་ཟླ་བའི་དཀྱིལ་འཁོར་ལ་བཞག་སྟེ། མཆོད་ཡོན་བསྟབས་ཏེ་དྲི་དང་མེ་ཏོག་
ལ་སོགས་པས་མཆོད་དེ་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དང་དུང་དང་རོལ་མོ་ལ་སོགས་པའི་སྒྲ་རྣམས་ཀྱིས་མཆོད་དོ། །དེ་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ལ་སོགས་པས་མངོན་པར་དགའ་བར་བྱ་ཞིང་དང་པོར་རེ་ཞིག་ཆུའི་དབང་བསྐུར་རོ། །དེ་ནས་ཕྲེང་བ་ལ་སོགས་པ་

བཅུ་དང་། རྡོ་རྗེ་དྲིལ་བུ་དང་རིན་པོ་ཆེ་བདུན་དང་རྒྱུད་ལས་འབྱུང་བ་ལྟར་རིམ་པས་བསྐུར་རོ། །དེ་ཡང་རྗེ་བཙུན་གྱི་རིམ་པ་ཉིད་དུ་ཤེས་པར་བྱའོ། །བདག་གིས་དེ་ལྟར་ལྟོས་པས་མ་བྲིས་སོ། །དབང་བསྐུར་བའི་རྗེས་ལ་སྤོས་ལ་སོགས་པས་མཆོད། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་
མཆོད་ལ་དབང་གཞན་བསྐུར་བར་བྱའོ། །དེ་ནས་སློབ་དཔོན་གྱིས་ཀྱང་ཡི་གེ་བརྒྱ་པ་བཏོན་ལ་ཏིང་ངེ་འཛིན་དེ་བཞིན་དུ་གསལ་ལ། ཤིང་ལ་སྔགས་ཀྱི་རྒྱལ་པོ་མང་དུ་བཟླས་ལ་རོ་རིག་པའི་མེ་ཏོག་ཏུ་བསམས་ལ་དོར་བའམ་ཡང་ན་སྔ་མ་བཞིན་དུ་གདན་དང་བཅས་པ་རྒྱན་ཀྱང་རང་གི་
ལྷ་བཞིན་དུ་བསམས་ལ་མཆོད་པའམ་ཡང་ན་གང་དུ་ཡང་མི་བསམ་པར་བྱའོ། །དེ་ནས་ནུབ་ཕྱོགས་སུ་ཀུ་ཤའི་གདན་ལ་གནས་ཏེ་ཁ་ཤར་དུ་བལྟས་ཏེ་སྦྱིན་སྲེག་བྱའོ། །རྫས་མར་ཁུ་དང་མངར་གསུམ་དང་ཡམ་ཤིང་ལོ་མ་ཅན་དང་དྲི་ཞིམ་པ་ལས་བྱས་པ་སོར་བརྒྱད་དམ། སོར་བཞི་ཉི་
ཤུ་རྩ་བཞིའི་བར་དང་། འབྲས་ཐུག་དང་། མངར་བ་དང་། འོ་མར་སྦྱར་བ་དང་། འབྲས་ཆན་དང་། འབྲས་ཡོས་དང་། ས་ཏུ་པ་དང་། འབྲུ་སྣ་ལྔ་དང་། ཏིལ་དཀར་པོ་དང་། སྤོས་དང་མེ་ཏོག་དང་། མར་མེ་དང་དྲི་དང་བཤོས་ཀུན་གཡས་སུ་གཞག་གོ། །ཞབས་བསིལ་དང་
མཆོད་ཡོན་གཡོན་དུ་གཞག་གོ། །བུད་ཤིང་སྐམ་པོ་གུར་ཀུམ་གྱིས་བསྒོས་པ་ཡང་གཞག་གོ། །ཡུངས་ཀར་ཡང་བསག་གོ། །དེ་ཡང་རྒྱུད་ལས། ག་པུར་གུར་ཀུམ་ལ་སོགས་པ། །མར་དང་འོ་མ་ཏིལ་བསྒོས་ལ། །ཏིལ་དང་ཡུངས་ཀར་འབྲས་རྣམས་དང་། །དྲི་ཡི་ཆུས་ནི་ལེགས་
བཀང་སྟེ། །འབྲས་ཆན་སྤོས་དང་ས་ཏུ་བ། །སྦྲང་རྩི་ཤ་ཀར་མངར་ལྡན་པ། །ཞེས་འབྱུང་སྟེ་དེ་ནས་དགང་གཟར་དང་བླུགས་གཟར་དང་ཕུར་བུ་དང་ཐོ་བ་དང་གཏོར་མ་རྣམས་བཤད་པའི་རྒྱུད་བཞིན་དུ་བྱའོ། །དེར་མདོར་བསྟན་པ། དགང་བླུགས་ཐོ་བ་ཕུར་པ་རྣམས། །ཞི་བ་ཤིན་ཏུ་རྩེ་མོ་
དཀར། །དབྱིབས་ཟླུམ་དྲི་ཡིས་བསྒོས་པར་བྱ། །དྲི་ཞིམ་གཞོན་དང་ས་དཀར་ལས། །སྐྱེས་པ་རབ་ཏུ་བསྔགས་པ་ཡིན། །ཞེས་གསུངས་སོ། །རང་རྣལ་འབྱོར་པ་དང་ལྡན་པས་ཡོ་བྱད་ལ་ལས་ཐམས་ཅད་པ་དང་ངན་སོང་སྦྱོང་བའི་སྔགས་ཀྱིས་བཏབ་བོ། །དེ་ཡང་རྒྱུད་ལས། བརྒྱ་ཕྲག་

དུ་མར་ཡོངས་བཟླས་པ། །ཡམ་ཤིང་ལ་ཡང་དེ་བཞིན་ཏེ། །ཞེས་གསུངས་སོ། །དེ་ནས་ཀུ་ཤ་ལ་བཀྲ་ཤིས་ཀྱི་སྐྱིལ་མོ་ཀྲུང་དུ་འདུག་ལ། རྡོ་རྗེ་ཆོས་ཀྱི་བཟླས་བརྗོད་བྱས་པའི་ཆུས་ཐབ་ཀྱི་ཉེ་འཁོར་དང་། ཡོ་བྱད་ཐམས་ཅད་བསངས་ནས་རང་གི་ལྷའི་རྣལ་འབྱོར་
གསལ་བར་བྱ་སྟེ་རྒྱུན་ཆགས་པའི་མེའམ། དཀའ་ཐུབ་དགའ་བའི་ཁྱིམ་ནས་བླང་བའི་མེའམ། རྡོ་རྗེ་ཆོས་ཀྱི་བཟླས་བརྗོད་བྱས་པའི་ཆུས་མེ་བསངས་ཏེ། བུད་ཤིང་ལ་མེ་སྦར་ལ་ལས་སྣ་ཚོགས་ཀྱི་སྙིང་པོ་བརྗོད་ཅིང་། རླུང་གཡབ་ཀྱིས་མེ་སྦར་རོ། །དེ་ནས་རང་གི་ཏིང་ངེ་
འཛིན་གསལ་བའི་སྙིང་གར་ཧཱུཾ་བསམས་པ་ལས་ཧཱུཾ་ངམ་རཾ་ལས་མེ་ལྷ་བསྐྱེད་དེ་རྡོ་རྗེ་མེའི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་བཅིང་བ་བསྡམས་པར་བྱས་པའོ། །དམ་ཚིག་གི་སྔགས་ཧཱུཾ་ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་བྷསྨི་ཀུ་རུ་སརྦ་དུཥྚཱ་ན་ཧཱུཾ་ཕཊ་ཕཊ་ཧཱུཾ། ཞེས་བརྗོད་པས་རྡོ་རྗེ་མེ་ལྷའི་
གཟུགས་སུ་གྱུར་ཏེ་མིད་པ་རིང་བ་ལ་གཟི་མདངས་ཆེན་པོ་གཡས་བགྲང་ཕྲེང་། གཡོན་རིལ་བ་སྤྱི་བླུགས་ཐོགས་པ་ཐོར་ཚུགས་སེར་པོ་ཅན་ལུས་པོ་མདོག་དཀར་ཞིང་ཟླུམ་པོ། མེ་ལྕེ་སྟོང་གི་དཀྲིགས་ཤིང་འོད་འབར་བར་བསམས་ནས། ལྕགས་ཀྱུ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་
དང་ལྡན་པས་སྔགས་བརྗོད་དོ། །ཨོཾ་བཛྲ་ཨགྣེ་ཨངྐུ་ཤ་ཛཿ། པཱ་ཤ་ཧཱུཾ། སྥོ་ཊ་བཾ། གྷཎྚེ་ཧོཿ། དགུག་པ་དང་གཞུག་ཅིང་དབང་དུ་བྱའོ། །དེ་ནས་མཆོད་ཡོན་ལ་སོགས་པ་སྔགས་ཀྱིས་བྱིན་ལ་ཞི་བའི་མཐུན་པའི་དགང་གཟར་གྱིས་མར་གྱི་དགང་བླུགས་གསུམ་སྦྱིན་ནོ། །དེ་ནས་མངར་
གསུམ་དང་བསྲེག་ཤིང་ཐོར་ཏོ་མར་ལ་བསྡེབས་པ་གསུམ་བསྲེག་པ་དང་། ཡོ་བྱད་རིམ་པས་དབུལ། གུང་མོ་སྲིན་ལག་གསུམ་གྱིས་བསྐོར་ཞིང་དབུལ་ལོ། །དེ་ནས་བསྟོད་པ་བྱའོ། །དེ་ཡང་བཤད་པའི་རྒྱུད་ལས་འབྱུང་བས་བསྟོད་དོ། །དྲང་སྲོང་ཆེན་པོ་ཁྱེད་འབར་བ་ཉིད་དུ་བཞུགས་ཏེ་
བདག་ཉིད་ཇི་ལྟར་འདོད་ཀྱིས་སྦྱིན་སྲེག་བྱེད་ཀྱི་བར་དུ་གནས་པར་གྱིས་ཤིག །ཅེས་སྨྲས་ནས་མེ་ལྷའི་གཟུགས་དེ་ཉིད་མེའི་རང་བཞིན་འབར་བ་ཉིད་དུ་གྱུར་པར་བསམ་མོ། །དེ་ཡང་རྒྱུད་ལས། དེ་ནས་བྱིན་ཟ་དགེ་བ་རཾ་སྦར་ནས། །མེ་ལྕེ་སྟོང་གིས་དཀྲིགས་ཤིང་འབར་བའི་ལུས། །

ཟླ་དཀར་ཀུནྡ་བཞིན་ལ་ཞི་བའི་ལུས། །མཐའ་ཡས་པ་ཡི་གཟུགས་ཀྱིས་མེ་བཀུག་ལ། །ཨརྒ་ཕུལ་བར་བརྟགས་ནས་དེ་བཞིན་དུ། །བློ་མཆོག་ལྡན་པའི་མདུན་དུ་གཟུགས་མཆོག་གཞག །ཅེས་གསུངས་སོ། །རྡོ་རྗེ་སེམས་དཔའ་བཟླས་པའི་ཡོ་བྱད་གཡས་གཡོན་དུ་གཞག །
དགང་གཟར་བླུགས་གཟར་དང་ཕུར་པ་ཐོ་བ་དང་གཏོར་མ་མདུན་དུ་གཞག །དེ་ནས་ཁྲོ་བོ་ཧཱུཾ་ལས་བསྐྱེད་པ་དང་རང་བཞིན་དང་གཉིས་སུ་མེད་པར་བྱས་ལ་མཆོད་པའི་རིམ་པའོ། །ཡང་ཕྲིན་ལས་བཅོལ་བསྟོད་པ་བྱའོ། །དེ་ནས་དཀོན་མཆོག་གསུམ་སྤྱན་དྲང་མཆོད་པའི་རིམ་པ་
ཡང་བྱ་བསྟོད་ནས་ཕྲིན་ལས་བཅོལ་གཤེགས་སུ་གསོལ། དེ་ནས་ལྷ་སོ་སོ་ལ་མཆོད་པའི་རིམ་པའོ། །དེ་ཡང་བཤད་པའི་རྒྱུད་ལས་ཇི་སྐད་དུ། དང་པོར་མེ་ལྷ་ཉིད་ལ་གསུམ། །དེ་ནས་ཁྲོ་བོ་ཁམས་གསུམ་ལ། །དེ་འོག་དཀོན་མཆོག་གསུམ་ལ་དབུལ། །དེ་ནས་ལྷ་རྣམས་
རེ་རེ་ལ། །ཞེས་གསུངས་པས་དེ་དང་མཐུན་པར་དབུལ། ཡང་ན་མེ་ལྷ་དང་ལྷ་སོ་སོ་ལའོ། །དེ་ནས་ཁམས་གསུམ་རྣམ་པར་རྒྱལ་ལའོ། །དེ་ནས་མེ་དག་པར་བྱས་ལ་དེའི་ནང་དུ་དེ་རྣམས་སྤྱན་དྲང་བར་བྱ་བ་དང་གདན་དབུལ་བ་དང་ཞབས་བསིལ་ལ་སོགས་པ་དབུལ་བ་དང་སྲེག་
རྫས་རིམ་པར་དབུལ་བ་དང་། ལས་ཞི་བར་བྱ་བའི་ལས་དང་བསྟོད་པ་དང་གཤེགས་སུ་གསོལ་བ་དང་ཕྲིན་ལས་བཅོལ་བ་མ་ལུས་པར་བྱའོ། །དཀྱིལ་འཁོར་ཆེན་པོ་ནས་སྤྱན་དྲང་བ་དང་གཤེགས་སུ་གསོལ་བ་དེར་བྱའོ། །ཡང་ན་རང་ལྷའི་རྣལ་འབྱོར་གསལ་བར་བྱས་ལ་ལས་སྣ་
ཚོགས་པའི་སྙིང་པོ་བརྗོད་པས་མེ་འབར་བ་དེ་ཉིད་ཀྱི་ནང་དུ་གཞལ་ཡས་ཁང་རྒྱན་དང་གདན་དུ་བཅས་པ་བསྐྱེད་ལ། དེའི་ནང་དུ་རྡོ་རྗེ་བསྡུ་བ་དང་སྒོར་ཕྱོགས་པ་དང་ནང་དུ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དགྱེས་པར་བྱ་བ་བྱས་ལ། དེ་དག་སྐུ་མདོག་དང་ཕྱག་མཚན་དང་
བཞུགས་པའི་ཚུལ་ལ་སོགས་པ་སོ་སོའི་ལྟ་བས་ཡུན་རིང་དུ་བལྟ་ཞིང་བསམ་མོ། །དེ་ནས་སོ་སོའི་དམ་ཚིག་གི་ཕྱག་རྒྱ་བཅའ་སོ་སོའི་སྔགས་མཇུག་ལ་ས་མ་ཡ་སྟྭཾ། ཞེས་བརྗོད་པས་འཕགས་པ་རྣམས་མཉེས་ཤིང་དམ་ཚིག་བསྐང་བར་བསམ་མོ། །དེ་དག་ལ་ཡང་མཆོད་པའི་རིམ་

པ་དང་པོ་ཞབས་བསིལ་དེ་ནས་ཞལ་བསིལ་ཏེ། འཐོར་འཐུང་གིས་བསང་མཆོད་ཡོན་དབུལ། དེ་ནས་མཆོད་པ་བརྒྱད་དང་ཉི་ཤུ་ཡང་མི་འགལ་ཏེ་ནུས་ན་དབུལ། དེ་ནས་སྲེག་རྫས་རྣམས་ལ་ལྷ་སོ་སོའི་སྙིང་པོ་དང་ངན་སོང་སྦྱོང་བའི་སྔགས་བཟླས་ཏེ་འོད་ཟེར་དཀར་
པོར་གྱུར་པར་བསམས་ཏེ་བདག་ལྷ་གནས་རྫས་ལ་དེ་ལྟར་བསམ་མོ། །རྫས་རེ་རེ་ལ་ཡང་ཨོཾ་བུདྡྷ་བཻ་རོ་ཙ་ན་སྭཱ་ཧཱ། ཨོཾ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ཡ་སྭ། ཨོཾ་རཏྣ་སམྦྷ་བ་ཏྲཾ། ཨོཾ་ཤཱཀྱ་མུ་ན་ཡེ་ཨོཾ་སརྦ་ཏྲ་ཐ། ཞེས་པའི་མིང་སྔགས་དང་། སང་དོན་སྔགས་ཀྱི་མཐར་ཤཱནྟིཾ་ཀུ་རུ་
སྭཱ་ཧཱ་བཏགས་ལ་དབུལ་ལོ། །དེ་ཡང་དང་པོར་མར་མངར་གསུམ་དེ་ནས་ཡང་ཤིང་ལོ་མ་སོར་བཞི་པ་རྩ་བ་སོར་གསུམ་པ་ཟླུམ་པོ་ག་བུར་གུར་གུམ་གྱིས་བསྒོས་པ་དང་། ཤིང་ཞོ་ཅན་དང་དྲི་ཞིམ་པ་ལས་བྱས་པ་སོར་བཞི་པའམ་བརྒྱད་པའམ་ཉི་ཤུ་རྩ་ལྔ་མན་ཆད་སྦོམ་ཕྲ་སྔགས་
པའི་ཆང་པ་གང་ངམ་ཡང་ན་སོར་བརྒྱད་པ་ལ་སོ་རལ་གྲི་འདྲ་བ་སོར་གསུམ་ཟླུམ་པོ་དབུལ་བ་རྩེ་མོ་མར་ལ་བསྡོགས་ལ་གོང་མའི་རིམ་པ་བཞིན་དབུལ་ལོ། །དེ་ནས་བཟླས་པའི་མཐར་མིང་འདི་ཞེས་བྱ་བའི་ལས་དང་ཉོན་མོངས་པའི་སྒྲིབ་པ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་དོ། །ལྷའི་
དཀྱིལ་འཁོར་གྱི་ལྷ་རེ་རེ་ལ་བརྒྱ་རྩ་བརྒྱད་དང་ཉི་ཤུ་རྩ་གཅིག་དང་གསུམ་ལས་ཉུང་བར་མི་དབུལ་ལོ། །དེ་ནས་བཤད་པའི་རྒྱུད་ལས་འབྱུང་བའི་ཚོགས་དང་ཞེས་པ་གླུ་དང་ཕུར་བུས་གདབ་པ་དང་ཐོ་བའི་ལས་དང་གཏོར་མ་དང་སྲིད་པ་ཞི་བར་བྱེད་པའི་སྔགས་ཀྱང་ནུས་ན་བྱའོ། །མ་ནུས་ན་
བསྟོད་པ་དང་ཕྲིན་ལས་བཅོལ་གཤེགས་སུ་གསོལ་བར་བྱའོ། །དེ་ཡང་། །གླུ་དང་ཕུར་བུས་གདབ་པ་དང་། ཐོ་བ་ཞི་བའི་གཏོར་མ་དང་། །སྲིད་པ་ཞི་བྱེད་སྔགས་རྣམས་ནི། །མེད་ན་ལ་སོགས་མི་འགྱུར་རོ། །ཞེས་གསུངས་སོ། །ཡང་བར་དུ་མིང་འདི་ཞེས་བྱ་བའི་ཉོན་མོངས་པ་དང་
སྒྲིབ་པ་ཐམས་ཅད་ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་ཏིལ་བསྲེག་གོ། །དེ་ནས་རྫོགས་པ་དང་ཡང་མེ་ཐབ་བསངས་ལ་ལྷག་ཆད་ཀྱི་དོན་དུ་གཙོ་བོ་ལ་སོགས་པའི་ལྷ་ཐམས་ཅད་ལ་བརྒྱ་རྩ་བརྒྱད་དབུལ་ལོ། །ཡང་ངན་སོང་སྦྱོང་བའི་ལྷ་ལ་སྲེག་རྫས་ཉི་ཤུ་རྩ་

གཅིག་ཕུལ་ནས་ཚུལ་བཞིན་དུ་གཤེགས་སུ་གསོལ་དེ་ནས་མེ་ལྷ་མེ་ཐབ་ཏུ་སྣང་བར་བྱས་ལ་མཆོད་ཡོན་ལ་སོགས་པ་ལན་གསུམ་དུ་དབུལ་ལོ། །དེ་ཡང་རྒྱུད་ལས་ཇི་སྐད་གསུངས་པའི་ཡོན་ཏན་འདོད་པའི་དེ་བཞིན་གཤེགས་པ་ལ་སོགས་པ་དེ་ལྟར་སྤྱན་དྲངས་ལ། ཨརྒྷ་ལ་སོགས་དེ་
བཞིན་དུ། བདེར་གཤེགས་གསུངས་པའི་མཆོད་པ་གང་ཡིན་བྱ། །དེ་ནས་བསྲེག་བྱ་གང་སྟེ་རིམ་གྱིས་ནི། །བརྒྱ་ལ་སོགས་ཏེ་བརྒྱ་རྩ་བརྒྱད་དུ་བརྟག །དེ་ནས་སྦྱོང་བའི་སྔགས་ཀྱིས་རྒྱལ་པོའམ། །བསྲེག་བྱ་ཉི་ཤུ་རྩ་གཅིག་རབ་ཏུ་བརྟག །དེ་ནས་སྤྱན་དྲང་ཡོ་བྱད་ལན་
གསུམ་དང་། །ཨརྒ་ལ་སོགས་པདྨ་དཀར་ཞལ་མཆོད། །ཅེས་གསུངས་སོ། །བསྒྲུབ་པར་བྱ་བ་ཡང་རྒྱུད་ལས། །ཕྱག་ན་རྡོ་རྗེ་པདྨ་ཞགས་པ་བསྣམས། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུགས། །ཞབས་ཀྱིས་པདྨར་སྡིག་མནན་ཅིང་། །རྒྱན་རྣམས་ཀུན་ནི་
རབ་རྫོགས་པ། །རྫོགས་སངས་རྒྱས་ཀྱི་དབུ་རྒྱན་མཐོ། །བསམས་སམ་ཡང་ན་བྲིས་ཀྱང་རུང་། །དེ་ཡི་སྙིང་པོ་དེ་བཞིན་དུ། །བརྒྱ་ཕྲག་སྟོང་ངམ་ཡང་ན་ནི། །བྱེ་བའི་ཚད་དུ་སྦྱིན་སྲེག་བྱ། །དེ་ལྟར་སྒྲུབ་པ་རྗེ་བཙུན་གྱིས་འཆད་པར་བལྟའོ། །དེ་ལྟར་མི་སྒྲུབ་པ་རྣམས་ཀྱིས་དཀྱིལ་
འཁོར་བསྡུ་བ་མཛད་དེ། དེའི་རིམ་པ་འདིའོ། །སྔར་བསྐྱེད་པ་རྣམས་གསལ་བར་བྱས་ལ། དེ་ལ་མཆོད་པ་རྣམ་པ་བརྒྱད་ཀྱིས་མཆོད་ལ་དེ་ནས་ཇི་ལྟར་བསམས་ཤིང་སྤྱན་དྲངས་པའི་ལྷ་རང་གི་ལྷ་ལ་སོགས་པའི་དཀྱིལ་འཁོར་དྲན་པའི་སྤྱོད་ཡུལ་དུ་བྱས་ཏེ། ལེགས་པར་བྱིན་གྱིས་
བརླབ་པའི་ཕྱིར། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ་ཡི་གེ་བརྒྱ་པས་གསོལ་བ་གདབ་བོ། །དེ་ནས་ཕྱག་རྒྱ་དགྲོལ་བར་བརྩམས་ཏེ་ཆོས་ཀྱི་ཕྱག་རྒྱ་རྡོ་རྗེ་ལྕེ་ལས་སོ། །ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར། སེམས་དཔའ་ཆེན་པོ་དམ་ཚིག་གི་ཕྱག་རྒྱ་ལས་སོ། །ཐམས་
ཅད་ནི་རྡོ་རྗེ་བཅིང་བ་ལས་སོ། །ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་ལས་སོ། །ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་ཟླ་བའི་དཀྱིལ་འཁོར་ལ་གནས་པས་སོ། །རྡོ་རྗེ་ཕྱག་རྒྱ་ཡང་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་སྙིང་པོ་ཡི་གེ་སྒྲ་ལས་སོ། །དེ་ཡང་ཟླ་བ་ལས་སོ། །དེ་ཡང་

བདག་མེད་པར་མོས་པ་ལས་སོ། །དེ་ཡང་རྡོ་རྗེ་དབབ་པའི་ཕྱག་རྒྱ་ལས་སོ། །དེ་ཡང་རྡོ་རྗེ་བཅིངས་པ་དྲལ་བའི་ཕྱག་རྒྱ་ལས་སོ། །རྡོ་རྗེ་དྲལ་བའི་ཕྱག་རྒྱ་ཡང་རྡོ་རྗེ་བཅིང་བ་ལས་སོ། །དེ་ཡང་རྡོ་རྗེ་ཐལ་མོ་ལས་སོ། །རྡོ་རྗེ་ཐལ་མོ་རྣམ་པར་སྨིན་པའི་ལུས་སུ་མོས་
པ་བྱས་ཏེ། བདག་དང་མི་གཉིས་པར་གྱུར་པའི་དམ་ཚིག་སེམས་དཔར་མོས་པ་བཏབ་སྟེ་དེའི་སྙིང་པོ་བཛྲ་མུཿ། ཞེས་བརྗོད་ཅིང་དགྲོལ་ལོ། །དེ་ནས་ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ། ཞེས་བརྗོད་ཅིང་སྙིང་གར་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་སྔར་བཤད་པ་བཅིངས་ལ་དཔྲལ་བར་གཏུགས་
ཏེ། རྡོ་རྗེ་ཁུ་ཚུར་མཛུབ་མོའི་རྩེ་མོས་མགོ་ལ་བཅིང་བའི་ཚུལ་དུ་བྱའོ། །དེའི་འོག་ཏུ་སརྦ་མུ་ཏྲ་མཻ་ཏྲི་ཀུ་རུ་བ་ར་ཀ་བ་ཙོ་ན་པཾ། ཞེས་བྱ་བའི་སྙིང་པོ་བརྗོད་ཅིང་སྔ་མ་བཞིན་དུ་གོ་ཆ་བཅིང་བར་བྱའོ། །གོ་ཆའི་མཐའ་གཉིས་རྣ་བ་གཉིས་ཀྱི་སྟེང་དུ་ཕྱུང་སྟེ་དར་སྣ་འཕྱང་བའི་ཚུལ་དུ་ལག་པ་
གཉིས་བརྐྱང་ལ་གདབ་བོ། །བརྡབ་པའི་ཐལ་མོ་ཡང་ལག་པའི་ཐལ་མོ་ཁོང་དུ་སྦྱར་བ་ལས་སྨད་ཕྱེ་བ་མགོ་མི་འབྱེད་པར་ཐལ་མོ་མཉམ་པར་བརྡབ་པའི་ཚུལ་དུ་བྱའོ། །ཨོཾ་བཛྲ་ཏུ་ཥྱ་ཧོ་བརྗོད་དོ། །དེ་ལྟར་ཕྱག་རྒྱ་རྣམས་དགྲོལ་བ་དང་བཅིང་བ་དང་མཉེས་པར་བྱས་ན་རྡོ་རྗེ་ལྟ་བུར་འགྱུར་
རོ། །དེ་ནས་དེ་བཞིན་གཤེགས་པ་ལ་སོགས་པ་འཁོར་རྣམས་ཇི་ལྟར་སྤྱན་དྲངས་ཤིང་མདུན་དུ་བསམས་པ་རྣམས་ཀྱང་རྗེས་སུ་དྲན་པར་བྱས་ཏེ། ཡང་གསང་བའི་མཆོད་པ་བཞི་དང་། བདུག་པ་ལ་སོགས་པ་བརྒྱད་ཀྱིས་མཆོད་ནས། ཡང་མཆོད་པ་བྱས་ཏེ་ཕྱག་བྱས་ནས། དགེ་
བའི་རྩ་བ་བསྔོ་བར་བྱའོ། །དེ་ནས་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ནས་ཁ་གྱེན་དུ་བསྟན་ཏེ་དགྲོལ་བའི་སྙིང་པོ་འདི་བརྗོད་དོ། །ཨོཾ་ཏྲི་ཏོ་བ་སརྦ་སཏྭ་ཨརྠ་སིདྡྷི་ར་ཏ་ཏྭ་ཡ་ཐཱ་ནུ་ག་ཏ་གཙྪ་དྷ་མ་བུདྡྷ་བི་ཥ་ཡཾ་པུ་ན་རཾ་ག་མ་ཡ་མུཿ། ཞེས་པ་དེ་ལྟ་བུས་གཤེགས་སུ་གསོལ་བར་འགྱུར་
རོ། །ཇི་ལྟར་བསྐྱེད་པའི་ཏིང་ངེ་འཛིན་གྱིས་སྤྲུལ་པའི་དཀྱིལ་འཁོར་ཡིད་ཀྱི་སྦྱོར་བས་རང་གི་ལུས་ལ་བཅུག་ལ་བསྲུང་བ་བྱ་ཞིང་ང་རྒྱལ་བྱའོ། །དེ་ལྟར་བསྲེགས་ནས་ཐལ་བར་གྱུར་པ་དང་། རྡོ་རྗེ་བསྡུ་བའི་སྔགས་སམ་ཧཱ་ར་ཎ་ཞེས་བརྗོད་ཅིང་རུས་པ་དང་ཐལ་བ་རྣམས་བསྡུས་ནས་སྣོད་

གཙང་མར་བཅུག་སྟེ་མཆོད་རྟེན་གདབ་པའི་ས་ཕྱོགས་སུ་གཞག་གོ། །དེ་ནས་ག་པུར་ལ་སོགས་པ་དྲིའི་ཆུ་དང་བའི་འོ་མ་དང་། ཞོ་དང་མར་དང་། ལྕི་བ་དང་། གཅིན་དང་རུས་པ་བསྲེས་ཏེ། ངན་སོང་སྦྱོང་བའི་སྔགས་བཞི་ལས་གང་ཡང་རུང་བའི་འབུམ་བཟླས་ལ། དཀྱིལ་འཁོར་གྱི་
ལྷ་གང་ཡང་རུང་བའི་གཟུགས་སུ་གདབ་པའམ་ཡང་ན་མཆོད་རྟེན་དུ་བྱས་ཏེ་མཆོད་རྟེན་གཅིག་ནས་བརྒྱའི་བར་དུ་གཞུང་གཞན་དང་མཐུན་པར་གདབ་བོ། །དེ་ཡང་རྒྱུད་ལས། དེ་ནས་ཐལ་བར་གྱུར་པ་དང་། །རྡོ་རྗེ་བསྡུ་བའི་སྔགས་ཀྱིས་སུ། །ཆོ་ག་བཞིན་དུ་བསྡུ་བར་བྱ། །ཐལ་
བ་དེ་ཡང་དུལ་བའི་རྡུལ། །སྔགས་ཀྱིས་བཏབ་པའི་དྲི་ཆུ་དང་། །བ་སྐྱེས་འོ་མ་ལ་སོགས་ལྔས། །སྦྱོང་བའི་སྔགས་ཀྱིས་བློ་ལྡན་གྱིས། །འབུམ་དུ་བཟླས་པ་རྫོགས་ནས་ནི། །ག་པུར་དྲི་ཡིས་བསྒོས་པ་ཡིས། །འཇིམ་པ་དང་ནི་བསྲེས་ནས་ཀྱང་། །གཟུགས་སུ་བྱས་
པའམ་ཡང་ན་ནི། །མཆོད་རྟེན་གྱི་ནི་ལྟར་བྱས་ལ། །གཅིག་གམ་གཉིས་སམ་གསུམ་མམ་ལྔ། །ཡང་ན་བརྒྱ་རྩ་བརྒྱད་དུ་བྱ། །ཞེས་པ་ལ་སོགས་པ་གསུངས་ཏེ་དེ་ཡང་ཤི་བའི་དོན་དུ་ངན་སོང་ལས་ཐར་བར་བྱ་བའི་ཐབས་རྒྱུད་ལས་བསྟན་པར་ཤེས་པར་བྱའོ། །གོང་མ་ལྟར་བྱས་
པའི་ཡོན་ཏན་ཡང་རྒྱུད་ལས། དེ་ལྟ་ན་ནི་སྡིག་ཅན་ཡང་། །ངན་སོང་ལས་ནི་ཐར་བར་འགྱུར། །དགེ་བའི་ཆོས་ནི་བསྡུ་བ་དང་། །བྱང་ཆུབ་ས་བོན་བསྐྱེད་པ་དང་། །སངས་རྒྱས་འབྲས་བུ་རྒྱུ་དང་ལྡན། །སྦྱིན་པའི་ཕ་རོལ་ཕྱིན་པར་ལྡན། །ཚུལ་ཁྲིམས་རྒྱུད་དང་རབ་ལྡན་པ། །
བཟོད་པ་བརྩོན་འགྲུས་ཕྱིན་བཞག་དང་། །ཤེས་རབ་རྣམས་ཀྱི་རྒྱུར་སྒོམ་པའོ། །འཇིག་རྟེན་བསོད་ནམས་ལྟ་ཅི་སྨོས། །མྱུར་དུ་ངན་སོང་ཐེ་ཚོམ་ནི། །བཅོམ་པར་འགྱུར་ཏེ་ཐེ་ཚོམ་མེད། །ཅེས་པ་ལ་སོགས་པ་གསུངས་སོ། །དེ་ནས་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་
ཏྭཱཏ། ཅེས་ཟློས་ཤིང་དཀྱིལ་འཁོར་ཕྱིས་ལ། དམན་མ་ལ་སོགས་པ་ཆུར་དོར་བར་བྱའོ། །དེ་ནས་ཕུར་པ་ཡང་གདོན། དེ་ནས་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ན་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། བརྒྱ་རྩ་བརྒྱད་བཟླས་པའི་འོ་མས་ཕུར་བུ་དང་གཟུགས་བརྙན་ཐམས་ཅད་བཀྲུ་བར་བྱ་ཞིང་ཁང་བུ་

ཡང་དག་པར་བྱའོ། །དཀྱིལ་འཁོར་ཆོ་ག་བྱས་པ་ལས། །བདག་གིས་དགེ་བ་གང་བསགས་དེའི། །བདེ་བ་གཉིས་མེད་དམ་པ་དེ། །འཇིག་རྟེན་ཀུན་གྱིས་རྟོགས་པར་ཤོག །འཕགས་པ་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་བཏུས་པའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་
དྷརྨ་ཀཱིརྟིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་དྷརྨ་པཱ་ལ་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་མཎྜ་ལ་སཱ་དྷ་ནོ་པི་ཀ་བྲྀཏྟི། བོད་སྐད་དུ།
ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཀྱི་འགྲེལ་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དམིགས་མེད་དོན་དམ་རབ་ཞི་བ། །སྤྲོས་པ་
མེད་པ་ཆོས་ཀྱི་སྐུ། །བྱིན་རླབས་རྫོགས་དང་སྤྲུལ་སྐུ་ལ། །བདག་ཉིད་གུས་པར་ཕྱག་འཚལ་ལོ། །རྡོ་རྗེ་རྩེ་མོའི་རྒྱུད་ཉིད་ལས། །ཡན་ལག་རྒྱུད་དུ་གྱུར་པ་ཡི། །རྡོ་རྗེ་གཙུག་ཏོར་རྒྱུད་རྒྱལ་གྱི། །སྒྲུབ་ཐབས་འགྲེལ་པ་བདག་གིས་བཤད། །དེ་ལ་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་
བཏུས་པའི་སྒྲུབ་ཐབས་གསུང་གི་དཀྱིལ་འཁོར་འདི་ལ་དང་པོར་དགོས་འགྲེལ་བརྗོད་པར་བྱ་སྟེ། དེ་ཡང་འགྲེལ་པ་དང་། བརྗོད་བྱ་དང་། དགོས་པ་དང་། དགོས་པའི་དགོས་པ་རྣམས་ཀྱིས་གཏན་ལ་ཕབ་ནས། སྤྱོད་པས་ན་འགྲེལ་པ་སྒྲུབ་ཐབས་འདིའི་འགྲེལ་པ་བརྗོད་པར་
བྱའོ། །དེ་ལ་དེའི་འགྲེལ་པ་དང་བརྗོད་བྱ་ཅི་སྟེ་བཤད་པར་མི་བྱ། དེ་སྨྱོན་པའི་ཚིག་བཞིན་དུ་མི་འབྲེལ་བ་དང་དོན་མེད་པར་བཤད་སྙམ་པའི་དོགས་པའི་རྟོག་པ་སྔོན་དུ་བཏང་བས་ཉམས་པར་མི་འགྱུར་རོ། །དེའི་ཕྱིར་ནི་འདིའི་འགྲེལ་པ་དང་བརྗོད་བྱ་གདོན་མི་ཟ་བར་བརྗོད་དོ། །དེ་ལ་
བརྗོད་བྱ་ནི་གཉིས་སུ་མེད་པ་དང་དེ་ཁོ་ན་ཉིད་གཉིས་སུ་མེད་པ་དང་དེ་ཁོ་ན་ཉིད་སྦྱོང་བའི་དོན་གཉིས་བརྗོད་པ་ནི་ཚིག་དང་ཡི་གེ་སྟེ་སྒྲུབ་ཐབས་འདིའོ། །སྒྲུབ་ཐབས་འདིའི་དོན་ཕྱིན་ཅི་མ་ལོག་པར་བརྗོད་པའོ། །རྗོད་པ་དང་བརྗོད་པར་བྱ་བ་དེ་གཉིས་ཀྱི་མཚན་ཉིད་ཐབས་དང་ཐབས་ཀྱིས་འགྲེལ་

པས་ན་འགྲེལ་པའོ། །དགོས་པ་ནི་དཀྱིལ་འཁོར་འདིར་དབང་བསྐུར་བའོ། །དགོས་པའི་དགོས་པ་ནི་དེའི་འབྲས་བུར་གྱུར་པ་སྟེ་དགའ་ལྡན་ལ་སོགས་པའི་ལྷའི་ལུས་ཐོབ་པར་བྱས་སོ། །དེ་ལ་དང་པོ་སླད་ཀྱི་དོན་བཤད་པ་ཡང་དང་པོ་ཕྱག་འཚལ་བ་བསྟན་ཏེ་དེ་ཡང་། ཁྱབ་བདག་ཤཱཀྱ་
སེང་གེ་ལ། །དངོས་ཀུན་གྱིས་ནི་ཕྱག་འཚལ་ནས། །ཞེས་པ་དེ་ལ་ཡང་ཁྱབ་ཅེས་པ་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་དོན་དམ་པ་དེའོ། །དོན་དམ་པ་དེས་ཀུན་ལ་ཁྱབ་པའི་ཕྱིར་ན་ཁྱབ་ཅེས་བྱའོ། །བདག་ཅེས་བྱ་བ་ནི་དོན་དམ་པ་དེའི་བདག་ཉིད་དུ་གྱུར་པ་དེའོ། །དེ་
ཡང་ཡིན་སྙམ་པ་ལ། རིགས་སུ་འཁྲུངས་པ་ཤཱཀྱ་ཐུབ་པ་དེའོ། །སེང་གེ་ནི་མི་འཇིགས་པ་བཞི་དང་ལྡན་པའོ། །དངོས་ཀུན་གྱིས་ནི་ཕྱག་འཚལ་ནས། །ཞེས་པ་ལ་དངོས་ཞེས་པ་ནི་ལུས་གསུམ་མོ། །ཀུན་ཞེས་པ་ནི་མ་ལུས་པའོ། །དེ་ལ་ལུས་ཀྱི་སྒོ་ནས་ཕྱག་བཙལ་བ་
ནི་ཡན་ལག་སྨད་ལྔ་ས་ལ་བཙུགས་ནས་ཕྱག་བཙལ་བའོ། །ངག་གི་སྒོ་ནས་ཕྱག་བཙལ་བ་ནི་གསུམ་སྟེ་སྒྲ་དང་དབྱངས་དང་ཀུན་དུ་རྒྱུ་བའི་སྒོའོ། །དེ་ལ་སྒྲ་ཡང་ལྔ་སྟེ་ལྕེ་རྩ་ནས་ཀའི་ཚོགས་འབྱུང་། ལྕེ་རྩེ་དང་སོ་ནས་ཚའི་ཚོགས་འབྱུང་བ་དང་། ལྕེ་དང་རྐན་ལས་ཏའི་ཚོགས་
འབྱུང་སྟེ། མཆུ་ལས་པའི་ཚོགས་འབྱུང་བའོ། །ཡ་ལ་སོགས་པ་ནི་གནས་ལྔ་པོ་ཅི་རིགས་སུ་སྦྱར་བའོ། །དབྱངས་ཀྱི་ཚོགས་ནི་ལྟེ་བ་ནས་མགྲིན་པའི་བར་ནས་འབྱུང་སྟེ་དེ་ཡང་ཨ་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་སྒྲའི་ཡི་གེ་ལ་དབྱངས་ཀྱིས་བརྒྱན་པས་ཚིག་གི་ཚོགས་
འབྱུང་སྟེ། དེའི་ཚོགས་ཀྱིས་བསྟོད་པས་བསྟོད་པའོ། །ཀུན་དུ་རྒྱུ་བའི་སྒོ་ནི་ཧཱུཾ་ལ་བྱ་སྟེ་ཧཱུཾ་ནི་ལྟེ་བ་ནས་ལངས་ཏེ་རྒལ་ཚིགས་ཀྱི་ཁོང་བརྒྱུད་ནས་སྣའི་ཁུང་བུ་གཡས་གཡོན་དུ་འབྱུང་བའོ། །དེ་ཡང་སྲོག་དང་འདྲེས་ཏེ་འབྱུང་། །སྲོག་ཅེས་པ་ནི་རླུང་ལ་བྱའོ། །རླུང་ནི་སྒོ་དགུ་ཀ་ནས་
འབྱུང་བའོ། །ཧཱུཾ་ནི་རྩོལ་བའོ། །རྩོལ་བ་ནི་ངན་པའོ། །ཧཱུཾ་དེ་བྱང་ཆུབ་ཀྱི་སེམས་དྲན་པའི་རྒྱུར་ཆེ་བས་ན་དྲན་པའོ། །དྲན་པས་བྱང་ཆུབ་ཀྱི་སེམས་སྒྲུབ་པས་ན་རྩོལ་བའོ། །དེའི་གྲོགས་སུ་གྱུར་པ་ནི་བརྩོན་འགྲུས་སོ། །རྩེ་གཅིག་ཏུ་ཁྱབ་པས་ན་ཏིང་ངེ་འཛིན་ནོ། །བརྩོན་འགྲུས་

ལ་ཡང་རྩོལ་བ་ཞེས་བརྗོད་དོ། །དེ་ཡང་ལུང་ལས། སྲོག་དང་རྩོལ་བ་ཞེས་བྱ་བ། །སྲོག་ཅེས་བྱ་བ་རླུང་ལ་བྱ། །རྩོལ་བ་ཞེས་བྱ་དྲན་པའོ། །སྲོག་རྩོལ་གཉིས་ཀྱིས་བྱང་ཆུབ་བསྒྲུབ། །བྱང་ཆུབ་སྙིང་པོ་ཧཱུཾ་ཉིད་དོ། །ཞེས་སོ། །དེ་བས་ན་བྱང་ཆུབ་ཀྱི་སྙིང་པོ་ཧཱུཾ་དེས་
བསྟོད་དབྱངས་ཀྱི་སྣ་འདྲེན་པས་སོ། །དེ་ཡང་ལུང་ལས། བསྟོད་པ་ཚིག་ཏུ་བརྗོད་པ་དང་། །ཧཱུཾ་ནི་སྣ་གླུ་འདྲེན་པས་བླང་། །ཞེས་སོ། །ཡིད་ཀྱིས་ཕྱག་བཙལ་བ་ནི་འོག་ནས་འབྱུང་བའི་ནང་སེམས་ཀྱི་དཀྱིལ་འཁོར་ལ་བརྟགས་པས་ཕྱག་བཙལ་བའོ། །དེ་ཡང་ལུང་ལས། དབང་
པོ་དགག་དཀའ་གླང་པོ་མཆོག །ནུས་པ་སྟོབས་ཀྱི་ལྕགས་ཀྱུས་དགུག །ཐིག་སྡོང་སངས་རྒྱས་ཉིད་མྱུ་གུ། །ཟླ་བའི་འོད་ཟེར་ལྟར་འཕྲོ་བ། །རང་གི་སྙིང་གའི་དབུས་ན་གནས། །ཐུན་བཞི་པ་ཡི་རིམ་པ་ཡིས། །དེ་ལ་རབ་ཏུ་གནས་པ་ནི། །ཡིད་ཀྱི་སྒོ་ནས་ཕྱག་བཙལ་བའོ། །
ཞེས་སོ། །དེས་ནི་ཕྱག་བཙལ་བ་བསྟན་ནས་ད་ནི་དམ་བཅའ་བ་བསྟན་ཏེ། རྩ་བའི་རྒྱུད་ལས་བཏུད་ནས་སུ། །ཞེས་པ་ལ་སོགས་པ་གསུངས་ཏེ་རྩ་བའི་རྒྱུད་ནི་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་དོ། །དེ་ལས་དཀྱིལ་འཁོར་གསུམ་བསྟན་པའི་དང་པོ་ཤཱཀྱ་ཐུབ་པ་རྡོ་རྗེ་གཙུག་ཏོར་གྱི་དཀྱིལ་
འཁོར་འདི་འབྱུང་བས་ན་དེ་ཡང་རྒྱུད་དེ་ལ་ཡང་རྩ་བའི་རྒྱུད་དང་རྒྱུད་ཕྱི་མ་གཉིས་ལས། རྩ་བའི་རྒྱུད་དུ་དཀྱིལ་འཁོར་འདི་གསུངས་སོ། །གསུངས་པ་དེ་སྒྲུབ་ཐབས་སུ་འདིར་ཀུན་དགའ་སྙིང་པོས་བཏུས་ནས་མཛད་དོ། །དེ་ཡང་འདིར་ཅིའི་ཆེད་དུ་མཛད་ཅེས་པ་དང་། ངན་སོང་ཐམས་
ཅད་སྦྱོང་མཛད་པའི། །ཞེས་པ་སྟེ་དེ་ཡང་རྒྱུ་སྦྱང་བ་དང་རྐྱེན་སྦྱང་བ་དང་འབྲས་བུ་སྦྱང་བའོ། །དེ་གང་གི་སྙམ་པ་ལ་ཁམས་གསུམ་གྱི་སེམས་ཅན་གྱིའོ། །དེ་ཡང་རྒྱུ་གང་རྐྱེན་གང་འབྲས་བུ་གང་སྙམ་ན་རྒྱུ་ཉོན་མོངས་པ་ལྔའོ། །རྐྱེན་སྲོག་གཅོད་པ་ལ་སོགས་པའོ། །འབྲས་བུ་
ནི་ངན་སོང་གསུམ་མོ། །དེ་ཡང་། ཚུལ་ལམ་ཐབས་ཅིས་སྦྱོང་ན་ནི། །དཀྱིལ་འཁོར་ཐབས་ནི་ཞེས་བྱ་སྟེ། །དཀྱིལ་འཁོར་ལ་ཡང་ནང་སེམས་ཀྱི་དཀྱིལ་འཁོར་དང་། སྦྱོར་བ་གསུམ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་དང་། རང་བཞིན་གྱི་དཀྱིལ་འཁོར་རོ། །ནང་སེམས་ཀྱི་

དཀྱིལ་འཁོར་ལ་ཡང་བརྟག་བྱ་ནང་སེམས་ཀྱི་དཀྱིལ་འཁོར་དང་གཞན་དོན་ནང་སེམས་ཀྱི་དཀྱིལ་འཁོར་རོ། །ཐབས་ནི་ཞེས་བྱ་བ་ནི་དེ་རྣམས་ཀྱི་ཏིང་ངེ་འཛིན་བྱ་བའི་ཐབས་གང་དང་གང་གིས་གནས་སྐབས་ཤེས་པར་བྱའོ། །བཤད་བྱ་སྟེ་ཞེས་པ་ནི་དཀྱིལ་འཁོར་དེ་རྣམས་ཀྱི་རིམ་པ་
བཤད་པར་བྱའོ། །ཅིའི་ཕྱིར་ཞེ་ན། སློབ་དཔོན་ཕན་པའི་དོན་ཕྱིར་རོ། །ཞེས་པ་སྟེ་མ་འོངས་པའི་སེམས་ཅན་འདིའི་སྒོ་ནས་དོན་བྱེད་པར་འདོད་པ་འདིའི་ཆེད་དུ་བརྩམས་སོ་ཞེས་དགོངས་སོ། །དེ་ནི་བརྩམས་པའི་དམིགས་སོ། །ད་ནི་རྒྱས་པར་བཤད་དེ། དེ་ཡང་བསྙེན་པ་དང་སྒྲུབ་
པའི་རིམ་པ་གཉིས་སུ་ཤེས་པར་བྱའོ། །བསྙེན་པ་ལ་ཡང་སྔོན་དུ་འགྲོ་བ་དང་སྦྱོར་བ་དང་པོ་དང་། དཀྱིལ་འཁོར་རྒྱལ་བ་མཆོག་དང་། ལས་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ཏོ། །དེ་ལ་སྔོན་དུ་འགྲོ་བ་ལ་བདག་བསྲུང་བ་ལ་སོགས་པ་དང་ཚོགས་ཀྱི་ཡན་ལག་གཉིས་སོ། །སྲུང་བ་
ལ་སོགས་པ་ལ་ཡང་བདག་དང་དཀྱིལ་འཁོར་བསྲུང་བའོ། །དེའི་དོན་རྣམས་ནི་སྐབས་དབྱེ་བར་བྱ་སྟེ་དེ་ཡང་དང་པོར་གནས་བསྟན་པ་ནི། ཡིད་དགའ་བ་ཡི་ཕྱོགས་སུ་ནི། །ཞེས་པའོ། །ཁྲུས་ལ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཕྱིའི་ཁྲུས་ནི་ཆུ་ལ་སོགས་པའོ། །ནང་གི་
ཁྲུས་ནི་བདག་མེད་པ་ལ་མོས་ནས་སུ་ཞེས་བྱའོ། །བདག་བསྲུང་བ་ནི་དང་པོར་བདག་མེ་ལྟར་འབར་བའི་གཟུགས་སུ་བསམས་ཏེ་ཧཱུཾ་ལས་མེ་ལྟར་འབར་བའི་གཟུགས་སུ་བསྐྱེད་དོ། །དེ་ཡང་སྐུ་མདོག་ནག་པོ། སྤྱན་གསུམ་པ་མེ་འབར་བའི་ནང་ན་བཞུགས་པ་སྐུ་སྟོད་གླང་པོ་ཆེའི་
ཀོ་རློན་མནབས་པ། སྐུ་སྨད་སྟག་གི་པགས་པ་དཀྲིས་པ་ཞལ་གསུམ་པ་གཡས་དཀར་བ་གཡོན་དམར་བ་དབུས་སྐུ་དང་མཐུན་པ། ཕྱག་དྲུག་པ་ཕྱག་དང་པོ་གཉིས་ཀྱིས་ཁྲོ་བོ་ཐམས་ཅད་ཀྱི་ཕྱག་རྒྱ་བཅིངས་པ་ལ་བརྩོན་པ། བར་མ་གཉིས་ནི་མཆེ་བ་དང་། རྡོ་རྗེ་རྒྱ་གྲམ་བསྣམས་པ།
ཐ་མ་གཉིས་ཀྱིས་རིན་པོ་ཆེ་དང་། ཁ་ཊྭཱཾ་རྩེ་གསུམ་བསྣམས་པའོ། །དེ་ལྟར་བདག་ཉིད་བསམས་ཏེ་མགྲིན་པ་བྱིན་གྱིས་བརླབ་པར་བྱ་བ་ནི། མགྲིན་པར་པདྨ་བསམ་པར་བྱ། །ཞེས་པ་ནས། སྔགས་བཟླས་པ་ལས་ནུས་པར་འགྱུར། །ཞེས་པའི་བར་གྱིས་སོ། །དེ་ནས་ལག་པ་བྱིན་གྱིས་བརླབ་

པ་ནི་ལག་པ་གཉིས་སུ་ཡི་གེ་ཨ་ཞེས་པ་ལ་སོགས་པའོ། །དེ་ཡང་གདན་དང་ས་བོན་དང་དེའི་རང་བཞིན་དང་ང་རྒྱལ་བྱ་བའོ། །དེ་ལྟར་ལག་པ་ལ་སོགས་པ་བྱིན་གྱིས་བརླབས་ནས་རྡོ་རྗེ་ཕྲེང་བའི་དབང་བླང་བར་བྱའོ། །དེའི་དོན་ཡང་མེ་ལྟར་འབར་བའི་སྔགས། ཨོཾ་
བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ། ཨ་བྷི་ཥིཉྩ་བྱ་བ་དང་། ཕྱག་རྒྱ་ལས་འོད་འཕྲོས་པས་ཕྱོགས་བཅུའི་རྡོ་རྗེ་ཁྲོ་བོ་རྣམས་ཀྱིས་དབང་བསྐུར་བས་རྡོ་རྗེ་ཕྲེང་བ་སྟེ་རྩེ་ལྔར་གྱུར་ཏོ། །དེ་ནས་དཀྱིལ་འཁོར་བསྲུང་བའི་རིམ་པ་བསྟན་ཏེ། དེ་ཡང་དང་པོར་བགེགས་བསྐྲད་པ་དང་། བསྣུན་པ་དང་བསྲེག་པར་
བྱས་ནས་བཀའི་འཁོར་ལོས་བགེགས་བསྐྲད་དེ་དེའི་དོན་ཡང་། རྡོ་རྗེ་འཇིགས་བྱེད་ནས་བརྩམས་ཏེ། །ཞེས་གསུངས་པས་མདོར་བསྟན་ཏེ་དེའི་དོན་ཡང་འདི་ལྟར་ཤེས་པར་བྱའོ། །རྡོ་རྗེ་འཇིགས་བྱེད་ཀྱི་སྔགས་དང་ཕྱག་རྒྱ་ལས་ཧཱུཾ་མཛད་འཇིགས་པར་བྱེད་པ་སྐུ་མདོག་ནམ་མཁའ་ལྟར་
སྔོ་བསངས། ཞལ་གསུམ་ཕྱག་དྲུག་སྤྱན་གསུམ་གྱེན་དུ་བལྟ་བ། ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་བཟུང་ནས་ཧཱུཾ་གི་ཕྱག་རྒྱ་བཅིངས་པའོ། །ཕྱག་བར་པ་གཉིས་ན་མདའ་གཞུ་ཕྱག་ཐ་མ་གཉིས་ན་རྡོ་རྗེ་ཕུར་བུ་བསྣམས་པའོ། །རྡོ་རྗེ་གནོད་སྦྱིན་འབྱུང་སྟེ། སྐུ་མདོག་ནག་པོ། ཞལ་
གསུམ་ཕྱག་དྲུག་པ་སྤྱན་གསུམ་ནམ་མཁའ་ཁྱབ་པར་བལྟ་བ། ནམ་མཁའི་བགེགས་བཟློག་པ་ལ་བརྩོན་པ། ཕྱག་དང་པོ་གཉིས་རྡོ་རྗེ་མཆེ་བ་འཛིན་པ། བར་མ་གཉིས་ན་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པ། ཐ་མ་ཡིད་མཐུན་རྡོ་རྗེ་གཙུག་ཏོར་འཁོར་ལོས་སྒྱུར་བའི་སྔགས་དང་ཕྱག་
རྒྱ་ལས་ཁྲོ་བོ་བགེགས་ལས་རྣམ་པར་རྒྱལ་བ་སྐུ་མདོག་དཀར་ནག་ཞལ་གསུམ་ཕྱག་དྲུག་པ་ཕྱག་དང་པོ་གཉིས་ཀྱིས་ཕྱག་རྒྱ་བཅིངས་པ། བར་མ་གཉིས་ན་འཁོར་ལོ་དང་དྲིལ་བུའོ། །རྡོ་རྗེ་ཞགས་པའི་སྔགས་དང་ཕྱག་རྒྱ་ལས་རྡོ་རྗེ་བཅིང་བའི་ཁྲོ་བོ་བྱུང་སྟེ། དེ་ནས་བརྩམས་ཏེ།
མཚམས་བཞི་བཅིང་བར་བྱའོ། །རྡོ་རྗེ་བཅིང་བའི་ཁྲོ་བོ་བྱ་བ་ནི་ཁྲོ་བོ་གནོད་སྦྱིན་ནམ་མེ་ལྟར་འབར་བ་ལ་བྱའོ། །རྡོ་རྗེ་བ་དན་གྱི་སྔགས་དང་། ཕྱག་རྒྱ་ལས་མི་གཡོ་མགོན་པོ་ནུབ་ཏུ་བསྐྱེད་དེ། སྐུ་མདོག་དམར་ནག །ཞལ་གསུམ་ཕྱག་དྲུག་པ་རྡོ་རྗེ་བ་དན་དང་། ཐོད་དབྱུག་དང་།

བེ་ཅོན་དང་། རི་རབ་དང་། ཕུར་པ་འཛིན་པའོ། །རྡོ་རྗེ་དུས་ཀྱི་སྔགས་དང་ཕྱག་རྒྱ་ལས་བདུད་རྩི་འཁྱིལ་པ། སྐུ་མདོག་ལྗང་གུ་ཞལ་གསུམ་ཕྱག་དྲུག་པ་ཕྱག་དང་པོ་རྡོ་རྗེ་མཆེ་བ། བར་མ་གཉིས་ན་རྒྱ་གྲམ་དང་ཁ་ཊྭཱཾ་ག་བསྣམས་པའོ། །རྡོ་རྗེ་རྩེ་མོའི་སྔགས་དང་ཕྱག་རྒྱ་ལས་ཁྲོ་བོ་གཤིན་རྗེ་
གཤེད་བསྐྱེད་པར་བྱ་སྟེ་སྐུ་མདོག་ནག་པོ། ཞབས་བགྲད་པ། ཕྱག་གཉིས་ཀྱིས་རི་རབ་འདེགས་པས་ན། རྡོ་རྗེ་རི་བོའི་མཐར་ཐུག་པར། །མཁས་པ་ཡིས་ནི་བསམ་པར་བྱ། །ཞེས་སོ། །ར་བ་དྲ་བ་སྦྱོར་ནས་སུ། །ཞེས་པ་ནི་ཐུན་མོང་གསུངས་པའི་འཁོར་ལོ་སྟེ། རྡོ་རྗེ་ཧཱུཾ་མཛད་
ཀྱི་སྔགས་དང་ཕྱག་རྒྱ་ལས་ར་བ་དང་དྲ་བ་དང་ས་གཞི་དང་གུར་བྱའོ། །རྡོ་རྗེ་བསྡམས་པ་དང་། བཛྲ་བནྡྷ་ཞེས་བྱ་བས་གུར་གྱི་ནང་དྲ་བ་བྱའོ། །དེ་ནས་འོག་ཀྱང་བཅིང་བར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་ཅན་གྱི་སྔགས་དང་ཕྱག་རྒྱ་ལས་ཁྲོ་བོ་སྟོབས་པོ་ཆེ་ཞེས་བྱ་བ་བསྐྱེད་དེ། སྐུ་མདོག་ནག་
པོའམ་དུད་ཀར་འདུག་པ་སྤྱན་གསུམ་པ་འོག་གི་བགེགས་ལ་གཟིགས་པ། ཕྱག་གཉིས་འོག་གི་བགེགས་བཟློག་པའི་ཕྱག་རྒྱ་འཆིང་བ། ཕྱག་གཉིས་ན་རི་རབ་འདེགས་ཐབས་སུ་འཕྱར་བའོ། །དེ་དག་གི་སྔགས་དང་ཕྱག་རྒྱ་ནི་རྡོ་རྗེ་ཆོ་ག་ཞིབ་མོ་ལས་ཤེས་པར་བྱའོ། །དེ་
ཡང་རྡོ་རྗེ་སྲས་འདུ་སྲ་ལས། བདེ་བའི་སྟན་ལ་འདུག་ནས་སུ། །སྟོང་པ་ཉིད་ལས་ཁྲོ་བོར་བསྐྱེད། །ཁ་ལག་བྱིན་བརླབ་ཕྲེང་དབང་དང་། །བསྐྲད་དང་བཀག་དང་ཐུན་མོང་གིས། །སྲུང་བ་དག་ནི་རབ་ཏུ་བྱ། །ཞེས་སོ། །ད་ནི་བསོད་ནམས་ཀྱི་ཚོགས་ཀྱི་ཡན་ལག་ལ་འཇུག་པར་བྱ་
སྟེ། སེམས་ཅན་ཐམས་ཅད་ཕན་དོན་དུ། །ཞེས་པ་ལ་སོགས་པ་གསུངས་ཏེ་དེའི་དོན་ཡང་འདི་ལྟར་ཤེས་པར་བྱ་སྟེ། རྡོ་རྗེ་འཁོར་ལོའི་སྔགས་དང་ཕྱག་རྒྱ་ལས་དཀྱིལ་འཁོར་སྤྲུལ་པར་བྱ་སྟེ། དེ་ལས་དང་པོས་ནི་གཞལ་ཡས་ཁང་བསྐྱེད། གཉིས་པས་གདན་བསྐྱེད། གསུམ་
པས་ལྷ་རྣམས་བསྐྱེད་པར་བྱའོ། །བཞི་པ་བརྒྱ་རྩ་བརྒྱད་བཟླས་པས་དཀྱིལ་འཁོར་དེར་བདག་ཉིད་ཞུགས་པར་འགྱུར་རོ། །དེ་ནས་ཕྱག་བཙལ་བར་བྱའོ། །དེ་ནས་མཆོད་པ་བྱིན་གྱིས་བརླབ། །དེ་ནས་མཆོད་དེ། མེ་ཏོག་བདུག་པ་མར་མེ་ལ། །ཞེས་པ་ལ་སོགས་པའོ། །དེ་

ནས་ཕྱག་རྒྱས་མཆོད་དེ། དེ་ནས་མེ་ཏོག་སྤོས་མེ་དང་། །ཞེས་པ་ལ་སོགས་པའོ། །དེ་ནས་ལྷ་མོ་བརྒྱད་སྒེག་མོ་ཕྲེང་བ་ཞེས་པ་ལ་སོགས་པའོ། །དེ་ནས་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་མཆོད་དེ། མཆོད་པ་ཉི་ཤུའི་མཆོད་པས་མཆོད། ཅེས་པའོ། །དེ་ནས་
སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ་ཞེས་པ་དང་མཚམས་སྦྱར་བར་བྱའོ། །དེ་ཡང་དེ་ལྟར་རིམ་པར་ཤེས་པར་བྱ་སྟེ་སློབ་དཔོན་གྱིས་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལ་ཇི་ལྟར་བཞུགས་པ་བཞིན་འདིར་ཡང་བཀོད་པའོ། །འདིར་ནི་ལས་ཀྱི་རིམ་པ་ལ་འཇུག་པས་དཀྲུགས་པ་ལས་རིམ་པར་
ཤེས་པར་བྱའོ། །དེ་ཡང་རྟོག་པ་ཐམས་ཅད་བསྡུས་པའི་རྒྱུད་ཕྱི་མ་ལས་བྱམས་པས་ཞུས་པ། བཅོམ་ལྡན་འདས་མ་འོངས་པའི་སེམས་ཅན་རྣལ་འབྱོར་གྱི་དོན་ལ་བརྩོན་པ་རྣམས་ཀྱིས་སྔོན་དུ་འགྲོ་བའི་ཡན་ལག་གི་རིམ་པ་ཅི་ལྟར་ཤེས་པར་བགྱི་ཞེས་གསོལ་བ་དང་། བཀའ་སྩལ་
པ་རིགས་ཀྱི་བུ་རྣམས་འདི་ལྟར་ཤེས་པར་གྱིས་ཤིག །དཀྱིལ་འཁོར་སྤྲུལ་དང་ཕྱག་བཙལ་དང་། །མཆོད་པ་བྱིན་གྱིས་བརླབ་པ་དང་། །མཆོད་དང་སྡིག་བཤགས་ཡི་རང་དང་། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། །བསྐུལ་དང་གསོལ་བ་གདབ་པ་དང་། །སེམས་
བསྐྱེད་སྡོམ་གཟུང་བདག་དབུལ་དང་། །དགེ་བསྔོ་རིམ་པར་ཤེས་པར་བྱའོ། །ཞེས་སོ། །དེ་ལ་སྡིག་པ་ཐམས་ཅད་བཤགས་པ། དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ཡང་ན་བགྱིད་སྩལ་གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་
སྔར་ད་ལྟ་མ་ལུས་སོ་སོར་བཤགས། །རྗེས་སུ་ཡི་རང་བ། བདེར་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང་། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་པ་ལ། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །སྐྱབས་སུ་འགྲོ་བ། ཐུགས་རྗེས་ཁྱབ་
པའི་ཐུགས་དང་ལྡན་གྱུར་ཅིག །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པ། བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ། །དམན་པས་འཇིགས་པ་རྣམས་ཀྱི་རྒྱལ་བྱེད་ཚལ། །

སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང་། །བློ་གྲོས་རྣམ་རྒྱས་ཐུག་རྗེ་ཆེར་ལྡན་པ། །བརྟུལ་ཞུགས་བཟང་པོའི་ཚོགས་ལའང་སྐྱབས་མཆི་ཞིང་། །སྲིད་དང་བྲལ་བ་
རྣམས་ལ་བདག་ཕྱག་འཚལ། །ལམ་ནི་ཡང་དག་བསྒོམས་ནས་སུ། །ཞེས་པ་ནི་སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། ཡང་ན་ཡོངས་སུ་བསྐྱབ་པར་བྱ་ཕྱིར་རམ། །རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩྭ་སོག་བཞིན་དུ་བཏང་། །དེ་བཞིན་
ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་རྣམས་བླ་ན་མེད་པའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བགྱི། །བྱང་ཆུབ་ཀྱི་སེམས་བཟུང་བ་ནི། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་
ཀྱིས་དགྲ་ལས་རྒྱལ་འགྱུར་ཞིང་། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་ཡང་དག་གཟུང་བར་བགྱི། །གསོལ་བ་གདབ་པ་ནི། བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡི། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་
ཕྱིར། །ཁྱད་བདག་གནས་ལ་བདག་ནི་གནས་པར་བགྱི། །སྡོམ་པ་གཟུང་བ་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པ་ལ་སོགས་པའོ། །བདག་གི་ལུས་དབུལ་བ། དུས་འདི་ཉིད་ནས་བཟུང་ནས་ནི། །བྱང་ཆུབ་སྙིང་པོ་མཆིས་བར་དུ། །བདག་གི་ལུས་ངག་ཡིད་གསུམ་
རྣམས། །རྣམ་པ་ཀུན་དུ་བཞེས་སུ་གསོལ། །ཐུགས་རྗེ་ཆེན་པོར་ལྡན་པ་ཡི། །མགོན་པོ་ཆེན་པོ་ཁྱེད་རྣམས་ཀྱིས། །དམ་ཚིག་དངོས་གྲུབ་བདག་ལ་སྩོལ། །དགེ་བའི་རྩ་བ་བསྔོ་བ་ཞེས་པ། བདག་གི་དགེ་བའི་རྩ་བ་འདི་དག་གིས། །འཇིག་རྟེན་དུ་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་
ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་སྒྲོལ། །ཞེས་སོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་སྔོན་དུ་འགྲོ་བའི་ཡན་ལག་བྱས་ནས་ད་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་བསྒོམ་པར་བྱ་སྟེ། དེ་ལ་ཡང་སྡིག་པ་དང་བྲལ་ཞིང་ཡེ་ཤེས་དབབ་པ་དང་

སྟོང་པ་ཉིད་དུ་བྱ་བ་དང་སྐུ་བསྐྱེད་པ་དང་། ནང་སེམས་ཀྱི་དཀྱིལ་འཁོར་གྱི་རིམ་པ་བསྒོམ་པ་དང་སེམས་ཅན་གྱི་དོན་བྱ་བ་དང་། དེ་ལ་ལྷ་ཀླུ་ལ་སོགས་པ་དད་པ་སྐྱེས་ནས་མཆོད་པ་དང་། །སེམས་ཀྱི་དཀྱིལ་འཁོར་ལ་སྔགས་པས་མཆོད་བསྟོད་བྱ་བ་དང་། དཀྱིལ་འཁོར་
ལུས་ལ་བརྟག་པའོ། །དེའི་དོན་ཡང་དང་པོར་འདི་ལྟར་ཤེས་པར་བྱ་སྟེ། དང་པོར་ཆོས་ཐམས་ཅད་རྡུལ་དང་བྲལ་བར་བསམས་ལ། དེའི་རང་བཞིན་ལས་བདག་གི་སོར་མོའི་བྱེ་བྲག་རྣམས་ལ་ཟླ་བའི་དཀྱིལ་འཁོར་རེ་རེ་བསམས་ཏེ། དེའི་སྟེང་དུ་མཐེ་བོང་ལ་ཨོཾ། མཛུབ་མོ་ལ་ཧཱུཾ། གུང་
མོ་ལ་ཏྲཱཾ། སྲིན་ལག་ལ་ཧྲཱིཿ། མཐེའུ་ཆུང་ལ་ཨཿབསམ་མོ། །གཡོན་པའི་སོར་མོ་རྣམས་ལ་ཡང་རིམ་པ་བཞིན་དུ། ལཾ་མཾ་བཾ་པཾ་ཏཾ་བསམ་པ་དང་། དེ་འབྱུང་བའི་གཞི་གཡས་པ་དང་། གཡོན་པའི་མཐིལ་དུ་ཉི་མ་དང་ཟླ་བ་བསམས་ལ་དེའི་སྟེང་དུ་ཧཱུཾ་དང་ཐ་བསམ་མོ། །དེ་ནི་སྟོང་པ་དང་
ཡེ་ཤེས་ཀྱི་རང་བཞིན་ཏེ་དེའི་ཆ་ལས་གོང་གི་ཡི་གེ་རྣམས་བྱུང་བའོ། །དེ་ནས་ཐལ་མོ་སྦྱར་ནས་བཛྲ་ཨཉྫ་ལི་ཞེས་པས་ཡི་གེ་དེ་རྣམས་ཕན་ཚུན་དུ་ཕྲད་པར་བྱའོ། །བཛྲ་བནྡྷ་ཞེས་བརྗོད་པས་སོར་མོ་བསྣོལ་བས་ཡི་གེ་དེ་རྣམས་ཀྱི་འོད་ཟེར་རྣམས་འཁྲིག་པར་བསམ་མོ། །བཛྲ་བནྡྷ་ཏྲཊ།
ཅེས་པས་དྲལ་བར་བསམས་ཏེ་ཡི་གེའི་འོད་དེ་རྣམས་ཀྱིས་སྡིག་པའི་ལས་དེ་རྣམས་སྲེག་པར་བསམ་མོ། །གསུམ་དུ་དྲལ་བས་ལུས་ངག་ཡིད་གསུམ་གྱི་སྡིག་པ་སྲེག་པར་བསམ་མོ། །དེ་ནས་ཡང་ཨོཾ་བཛྲ་ཨཱ་ཝེ་ཤ །ཞེས་པས་ཕྱག་རྒྱ་བཅིང་བར་བྱ་སྟེ། རྡོ་རྗེ་བསྡམས་པ་བཅིངས་ལ་
མཐེ་བོང་གིས་སྲིན་ལག་གི་རྩ་བར་དྲལ་བས་མཐེ་བོང་དང་སྲིན་ལག་གི་ཡི་གེའི་འོད་ཀྱིས་ཧཱུཾ་དང་ཐ་བསྐུལ་བས་དེའི་འོད་ཀྱིས་ཡི་གེ་བཅུ་བསྐུལ། དེའི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསྐུལ་བས་མདུན་གྱི་ནམ་མཁའ་ལས་ཨ་བདག་གི་ལུས་ལ་དབབ་པར་
བྱའོ། །དེ་ནས་འདིས་བརྟན་པར་བྱ་སྟེ། ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་ཝ་ཤཱ་ཤོ་ཏོ་མེ་བྷ་ཝ། ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ། སརྦ་སིདྡྷིམྨེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ། ཞེས་པས་རང་གི་སྙིང་གར་ཞུགས་པར་གྱུར་ཏོ། །དེ་ཡང་གྲོགས་པོ་ཉིད་དུ་གནས་པར་གྱུར་ཏོ། །དེ་ནས་བཛྲ་མུཥྛི་ཞེས་པ་དང་། དམ་

ཚིག་གི་རྡོ་རྗེ་ཁུ་ཚུར་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཨོཾ་བཛྲ་མུཥྚི་བཾ། དེའི་རྗེས་ལ་ཨོཾ་སརྦ་ཨ་པ་ཡ་ཨཱ་ཀཪྵ་ཎི་སཾ་ཤོ་དྷ་ན་བཛྲ་ས་མ་ཡ་ཧཱུཾ་ཕཊ། ཅེས་བྱ་བ་དང་། ངན་འགྲོ་དགུག་པར་བྱའོ། །རྡོ་རྗེ་ཕྱག་རྒྱ་གཉིས་ནང་དུ། །མཛུབ་མོ་གཉིས་ནི་བཅིངས་ནས་སུ། །ལེགས་
པར་གྱེན་དུ་འཕངས་པ་ནི། །ལྟུང་བ་སློང་བའི་དམ་པའོ། །ཨོཾ་བཛྲ་པཱ་ཎི་སྥོ་ཊ་ཡ། སརྦ་ཨ་པ་ཡ། བནྡྷ་ནི། པྲ་མོཀྵ་ཡ། སརྦ་ཨ་པ་ཡ་གནྡྷེ་བྷྱཿསརྦ་སཏྭཱ་ནཱཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ། ཅེས་བརྗོད་ཅིང་སྡིག་པ་དྲལ་བའི་ཕྱག་རྒྱ་བཅིངས་ལ་སྡིག་པ་ཐམས་ཅད་དྲལ་བར་
བྱའོ། །རྡོ་རྗེ་བཅིངས་པ་བསྡམ་བྱས་ཏེ། །གུང་མོ་གཉིས་ཀ་སྦྱར་ནས་ནི། །ཐ་མ་བཞི་ཡི་རྩེ་མོ་སྦྱར། །སྡིག་པ་འཇོམས་པར་གྲགས་པ་ཡིན། །ཞེས་སོ། །ད་ནི་སྐུ་བསྐྱེད་པར་བྱ་སྟེ། དེ་ཡང་ཕྱིའི་ཡུལ་བལྟས་ན་སྣོད་ཀྱི་འཇིག་རྟེན་འདི་རྡུལ་ཕྲ་རབ་ལས་གྲུབ་པས་ན་ཕྱོགས་ཆ་
དྲུག་གི་ཆས་གཞིག་ན་རྡུལ་ཕྲ་རབ་ཙམ་དུ་ཡང་མ་གྲུབ་པས་སྟོང་པ་ཆེན་པོའི་ངང་དུ་བསམས་ལ། དེ་ལ་ནང་འཛིན་པའི་སེམས་ལ་བརྟགས་ན་སེམས་ཅིར་ཡང་མ་གྲུབ་སྟེ་རང་བཞིན་གྱིས་འོད་གསལ་བའི་རང་བཞིན་ཡི་གེ་ཨའི་ངོ་བོར་བསྒོམ་མོ། །དེ་ནས་ཨ་དེ་ལས་སངས་རྒྱས་ཐམས་
ཅད་ཀྱི་རང་བཞིན་འདིར་གཟུགས་བརྙན་གྱི་རྣམ་པའི་ཚུལ་གྱིས་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། རབ་ཏུ་ཞུགས་ཏེ་ཤེལ་དང་ཟླ་བ་ལྟ་བུའོ། །དེ་ཡང་ལུང་ལས། ཡང་དག་པ་ཡི་སྙིང་པོ་དག །ནམ་མཁའ་བཞིན་དུ་དྲི་མ་མེད། །གནས་
ངན་ལེན་ནི་ཀུན་ལས་གྲོལ། །རྣམ་རྟོག་སེལ་བའི་མཆོག་ཡིན་ནོ། །ཞེས་སོ། །དེ་རྟོགས་པར་བྱ་བའི་སྙིང་པོ་ནི། ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི། ཞེས་སོ། །དེ་ནས་རང་གི་གསང་སྔགས་ཟླ་བའི་དཀྱིལ་འཁོར་ལ་གནས་པ་བཀོད་ནས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་སྐར་མའི་
རྣམ་པ་ལྟ་བུའི་གཟུགས་བརྙན་ལ་སོགས་པའི་ཚུལ་གྱིས་ཡི་གེ་ཀ་ལ་སོགས་པ་རབ་ཏུ་ཞུགས་ཏེ་ཟླ་བའི་དཀྱིལ་འཁོར་གཉིས་པར་གྱུར་ཏེ། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་པའོ། །དེ་ཡང་། ཉམ་ཐག་རྣམས་ལ་རྗེས་བརྩེ་བས། །སེམས་ཅན་ཡོངས་སུ་འཛིན་པ་ནི། །དགེ་བའི་ཆོས་

རྣམས་རྫོགས་པ་སྟེ། །ཉོན་མོངས་ཐམས་ཅད་ངེས་འདུལ་བའོ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བྱང་ཆུབ་སེམས་ནི་གཉིས་པའོ། །ཞེས་གསུངས་སོ། །དེ་ནས་དེ་ལྟ་བུའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་གི་དབུས་སུ་ཧཱུཾ་དེའི་མཐའ་མ་ན་ཚུར་ཤོ་དྷ་ནེའི་སྔགས་སམ།
མུ་ནེའི་སྔགས་ཀྱི་ཕྲེང་བ་དེ་རྣམས་ཀྱང་མར་མེའི་ཕྲེང་བ་བསྐོར་བ་ལྟར་གཡོ་བ་དང་ལྡན་པ་དང་། འོད་དང་ཟེར་དུ་བཅས་པ་རྣམས་དང་། རྣམ་པར་ཤེས་པ་མི་གནས་ན་ཡང་གནས་པ་བཞིན་དུ་བསྒོམ་མོ། །དེ་ལས་འོད་ཟེར་སྤྲོ་བ་དང་བསྡུ་བས་རྡོ་རྗེ་རྩེ་ལྔར་བསྒོམ་མོ། །ཨོཾ་ཏིཥྛ་བཛྲ་
ཞེས་སོ། །དེ་ཡང་གསུངས་པ། བྱང་ཆུབ་བསྐལ་པ་གྲངས་མེད་གསུམ། །བསྡུས་པ་ཡི་ནི་ཆོས་ཉིད་དེ། །དམ་པའི་ཆོས་ནི་གྲངས་མེད་པའི། །སྤྱད་པ་སྤྱོད་པ་མཆོག་ཡིན་ནོ། །ས་དང་ས་མེད་ལེགས་རྟོགས་ཤིང་། །ཟག་མེད་ཡེ་ཤེས་དག་པའོ། །ཟླ་བའི་དཀྱིལ་འཁོར་
དབུས་སུ་ནི། །རྡོ་རྗེ་ཆོས་ཅན་གྱིས་བརྟགས་པ། །ཞེས་