Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 65
Văn bản gốc(Tây Tạng)
Trang 15 / 18 (50.000 ký tự/trang)
པར་བྱེད་པའི་བདུད་དང་དགྲ་རྣམས་བཟློག་པར་བྱ་བའི་ཕྱིར། ཟླ་བ་མར་ངོའི་ཉིན་ཞག་གང་ཡང་རུང་བ་ལ་ཁྲོ་བོ་ཉིད་ཚད་མར་བྱ་སྟེ། ཉི་མ་གུང་ངམ་མཚན་ཕྱེད་ལ་མངོན་སྤྱོད་ཀྱི་ལས་བྱའོ། །དབང་ལ་ནི་ཁྲོ་བ་མེད་པ་དང་། མངོན་པའི་ང་རྒྱལ་ མེད་པར་སེམས་ཅན་མ་ལུས་པ་གདོན་པ་ལ་ཆགས་པས་གོས་རྒྱན་དམར་པོ་དང་ལྡན་པས་སྟན་བདེ་བ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་འདུག་སྟེ། ཁ་ནུབ་བམ་བྱང་དུ་བལྟས་ལ་དགུག་པ་ལ་སོགས་པའི་ལས་བྱའོ། །ལས་དང་རྗེས་སུ་མཐུན་པའི་ཚུལ་གྱིས་ཕྱི་རོལ་ གྱི་སྤྲུལ་པའི་མེ་ལྷ་ལ་བོད་པར་བྱ་སྟེ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་དང་ཕྱག་རྒྱས་སྦྱངས་ལ་དེ་བཟླས་པའི་ཆུ་ཀུ་ཤའི་རྩེ་མོས་བླངས་བས་སྐོར་ཕྱོགས་སུ་ལན་གསུམ་བསངས་ལ་གཙང་ཞིང་སྐམ་པའི་རྩྭ་དང་བཅས་པའི་བུད་ཤིང་བཙུག་ལ་རླུང་ཡབ་ཀྱིས་རླུང་དང་། ཨོཾ་ཛྭ་ལ་ཧཱུཾ་ ཞེས་བྱ་བའི་གསང་སྔགས་ཀྱིས་སྦར་ལ། དམ་ཚིག་སེམས་དཔའ་ཐབ་ཀྱི་དབུས་སུ་བསམས་ནས། ཕྱག་རྒྱ་འདི་སྔགས་དང་བཅས་པས་ཡེ་ཤེས་སེམས་དཔའ་སྤྱན་དྲང་བར་བྱའོ། །ལག་པ་གཡས་པ་མི་འཇིགས་པར་བྱས་ལ། མཐེ་བོའི་རྩེ་མོ་སྲིན་ལག་གི་ཚིགས་ ཀྱི་རྩ་བར་བཞག་ལ་དགུག་པའི་ཚུལ་གྱིས་ཡང་དང་ཡང་དུ་བསྐྱོད་ལ་མངོན་པར་འདོད་པའི་མེའི་སྔགས་འདོན་ཞིང་སྤྱན་དྲང་བར་བྱའོ། །ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་ས་ཏ་མ། གྲྀ་ཧི་ཏྭཱ་ཧུ་ཏི་མ་ཧཱ་རསྨིན་སནྣི་ཧི་ཏོ་བྷ་བཱ། ཨོཾ་པཱ་པ་ཀ་ཨགྣ་ཡེ་སྭཱ་ཧཱ་ཞི་བ་ལའོ། །རྒྱས་པ་ལ་ ནི་དེ་བཞིན་དུ། ཨོཾ་མ་ཧེནྡྲ་ཨགྣ་ཡེ་སྭཱ་ཧཱ། དབང་ལ་ནི། ཨོཾ་ཀ་མ་ཨགྣ་ཡེ་སྭཱ་ཧཱ། མངོན་སྤྱོད་ལ་ནི། ཨོཾ་ཀྲོ་དྷ་ཨགྣ་ཡེ་ཛ་ཧི་ཏྲོ་ཏྲ་ཡ་ཧཱུཾ། ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། མེ་ལྷ་འོངས་པ་དང་། སྔར་བཤད་པའི་བསང་གཏོར་གྱི་ཆོ་གས་བསངས་ལ་མཆོད་ཡོན་དབུལ་ལོ། །ཨི་ཡཾ་ཨརྒྷཾ་ མཱ་ཡཾ་དཏྟཾ་གྲྀཧྞ་སིདྡྷི་མྨེ་པྲ་ཡཙྪ་སྭཱ་ཧཱ་ཞེས་བརྗོད་ལ་ལག་པ་གཉིས་ཀྱིས་མདུན་དུ་མཆོད་ཡོན་ཕུལ་ལ། ཞབས་ལ་ཞབས་བསིལ་དབུལ་ལོ། །སྤྱན་དྲང་བ་ལ་སོགས་པའི་ཆོ་གའོ། །དེ་ནས་ཇི་སྐད་དུ་བཤད་པའི་བསྲུང་བ་དང་མཆོད་པ་ལ་སོགས་པ་བྱས་ལ། རིགས་ཐམས་ ཅད་ཀྱི་བདག་པོ་ཉིད་དུ་གྱུར་པས། རྗེ་བཙུན་འཇམ་དཔལ་གྱི་སྙིང་པོ་ལན་བདུན་བཟླས་པའི་མར་གྱིས་ཉེ་བར་གསལ་བར་སྦར་ལ། དེའི་ལྕེ་དང་དགང་གཟར་དང་བླུག་གཟར་གྱི་ཁ་ལ་དེ་ཉིད་ཀྱི་ས་བོན་རྣམ་པར་བཀོད་དེ། བརླ་དང་། པུས་མོ་གཉིས་ཀྱི་བར་དུ་ལག་ པ་བཅུག་ལ་དང་པོར་བླུགས་གཟར་གྱིས་མར་གྱི་དགང་བླུགས་གསུམ་ཞི་བ་དང་། རྒྱས་པ་དང་དབང་དང་དགུག་པའི་ལས་ལ་ཞལ་ཅུང་ཟད་གདངས་པར་དབུལ་ལོ། །མངོན་སྤྱོད་ལ་ཤིན་ཏུ་གདངས་པར་དུག་དང་བཅས་པའི་ཡུངས་མར་དབུལ་ལོ། །གནས་སྐབས་ འདིར་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་གསུངས་པ། ལ་ལ་ནི་སྤྱན་གཉིས་ལ་དབུལ་བར་བྱ་སྟེ། བལྟས་པ་ཙམ་ཉིད་ཀྱིས་ཚིམ་པར་འགྱུར་བའི་ཕྱིར་རོ། །ལ་ལ་ནི་དཔྲལ་བར་རོ། །ལ་ལ་ནི་མགོ་ལའོ། །ལ་ལ་ནི་ཐུགས་ཀར་རོ། ། ལ་ལ་ནི་ལྟེ་བའི་གནས་སུའོ། །ལ་ལ་ནི་མདུན་དུ་དབུལ་བར་བྱའོ་ཞེས་སྣ་ཚོགས་པར་རྟོག་པར་བྱེད་པའི་གནས་རབ་ཏུ་དགག་པར་བྱ་བའི་ཕྱིར། ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཤིན་ཏུ་རྒྱས་པ་ཞེས་བྱ་བའི་རྒྱུད་ཆེན་པོ་ལས་གནས་ཀྱི་ ངེས་པ་མཛད་པ་ཡིན་ཏེ། དེ་ལས་གསུངས་པ། ཟས་ནི་ཟོས་པར་གྱུར་པ་ཡིས། །ཡིད་དགའ་བ་ལ་སོགས་པར་འགྱུར། །དེ་བས་འབད་པ་ཆེན་པོ་ཡིས། །སྦྱིན་སྲེག་ལས་ནི་ངེས་པར་བྱ། །ཞེས་གསུངས་ཏེ། དེ་བས་ན་ཟས་ཀྱི་བྱ་བ་བྱེད་པར་བསམ་པར་བྱའོ། ། དེའི་རིམ་པ་ནི་འདི་ཡིན་ཏེ། ཇི་ལྟར་འཁོར་ལོས་སྒྱུར་བ་གླིང་བཞིའི་དབང་ཕྱུག་གི་རྒྱལ་པོ་ནི་རིན་པོ་ཆེ་བདུན་གྱི་རྒྱུ་ལས་བྱས་པའི་སྣོད་ཀྱི་ནང་དུ་ཁ་དོག་དང་དྲི་དང་རོ་རྣམས་དང་ལྡན་པ་ཕན་ཞིང་བདེ་བར་རྣམ་པར་འཇུ་བའི་ཟས་ལ་སྤྱོད་པར་བྱེད་དོ། །དེ་བཞིན་དུ་གསང་སྔགས་ ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོ་བཞིའི་ངོ་བོ་ཉིད་ཀྱི་ཕྱག་རྒྱ་བཞི་པའི་གླིང་ཆེན་པོ་བཞིར་གསང་སྔགས་ཀྱི་རྒྱལ་པོ་ཆེན་པོ་མཛད་པ། བྱང་ཆུབ་ཀྱི་ ཡན་ལག་བདུན་གྱི་རིན་པོ་ཆེའི་སྣོད་དུ་གསང་སྔགས་ཀྱི་ཡི་གེ་ཐམས་ཅད་དང་ལྡན་པ་དྲི་ང་བ་ཐམས་ཅད་དང་བྲལ་བའི་ཚུལ་ཁྲིམས་ཀྱི་དྲི་དང་ལྡན་པ་ཞི་བ་དང་། དྲག་པོ་ལ་སོགས་པའི་རོ་ཐམས་ཅད་དང་ལྡན་པ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་རྣམ་པར་ སྨིན་པའི་ཡེ་ཤེས་ཀྱི་བདུད་རྩི་ལ་ལོངས་སྤྱོད་དོ། །སྣོད་རྣམས་ནི་ལས་དང་རྗེས་སུ་མཐུན་པར་བྱ་སྟེ། དེ་ལ་སྣོད་ཀྱི་ངེས་པའི་རིམ་པ་འདི་ཡིན་ནོ། །ཞི་བ་ལ་ནི་དངུལ་གྱི་སྣོད་དོ། །རྒྱས་པ་ལ་ནི་གསེར་གྱི་སྣོད་དོ། །དབང་ལ་ནི་ཟངས་ཀྱི་སྣོད་དོ། ། མངོན་སྤྱོད་ལ་ནི་ཁར་བའི་སྣོད་དམ་ལྕགས་ཀྱི་སྣོད་ཀྱི་ཕྱི་རོལ་གྱི་སྦྱིན་སྲེག་གི་ཆོ་ག་ལ་བརྟག་པར་བྱའོ། །ནང་གི་སྦྱིན་སྲེག་གི་རིམ་པ་ནི་འདི་ཡིན་ནོ། །འདི་ལྟར་ཕྱི་རོལ་གྱི་སྦྱིན་སྲེག་ལ་ལས་དང་རྗེས་སུ་མཐུན་པར་སྣོད་རྣམས་བསམས་ལ་ལག་པ་གཡས་པའི་མཐེ་བོ་དང་། མཐེའུ་ཆུང་ལྕགས་སྒྲོག་ཏུ་སྦྲེལ་བས། བླུགས་གཟར་བཟུང་ལ་སོར་མོ་ལྷག་མ་རྣམས་ཡུ་བའི་སྟེང་དུ་བཞག་ལ། ཤིན་ཏུ་སྦྱངས་ཤིང་ལེགས་པར་བཞུ་བའི་མར་གྱི་དགང་བླུགས་ཕུལ་ལ་དགེ་བ་དང་མི་དགེ་པའི་མཚན་མ་བརྟག་པར་བྱའོ། །དབྱིབས་དང་མདོག་དང་དྲི་དག་ ལས། །དགེ་དང་མི་དགེ་ཡོངས་བརྟགས་ལ། །དང་པོ་བྱས་ནས་ཤེས་བྱས་ལ། །མཚན་མ་ངན་པ་ཞི་བྱའི་ཕྱིར། །ཞི་བ་ཡི་ནི་ཆོ་ག་ཡིས། །མཉམ་པར་བཞག་ལ་སྦྱིན་སྲེག་བྱ། །ཉེས་པའི་དོགས་པ་ལས་འདས་ན། །ཕྱི་ནས་ལས་རྣམས་བརྩམ་པར་བྱ། །དབྱིབས་ ནི་གླང་པོ་ཆེ་དང་། རྟ་དང་། ཁྱུ་མཆོག་དང་། རྡོ་རྗེ་དང་། དུང་དང་། པདྨ་དང་། ཉ་དང་། དཔལ་བེའུ་དང་། གདུགས་དང་། རྒྱལ་མཚན་དང་། བུམ་པ་དང་། གཡུང་དྲུང་དང་། དགང་གཟར་དང་། བླུགས་གཟར་ལྟ་བུ་བསྔགས་སོ། །མདོག་ནི་མཐོན་ཀ་དང་། དཀར་པོ་དང་། བྱི་རུ་བཅག་པ་ལྟ་བུ་དང་། ལྷམ་བུ་ཆུ་གཤེར་དང་། ལེ་བརྒན་རྩི་དང་། བཻ་ཌཱུརྱ་དང་། གསེར་ཞུན་མ་ལྟ་བུ་དང་། ཉི་མ་འབར་བ་དང་། གཡས་སུ་འཁྱིལ་ཞིང་ཤིན་ཏུ་སྣུམ་པ་བསྔགས་སོ། །སྒྲ་ནི་ཆར་སྤྲིན་གྱི་འབྲུག་སྒྲ་དང་། རྒྱ་མཚོ་དང་། དུང་དང་། པི་ ཝང་དང་། གླིང་བུ་དང་། རྫ་རྔ་དང་། རྔ་བོ་ཆེ་དང་། རྔ་རིངས་དང་། ཁྱུ་མཆོག་དང་། དཀྱིལ་འཁོར་དང་། ཀ་ལ་པིངྐ་དང་། ངང་པ་དང་རྨ་བྱ་ལ་སོགས་པ་ལྟ་བུར་ཡིད་དུ་འོང་བའི་སྒྲ་དག་བསྔགས་སོ། །དྲི་ནི་པདྨ་དང་། ཨུཏྤ་ལ་དང་། ཀུ་མུ་ཏ་དང་། དྲི་བཟངས་དང་། ཙམ་པ་ཀ་དང་། བ་ཀུ་ལ་དང་། མ་ལ་ཏི་དང་། པ་ལ་ཡ་དང་། གུར་ཀུམ་དང་། གླ་རྩི་ལ་སོགས་པ་དང་མཚུངས་པའི་དྲི་བསྔགས་སོ། །དེ་དག་ལས་བཟློག་པ་ནི་བསྔགས་པ་མ་ཡིན་ཏེ། དབྱིབས་ནི་མདུང་རྩེ་ལྟ་བུ་དང་། ཞིབ་མ་ལྟ་བུ་དང་། བ་ལང་གི་མགོ་ལྟ་བུ་ལ་སོགས་ པ་ནི་མི་ཤིས་ཤིང་སྨད་པར་བྱ་བ་ཡིན་ནོ། །མདོག་ནི་ཁ་དོག་ངན་པ་དང་། ལྗང་བ་དང་། སྔོན་པོ་དང་། ནག་པོ་དང་། དུད་ཀ་དང་། ཏིལ་མར་དང་། རྩུབ་པ་དང་། པ་ལ་ཤ་ལ་སོགས་པའི་མདོག་ནི་མི་ཤིས་སོ། །དྲི་ནི་མི་རོའི་དྲི་དང་། དྲི་ངན་པ་སྣ་ཚོགས་པའི་སྨད་པའི་རྡུལ་དང་། བྱི་ལ་དང་། མ་ཧེ་དང་། ཁྱི་དང་། སྦྲུལ་དང་། ཉའི་ཞག་ལ་སོགས་པའི་དྲི་ནི་སྨད་པ་ཡིན་ནོ། །སྒྲ་ནི་བོང་བུ་དང་། ཁྱི་དང་ཅེ་སྤྱང་ལ་སོགས་པ་དང་འདྲ་ཞིང་འུར་འུར་པོ་དང་། སིམ་སིམ་ཟེར་བའི་སྒྲ་ནི་མི་ཤིས་པ་ཡིན་ནོ། །དུ་བ་མང་བ་དང་། རྣམ་པར་འཕྲོ་བ་དང་། རིམ་གྱིས་ ལྡང་བ་དང་། ཅུང་ཟད་ཅུང་ཟད་འབར་བ་དང་། མེ་ལྕེ་འཆད་པ་དང་། གཟི་བརྗིད་མེད་པ་དང་། རྩུབ་ཅིང་གནག་པ་སྤྲིན་དང་། པ་ལ་ཤའི་མདོག་ཅན་ནི་སྨད་པར་བྱ་བ་ཡིན་ནོ། །དེ་ལྟར་བགེགས་དང་བཅས་ཤེས་ནས་རྡོ་རྗེ་གནོད་སྦྱིན་གྱི་སྔགས་དང་ཕྱག་རྒྱས་བསང་ཞིང་ རྣམ་པར་སྦྱངས་ལ་ཡང་དག་པར་གསུངས་ཏེ། མར་གྱི་དགང་བླུགས་བདུན་སྦྱིན་སྲེག་བྱའོ། །ཡང་རང་གི་སྔགས་ཀྱིས་བསངས་ལ། དང་པོར་བླུགས་གཟར་གྱིས་དགང་བླུགས་གསུམ་མམ། བདུན་མེའི་རང་གི་སྔགས་ཀྱིས་སྦྱིན་སྲེག་བྱས་ལ། བླུགས་གཟར་ ལ་སོགས་པས་མར་ལ་སོགས་པའི་དགང་བླུགས་གསུམ་མམ། བདུན་དབུལ་བར་བྱའོ། །འདིར་རིམ་པ་ནི་ཡམ་ཤིང་གིས་མེ་འབར་བ་བྱས་པ་ལ་མར་དང་། དེ་ནས་ཏིལ། དེའི་འོག་ཏུ་འབྲས་ཆན་ལ་སོགས་པ་དེ་ནས་ཞུ་བའི་རྫས་ཐམས་ཅད་ནི་ཞལ་དུ་བྱའོ། །ཡམ་ཤིང་དང་མི་རུས་ ཀྱི་ཕྱེ་མ་ལ་སོགས་པ་ནི་འོད་ཀྱི་དཀྱིལ་འཁོར་དུའོ། །ཞོ་དང་འབྲས་ཆན་ལ་སོགས་པའི་བཟའ་བ་དང་། འཐོར་འཐུང་དང་ཏིལ་ལ་སོགས་པ་ནི་ཕྱག་ཏུའོ། །དྲི་ནི་ཐུགས་ཀར་རོ། །མེ་ཏོག་ནི་དབུ་ལའོ། །བདུག་སྤོས་ནི་འོད་འབར་བ་ལའོ། །ཞབས་བསིལ་ནི་ཞབས་ལའོ། །མཆོད་ ཡོན་དང་མར་མེ་མདུན་དུ་དབུལ་བར་བྱའོ་ཞེས་ལ་ལ་དག་ཟེར་རོ། །དེ་ནས་འཐོར་འཐུང་དང་བསང་གཏོར་ལ་སོགས་པ་བྱས་ལ། མེ་ལྷ་ཐབ་ཁུང་དུ་འབར་བའི་རྣམ་པའམ། རང་གི་གཟུགས་ཀྱིས་མེའི་ཕྱོགས་སུ་གཞག་པར་བྱའོ། །འདི་ལ་ལོག་པར་ བསྒྲུབ་པ་དག་ཡོད་དེ། ལ་ལ་ནི་ཐབ་ཀྱི་ཕྱི་རོལ་དུ་མེའི་ཕྱོགས་སུ་འཇོག་པར་བྱེད་དོ། །ལ་ལ་ནི་གཤེགས་སུ་གསོལ་བ་དག་བྱེད་དོ། །ལ་ལ་ནི་ཐབ་ཁུང་དེ་ཉིད་ཀྱི་ནང་དུ་མེའི་ཕྱོགས་སུ་འཇོག་པར་བྱེད་དོ། །དེ་ལས་ཐབ་ཀྱི་ཕྱི་རོལ་དུ་འཇོག་པ་དང་གཤེགས་སུ་གསོལ་བ་ནི་ མི་རིགས་ཏེ། ལྷ་རྣམས་ཞལ་ནི་མེ་ཡིན་ཏེ། །སྦྱིན་སྲེག་དེ་ཉིད་མེ་ལ་གནས། །སྦྱིན་སྲེག་གིས་ནི་ཚིམ་བྱས་ནས། །དགྱེས་པས་དངོས་གྲུབ་སྟེར་བར་འགྱུར། །ཞེས་གསུངས་པས་མེས་སྟོང་པར་སྦྱིན་སྲེག་བྱེད་པ་ནི་མི་རོའི་ཁར་ཟན་སྟོབ་པ་དང་འདྲ་བར་དོན་མེད་པར་འགྱུར་ རོ། །བཅོམ་ལྡན་འདས་ཀྱིས་ཀྱང་། མེ་ཡི་གནས་ནི་མི་ཤེས་པར། །གང་ཞིག་སྦྱིན་སྲེག་ལས་བྱེད་པ། །དེ་ནི་སྦྱིན་སྲེག་ལས་བྱས་མིན། །ལས་ཀྱི་འབྲས་བུར་འགྱུར་མ་ཡིན། །ཞེས་གསུངས་སོ། །ཐབ་ཁུང་གི་ཕྱོགས་གཅིག་ཏུ་བཀོད་པ་དང་། འབར་བའི་རྣམ་པར་ ཡོངས་སུ་གྱུར་པར་བྱས་པ་ལ་ཡང་འཇིག་རྟེན་ལས་འདས་པའི་ལྷ་མི་སྣང་བར་འགྱུར་བས་མི་རིགས་སོ། །དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་མེ་ལྕེ་ཡང་དག་པར་འབྱུང་བའི་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་ཡོངས་སུ་གྱུར་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ ངོ་བོ་ཉིད་ལས་མ་ལུས་པའི་གཞིར་གྱུར་པ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེའི་ཐུགས་ཀའི་ཟླ་བ་དང་། པདྨའི་སྟེང་དུ་རང་གི་ལྷའི་ས་བོན་གྱི་ཡི་གེ་ཡོངས་སུ་གྱུར་པའི་མཚན་མ་ལས་བྱུང་བའི་ལས་དང་རྗེས་སུ་མཐུན་པའི་རྒྱན་དང་ཁ་དོག་ལ་སོགས་པ་བསམས་ལ། ཡང་དག་པར་མཆོད་ཅིང་འཐོར་འཐུང་སྔོན་དུ་འགྲོ་བས་དགང་བླུགས་ལ་སོགས་པ་དབུལ་བར་བྱའོ། །མཆོད་ཡོན་དབུལ་བ་དང་། མེ་གནས་ཀྱི་མཚན་ཉིད་དོ། །དེ་ལ་ཞི་བ་ལ་ནི་རྡོ་རྗེ་རྩེ་མོའི་སྔགས་ཀྱིས་སྦྱིན་སྲེག་གི་ཡོ་བྱད་རྣམས་བསངས་ལ། མེ་ཐབ་ཀྱི་དབུས་སུ་སྐུ་ མདོག་དཀར་ཞིང་ཞི་བ། ན་བཟའ་དཀར་པོ་བསྣམས་པ། རྒྱན་གྱིས་བརྒྱན་པ། པདྨ་དཀར་པོ་ལ་བཞུགས་པར་ཨོཾ་བཛྲ་དྷཱ་ཏུ་སྭཱ་ཧཱ་ཞེས་བྱ་བ་འདིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅས་པ་དང་ལྡན་པར་བསམ་པར་བྱའོ། ། རྒྱས་པ་ལ་ནི་དེ་བཞིན་དུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཞལ་དགྱེས་ཤིང་མགུ་བ། ན་བཟའ་སེར་པོ་བསྣམས་ཤིང་པདྨ་སེར་པོ་ལ་བཞུགས་པར་བསམ་པར་བྱའོ། །མངོན་སྤྱོད་ལ་ནི་དེ་བཞིན་དུ་གཤིན་རྗེ་གཤེད་དུ་འདུག་པ་རྒྱན་དང་། ན་བཟའ་ནག་པོ་དང་ལྡན་ཞིང་ ཁྲོས་པ་ཡི་གེ་ཧཱུཾ་ལས་བྱུང་བ་སྔར་བཤད་པའི་གདན་ལ་བཞུགས་པར་བསམ་པར་བྱའོ། །དབང་ལ་ནི་ཧོ་ལས་བཅོམ་ལྡན་འདས་རྡོ་རྗེ་ཆགས་པ་རྒྱན་དང་ན་བཟའ་དམར་པོ་དང་ལྡན་པར་བསམ་པར་བྱའོ། །དགུག་པ་ལ་ནི་དེ་བཞིན་དུ་ཡི་གེ་ཛ་ལས་རྡོ་རྗེ་རྒྱལ་པོ་བསམ་པར་བྱའོ། ། ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་རྗེ་བཙུན་འཇམ་དཔལ་ཉིད་ཞི་བ་ལ་སོགས་པའི་ལས་རྣམས་ལ་བསྒོམ་པར་བྱའོ། །དེ་ནས་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་དང་། བུམ་པ་བཟང་པོ་དང་། རལ་གྲི་དང་། རྡོ་རྗེ་དང་རྐང་མགྱོགས་ དང་། ཚངས་པའི་སྐུད་པ་དང་། གསེར་འགྱུར་རྩི་དང་བཅུད་ལེན་ལ་སོགས་པ་དངོས་གྲུབ་ཆེན་པོ་བསྒྲུབ་པར་བྱ་བའི་ཕྱིར་ཆོ་ག་འདིས་གསང་སྔགས་ཚིམ་པར་བྱ་བ་དང་། གཟི་བྱིན་བསྐྱེད་པ་དང་། ཡང་དག་པར་འབར་བར་བྱས་ལ་དེའི་འོག་ཏུ་བསྒྲུབ་པར་བྱའོ། །རྒྱ་མཚོར་ འབབ་པའི་ཆུ་ཀླུང་གི་ངོགས་གཉིས་ཀྱི་ས་ལས་རང་གི་ལྷའི་གཟུགས་བརྙན་བྱས་ལ་པདྨའི་སྦུབས་ཀྱི་ནང་དུ་བཅུག་སྟེ། ཚོན་གྱིས་བྱུགས་ནས་པདྨའི་སྐུད་པས་དཀྲིས་ལ་མར་དང་སྦྲང་རྩིས་ནང་བཀང་སྟེ། ཨ་ཀ་རུ་དང་། ཙནྡན་དང་། པདྨ་གེ་སར་ཕྱེ་མར་བཏགས་ པས་གཏོར་ལ། ག་ཕུར་དང་བདུག་པས་བདུགས་ཏེ་ཞག་གཅིག་སྨྱུང་བར་གནས་ལ་དེའི་འོག་ཏུ་ཞག་གསུམ་གསང་སྔགས་འདི་དང་དྲི་དཀར་པོ་དང་སྦྱར་བའི་ཆུ་རྒྱུན་ཕྲ་བས་དབང་བསྐུར་བར་བྱ་སྟེ། ཨོཾ་སརྦ་དེ་བ་ཨ་ཙིཏ་ཏྱ་ཨ་མྲྀརྟ་དྷ་རེ་སྭཱ་ཧཱ། ཨོཾ་ཧཱུཾ་ཕཊ་ནི་སྭཱ་ཧཱ། རིམ་ གྱིས་ཐམས་ཅད་ཞུགས་པར་གྱུར་པ་དང་། རྒྱ་མཚོར་འབབ་པའི་ཆུ་བོ་ལ་བསྐྱོན་ཏེ་བསྐུར་བར་བྱའོ། །དེ་ལྟར་གསང་སྔགས་ཀྱི་ལྷ་ཚིམ་པར་བྱས་ན། དངོས་གྲུབ་མྱུར་དུ་སྩོལ་བར་འགྱུར་རོ། །གཟི་བརྗིད་བསྐྱེད་པ་དང་ཚིམ་པར་བྱ་བ་ནི་གསང་སྔགས་ འདིས་བླུགས་གཟར་དང་མར་གྱི་སྲེག་བླུགས་དབུལ་བར་བྱའོ། །ཨོཾ་ཧྲི་ཁཾ་སྭཱ་ཧཱ། དེ་ལྟར་སྦྱིན་སྲེག་དང་ཆུ་ལ་གཤེགས་སུ་གསོལ་བ་དང་། མཆོད་པ་ལ་སོགས་པའི་རིམ་གྱིས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ལ་བསྲེག་པར་བྱ་བ་ནི་མར་དང་ཏིལ་དང་། འབྲས་ དང་། ཞོ་དང་། འབྲས་ཆན་ལ་སོགས་པའོ། །གཤེགས་སུ་གསོལ་བའི་རྫས་ནི་པདྨ་དང་། ཨུཏྤ་ལ་དང་། ཙམ་པ་ཀ་དང་། མ་ལི་ཀ་དང་། ཛཱ་ཏིའི་མེ་ཏོག་གི་རིགས་རྣམས་དབུལ་བར་བྱའོ། །མེ་ཏོག་དེ་དག་ཉིད་ཀྱིས་མཆོད་པ་དང་སྲེག་བླུགས་ཀྱང་བྱའོ། །དེ་ ནས་ཇི་ལྟར་མངོན་པར་འདོད་པའི་སྦྱིན་སྲེག་གི་གྲངས་རྫོགས་པ་དང་། མཐའ་མར་ཨོཾ་ཧཱུཾ་ཧྲཱིཿཞེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོས་མར་གྱི་སྲེག་བླུགས་ལན་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་གིས་གཟི་བརྗིད་བསྐྱེད་པར་བྱའོ། །དེའི་མཐར་ དགང་བླུགས་ཕུལ་ལ། མཆོད་ཡོན་དང་། ཞལ་བསིལ་དང་། འཐོར་འཐུང་གསོལ་ཏེ། ཡང་དག་པར་མཆོད་ལ་ལེགས་པར་བསྟོད་དེ། མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་གསོལ་བ་བཏབ་ལ་བཟོད་པར་གསོལ་ཏེ། དེ་ནས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ། ཨོཾ་ མུཿཞེས་བརྗོད་ནས་གྱེན་དུ་དཀྲོལ་ཏེ། ཨོཾ་ཀྲྀ་ཏོ་བ་སརྦྦ་སཏྭཱརྠ། །སིདྡྷི་མ་དཏྟཱ་ཡ་ཐཱ་ནུ་ག །གཙྪ་ཏྭཱཾ་བུདྡྷཱ་བི་ཥ་ཡཾ། །པུ་ན་ར་ག་མ་ན་ཡཙྪ། །ཞེས་བརྗོད་ལ་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་ནས། སྤྲུལ་པའི་མེ་ཐབ་ཀྱི་དབུས་སུ་བསམས་ལ་ཡང་དག་པར་མཆོད་དེ། བསང་གཏོར་དང་འཐོར་འཐུང་ལ་སོགས་པ་སྦྱིན་ལ་སྲེག་རྫས་ཀྱི་ལྷག་མ་རྣམས་སྦྱིན་སྲེག་བྱ་སྟེ། མཐར་དགང་བླུགས་པ་དང་འཐོར་འཐུང་ཡང་བྱིན་ནས་བསང་གཏོར་ཡང་བྱས་ལ་མཆོད་ནས་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་གསོལ་བ་བཏབ་ལ། མེ་ལྷ་སྔར་བཤད་ པའི་སྔགས་དང་ཕྱག་རྒྱ་དེ་ཉིད་བཅིངས་ལ་མཐེ་བོང་བསྒྲེང་སྟེ། ཡ་ཧི་ཡ་ཧི་ཞེས་བྱ་བ་དང་གཤེགས་སུ་གསོལ་ལོ། །དེ་ནས་སྔར་བཤད་པའི་ཆོ་གས་གནས་བསྲུང་བ་དང་བདག་བསྲུང་བ་བྱས་ལ། ཡི་གེ་བརྒྱ་པ་ལན་བདུན་བཟླས་ནས་རང་གི་དགེ་བའི་རྩ་བ་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ལ་ལེགས་པར་ལྡང་བར་བྱའོ། །དངོས་གྲུབ་མ་ལུས་འབྱུང་གཉིས་མཚོར་གྱུར་ཅིང་། །དཔག་མེད་བདེ་བསྐྱེད་སྦྱིན་སྲེག་དེ་ཉིད་ནི། །འཇམ་བཅས་མི་གནས་གྲགས་པ་ཞེས་བྱ་བ། །སེམས་ཅན་ཕན་ཕྱིར་ཡང་དག་བཤད་པ་ ཡིན། །དེ་ཉིད་དམ་པར་བཤད་པའི་ཀུན་སྟོང་བདག་ཉིད་ཐབ་ཁུང་ནི། །རྣམ་པ་ཀུན་དུ་ཐོག་མཐའ་མེད་པའི་པདྨ་རྡོ་རྗེ་ལྡན། །ནམ་མཁའི་ངོས་ལྟར་ཡངས་ལ་བཏགས་པ་ཙམ་གྱིས་ས་བོན་ལ། །བློ་ངན་བསྲེགས་ནས་ཤིན་ཏུ་འབར་ལ་ཉོན་མོངས་ཞི་རབ་ཞི། །བདེ་གཤེགས་ སྲས་བཅས་སྔགས་ཀྱིས་འབར་བའི་གཟི་བརྗིད་འཕྲོ་བས་འཁྱུད། །སྲིད་པ་གསུམ་གྱིས་ཐབ་ཏུ་འདུས་བྱས་དངོས་པོ་ཐམས་ཅད་བསྲེག །བློ་གྲོས་ངན་པ་ཤིན་ཏུ་བསྲེགས་པས་ཀུན་རྟོག་ཀུན་ལས་གྲོལ། །ཉོན་མོངས་གདུང་བ་ཞི་བར་བཤད་པའི་ཞི་བའི་གདུགས་སུ་བགྱིས། ། ནང་གི་སྦྱིན་སྲེག་དག་ཏུ་རྣམ་རྟོག་དྲ་བ་རྣམས། །བསྲེག་པར་བྱ་ཞེས་ཐུབ་པའི་ཟླ་བ་དག་གིས་གསུངས། །བགེགས་དང་དངོས་གྲུབ་རྣམས་ནི་རྣམ་པར་རྟོག་པ་ཙམ། །གཉིད་མེད་དེ་ཉིད་དུ་ནི་རྣམ་པར་རྟོག་པའང་སྟོང་པ་ཡིན། །ཕྱི་དང་ནང་གི་དབྱེ་བ་ཡིས། །རྣམ་པ་གཉིས་སུ་འདིར་ བཤད་པ། །སྦྱིན་སྲེག་ཆོ་ག་ཤེས་པ་ལ། །རྣམ་པ་ཀུན་དུའང་དགའ་ཕྱིར་རོ། །ནམ་མཁའི་དབྱིངས་དང་མཉམ་པར་རྗེས་འགྲོ་རབ་གནས་ཆོས། །དེ་བཞིན་གཤེགས་པས་གླེགས་བམ་རྡོ་རྗེ་དྲིལ་བུ་དག །འཇིག་རྟེན་དོན་དམ་མི་ཤེས་འདི་ནའང་མགོན་པོ་ཡིས། །འཇིག་ རྟེན་ཕན་པར་བཞེད་པས་རབ་གནས་མཛད་པ་ཡིན། །དཀྱིལ་འཁོར་དང་ཏིང་ངེ་འཛིན་དང་། ཕྱག་རྒྱ་དང་། སྔགས་དང་། སྟང་སྟབས་དང་བཟླས་བརྗོད་དང་། སྦྱིན་སྲེག་དང་། མཆོད་པ་དང་། ལས་ལ་སྦྱར་བ་དང་། སླར་བསྡུ་བ་རྣམས་ནི་གསང་སྔགས་ཀྱི་ཚུལ་ལ་དེ་ཁོ་ ན་བཅུ་ཡིན་པར་གསུངས་སོ། །སློབ་མ་དེ་ཉིད་བཅུ་ཤེས་ཤིང་། །མཚན་ཉིད་ཐམས་ཅད་ཡང་དག་ལྡན། །སྔགས་དང་ཕྱག་རྒྱ་ཆོ་ག་ཤེས། །ལས་རྣམས་ཀུན་ལ་ཤིན་ཏུ་མཁས། །ལྷ་ཁང་མཆོད་རྟེན་སྐུ་གཟུགས་དང་། །དམ་ཆོས་གླེགས་བམ་རས་ རིས་དག །ཟིན་ཅིང་ཐམས་ཅད་རྫོགས་པ་དང་། །བདེ་བའི་ཡོན་ཏན་ཀུན་བསྐྱེད་པ། །ཤེས་ནས་མཚན་ཉིད་ལ་མཁས་པས། །རབ་ཏུ་གནས་པ་བྱེད་པར་འོས། །བསོད་ནམས་འཕེལ་བར་བྱ་བའི་ཕྱིར། །གཙུག་ལག་ཁང་སོགས་ཁྱད་འཕགས་བྱ། །སྟེང་གཡོགས་མཆོད་རྟེན་ གནས་རྣམས་དང་། །ཁྱིམ་དང་ལྷ་ཡི་ཁང་པར་ཡང་། །སངས་རྒྱས་ལ་སོགས་རབ་གནས་པ། །ཆོ་ག་ལས་གསུངས་བཞིན་དུ་བྱ། །ཆོ་ག་ཉམས་པར་མི་བྱ་སྟེ། །རབ་གནས་རྟག་ཏུ་སྨོད་པ་དང་། །ཚེ་འདིར་སྡུག་བསྔལ་ཆེན་པོ་དང་། །འཇིག་རྟེན་གཞན་དུའང་འཇིགས་ཆེན་ འབྱུང་། །དེ་བས་དངོས་གྲུབ་འདོད་པ་ཡིས། །བདག་ཉིད་ཀྱིས་ནི་ཅི་ནུས་དང་། །དེ་བཞིན་ཆོ་ག་གསུངས་ཚུལ་གྱིས། །ཀུན་ནས་རབ་ཏུ་འབད་དེ་བྱ། །དེ་ལྟར་བྱས་ན་བསོད་ནམས་ཆེ། །མཐོང་དང་མ་མཐོང་སྐྱེ་འགྱུར་ལ། །སྔགས་པ་བཟང་པོས་སྐུ་གཟུགས་ནི། །དགོས་པར་ གྱུར་པ་དེ་ལས་བྱུང་། །གང་དུ་སྐུ་གཟུགས་ཟིན་ནས་ནི། །ཡུན་རིངས་ནས་ཀྱང་མ་མཆོད་ན། །ཇི་སྲིད་མཆོད་གནས་མ་གྱུར་པས། །དེ་ནས་མི་ཤིས་སྐྱེ་བར་འགྱུར། །ཇི་ལྟར་སྐྱེས་བུ་ལ་ལ་ཞིག །རིགས་དང་མཚན་ཉིད་མེད་པ་དག །འཇིག་རྟེན་ཀུན་གྱིས་བཀུར་མི་བྱེད། །སྐུ་ གཟུགས་དག་ཀྱང་དེ་བཞིན་འགྱུར། །སྐུ་གཟུགས་རབ་གནས་མ་བྱས་པར། །ཕྱག་འཚལ་བ་དང་མཆོད་འགྱུར་བ། །སྔགས་དང་བྲལ་བས་ཐལ་བར་ནི། །སྦྱིན་སྲེག་བྱས་བཞིན་འབྲས་བུ་མེད། །དེ་བཞིན་འདིར་ནི་སྔགས་མེ་གནས། །མཆོད་གནས་མཆོད་པར་བྱེད་པ་གང་། ། ལས་དེ་ཡི་ནི་རྣམ་སྨིན་གྱིས། །སྐྱེ་བ་ཀུན་དུ་མཆོད་མི་འགྱུར། །བྱང་ཆུབ་སེམས་དཔས་གསོལ་པ། བཅོམ་ལྡན་འདས་ཅིའི་ཕྱིར་རབ་ཏུ་གནས་པ་མེད་པའི་ཆོས་རྣམས་ལ་རྒྱལ་བས་རབ་ཏུ་གནས་པར་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སངས་རྒྱས་ ཀུན་དུ་གནས་གྱུར་ཀྱང་། །དེ་ནི་གང་ལའང་གནས་པ་མེད། །ནམ་མཁའ་བཞིན་དུ་ཐམས་ཅད་དུ། །གནས་པ་ཐམས་ཅད་རབ་ཏུ་བརྟག །འཇིག་རྟེན་ཀུན་རྫོབ་ལ་གནས་ནས། །རབ་ཏུ་གནས་པར་ཡོངས་བརྟགས་ཀྱི། །དོན་དམ་ཚུལ་དུ་གང་ཞིག་ལ། །གང་གིས་གང་དུ་ རབ་གནས་བྱ། །གཟོད་ནས་ཞི་ཞིང་སྐྱེ་མེད་ལ། །འདི་ལྟའི་རབ་གནས་ཇི་ལྟར་བྱ། །སེམས་ཅན་དང་པོའི་ལས་ཅན་གྱི། །རྒྱུད་རྣམས་ཡང་དག་སྦྱང་ཕྱིར་བྱས། །དེ་ལ་དང་པོ་རེ་རེ་ཞིག་ཡོངས་སུ་བརྟག་པའི་གནས་ཉེ་བར་སྦྱངས་པར་གདུགས་དང་། རྒྱལ་མཚན་དང་། བླ་རེ་དང་། བ་དན་རྣམས་བསྒྲེངས་ལ། སྤོས་དང་མེ་ཏོག་ལ་སོགས་པ་དང་། མཆོག་ཏུ་གསོལ་བས་གསོལ་བ་བཏབ་པའི་སློབ་དཔོན་གྱི་ཉི་མ་ཤིས་པ་དང་སྐར་མ་བཟང་པོ་ལ་སློབ་དཔོན་ཤིན་ཏུ་མཉམ་པར་བཞག་པས། སྤྱན་འབྱེད་ཀྱི་ནང་དུ་སོང་ན་རིགས་ལྔར་གཏོགས་པའི་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ལ་ཕྱག་བྱས་ཏེ། དེ་དང་འབྲེལ་པའི་དཀྱིལ་འཁོར་གྱི་ཆོ་ག་བཞིན་དུ་ས་ཡོངས་སུ་བཟུང་བ་དང་། ཐིག་གདབ་ཅིང་གསོལ་བ་གདབ་པ་ལ་སོགས་པ་དང་། ཚོན་གྱི་ལས་ལ་སོགས་པས་དཀྱིལ་འཁོར་རྫོགས་པར་བྱས་ལ་མེ་ ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། མཆོད་ཡོན་ཕུལ་ལ་ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨ་ཧཾ། ཞེས་བྱ་བ་སྔགས་འདི་ལན་གསུམ་བརྗོད་དོ། །ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་ན་ནི་བཞུགས་པ་ལས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་འཇུག་པ། །དེ་བཞིན་གཟུགས་ འདིར་ཁྱེད་བཞུགས་མཛོད། །འདིར་ཞུགས་རྟག་ཏུ་མགོན་པོར་ནི། །གྱུར་ནས་མེ་ཏོག་ལ་སོགས་འདི། །བྱང་ཆུབ་སེམས་ནི་འཕེལ་བའི་ཕྱིར། །ཆེ་གེ་མོའི་དོན་དུ་བཞེས་སུ་གསོལ། །སྐུ་གཟུགས་ལྷག་པར་གནས་བྱས་ལ། །དེ་ནས་དབང་བསྐུར་བརྩམ་པར་བྱ། །སློབ་མ་སྨྱུང་ བར་གནས་པ་ཡིས། །བྱ་བ་འདི་དག་ཐམས་ཅད་སྤྱད། །སྔགས་པ་གང་དག་ཅི་སྒོམ་དང་། །ཆོ་ག་མཆོད་ལ་སོགས་པ་བྱ། །གཡོ་མེད་པ་ཡིས་བྱས་གྱུར་ན། །མཆོད་སྦྱིན་ཆེན་པོའི་འབྲས་བུ་ཐོབ། །སྤྱན་དྲངས་གདན་ལ་བཞུགས་གསོལ་དང་། །དེ་བཞིན་མཆོད་ཡོན་མེ་ཏོག་ དང་། །སྤོས་དང་མར་མེ་ལྷ་བཤོས་ཏེ། །མཆོད་པ་སྔགས་དང་ལྡན་པར་དབུལ། །སྐུ་གཟུགས་ཤར་དུ་ཞལ་བསྟན་ལ། །རས་ནི་སེར་པོས་གཡོགས་པར་བྱ། །སྦྱང་བས་ལེགས་པར་བསལ་བྱ་ཞིང་། །དེ་ནས་སྔགས་འདིས་ཡུངས་ཀར་ནི། །ཆུའམ་ཡང་ན་མེ་ནང་ དུ། །ལན་ཅིག་ཡོངས་སུ་གཏང་བར་བྱ། །ཨོཾ་སརྦྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་བྱ་བའོ། །དེ་ནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྐུར་བསམས་ལ་དབུ་ལ་ཡི་གེ་ཨོཾ། ཞལ་ལ་ཡི་གེ་ཧྲཱིཿཐུགས་ཀར་ཡི་གེ་ཧཱུཾ་དགོད་དོ། །ཡང་ན་གང་དང་གང་གི་ས་བོན་གང་ཡིན་པ་དེ། དེའི་ ཐུགས་ཀར་དགོད་པར་བྱའོ། །དེ་ནས་དེར་ཡེ་ཤེས་སེམས་དཔའ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ་བསྒྲུབ་པོ། །དེ་ནས་ཏིལ་མར་དྲི་ཆེན་གྱིས་བསྐུས་ལ་དཱུར་ཝའི་པིར་གྱིས་སྦྱང་ཞིང་བཀྲུའོ། །ཏིལ་མར་གྱི་སྔགས་ནི་ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ ནེ་སྭཱ་ཧཱ། བུམ་པ་ལྔའམ་བརྒྱད་རིན་པོ་ཆེ་ལྔ་དང་། འབྲུ་ལྔ་སྨན་ལྔ་དང་ལྡན་ཞིང་དྲི་ཞིམ་པོའི་སྤོས་ཆུས་ཡོངས་སུ་གང་བ། མགུལ་པ་རས་བཟང་པོས་བཅིངས་ལ། ཨ་མྲའི་ལོ་མ་ལ་སོགས་པས་ཁ་བཀབ་པ་དབང་བསྐུར་བའི་དོན་དུ་བསྔགས་མངོན་པར་བཟླ་བར་བྱའོ། །ཨོཾ་ བི་ཤུདྡྷ་བཛྲོད་ཀ་ཧཱུཾ། ཨོཾ་ཛི་ན་ཛི་ཀ་སྭཱ་ཧཱ། ཨོཾ་ཨཱ་རོ་ལྀ་ཀ་སྭཱ་ཧཱ། ཨོཾ་བཛྲ་དྷྲྀཀ་སྭཱ་ཧཱ། ཞེས་རིགས་ཀྱི་དབྱེ་བས་མངོན་པར་བཟླ་བར་བྱའོ། །དབང་བསྐུར་བའི་ཆོ་ག་དང་། དེ་བཞིན་རིག་པ་སྤྱད་དང་ནི། །བཀྲ་ཤིས་ཞེས་གྲགས་ཡིད་འོང་བའི། །ཚིགས་བཅད་འདི་ནི་བརྗོད་པར་བྱ། ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། སྤྱན་གྱི་སྔགས་ནི། ཨོཾ་རུ་རུ་སྥུ་རུ་ཏིཥྛ་སིདྡྷ་ལོ་ཙ་ནེ། སརྦྦཱརྠ་སཱ་དྷ་ནི་སྭཱ་ཧཱ། ལུགས་མ་ཁྲུས་ནི་བྱ་བར་གསུངས། །རི་མོ་མེ་ལོང་དག་ལ་བཀྲུ། །རས་རིས་ཆུ་ནི་མེད་བྱའམ། །ལག་པ་སླར་ཡང་བསང་གཏོར་བྱ། །ག་ཕུར་གུར་ཀུམ་བཅས་པ་ཡི། །རས་དཀར་ཟུང་གིས་དགབ་པར་བྱ། །ཨོཾ་བཛྲ་བྷ་བ་སེ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་སྭཱ་ཧཱ། ཨོཾ་བཛྲ་ ཨ་བྷིརྞ་བི་བྷུ་ཥ་ཎེ་སྭཱ་ཧཱ། དཀྱིལ་འཁོར་དབུས་སུ་བཅུག་ནས་ནི། །དེ་ནས་རང་གི་དམ་ཚིག་བསྒྲགས། །སྔགས་དང་ཕྱག་རྒྱས་རབ་བསྐུར་བས། །ཅི་རིགས་པར་ནི་དབང་བསྐུར་བྱ། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿ། དེ་བཞིན་དུ་ནི་ཅོད་པན་དང་དར་དཔྱངས་བཅིང་བ་བྱས་ལ་བཞུགས་སུ་གསོལ་ལོ། །དེ་ ཡང་འོག་ཏུ་ཤིན་ཏུ་དུད་པ་དང་། དེ་ནི་མི་ཡོ་དྲང་པོར་ནི། །སྐུ་གཟུགས་ཡང་དག་གཞག་བྱ་སྟེ། །དེ་ལྟར་མིན་ན་ཉེས་བསྐྱེད་འགྱུར། །མེ་ཏོག་སྤོས་དང་དེ་བཞིན་དྲི། །དེ་བཞིན་མར་མེ་ན་བཟའ་སྟེ། །དེ་ཀུན་གསང་སྔགས་ལྡན་པར་ནི། །ལྷ་རྣམས་ལ་ནི་དབུལ་བར་བྱ། ། ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཧཱུཾ། སྔགས་ཀྱིས་བསང་བྱས་བཤོས་བསྡོགས་ཏེ། གསེར་ལས་བྱས་པའི་ཐུར་མ་ཡིས། །སྤྱན་ནི་དབྱེ་བ་བྱས་ནས་ནི། །ཞལ་ཟས་དེ་ནི་མཁས་པས་བསྟབས། །ཨོཾ་བཛྲ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཨོཾ་དི་བྱ་ཨན་ས་མཱ་ དཱི་དྷྱ་ན་པྲི་ཎ་ཡེ་སྭཱ་ཧཱ། དེ་ལྟར་བྱས་ནས་དེ་ནས་ཡང་། །ཤེས་རབ་ཅན་གྱི་སློབ་མ་གཞུག །ཁྱོད་ཀྱིས་ང་ལ་གསོལ་བཏབ་པའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་སྐད་གསུངས་བཞིན་རབ་གནས་པ། །དེ་ནི་ངས་བཅས་བྱེད་དུ་བཅུག །ཁྱེད་ཀྱིས་དེ་ནི་ཀུན་ རྫོགས་པས། །ཅི་བདེ་བར་ནི་མཆོད་པར་གྱིས། །དེ་བས་དབང་བསྐུར་དམ་ཚིག་ལ་གནས་པར་བྱས་ནས། སྦྱིན་བླུགས་སྟོང་ངམ་དེའི་ཕྱེད་དམ་དེའི་ཕྱེད་ཕྱེད་ཀྱི་མངར་གསུམ་དང་བསྲེས་པའི་འབྲུ་ཐམས་ཅད་ཀྱིས་སྦྱིན་སྲེག་བྱའོ། །བདག་ཉིད་དང་ནི་སློབ་མ་ཀུན། །ཞི་དང་ རྒྱས་པ་འཕེལ་བྱའི་ཕྱིར། །ཐབ་ཁུང་ཟུར་ནི་བཞི་པ་ལ། །འོ་མ་ཅན་ཤིང་བུད་ཤིང་བྱ། །དེ་ཡི་ཡམ་ཤིང་འོ་མ་མར། །བཤོས་ཀྱི་ལྷག་མ་དབུལ་བར་བྱ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པའི་སྦྱིན་སྲེག་གི་ཆོ་ག་ལས་གསུངས་པ་བཞིན་ཞི་བ་ལ་སོགས་པ་བྱའོ། །གཙུག་ ལག་ཁང་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བཞུགས་གནས་ཏིང་ངེ་འཛིན་སྣ་ཚོགས་ཀྱི་གཞལ་ཡས་ཁང་ཆོས་ཀྱི་དབྱིངས་ལྟར་ཡངས་པར་ཡིད་ཀྱིས་སྔགས་འདིས་བསྐྱེད་པར་བྱའོ། །ཨོཾ་ཧཱུཾ་ཧྲཱིཿདེ་ནས་ལྷག་པར་ གནས་དང་། མཆོད་པ་ལ་སོགས་པ་བྱས་ལ། དཀྱིལ་འཁོར་གྱི་ཆོ་ག་ལས་བཤད་པའི་ཆོ་གས་གཏོར་མ་བྱིན་ཏེ། ཡང་མཆོད་པ་བྱས་ནས་རབ་ཏུ་གནས་པ་བྱའོ། །ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཨོཾ་ཧཱུཾ་ཧྲཱིཿབྷུ་ཁཾ་བཛྲཱི་བྷ་བ་དྲྀ་ཌྷ་ཏིཥྛ་བྷུ་ཁཾ་ཞེས་བྱའོ། །དེ་ ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པས་བྱིན་གྱིས་བརླབས་པས་རྡོ་རྗེ་ལྟར་མི་ཕྱེད་ཅིང་ལེགས་པར་རབ་ཏུ་གནས་པ་བསམས་ལ་བུས་པ་ལྔའམ། བརྒྱད་དམ་བཅུ་དྲུག་སྤོས་ཆུས་ཡོངས་སུ་གང་ཞིང་། མངོན་པར་བསྔགས་པས་གཙུག་ ལག་ཁང་མ་ལུས་པར་བསང་གཏོར་བྱའོ། །དེའི་སྔགས་ནི་ཨོཾ་བཛྲོད་ཀ་ཨ་བྷི་ཥིཉྩ། དེའི་འོག་ཏུ་སངས་རྒྱས་བཅོམ་ལྡན་འདས་སྔར་བསྟན་པའི་ཆོ་གས་རབ་ཏུ་གནས་པར་བྱའོ། །དེ་ནས་གཙུག་ལག་ཁང་སྐྱོང་དུ་ནག་པོ་ཆེན་པོ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་ དུ་བྱ་བ་བྱས་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་དང་ལྡན་པས་ལུང་བསྒོ་བར་བྱ་སྟེ། ཇི་སྲིད་གཙུག་ལག་ཁང་འདི་གནས་པ་དེ་སྲིད་ཀྱི་བར་དུ་ཁྱོད་ཀྱིས་སྲུངས་ཤིག །འཕགས་པའི་དགེ་འདུན་གྱི་བཀའ་ཡང་ཁྱོད་ཀྱིས་སྒྲུབས་ཤིག་ཅེས་བསྒོ་བར་བྱའོ། །དེ་བཞིན་དུ་འཕགས་པའི་མཆོད་རྟེན་ ཡང་ལྷག་པར་གནས་པ་དང་། མཆོད་ཡོན་དང་། མཆོད་པ་ལ་སོགས་པ་དང་པོར་བྱས་ལ། ཡི་གེ་བྷྲཱུཾ་ལས་རྣམ་པར་སྣང་མཛད་དང་། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཡོངས་སུ་གྱུར་པ་ལས་མཆོད་རྟེན་གྱི་གཟུགས་སུ་བསྐྱེད་ཅིང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་གཞལ་ཡས་ཁང་དུ་བསམས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། གསང་སྔགས་དང་། རིག་པའི་ལྷ་ཐམས་ཅད་སྤྱན་དྲངས་ཏེ། བཅུག་ལ་མཆོད་རྟེན་དུ་བཞག་སྟེ་མཉེས་པར་བྱས་ལ་ཁྲུས་དང་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་ཡང་དག་པར་ མཆོད་དེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷིཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ཨོཾ་ཧཱུཾ་ཧྲཱིཿབྷཱུཾ་ཏྲི་ཏྲ་ཏིཥྛ་ཞེས་བྱ་བས་རབ་ཏུ་གནས་པར་བྱའོ། །དེ་ནས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པར་བསམ་པར་བྱའོ། །ལྷག་མ་ ནི་སྔ་མ་བཞིན་ནོ། །དམ་པའི་ཆོས་ཀྱི་གླེགས་བམ་རབ་ཏུ་གནས་པར་བྱ་བ་ནི་འདི་ལྟར་བྱ་སྟེ། གཙུག་ལག་ཁང་དང་མཆོད་རྟེན་དང་། རས་རིས་དང་གླེགས་བམ་དག་ནི་མེ་ལོང་ཉིད་ལ་བཀྲུའོ། །ལྷག་པར་གནས་པ་ལ་སོགས་པ་ཐམས་ཅད་ནི་སྔ་མ་བཞིན་དུ་བྱའོ། །ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེའི་རྣམ་པ་ཡོངས་སུ་གྱུར་ནས། ཀུན་རྫོབ་དང་དོན་དམ་པར་སྟོན་པར་བསམས་ལ། ཨོཾ་པྲཛྙེ་ཤྲུ་ཏེ་མ་ཏི་བི་ཛ་ཡེ་སྭཱ་ཧཱ་ཞེས་པ་དང་། ཨོཾ་ཧཱུཾ་ཧྲཱིཿཐཾ་ཞེས་བྱ་བས་ཀྱང་རབ་ཏུ་གནས་པ་དང་དབང་བསྐུར་བར་བྱའོ། །སྔགས་སྟོན་པའི་གླེགས་བམ་ནི་རྡོ་རྗེ་ཆོས་ཡི་ གེའི་གཟུགས་སུ་ཡོངས་སུ་གྱུར་པ་ལས་སྔགས་ཀྱི་གཟུགས་ཀྱི་སྐུས་འཁོར་བ་ན་འགྲོ་བ་མ་ལུས་པའི་དོན་མཛད་པར་བྱིན་གྱིས་བརླབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཆང་ཐམས་ཅད་ཀྱིས་ཀྱང་དེ་བཞིན་དུ་བྱིན་གྱིས་བརླབ་པར་བསམ་མོ། །མཆོད་པ་དང་། གཏོར་མ་ལ་སོགས་པ་ནི་སྐུ་གཟུགས་སྤྱན་དབྱེ་བའི་ཆོ་ག་བཞིན་དུ་བྱའོ། །དེ་ནས་སིལ་སྙན་དང་རོལ་མོ་བྱས་ལ་གཤེགས་སུ་གསོལ་ལོ། །རྫོགས་སངས་རྒྱས་དང་ལྷ་རྣམས་དང་། །དེ་སྲས་ཚངས་སོགས་ལྷ་ཚོགས་ཀུན། །གང་ཞིག་ཆོ་གའི་བྱ་བ་ནི། །ནོངས་གྱུར་དེ་དག་བཟོད་ མཛད་རིགས། །སྦྱིན་བདག་རྣམས་ལ་ཞི་བ་དང་། །བདེ་ལེགས་ཆེན་པོ་ཀུན་མཛད་དེ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །གང་འདི་སྐུ་གཟུགས་བསྐལ་པའམ། །བསྐལ་པ་བརྒྱ་ལས་ལྷག་གནས་ཤིང་། །ས་དང་མེ་དང་ ཆུ་དང་ནི། །རླུང་ལས་ལྷ་རྣམས་ཀུན་གྱིས་བསྲུངས། །སློབ་དཔོན་སློབ་མ་བཅས་པ་དང་། །བུ་དང་ཚ་བོ་རྣམས་བསྲུངས་ཏེ། །རབ་དགའ་ཡིད་བདེར་གྱུར་ནས་ནི། །རབ་གནས་བཟང་པོ་དག་ཏུ་བཞུད། །ཤེས་རབ་ཡེ་ཤེས་དྲི་མེད་པའི། །མཉམ་མེད་དེ་ལ་ཕྱག་འཚལ་ནས། ། རྡོ་རྗེ་དྲིལ་བུའི་མཚན་ཉིད་དང་། །བྱེ་བྲག་རྣམས་ནི་བཤད་པར་བྱ། །གསེར་སོགས་ལས་བྱས་རྡོ་རྗེ་ནི། །རྩེ་ལྔ་འོད་ཟེར་བཅས་པ་ལ། །ཆང་གཟུངས་ཆ་གསུམ་མཛེས་པ་དང་། །ར་དང་རྩེ་མོའི་བྱེ་བྲག་ཅན། །ཚད་ནི་སོར་བཞི་དག་དང་ནི། །བརྒྱད་དང་བཅུ་དང་བཅུ་གཉིས་དང་། 224a] བཅུ་དྲུག་དེ་བཞིན་ཉི་ཤུ་སྟེ། །དེ་ལས་ཉུང་དང་ལྷག་པར་མིན། །རྡོ་རྗེ་བརྒྱད་པོ་ངེས་པ་ཡི། །ཚད་ཡིན་པར་ནི་བཤད་པ་ཡིན། །མཛེས་ཤིང་མ་ཆག་འཇམ་པ་དང་། །བརྟན་ཞིང་མ་གས་སྲ་བར་འགྱུར། །སོར་བཞི་པ་ཡི་ཚད་དག་ནི། །དེ་ལས་ཉེས་འགྱུར་ ཐ་མ་ཡིན། །སུམ་འགྱུར་རྡོ་རྗེ་བར་མ་སྟེ། །བཞི་འགྱུར་དག་ནི་མཆོག་ཡིན་ནོ། །ཆུར་ནི་གསུམ་དུ་བྱས་པ་ཡི། །དབུས་མའི་ཆ་ནི་ཟླུམ་པོར་བྱ། །དཀྱིལ་མ་བརྒྱད་ཆས་མཐོ་བར་བྱ། །ཟླུམ་པོ་ར་རྩེ་གསུམ་པ་ལ། །ཆ་གཅིག་དབུས་སུ་གནས་པར་བྱ། །ཁྲོ་གཉེར་སྣ་ཚོགས་ ལྡན་པ་དང་། །རིན་ཆེན་འདབ་མ་མྱུ་གུ་དང་། །པདྨ་དེ་བཞིན་གཉིས་སུ་བྱ། །ར་ནི་ཆ་གསུམ་གནས་པ་ལས། །ཆ་གཅིག་དག་ནི་དཀྱིལ་དུ་གཞག །སོར་གཅིག་བརྒྱད་ཅར་བྱ་བ་ནི། །དབུས་མའི་ར་ཡི་བར་ཞེས་བྱ། །གཞན་རྣམས་ཆོ་ག་ཇི་བཞིན་བྱ། །ཟུར་བཞི་ཤིན་ཏུ་རྣོ་ བ་དང་། །དཀྱིལ་སྦོམ་རྩེ་མོ་ཕྲ་བ་ལ། །འོག་དཔག་གསུམ་དང་ལྡན་ཞིང་རྫོགས། །དབུས་མ་ལྷག་བཅས་མཛེས་པར་བྱ། །དེ་བཞིན་ཕྱོགས་ཀྱི་ཆར་བཞག་པའི། །ར་གཞན་དག་ནི་ཡན་ལག་བཞི། །ཕྲ་ཞིང་དབུས་སུ་གུག་པ་དང་། །དབུས་མའི་ར་ལ་འདུད་པ་སྟེ། །རྒྱ་ནི་དབུས་ མའི་ར་ཡི་ཕྱེད། །ནས་འབྲུ་ཙམ་གྱིས་མ་རེག་པའོ། །ཆུ་སྲིན་མཆེ་བ་གཙིགས་འདྲ་བའི། །ཆུ་སྲིན་ཁ་ནས་དབྱུང་བར་བྱ། །ཡེ་ཤེས་ལྔ་ཡི་བདག་ཉིད་ར། །པདྨ་འཁོར་ལོ་ལ་གནས་པ། །རྣོ་དང་མི་རྣོ་གྱེས་པ་དང་། །ཞི་བ་དག་དང་རྣམ་པ་བཞི། །ཕྱི་རོལ་ར་ནི་རྒྱར་གྱུར་པ། །གང་ ཞིག་དེ་ཡི་དབུས་མ་མཚུངས། །གསང་བའི་རྡོ་རྗེ་རྡོ་རྗེའི་དབང་། །མཚན་ཉིད་དག་གི་ཁྱད་པར་ནི། །ནང་གི་དབུས་མའི་ར་དག་ནི། །བཞི་ཆ་ཡིས་ནི་བསྐྱེད་པར་བྱ། །ཕྱི་རོལ་གྲི་གུག་དབྱིབས་འདྲ་ལ། །རྣོ་ཞིང་རྩེ་མོ་གྱེས་པར་བྱ། །གཡུལ་དང་འཐབ་པར་འཕེན་ནུས་པ། །ཆུ་སྲིན་ གདོང་གིས་ཟིན་པར་བྱ། །རྡོ་རྗེ་རྩེ་གསུམ་གང་ཡིན་པར། །མཚམས་དག་ཏུ་ནི་གནས་པར་བྱ། །དེ་བཞིན་སྣ་ཚོགས་པར་གྱུར་པ། །རྡོ་རྗེ་རྒྱ་གྲམ་མིན་པར་བཤད། །དེ་ཡང་དཔུང་བཟངས་ཀྱི་རྒྱུད་ལས། སྒྲུབ་པ་པོས་ནི་ངེས་པར་འཆང་བ་ཡི། །རྡོ་རྗེ་གང་ཡིན་དེ་ནི་འདིར་ བཤད་བྱ། །སོར་བཅུ་བཅུ་གཉིས་བཅུ་དྲུག་བཅོ་བརྒྱད་དང་། །མཆོག་གི་ཚད་ནི་སོར་ཡང་ཉི་ཤུའོ། །གསེར་གྱི་རྡོ་རྗེ་རིག་འཛིན་ཉིད་དང་ནི། །ས་ནི་ཐོབ་པར་བྱ་ཕྱིར་རབ་ཏུ་ཤིས། །རྒྱལ་པོའི་དོན་དུ་དངུལ་ནི་མཆོག་ཡིན་ཏེ། །ཟངས་ཀྱི་རིན་ཆེན་འབྱུང་བའི་གླུ་བསྐུལ་ལ། ། ལྷ་མིན་དབང་པོ་འཁྲུལ་འཁོར་གཞིག་པ་དང་། །ཕུབ་ཏུ་འགྲོ་བ་རྡོ་ཡི་རྡོ་རྗེའོ། །དོན་ཀུན་བསྒྲུབ་པ་ལ་ནི་ལྕགས་གསུམ་གྱི། །གནོད་སྦྱིན་སྡེ་འཇོམས་པ་ལ་ལྕགས་ཀྱིའོ། །དོན་གཞན་ལ་ནི་སེང་ལྡེང་དཔལ་དང་ཚེ། །ནད་མེད་ནོར་རྫས་ལ་ནི་བིལ་བའོ། །གནོད་སྦྱིན་མ་བསྒྲུབ་པ་ ལ་མ་དྷུའི་ཤིང་། །ཆོས་ཀྱི་དོན་དུ་ཨ་ཤྭད་ལས་བྱས་ཤིང་། །གསལ་ཞིང་རྩེ་མོ་དགར་རྣམས་ཞིག་པ་ལ། །མི་རྣམས་པ་སང་པ་ལ་ནི་མི་རུས་ཀྱི། །ཤེལ་ལས་བྱས་པའི་མིག་འཕྲུལ་ཆེན་པོ་ལ། །དབྱེ་ཕྱིར་ནིམ་པ་ལས་བྱས་རབ་ཏུ་ཤིས། །བསད་ཅིང་སྐམ་ལ་བ་རུ་ར་ཡི་ཤིང་། ། ཤ་ཟ་བསྒྲུབ་པ་ལ་ཡང་རྟག་ཏུ་ཤིས། །ལྷ་དང་གནོད་སྦྱིན་དྲི་ཟ་བསྒྲུབ་པ་ལ། །སྒྲོན་ཤིང་ལས་ནི་བྱས་པའི་རྡོ་རྗེའོ། །ཇི་སྟེ་རླུང་ནི་དབང་དུ་བྱེད་འདོད་ན། །དེ་ཚེ་ཀླུ་ཤིང་རྩ་ལས་བྱེད་པའོ། །གཟུགས་བསྒྱུར་པ་ལ་ས་ལས་བྱས་པའོ། །རོ་ལངས་བསྒྲུབ་པ་ལ་ནི་ཀ་དམ་པའི། །བུ་ནན་ ག་དང་ར་ཛ་ཨརྐ་དང་། །ཨ་ཤྭད་ཤིང་གི་རྡོ་རྗེ་ནོར་གྱི་ཕྱིར། །བླ་བ་ཨ་མྲ་ཤྲི་བརྞ་བ། །ཨརྫུ་ལ་སོགས་པ་ལས་བྱས་པ་ནི། །མི་རྣམས་གཡུལ་ལས་རྒྱལ་བར་བྱ་ཕྱིར་རོ། །ཡིད་དུ་འོང་བའི་འདོད་པ་ཐོབ་བྱའི་ཕྱིར། །ཙནྡན་དཀར་པོ་དང་ནི་དམར་པོ་སྟེ། །དབྱིབས་ལེགས་ འཇམ་ཞིང་མ་ཉམས་རྨ་མེད་པའོ། །རྡོ་རྗེ་རྩེ་ལྔ་སྲ་བ་བཅང་བར་བྱ། །དང་པོ་ཟློས་ཚེ་དེ་ནི་ཐོགས་ནས་སུ། །བཟླས་བརྗོད་ཟིན་ན་མྱུར་བ་ཁོ་ནར་ནི། །དད་པའི་སེམས་ཀྱིས་ཕྱག་བྱས་དྲི་སོགས་ཀྱིས། །མཆོད་ནས་རྡོ་རྗེ་རྒྱལ་བའི་ཞབས་དྲུང་གཞག །ང་ཡི་རིགས་ཀྱི་གསང་ སྔགས་སྒྲུབ་པ་པོས། །རྡོ་རྗེ་མེད་ན་འགྲུབ་པར་མི་འགྱུར་རོ། །དེ་ལས་གཅིག་ཀྱང་རྙེད་པར་མ་གྱུར་ན། །ཁུ་ཚུར་བཅངས་ལ་རྩེ་གཅིག་སེམས་ཀྱིས་བཟླས། །ཞེས་འབྱུང་། ལྕགས་གསུམ་ལས་བྱས་དྲིལ་བུ་མཐར། །ཕྱི་ལ་པདྨ་བ་ལང་ཁ། །རྡོ་རྗེ་པདྨ་བདེ་གཤེགས་རིགས། ། ལས་མཆོག་དགུ་ནི་སྐྱེད་པར་བྱེད། །རྡོ་རྗེ་ལ་སོགས་མ་ལྡན་དང་། །ཁོང་སྟོང་ལྕེ་དང་བཅས་པ་དང་། །གྲུ་བཞི་མཉམ་པའི་ཁ་ཆེར་དང་། །རྩེ་མོ་མདུང་གི་གནས་དང་བཅས། །ཆ་བཞི་རྣམ་པར་སྤངས་པ་ནི། །བིལ་བ་དཔལ་ནོར་རྒྱས་པ་ཐོབ། །པདྨ་པདྨའི་ དབྱིབས་འདྲ་ཞིང་། །ཁོང་སྟོང་རྐང་པ་དྲུག་དང་ལྡན། །ཨུཏྤལ་འདབ་མ་ཅན་གྱིས་ཀྱང་། །ཞི་དང་རྒྱས་པའི་དོན་སྟོན་ཏེ། །ཆ་གསུམ་ཡོངས་སུ་དོར་བར་ནི། །མཚན་མ་ཕྲེང་བ་སྐ་རགས་བཅས། །སྐྱེ་མེད་དོན་གྱི་ཟབ་པ་དང་། །ཤེས་རབ་སྒྲ་ཡི་རྗེས་འགྲོ་དབྱངས། །འོག་པུ་སྐ་ རགས་ལྡན་པ་ཡི། །བ་ལང་ཁ་ནི་མཆོག་ཏུ་བཤད། །དྲིལ་བུ་ཟུར་བཞི་མཉམ་པ་དང་། །སོར་ནི་བདུན་དང་བརྒྱད་དང་བཅུ། །རིགས་ནི་ལྔ་པོ་ཀུན་ལ་ཡང་། །དངོས་གྲུབ་ཐམས་ཅད་སྟེར་བྱེད་གསུངས། །དེ་ལྟར་དྲིལ་བུ་གསུམ་མཉམ་པར། །རྡོ་རྗེ་པདྨ་སོགས་ཀྱིས་བརྒྱན། །བུམ་ པ་དང་ནི་ལྡན་པ་རུ། །བླུགས་པས་དངོས་གྲུབ་སྟེར་བར་བཤད། །འདི་ནི་དྲིལ་བུའི་མཚན་ཉིད་དོ། །ནམ་མཁའ་དྲི་མེད་དཀྱིལ་འཁོར་ལེགས་བྲིས་པའི། །རྣམ་པར་དཀར་བའི་དགེ་བ་གང་ཡིན་དེས། །འགྲོ་ཀུན་ལྟ་ངན་སྤྲིན་ཚོགས་རྣམས་བསལ་ཏེ། །ཕྱོགས་རྣམས་ཀུན་དུ་ཉི་ཟླ་ལྟར་ གྱུར་ཅིག། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་མཉྫུ་བཛྲ་ཨུ་ད་ཡ་མཎྜ་ལོ་བི་དྷི་སརྦ་སཏྭ་ཧི་ཏ་བ་ཧ་ནཱ་མ། བོད་སྐད་དུ། དཔལ་འཇམ་པའི་རྡོ་རྗེ་འབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག་སེམས་ཅན་ཐམས་ཅད་ཀྱི་བདེ་བ་བསྐྱེད་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་ དཔའ་ལ་ཕྱག་འཚལ་ལོ། །མགོན་པོ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་དངོས་གྲུབ་ཐབས་ཆེན་བདག་ཉིད་དྲི་མེད་ཤེས་རབ་བཙུན་མོ་ཡི་ནི་སྐུ་ཡིས་འཁྱུད། །ནམ་མཁའ་ཁྱབ་པའི་ཐུབ་དབང་སྤྲུལ་པའི་ཚོགས་ཀྱིས་འཇིག་རྟེན་གསུམ་གྱི་འདོད་སྩོལ་མཛད། །སྒྱུ་འཕྲུལ་ དྲ་བའི་དགའ་བ་རྒྱུན་མི་འཆད་པའི་བདེ་བའི་རོལ་པའི་ཉམས་ནི་འཕྲོ་མཛད་པ། །འཇམ་པ་ཡི་ནི་མཆོག་ལ་བཏུད་དེ་འགྲོ་བས་དེ་ཡི་དཀྱིལ་འཁོར་མཉེས་བྱ་རབ་བཤད་བྱ། །མི་བརྟན་མི་ཉིད་རྙེད་དཀའ་དེ་བས་ཀྱང་། །བཤེས་གཉེན་མཆོག་ཕྲད་དགའ་སྟོན་རབ་རྙེད་དཀའ། །དེ་ཕྱིར་ བདག་གཞན་དོན་འབྱུང་སྔགས་ཀྱི་ཚུལ། །སྲིད་གསུམ་ཕན་བྱེད་ལམ་ལ་བརྟེན་པར་གྱིས། །སྡུག་བསྔལ་དུ་མས་བཅོམ་ཞིང་མྱ་ངན་གནས། །འགྲོ་བ་མགོན་མེད་བལྟས་ནས་བརྩེར་ལྡན་པས། །སྔགས་ཚུལ་འདི་ཡི་དོན་ལ་བརྟེན་བྱ་སྟེ། །དམ་པ་རྣམས་ལ་གཞན་དོན་ལས་མཆོག་ མེད། །རང་གི་ལྟོ་བ་ཙམ་ཞིག་འགེངས་འདོད་པ། །འགྲོ་བ་ཀུན་གྱི་རང་བཞིན་འདི་ཡིན་གྱི། །རང་ལུས་འཇིག་ནའང་གཞན་དོན་འདོད་གྱུར་པ། །སྔོན་མེད་རྨད་འདི་ས་སྟེང་འགའ་ཡི་ཡིན། །ལུས་ཅན་ཡིད་ཀྱི་རང་དབང་དག་གིས་འཇུག །འདི་དག་ཡོང་ཡེ་ཡིད་ཀྱི་དབང་གྱུར་ ཡིན། །སྲིད་དང་རྣམ་གྲོལ་དེ་ཉིད་རྣམ་རོལ་ན། །བཅོས་བླའང་བློ་གྲོས་ནོར་ལྡན་ཅི་ཕྱིར་ཐོགས། །ཕྱི་རོལ་གནས་ཀྱང་དེ་ཉིད་ག་ལ་འགྲོ། །འོན་ཏེ་གནས་ཀྱང་ཡིད་ནི་རྣམ་པར་གྲོལ། །དེ་ལྟས་དོན་དུ་ཡོངས་འཛིན་དོན་མེད་དེ། །ཡིད་ཉིད་ཀུན་དུ་བྱ་དང་བྱེད་པ་ཡིན། །དཔེར་ན་ད་དུ་ར་ ཡི་མཐུ་ཡིས་ནི། །འགའ་ཡིས་ས་གཞི་གསེར་གྱི་རང་བཞིན་མཐོང་། །དེ་བཞིན་ཡིད་ཀྱང་སྔགས་སོགས་སྟོབས་ཀྱིས་ནི། །སྣ་ཚོགས་སྣང་བ་རྣམ་པར་དག་པར་འགྱུར། །དེ་ལ་སློབ་དཔོན་ཐེག་པ་ཆེན་པོ་ཡི། །ཟབ་ཅིང་རྒྱ་ཆེའི་ཆོས་ནི་རྟོགས་པ་དང་། །དེ་ཉིད་ལ་ནི་རྟག་ཏུ་མངོན་ པར་དགའ། །གསང་བའི་དེ་ཉིད་དོན་ནི་སྡུད་པར་བྱེད། །སྣ་ཚོགས་ལས་ཀྱི་རླུང་གིས་བསྐྱོད། །སྡུག་བསྔལ་དབའ་ཀློང་སྲིད་པའི་མཚོར། །འགྲོ་ཀུན་ནུབ་པར་མཐོང་ནས་ནི། །སྡུག་བསྔལ་དེ་ཉིད་དག་གིས་གདུངས། །དེ་ཉིད་གདོན་པར་རབ་དད་ཅིང་། །བྱང་ཆུབ་ཏུ་ནི་ངེས་ བྱས་ལ། །དཔལ་ལྡན་སྒྱུ་འཕྲུལ་དྲ་བ་ཡིས། །རྒྱུད་གསུངས་དམ་ཚིག་རབ་སྲུང་བྱེད། །ཕྱི་དང་གསང་བའི་དབང་ཡང་བསྐུར། །རྣམ་པར་མི་རྟོག་རྣམ་དག་བློ། །དཀྱིལ་འཁོར་དང་ནི་ཏིང་འཛིན་མཆོག །ཕྱག་རྒྱ་སྟང་སྟབས་འདུག་སྟངས་དང་། །བཟླས་དང་སྦྱིན་སྲེག་དེ་བཞིན་ མཆོད། །ལས་ཀྱི་སྦྱོར་དང་ཉེ་བསྡུ་བའོ། །དེ་ལྟར་དེ་ཉིད་བཅུ་ཤེས་ཤིང་། །དམན་པའི་སེམས་ནི་སྨོད་བྱེད་པ། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །གསང་སྔགས་རྒྱུད་ཀྱི་སྦྱོར་བ་ཤེས། །དཀྱིལ་འཁོར་འདྲི་བའི་ལས་ལ་མཁས། །དེ་ཉིད་ བཅུ་ནི་ཡོངས་ཤེས་ཤིང་། །བརྩེར་ལྡན་བསྟན་བཅོས་རྣམས་ལ་མཁས། །སྤྲོ་བ་ཆེ་ཞིང་སྙིང་སྟོབས་ཆེ། །རག་པ་ཟློས་ཤིང་ཤིན་ཏུ་བསྡམས། །བྱམས་དང་སྙིང་རྗེ་དག་པའི་བདག །སེམས་ཅན་ཀུན་ལ་སེར་སྣ་མེད། །སྲིད་པའི་ལོངས་སྤྱོད་ལ་མི་ཆགས། ། སྔགས་ཀྱི་ཚུལ་ལ་ཐེ་ཚོམ་མེད། །རང་གི་ཡིད་ནི་ཉམས་དགའི་གནས། །ཕྱོགས་དགར་རྣམ་པར་གནས་ནས་ནི། །སྒྱུ་མ་རྨི་ལམ་བྲག་ཅ་དང་། །དྲི་ཟའི་གྲོང་ཁྱེར་ལྟ་བུར་ནི། །འགྲོ་བ་ཐམས་ཅད་རྣམ་བསྒོམས་ལ། །འཇམ་པའི་དབྱངས་ནི་རབ་ཏུ་བསྒྲུབ། །ཇི་སྐད་བཤད་ པའི་ཡོན་ཏན་ལྡན། །བློ་དང་ལྡན་པས་དཀྱིལ་འཁོར་བྲི། །དེ་ཉིད་སློབ་མ་སྡུད་པ་དང་། །རྒྱུད་རྣམས་སྟོན་པར་འོས་པ་ཡིན། །དེ་ཉིད་ཀྱིས་ནི་སྔགས་བྱིན་པ། །བྱ་བར་ལྡན་ལ་རབ་ཏུ་འགྲུབ། །སློབ་མའང་ཡོན་ཏན་དེ་འདྲ་བའམ། །ཅུང་ཟད་དམན་པས་དཔལ་ལྡན་རྒྱུད། །ཚུལ་ གསུངས་ཐར་རྒྱལ་འབྲས་འདོད་པས། །བླ་མ་ལ་ནི་གསོལ་བ་གདབ། །གཞན་དུ་སློབ་དཔོན་སློབ་མ་དག །ངེས་པར་ཉམས་པ་འབྱུང་འགྱུར་ཞིང་། །འཇིག་རྟེན་གསུམ་གྱིས་དཔྱས་པ་དང་། །དོན་གྲུབ་འབྲས་བུའང་རིང་བར་འགྱུར། །དེ་བས་འབད་པ་ཐམས་ཅད་ཀྱིས། །དེ་བཞིན་ གཤེགས་པ་ཀུན་གྱི་མཆོག །དམ་ཚིག་ཤེས་རབ་ཅན་གྱིས་བསྲུང་། །སྲོག་གི་ཕྱིར་ཡང་དོར་མི་བྱ། །མཁས་པས་ལེགས་པར་འཐས་པ་འམ། །ལེགས་པར་བྲིས་པ་ཉིད་རུང་གི །བར་མ་དོར་གྱུར་དངོས་པོས་ནི། །དོན་མེད་པར་ནི་ལྟུང་བར་འགྱུར། །དེ་ལ་སློབ་དཔོན་སློབ་ མས་གང་གི་ཚེ། དཀྱིལ་འཁོར་བྲི་བའི་ཕྱིར་ལན་གཉིས་ལན་གསུམ་གསོལ་བ་བཏབ་ན། དེའི་ཚེ་བདག་གིས་སེམས་ཅན་གྱི་ཁམས་འདི་དག་ཐམས་ཅད་བླ་ན་མེད་པའི་བདེ་བ་ཆེན་པོའི་གནས་ལ་རབ་ཏུ་དགོད་པར་བྱའོ་ཞེས་ལྷག་པའི་བསམ་པ་བསྐྱེད་ལ། ཁྱེད་ཀྱི་དཀྱིལ་ འཁོར་གྱི་ཡོ་བྱད་ཐམས་ཅད་ཚོགས་པར་གྱུར་ཏམ། འོན་ཏེ་མ་ཡིན་ཞེས་སློབ་མ་ལ་དྲི་བར་བྱའོ། །གལ་ཏེ་ཅུང་ཟད་ནི་ཚོགས་ལ་ཅུང་ཟད་ནི་མ་ཡིན་ནོ་ཞེས་ཟེར་ན། དེའི་ཚེ་དེའི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་གི་འོད་ཟེར་རྣམས་ཀྱིས་སྙིང་གར་གནས་པའི་ ཡི་གེ་ཀྃ་ལས་བྱུང་བའི་སྡིག་པ་མདོག་གནག་ཅིང་མི་སྡུག་པ་ཤ་ཟ་ལྟ་བུར་སྣའི་རྩེ་མོར་ཕྱུང་བ་དང་། ཡི་གེ་ཧཱུཾ་དེ་ཡང་སྙིང་གར་ཕྱིན་ཏེ། ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱི་སྐུ་གཡོན་བརྐྱང་བས་གནས་པ། མཆེ་བ་གཙིགས་པ་གསུས་པ་འཕྱང་བ། སྐུ་མདོག་གནག་པ། ཐུགས་ཀར་མཆེ་ བ་དང་བཅས་པའི་སྡིགས་མཛུབ་སྟོན་པ། ཕྱག་གཡས་ན་མཆེ་བ་བསྣམས་པ་བསམས་ལ་ཕྱུང་སྟེ། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཁཱ་ད་ཁཱ་ད། སརྦྦ་པཱ་པཾ་ཨ་སྱ་ཧཱུཾ་ཕཊ་ཅེས་བྱ་བས་དེས་སྡིག་པ་ཐམས་ཅད་ཟོས་ནས། སློབ་མ་དེ་ཡང་ཡི་གེ་སཾ་ལས་ཀུན་དུ་བཟང་པོའི་སྐུར་རྣམ་པར་བསམས་ལ། འོག་ནས་བཤད་པའི་བདུད་རྩི་ཐབ་སྦྱོར་གྱི་ཚུལ་གྱིས་དེའི་སེམས་ཀྱི་བགེགས་ཕུར་བུས་བཏབ་ལ། དེའི་འོད་ཟེར་འཇིགས་པ་སྟོང་ཕྲག་གིས་གདུག་པ་ཐམས་ཅད་ཡང་དག་པར་བསྲེགས་ལ། སློབ་པའི་སེམས་མངོན་པར་བསྲུང་བར་བྱ་བའི་ཕྱིར། ཡི་གེ་ཨ་ལས་བྱུང་བའི་ཟླ་བའི་ དཀྱིལ་འཁོར་ལ་དབྱངས་ཀྱི་ཡི་གེ་ཐ་མ་ལས་བྱུང་བའི་ལས་ཀྱི་རྡོ་རྗེ་ཡང་དེར་གནས་པར་བསམ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སྔོན་དུ་བྱ་བ་རྣམས་ཀྱི་ཕྱིར་འབད་པར་བྱའོ། །དཀྱིལ་འཁོར་ཡང་དག་ཇི་ལྟ་བར། །ཡང་དག་བརྟག་པར་སུ་ཡིས་ནུས། །རང་གི་ལྷ་ཡི་སྦྱོར་བ་ཡིས། ། དཀྱིལ་འཁོར་རྟག་པར་འགྲུབ་པར་འགྱུར། །ཞེས་གསུངས་པས་ན། དཀྱིལ་འཁོར་བྲི་བར་འདོད་པས་རང་གི་ལྷག་པའི་ལྷའི་སྦྱོར་བ་བྱ་བར་བཤད་དོ། །དེ་ལ་དང་པོར་རེ་ཞིག་བདུད་རྩི་ཐབ་སྦྱོར་གྱི་གསང་སྔགས་རྗེས་སུ་དྲན་པར་བྱས་ལ། མལ་ནས་ལངས་ཏེ་གདོང་བཀྲུ་བ་ལ་སོགས་ པའི་བྱ་བ་ཐམས་ཅད་བྱས་ནས། སྔ་དྲོའི་དུས་སུ་གཡོན་པའི་ཁྲོ་བོའི་ཁུ་ཚུར་དང་ཧཱུཾ་ཕཊ་ཅེས་བྱ་བས་བགེགས་རྣམས་བསྐྲད་ལ། ལྷའི་ཁང་པར་ཞུགས་ཏེ། སྟན་ནང་ཚངས་ཅན་ལ་སོགས་པར་འདུག་ལ། ཡི་གེ་ཨ་དང་ཧཱུཾ་གཉིས་ལས་ཟླ་བ་དང་། རྡོ་རྗེ་རིམ་བཞིན་ལག་པ་གཉིས་ སུ་བསམས་ལ། གུང་མོ་དང་མཛུབ་མོ་དང་སྲིན་ལག་དང་མཐེའུ་ཆུང་དང་མཐེ་བོ་རྣམས་སུ། ཨོཾ་ཧཱུཾ་ཏྲཱཾ་ཨཱཿཁཾ་ཞེས་བྱ་བའི་ཡི་གེ་ལྔ་རིམ་བཞིན་དུ་བཀོད་ལ་རྡོ་རྗེ་ཐལ་མོ་བཅིངས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཤན་སཱི་དཱ། སརྦྦ་སཏྭ་ན་མ་སརྦྦ་སིདྡྷ་ཡ། སཾ་པཏྟྱནྟཾ། སརྦྦ་ཏ་ཐཱ་ག་ ཏཤྩ། ཨ་དྷི་ཏིཥྛ་ན་ཏཾ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨྨཱཿསྭ་བྷཱ་ཤུདྡྷོ྅ཧཾ། ཞེས་བཞག་ལ་རང་གི་མགོར་དགྲོལ་བར་བྱའོ། །དེ་ཉིད་ཀྱིས་བགེགས་ཐམས་ཅད་ཞི་བར་འགྱུར་རོ་ཞེས་བསམ་པར་བྱ་སྟེ། གང་འདི་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་དག་པར་ལྷག་པར་མོས་ པ་ལ་བགེགས་རྣམས་འབྱུང་བ་འདི་ནི་གནས་མེད་ཅིང་སྐབས་མེད་དེ། བགེགས་ལ་སོགས་པ་ནི་ཐ་མལ་པའི་རྣམ་པར་རྟོག་པ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཡང་ཡིད་མགུ་བར་མ་གྱུར་ན་དེའི་ཚེ་སྐད་ཅིག་གིས་དཔལ་རྣམ་པར་སྣང་མཛད་དུ་བདག་ཉིད་རྣམ་པར་ བསམས་ལ། ཡི་གེ་ཧཱུཾ་ལས་བྱུང་བའི་བདུད་རྩི་ཐབ་སྦྱོར་བགེགས་མ་ལུས་པ་རྣམ་པར་འཇིག་པར་བྱེད་པ། འབར་བ་སྟོང་ཕྲག་གིས་འཇིགས་སུ་རུང་བ། ལྟེ་བ་མན་ཆད་རྩེ་གཅིག་པ་ལྟ་བུ་ལ་སྐུ་སྟོད་ཁྲོ་བོའི་དབྱིབས་ཅན་ལ་འོག་ནས་བཤད་པའི་སྐུ་མདོག་དང་། ཕྱག་མཚན་དང་ལྡན་ པར་བསམས་ལ། ལྷའི་ཁང་པའི་དབུས་སུ་སྔགས་འདི་གདབ་པར་བྱའོ། །ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦྦ་དུཥྚཱ་ན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལ་ཡ་བཛྲ་དྷ་རཱ་ཛྙཱ་པ་ཡ་ཏི་ཀཱ་ཡ། བཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། འོག་ཏུ་ས་གཞིའི་གཏན་པ་ལ་ཐུག་གི་ བར་དུ་བགེགས་ཀྱི་ཚོགས་རྣམས་ཀུན་དུ་ཕུར་བུས་བཏབ་ལ། དེར་གཏོགས་པའི་འོད་ཟེར་གྱི་ཚོགས་ཀུན་ནས་སྲེག་པར་བྱེད་པའི་ཕུར་བུས་བགེགས་རྣམས་བསྐྲད་ནས། དེའི་སྟེང་དུ་ཡི་གེ་ཨཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བསྐལ་པ་མེ་ལྟར་འབར་བའི་འོད་ཅན་ཉི་མ་བྱེ་ བའི་འོད་དང་མཚུངས་པ་བསམས་ལ། ཤར་དང་ནུབ་དང་བྱང་དང་། ལྷོའི་ཕྱོགས་དང་མཚམས་རྣམས་སུ་སྔར་བཤད་པའི་ཕུར་བུ་རྣམ་པར་བསམས་ནས། དབུས་མའི་ཕུར་བུའི་ཉི་མའི་གཟུགས་ལས་འོད་ཕྱུང་ནས། ངོས་ཀྱི་ཕུར་བུ་རྣམས་ལ་དེ་དག་ཕན་ཚུན་དུ་འོད་ཀྱི་ཚོགས་ རྣམས་འདྲེས་པར་གྱུར་པས་བླ་རེ་བཞིན་དུ་སྟུག་པོར་གྱུར་པ། འོག་ཏུ་ཡང་དེ་བཞིན་དུ་བསམ་པར་བྱའོ། །ཡང་ན་དེ་བཞིན་དུ་དཔལ་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ལ་གནས་ལ། ཧཱུཾ་ལས་དཔལ་རྡོ་རྗེ་ཧཱུཾ་མཛད་མདུན་དུ་འདུག་སྟེ། བཀའ་ནོད་པ་སྤྲུལ་ལ། ཨོཾ་སུམྦྷ་ནི་སུམྦྷ་ཞེས་བྱ་བ་ ལ་སོགས་པའི་སྔགས་ཀྱིས་བཀའ་བསྒོ་བ་དང་། དེ་ལས་ལྷ་ལ་སོགས་པའི་བགེགས་མ་ལུས་པ་བཀུག་པར་གྱུར་ནས། རང་གི་ཕྱོགས་སུ་གནས་པར་རྣམ་པར་བསམས་ལ། ཡི་གེ་ཧཱུཾ་ལས་བྱུང་བའི་བདུད་རྩི་ཐབ་སྦྱོར་ཕྱག་ན་ཐོ་བ་བསྣམས་ནས་ཨོཾ་གྷ་གྷ་ཞེས་བྱ་བ་ལ་ སོགས་པའི་སྔགས་ཀྱིས་བཀའ་བསྒོ་ཞིང་ཁྲོ་བོ་གཞན་གྱིས་མི་ཐུབ་པའི་ཁྲོ་བོའི་ཕུར་བུས་སྤྱི་བོ་ནས་བརྡུངས་པ་དང་། ཤར་ཕྱོགས་སུ་ཁྱབ་འཇུག་དང་བརྒྱ་བྱིན་ཞེས་བྱ་བ་འཁོར་ལོ་དང་རྡོ་རྗེ་ཐོགས་པ། མདོག་སྔོན་པོ་དང་། སེར་པོ་ནམ་མཁའ་ལྡིང་དང་། ས་སྲུང་ལ་ཞོན་པའི་ལྷ་ གཉིས་གཡོག་དང་འཁོར་དུ་བཅས་པ་ཕུར་བུས་བཏབ་པར་བསམ་པར་བྱའོ། །དེ་བཞིན་དུ་བདུད་རྩི་ཐབ་སྦྱོར་ཕྱག་ན་རྡོ་རྗེའི་ཐོ་བ་བསྣམས་པ་དང་། འཕགས་པ་གཤིན་རྗེ་གཤེད་ཀྱིས་ལྷོར་གཤིན་རྗེ་ལག་ན་དབྱུག་པ་ཐོགས་པ། ཁ་དོག་གནག་པ་མ་ཧེ་ལ་ཞོན་པ་འཁོར་དང་ བཅས་པ་ཕུར་བུས་བཏབ་པ་དང་། སྟོབས་པོ་ཆེས་ནུབ་ཏུ་ཆུ་ལྷ་ལག་ན་ཞགས་པ་ཐོགས་པ་ཟླ་བ་ལྟ་བུའི་མདོག་ཅན་སྦྲུལ་ལ་ཞོན་པའོ། །འདོད་པའི་རྒྱལ་པོས་མེའི་ཕྱོགས་སུ་མེ་ལྷ་གུནྡྷེ་དང་བགྲང་ཕྲེང་ཐོགས་པ་ཁ་དོག་དམར་པོ་ར་སྐྱེས་ལ་ཞོན་པ། དྲང་སྲོང་རྣམས་ཀྱིས་བསྐོར་ བའོ། །ཁྲོ་བོ་པདྨ་མཐར་བྱེད་ཀྱིས་བདེན་བྲལ་གྱི་ཕྱོགས་སུ་བདེན་བྲལ་མདོག་ཆར་སྤྲིན་ལྟར་ནག་པོ། རལ་གྲི་ཐོགས་པ་ཡི་དགས་ལ་ཞོན་པ། སྲིན་པོ་རྣམས་ཀྱིས་བསྐོར་བའོ། །ཁྲོ་བོ་ཆེན་པོ་དབྱུག་སྔོན་གྱིས་རླུང་གི་ཕྱོགས་སུ་རླུང་ལྷ་དུ་བའི་མདོག་ཅན་རྒྱལ་མཚན་ཐོགས་པ། རི་དགས་སྔོ་བསངས་ལ་ཞོན་པའོ། །ཁྲོ་བོ་མི་གཡོ་བས་དབང་ལྡན་གྱི་ཕྱོགས་སུ་དབང་ལྡན་མདོག་དཀར་པོ་མདུང་རྩེ་གསུམ་པ་ཐོགས་པ་ཁྱུ་མཆོག་ལ་ཞོན་པ། ཟླ་བ་ཁམ་པས་དབུ་རྒྱན་བྱས་པའོ། །ཁྲོ་བོའི་རྒྱལ་པོ་གནོད་མཛེས་ཀྱི་སྟེང་དུ་ཚངས་པ་དང་། ཉི་མ་དང་ཟླ་བ་ལ་ སོགས་པ་མདོག་སེར་པོ་དང་། དམར་པོ་དང་། དཀར་པོ་དང་། སྤྱི་བླུགས་དང་། པདྨ་དང་། ཀུ་མུ་ད་ཐོགས་པའོ། །ཁྲོ་བོ་རྡོ་རྗེས་འོག་གིས་སའི་འོག་ཏུ་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟངས་རིས་སྐུ་མདོག་ལྗང་གུ་ལག་ན་རལ་གྲི་ཐོགས་པ་ཤིང་རྟ་ལ་ཞོན་པའོ། །ཁྲོ་བོ་ཆེན་ པོ་བགེགས་མཐར་བྱེད་རང་ཉིད་ཀྱི་བྱང་དུ་ལུས་ངན་པོ་དང་། ཚོགས་ཀྱི་བདག་པོ་མདོག་དཀར་པོ་དང་། སེར་པོ་བིལ་བ་དང་། ལ་དུ་ལག་ན་ཐོགས་པ་མི་དང་བྱི་ལ་ལ་ཞོན་པ། གནོད་སྦྱིན་དང་། བགེགས་མ་ལུས་པའི་བདག་པོར་གྱུར་པ། ཕུར་བུས་ བཏབ་པ་རབ་ཏུ་བསམ་པར་བྱའོ། །ཁྲོ་བོ་འདི་དག་ཐམས་ཅད་ཀྱང་ལྟེ་བ་མན་ཆད་སྐུ་སྨད་ཀྱི་ཆ་རྡོ་རྗེའི་རྩེ་མོ་ལྟ་བུ་སྐུ་སྟོད་ཁྲོ་བོའི་དབྱིབས་ཅན་ལ། འོག་ནས་བཤད་པའི་སྐུ་མདོག་དང་ཕྱག་མཚན་དང་ལྡན་པས་ཁྱབ་འཇུག་ལ་སོགས་པ་བུ་དང་ཆུང་མ་དང་། འཁོར་དང་བཅས་པ་ ཕུར་བུས་བཏབ་ཅིང་ཁྲོ་བོའི་འོད་ཟེར་རྣམས་ཀྱིས་ལུས་རྣམ་པར་བཅོམ་པར་ཡང་བསམ་པར་བྱའོ། །དེ་ནས་ཡི་གེ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྱིས་ཀུན་ནས་ཕྱོགས་བཅིང་བ་དང་། ཡི་གེ་ལྃ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་སེར་པོས་ཕྱོགས་ཀྱི་ནང་དུ་མཚམས་ བཅིང་བ་དང་། ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསྐལ་པའི་མེ་ལྟར་སྣང་བ་གཏམས་པས། ཕུར་བུའི་ནང་དུ་ཀུན་ནས་ར་བ་བྱ་བ་དང་ཡི་གེ་རྃ་ལས་བྱུང་བའི་རྡོ་རྗེ་དྲ་བ་རབ་ཏུ་འབར་བའི་མེ་ལྟར་སྣང་ཞིང་འབར་བའི་འོད་ཀྱི་ཕྲེང་བ་ཀུན་དུ་འཁྲུག་པ་ར་བའི་ནང་དུ་བསམ་པར་བྱའོ། །དེ་ལྟར་ མདོར་བསྡུས་པ་དང་། བར་མ་དང་རྒྱ་ཆེན་པོ་སྟེ། བགེགས་བསྐྲད་པའི་ཆོ་ག་རྣམས་ལས་གང་དུ་མངོན་པར་འདོད་པ་དེ་ཉིད་བྱའོ། །དེ་ནས་ཡི་གེ་ཧྲཱིཿལས་ལྐོག་མར་པདྨ་འདབ་མ་བརྒྱད་པ་བསམས་ལ། ལྕེའི་པདྨའི་འདབ་མ་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་གནས་ངན་ལེན་ཐམས་ཅད་དང་ བྲལ་བས་དཀར་བ་བསམས་ཏེ། བཛྲ་ཛི་ཧྭ་ཞེས་བྱ་བས་བྱིན་གྱིས་བརླབས་ནས་རས་རིས་ལ་སོགས་པར་བཞུགས་པའི་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་དང་། དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་རྣམས་ཕྱོགས་ཐམས་ ཅད་དུ་དམིགས་ལ་མཆོག་ཏུ་གུས་པས་སྙིང་གར་ཐལ་མོ་སྦྱར་བ་བཞག་སྟེ། པུས་མོའི་ལྷ་ང་ས་ལ་བཞག་ནས། ཕྱིའི་མཆོད་པ་ཅི་འབྱོར་པ་རྣམས་དང་། ཨོཾ་སརྦྦ་བིད་པཱུ་ར་པཱུ་ར། ཨ་བརྟ་ཡ་ཨ་བརྟ་ཡ་ཧོ་ཞེས་བྱ་བ་དང་། ཡིད་ཀྱིས་མཆོད་པའི་སྤྲིན་རྣམ་པ་སྣ་ཚོགས་པས་ཀྱང་ ཡང་དག་པར་མཆོད་ལ་དངོས་པོ་ཐམས་ཅད་ཀྱིས་ཕྱག་བྱས་ནས་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱའོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །བསོད་ནམས་ཀུན་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཇི་ལྟར་དུས་གསུམ་ མགོན་པོ་དག །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པའི། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་ནི་བྱེད་པ་གསུམ། །བདག་གིས་ བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་ བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང་། ། ལས་ཀྱི་རིགས་མཆོག་ཆེན་པོ་ཡི། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱི་ཞིང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་ གཟུང་། །མ་བསྒྲལ་བ་ནི་བསྒྲལ་བར་བགྱི། །མ་གྲོལ་བ་ནི་གྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབྱུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །བདག་ནི་དགེ་བའི་ལས་འདི་ཡིས། །སངས་རྒྱས་ཉིད་ནི་རྟོགས་གྱུར་ནས། །འཁོར་བའི་རྒྱ་མཚོ་མཐའ་མེད་ ལས། །འགྲོ་བ་ཐམས་ཅད་གདོན་པར་བགྱི། །དེ་ནས་རང་གི་སྙིང་གའི་ཟླ་བ་ལ་རང་གི་སྔགས་དང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་རང་གི་ལྷའི་རང་བཞིན་འོད་ཀྱི་ཚོགས་དཔག་ཏུ་མེད་པ་རྣམ་པར་འཕྲོ་བ་བཀོད་ལ། དེ་ཉིད་ཡིད་ལ་ཟློས་ཤིང་སེམས་རྣམ་པར་སྦྱང་བར་ བྱའོ། །དངོས་པོ་འདི་དག་མ་སྐྱེས་པས། །ཆོས་རྣམས་མེད་ཅིང་ཆོས་ཅན་མེད། །ནམ་མཁའ་ལྟ་བུར་དམིགས་མེད་དེ། །བྱང་ཆུབ་སེམས་འདི་བརྟན་པའོ། །ཞེས་ཀྱང་བརྗོད་ལ། དེའི་དོན་ལ་ལྷག་པར་མོས་པས་ཐོག་མ་མེད་པའི་དུས་ཅན་གྱི་ཕྱིན་ཅི་ལོག་གི་རྟོག་ པའི་བག་ཆགས་ཀྱི་ས་བོན་བསལ་ལ། འགྲོ་བ་འདི་དག་མ་ལུས་པ་དང་། རང་གི་ལུས་དང་རྡུལ་ཕྲ་རབ་ཏུ་རྣམ་པར་བཤིག་ལ། རྡུལ་ཕྲ་རབ་རྣམས་ཀྱང་ཇི་ལྟ་བ་བཞིན་དུ་བརྟགས་པ་ལས་འདས་པས་དངོས་པོ་མེད་པས་རང་བཞིན་མེད་པར་རྣམ་པར་བསྒོམས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦྦ་དྷརྨྨཱཿཞེས་བྱ་བ་དང་ཐལ་མོ་ལན་གསུམ་བརྡབས་ཏེ། རང་བཞིན་གྱིས་དག་པར་མོས་ལ། རང་གི་སེམས་གདོད་མ་ནས་མ་སྐྱེས་པ་རང་བཞིན་གྱིས་འོད་གསལ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལས་རྣམ་པར་གྲོལ་བ། དེའི་ངོ་བོ་ཉིད་དུ་བདག་ཉིད་རང་གི་ སྔགས་ཙམ་ལ་ཡི་གེ་ཧོ་དང་སྤེལ་བར་བསམས་ལ། ཨོཾ་ལས་བྱུང་བའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཇི་སྐད་དུ་བཤད་པའི་གཞལ་ཡས་ཁང་གི་དབུས་ན་བཞུགས་པ་རང་གི་དམ་ཚིག་གི་ཕྱག་རྒྱའི་ཏིང་ངེ་འཛིན་ལ་གནས་པ། མ་ལུས་པའི་ལྷ་རྣམས་ཀྱི་འཁོར་ལོའི་ནང་དུ་ ཆུད་པ་མདུན་དུ་བཞུགས་པར་བསམས་ནས། ཨོཾ་ཙིཏྟ་པྲ་ཏི་བྱ་དྷཾ་ཀཱ་རོ་མི་ཞེས་བརྗོད་དོ། །འདི་དེ་བྱང་ཆུབ་བདེ་མཆོག་སྟེ། །འདི་ལས་གཞན་པའི་བདེ་མཆོག་མེད། །དེ་ཐོབ་པར་ནི་འདོད་བཞིན་དུ། །དེ་ནས་དྲི་ཟའི་སེམས་ཅན་འདྲ། །ཉེ་བར་ལེན་པའི་རྒྱུ་ཡིས་ནི། །ཕྲ་བའི་སྦྱོར་བ་ ཉིད་འཛིན་བཞིན། །རང་བདག་ཞལ་ནས་རྒྱ་པདྨར། །སྐྱེས་པའི་དུས་སུ་བློ་ཡི་ཞུགས། །འདོད་ཆགས་ཆེན་པོའི་མེ་གཟུགས་སུ། །ར་ནི་ཆུ་སྐྱེས་སུ་ལེགས་སམ། །དེ་ཡི་འོད་ཀྱི་མཐུ་ཡིས་ནི། །སྐད་ཅིག་དེ་ལས་མར་བུམ་བཞིན། །བྱང་ཆུབ་སེམས་ཞུ་ཉིད་གྱུར་པ། །སངས་རྒྱས་ སྲས་བཅས་པ་ཡིས་གཟིགས། །ཤིན་ཏུ་མཉམ་གཞག་སེམས་ཅན་བཞིན། །རང་གི་བདག་ཉིད་དེར་དབྱེར་མེད། །སྡུག་པའི་སྙིང་པོ་དག་པ་ཆེ། །ནམ་མཁའ་བཞིན་དུ་དྲི་མ་མེད། །གནས་ངན་ལེན་ནི་ཀུན་ལས་གྲོལ། །རྣམ་པར་རྟོག་པ་སེལ་བའི་མཆོག །ཉོན་མོངས་ དྲི་མ་ཐམས་ཅད་དག །ཟླ་བ་ལྟ་བུར་སེམས་ཙམ་པ། །སེམས་ཙམ་གྱུར་པའི་སེམས་ཅན་དང་། །རྫོགས་པའི་སངས་རྒྱས་སྲས་བཅས་པ། །དེའི་འོད་ལྕགས་ཀྱུས་བཀུག་པ་ཡིས། །རང་གི་སེམས་ཀྱིས་གཅིག་ཏུ་བྱ། །འདིར་སངས་རྒྱས་ཀུན་ཡོན་ཏན་དང་། །ས་དང་ཕ་རོལ་ ཕྱིན་ལ་སོགས། །ཨ་སོགས་དབྱངས་ཡིག་ལྟ་བུ་ནི། །མཁའ་དང་མཉམ་པར་བསྒོམ་པར་བྱ། །རྒྱུན་ལྟར་རང་ཕྱོགས་ནས་འོངས་ཏེ། །དཀར་བའི་ཚུལ་གྱིས་རྣམ་པར་ཞུགས། །བསོད་ནམས་ཚོགས་ཀྱིས་ནུས་པ་ཉིད། །སེམས་ཙམ་དུ་ནི་རྣམ་པར་བསམ། །འདི་ལྟར་སྙིང་རྗེས་ བསྐུལ་བ་ནི། །ས་འོག་བར་དུ་བསམ་པར་བྱ། །ཀྱེ་མ་སེམས་ཅན་འཁོར་བ་ལ། །དགའ་བས་སྡུག་བསྔལ་ཉིད་དུ་འགྱུར། །ཤེས་རབ་ཐབས་ཀྱིས་བདག་ཉིད་བྲལ། །ཡུན་རིང་དུས་སུ་ཡང་ཡང་འཁོར། །དེ་རྣམས་རྫོགས་པར་བྱང་ཆུབ་ཕྱིར། །འཇམ་གསུང་རང་ཉིད་གྱུར་པར་བྱ། །ཨོཾ་ བྷོ་དྷི་ཙིཏྟཱ་ཨུཏྤཱ་ད་ཡཱ་མི། དེ་ལས་བྱུང་བའི་འོད་ཚོགས་ལས། །ཀ་སོགས་ཡི་གེ་རྒྱས་པ་ཡིས། །རིམ་གྱིས་ཉེ་བར་འཕེལ་བའི་སེམས། །སེམས་ཅན་རྗེས་སུ་འཛིན་བྱེད་ཅིང་། །སྙིང་རྗེ་རྗེས་ཆགས་ལས་བྱུང་བ། །བྱང་ཆུབ་སེམས་ཀྱི་ཟླ་དཀྱིལ་འཁོར། །དགེ་བའི་ཆོས་ཀྱིས་ཡང་དག་ རྫོགས། །ཉོན་མོངས་ཐམས་ཅད་དེས་འཇོམས་ཡིན། །སངས་རྒྱས་ཀུན་གྱིས་དབང་བསྐུར་སོགས། །སྣ་ཚོགས་གོས་དང་རྒྱན་ལྡན་པའི། །ཀུན་དུ་བཟང་པོའི་བདག་ཉིད་དུ། །མཐོང་ནས་རང་ལ་ཡིག་གསུམ་དགོད། །སྤྱི་བོར་འཁོར་ལོ་ལ་གནས་པའི། །ཡི་གེ་ཨོཾ་ནི་ཁ་དོག་སེར། ། ཁར་ནི་པདྨའི་ལྟེ་བ་ཡི། །དབུས་ནས་ཨ་ནི་ཁ་དོག་དཀར། །སྙིང་གར་རྡོ་རྗེ་དེ་ཡི་ནི། །ལྟེ་བ་ལ་གནས་ཡི་གེ་ཧཱུཾ། །སྔོན་པོ་འོད་ཟེར་ཚོགས་རྣམས་ནི། །རྣམ་པར་འཕྲོ་བ་དགོད་པར་བྱ། །རྡོ་རྗེའི་ཡི་གེ་དེ་རྣམས་ལས། །འོད་ཀྱི་སྤྲིན་རྣམས་སྤྲོས་ནས་ནི། །སེམས་ཅན་ཁམས་ཀུན་སྦྱང་ ལ་སོགས། །སངས་རྒྱས་རྫུ་འཕྲུལ་རྣམ་འཕྲུལ་བསྟན། །ཨོཾ་ལས་བྱུང་བའི་སྐུ་རྡོ་རྗེའི། །སྤྲིན་ལས་སྐུ་ཡི་རྡོ་རྗེ་ནི། །པཾ་བྱུང་པདྨ་ལ་བཞུགས་པ། །དག་པའི་ཤེལ་ལྟར་དྲི་མ་མེད། །ཏིང་ངེ་འཛིན་གནས་སྡིག་པ་འཇོམས། །ཞལ་གསུམ་རྣམ་པའི་མཆོག་ཀུན་ལྡན། །ཨ་ལས་བྱུང་ བའི་གསུང་རྡོ་རྗེ། །སྤྲིན་ལས་གསུང་གི་རྡོ་རྗེའི་ལྕེར། །ཧཱུཾ་ལས་བྱུང་བའི་ཐུགས་རྡོ་རྗེས། །སྤྲིན་ལས་ཐུགས་ཀྱི་རྡོ་རྗེ་ནི། །ཏིང་འཛིན་བྱིན་རླབས་སྙིང་ག་ཡི། །ཟླ་བར་རྣམ་པར་བསམ་པར་བྱ། །དེ་ལྟར་ཡིག་གསུམ་བྱིན་རླབས་ལུས། །སྙིང་གར་གནས་པའི་ ཟླ་བའི་ཐུགས། །དེར་ནི་ཡེ་ཤེས་ཚོགས་ཀྱི་ནི། །འོད་འབར་མུྃ་ནི་རྣམ་པར་དགོད། །དེ་ལས་བྱུང་བའི་ཨུཏྤལ་ནི། །ཨིནྡྲ་ནཱི་ལའི་འོད་འདྲ་བསམ། །དེ་དབུས་ཡེ་ཤེས་སེམས་དཔའ་ནི། །དགྱེས་བསྐྱེད་བྱ་བ་ལ་བཞུགས་པ། །དེ་ལས་བྱུང་བའི་འོད་སྤྲིན་ལས། །སངས་རྒྱས་ སྤྲིན་ལས་སྔགས་པས་སྤྲོ། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །བདེ་བ་ཆེ་ལ་ངེས་སྦྱར་བས། །འཇིག་རྟེན་མ་ལུས་ལེགས་སྦྱངས་ཏེ། །དེ་བསྡུས་ནས་ནི་གཞུག་པར་བྱ། །དེ་ཀུན་ཡོངས་སུ་གྱུར་པ་ལས། །འཇམ་པའི་དབྱངས་ནི་འོད་པོ་ཆེ། །མགོན་པོ་སངས་རྒྱས་ཀུན་ གྱིས་དངོས། །དངོས་པོ་ཀུན་གྱི་རང་བཞིན་ཅན། །སྲིད་པ་སྒྱུ་མ་ལྟར་མཁྱེན་པས། །གཞོན་ནུའི་སྐུ་མདོག་གུར་ཀུམ་འདྲ། །ཞལ་གྱི་པདྨ་ཅུང་ཟད་འཛུམ། །སྒེག་དང་བཅས་པའི་ཉམས་ཀྱིས་རྒྱས། །སེམས་དཔའི་སྐྱིལ་ཀྲུང་བཅས་ནས་ནི། །ཟླ་བའི་དཀྱིལ་འཁོར་དག་ལ་བཞུགས། ། སྣ་ཚོགས་རིན་ཆེན་འདབ་མ་བཟང་། །པདྨའི་རྒྱལ་པོ་གདན་དུ་བྱ། །སྔོ་དང་སེར་དང་དཀར་པོ་ཆེ། །ཞལ་གསུམ་གྱིས་ནི་རྣམ་པར་མཛེས། །དཔའ་བོ་སྤྱན་གསུམ་ཕྱག་དྲུག་པ། །མཆོག་ཏུ་དགའ་བས་ཤིན་ཏུ་མཛེས། །མཆོག་སྦྱིན་རལ་གྲི་མདའ་རྣམས་ནི། །གཡས་པའི་ ཕྱག་ན་བསྣམས་པར་མཛད། །གཡོན་ན་ཤེས་རབ་ཕ་རོལ་ཕྱིན། །ཨུཏྤལ་སྔོ་དང་གཞུ་ཉིད་དོ། །སངས་རྒྱས་སྤྲིན་ཆེན་སྤྲོས་པ་ཡིས། །ནམ་མཁའི་གཏོས་ཀུན་ཁྱབ་པར་མཛད། །སྣ་ཚོགས་མེ་ཏོག་གིས་ཆེར་མཛེས། །ཟུར་ཕུད་གསུམ་གྱིས་རྣམ་པར་བརྒྱན། །ཐོག་མ་ དབུས་དང་མཐའ་ལས་གྲོལ། །བྱིས་པའི་རྒྱན་གྱིས་ཉེ་བར་མཛེས། །བྱམས་དང་ཐུགས་རྗེ་སོགས་རྒྱུ་མཐུན། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། །ཤེས་རབ་ཐབས་ཀྱི་ངོ་བོ་ཉིད། །དེ་ལྟར་མཁས་པས་བདག་ཉིད་བསྒོམ། །དེ་ནས་མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་བྱ་བ་དང་། ང་ རྒྱལ་བསྐྱེད་ལ། རང་གི་རྒྱུད་དུ་གཏོགས་པའི་ས་དང་ཆུ་དང་མེ་དང་རླུང་དང་། ནམ་མཁའ་རྣམས་ལ་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་དང་ནམ་མཁའ་རྡོ་རྗེ་ལཾ་མཾ་པཾ་ཏཾ་ཨཾ་ཞེས་བྱ་བའི་ས་བོན་རྣམས་ལས་རིམ་བཞིན་དུ་དགོད་པར་བྱའོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཕུང་པོ་ལ་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པ་བྷྲཱུཾ་ཨཱྃ་ཛྲཱྀཾ་ཁཾ་ཧཱུཾ་ཞེས་བྱ་བས་སོ། །མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་སྐྱེ་མཆེད་རྣམས་ལ། ཀྵིཾ་ཛཾ་ཁཾ་གཾ་ཥྐཾ་སཾ་ཞེས་བྱ་བ་ལས་སའི་སྙིང་པོ་དང་། རྡོ་རྗེ་འཛིན་པ་དང་། ནམ་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཀུན་དུ་བཟང་པོའོ། །གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་ཆོས་ཀྱི་སྐྱེ་མཆེད་རྣམས་ལ། ཛཿཧཱུཾ་བཾ་ཧོཿཁཾ་རཾ་ཞེས་བྱ་བས་གཟུགས་རྡོ་རྗེ་ལ་སོགས་པ་ལྷ་མོ་རྣམས་སོ། །ཤ་དང་། རྐང་དང་། ཁྲག་དང་། རུས་པ་དང་། རྩ་རྒྱུས་རྣམས་ལ། ཨཾ་ཧཱུཾ་ཏྲཱཾ་ཨཾ་ཁཾ་ཞེས་བྱ་བས་རྣམ་པར་སྣང་མཛད་ལ་སོགས་པ་དགོད་དོ། །དེ་ནས་སྤྱི་བོར་ གནས་པའི་ཨོཾ་ལས་བྱུང་བའི་སྐུ་རྡོ་རྗེ་རབ་ཏུ་དགའ་བའི་བདེ་བས་རྣམ་པར་རྨོངས་པར་བསམས་ལ། ལུས་ཐམས་ཅད་ནས་ཡང་དག་པར་སྤྲོས་ཏེ། མདུན་དུ་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཅེས་བྱ་བ་སྲས་དང་བཅས་པར་རྣམ་པར་བསམས་ལ། ཨོཾ་ལས་སྤྱན་སྤྲོས་ཏེ། དེའི་ཕྱག་གི་ཞགས་པས་དྲངས་ལ་རང་གི་ལུས་ལ་བཅུག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཞུ་བར་གྱུར་པ་དང་། དེའི་བདག་ཉིད་ཅན་དུ་རང་གི་ལུས་ལ་སྐུ་རྡོ་རྗེའི་ངོ་བོ་ཉིད་དུ་རྣམ་པར་བསམས་ལ། བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཛི་ན་ཛིཀ་ཨ་དྷི་ ཏིཥྛ་སྭ་མཱཾ། རྡོ་རྗེ་བསྡམས་པ་ལས་མཐེ་བོ་གཉིས་བསྒྲེང་སྟེ། སྤྱི་བོར་གཞག་པ་ནི་སྐུ་བྱིན་གྱིས་རློབ་པར་བྱེད་པའི་ཕྱག་རྒྱའོ། །དེ་ནས་སངས་རྒྱས་ཐམས་ཅད་ཞུགས་ནས་བྱིན་གྱིས་བརླབ་པ་དང་། མཚན་དང་དཔེ་བྱད་ཀྱིས་བདག་ཉིད་རྣམ་པར་བརྒྱན་པར་ལྷག་པར་མོས་པར་ བྱའོ། །དེ་བཞིན་དུ་ལྐོག་མར་གནས་པའི་ཡི་གེ་ཨཱཿལས་བྱུང་བའི་གསུང་གི་རྡོ་རྗེ་བསམས་ལ། གོས་དཀར་མོ་ཡང་དག་པར་སྤྲོས་ཏེ་སྔ་མ་བཞིན་དུ་དེ་ཞུགས་པས་རང་གི་ལྕེ་གསུང་རྡོ་རྗེའི་ངོ་བོ་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཨཱ་རོ་ལྀཀ་ཨ་དྷི་ཏིཥྛ་སྭ་མཱཾ། དེ་ཉིད་ ལས་གཡོན་པའི་མཐེ་བོ་ནང་དུ་བཅུག་སྟེ། གཡས་པ་བསྒྲེང་བ་ནི་གསུང་བྱིན་གྱིས་བརླབ་པའི་ཕྱག་རྒྱའོ། །དེ་ནས་ཟླ་བ་ཁམ་པ་ལྟ་བུ་ཆོས་ཐམས་ཅད་ཀྱི་གནས་སུ་གྱུར་པར་དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ལྕེ་མོས་པར་བྱའོ། །དེ་བཞིན་དུ་སྙིང་གར་ གནས་པའི་ཡི་གེ་ཧཱུཾ་ལས་བྱུང་བའི་ཐུགས་རྡོ་རྗེར་བསམས་ལ་དེ་བཞིན་དུ་མཱ་མ་ཀཱི་སྤྲོ་བ་སྔོན་དུ་འགྲོ་བས་བཅུག་ལ། རང་གི་སེམས་ཐུགས་རྡོ་རྗེའི་ངོ་བོ་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ། །ༀ་བཛྲ་དྷྲིཀ་ཨ་དྷི་ཏིཥྛ་སྭ་མཱཾ། དེ་ཉིད་ལ་མཐེ་བོ་གཡས་པ་ནང་དུ་བཅུག་ལ། གཡོན་པ་བསྒྲེང་ བ་ནི་ཐུགས་བྱིན་གྱིས་བརླབ་པའི་ཕྱག་རྒྱའོ། །དེ་ནས་ཧཱུཾ་ལས་བྱུང་བའི་སྙིང་གི་པདྨའི་ཟླ་བ་ཆོས་འབྱུང་བའི་ཕྱག་རྒྱས་མཚན་པ་དང་བཅས་པའི་འོད་ཀྱི་ཕྲེང་བ་ཀུན་དུ་འཕྲོ་བར་བསམ་པར་བྱའོ། །དེ་ནས་ས་མ་ཡོ྅ཧཾ་ཞེས་བྱ་བ་དང་། དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་སྔ་མ་བཞིན་དུ་སྙིང་ ག་ལ་སོགས་པར་རྡོ་རྗེ་ལ་སོགས་པ་བསམས་ཏེ། དེ་དང་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བ་དང་བྱིན་གྱིས་བརླབས་ལ་རང་གི་སྔགས་བརྗོད་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེས་ཀྱང་འཇམ་པའི་རྡོ་རྗེར་བདག་ཉིད་བསྒོམ་པར་བྱ་ཞིང་། མཉྫུ་བཛྲོ྅ཧཾ་ཞེས་བྱ་བའི་ང་རྒྱལ་ བྱའོ། །དེ་ནས་དེ་བཞིན་དུ་ཕྱག་རྒྱ་ཆེན་པོས་གནས་ལ། ས་མ་ཡ་ཨཿཞེས་བརྗོད་དེ། མདུན་དུ་པཾ་ལས་བྱུང་བའི་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨོཾ་མུཿཨཿཞེས་བྱ་བ་ལས་ཨུཏྤལ་རྣམ་པར་བསམས་ལ། ཆོས་བདག་མེད་པའི་དམ་ཚིག་གི་ནང་དུ་ཞུགས་ཏེ། །མཉྫུ་ བཛྲོ྅ཧཾ་ཞེས་བྱ་བའི་ང་རྒྱལ་སྔོན་དུ་འགྲོ་བ་དང་། འཇམ་པའི་རྡོ་རྗེར་བསྒོམ་པར་བྱའོ། །དེ་ནས་དེའི་འོག་ཏུ་སྔགས་དང་ཕྱག་རྒྱ་འདི་རྣམས་ཀྱིས་ཡེ་ཤེས་སེམས་དཔའ་བཀུག་ཅིང་བཅུག་ལ་བཅིངས་ཏེ་དབང་དུ་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ལས་མཛུབ་མོ་ལྕགས་ཀྱུ་བཅིང་བ་ནི། མཐེ་ ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །མཁྲིག་མ་མདུད་པ་མཛུབ་གཉིས་གདུབ། །རྒྱབ་གཉིས་ཀྱང་ནི་བསྙམས་ཏེ་མནན། །ཞེས་བྱ་བ་དང་། ཨོཾ་བཛྲ་ཨཾ་གུ་ཤ་ཛཿཧཱུཾ། ཨོཾ་བཛྲ་པཱ་ཤ་ཧཱུཾ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་ཧཱུཾ་བཾ། ཨོཾ་བཛྲ་ཨཱ་ཝེ་ཤ་ཧཱུཾ་ཧོཿཞེས་བྱ་བའི་སྔགས་སོ། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་བིགྷྣནྟ་ཀ་ཧཱུཾ། འདིའི་ ཕྱག་རྒྱ་ནི་བདུད་རྩི་ཐབ་སྦྱོར་གྱི་སྐུ་བསམས་ལ། ལག་པ་གཉིས་ཀྱིས་སོར་མོའི་རྩེ་མོ་གསུམ་པ་ལྟ་བུར་བརྐྱང་ལ། དཔུང་པའི་རྩར་ཁྲོས་པས་བཞག་ན། མཚམས་བཅིང་བ་བྱས་པར་འགྱུར་རོ། །དེ་བཞིན་དུ་ཕྱོགས་བཅིང་བ་ལ་སོགས་པ་ཡང་བྱ་སྟེ། སྤེལ་བའི་སྦྱོར་བས་ཕྱོགས་ བཅིང་བ་དང་། ར་བ་དང་དྲ་བ་ལ་སོགས་ཀྱང་བྱ་སྟེ། སྤེལ་བའི་སྦྱོར་བས་ཕྱོགས་བཅིང་བ་དང་། ར་བ་དང་དྲ་བ་ལ་སོགས་པ་ཡང་བསྲུང་བའི་དོན་དུ་བསམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་པཾ་ལས་བྱུང་བའི་པདྨའི་གདན། ཨོཾ་ཀ་མ་ལ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་བསྟབས་ལ། ཐལ་མོ་ཁ་ཕྱེ་བ་དང་། རང་གི་སྔགས་ཀྱིས་མཆོད་ཡོན་ཕུལ་ཏེ། ཨོཾ་པྲ་བ་ར་སཏྐ་རཾ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་བྱ་བའི་སྔགས་དང་། གཡས་པའི་ཁུ་ཚུར་གྱི་མཐེ་བོ་དང་། མཛུབ་མོ་སྦྱར་བས་མེ་ཏོག་བླངས་ལ་ཞབས་བསིལ་དབུལ་ཏེ། སོར་མོ་ལྷག་མ་རྣམས་ཟླུམ་པོའི་རྣམ་པས་ བརྐྱང་པས་ཕྱག་རྒྱས་ཀྱང་ཞབས་བསིལ་ཕུལ་ལ་དམ་ཚིག་བསྟན་པར་བྱའོ། །དེ་ལ་དམ་ཚིག་ནི་འདི་ཡིན་ཏེ། ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་མཛུབ་མོ་གཉིས་ཀྱིས་སྲིན་ལག་གཉིས་ཀྱི་སེན་མོ་མནན་ནས། ཨུཏྤ་ལ་ཁ་ཕྱེ་བ་ལྟ་བུར་བཞག་ལ། མགོན་པོ་འཇམ་པའི་ དབྱངས་ལ་བསྐུལ་བར་བྱ་ཞིང་འདི་བཅིངས་ལ། རྡོ་རྗེ་ལྟ་བས་བལྟ་བར་བྱའོ། །ཨོཾ་མུ་དྲྀ་ཤྱ་ཧོཿཞེས་བྱ་བ་དང་། ཡང་དག་པར་བསྐུལ་ལ་དེ་ཉིད་ལ་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དེ། རང་གི་ལུས་ལ་བཅོམ་ལྡན་འདས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་ བྱས་ལ་ས་མ་ཡ་སྟྭཾ་ཞེས་བརྗོད་དེ། རྒྱབ་ཏུ་ཟླ་བ་བསམས་ལ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ། ཨོཾ་མུཿཞེས་ལན་གསུམ་བརྗོད་དེ་ཡེ་ཤེས་སེམས་དཔའ་དང་། ལྷན་ཅིག་གཅིག་ཏུ་བསྒོམས་ལ། རང་གི་དམ་ཚིག་གི་ཕྱག་རྒྱས་གདབ་པར་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོས་གནས་ ལ་ལྷ་ཐམས་ཅད་ཀྱི་གནས་སུ་ས་མ་ཡ་ཨ་ཞེས་བྱ་བ་དང་། ཅི་རིགས་པར་ཟླ་བའི་དཀྱིལ་འཁོར་དང་། ཉི་མའི་དཀྱིལ་འཁོར་རང་གི་ལུས་ལ་རྣམ་པར་བཀོད་ལ། རང་གི་སྙིང་པོས་སྤྱི་གཙུག་གི་དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད། སྙིང་གར་མི་ བསྐྱོད་པ། དཔྲལ་བར་རིན་ཆེན་འབྱུང་ལྡན། ལྐོག་མར་འོད་དཔག་ཏུ་མེད་པ། སྤྱི་བོར་དོན་ཡོད་གྲུབ་པ། མིག་གཉིས་སུ་སྤྱན། མི་བསྐྱོད་པའི་གཡོན་ལོགས་སུ་མཱ་མ་ཀཱི། འོད་དཔག་ཏུ་མེད་པའི་གཡོན་ལོགས་སུ་གོས་དཀར་མོ། དོན་ཡོད་པར་གྲུབ་པའི་གཡོན་ལོགས་སུ་སྒྲོལ་ མ། མི་བསྐྱོད་པ་ལ་གཡས་ལོགས་སུ་རྡོ་རྗེ་སེམས་མ་ལ་སོགས་པ་བཞིའོ། །མི་བསྐྱོད་པའི་རྒྱབ་ཏུ་སྐུལ་བྱེད་མ། རིན་ཆེན་འབྱུང་ལྡན་གྱི་གཡོན་ལོགས་སུ་རིན་ཆེན་སྒྲོལ་མ། འོད་དཔག་ཏུ་མེད་པའི་རྒྱབ་ཏུ་ཁྲོ་གཉེར་ཅན། དོན་ཡོད་པར་གྲུབ་པའི་རྒྱབ་ཏུ་རྡོ་རྗེ་ལུ་གུ་རྒྱུད། ལྟེ་བར་གཤིན་རྗེ་གཤེད། སྨིན་མཚམས་སུ་གཞན་གྱིས་མི་ཐུབ་པ། ཁར་རྟ་མགྲིན། གསང་བར་བདུད་རྩི་ཐབ་སྦྱོར། དཔྲལ་བའི་སྟེང་དུ་འཕགས་པ་མི་གཡོ་བ། མི་བསྐྱོད་པའི་མདུན་དུ་འདོད་པའི་རྒྱལ་པོའོ། །དཔུང་པ་གཉིས་ལ་དབྱིག་སྔོན། རྐང་པ་གཉིས་ལ་སྟོབས་པོ་ ཆེ། རྣམ་པར་སྣང་མཛད་ཀྱི་མདུན་དུ་གནོད་མཛེས་རྒྱལ་པོ། རྐང་པ་གཉིས་ཀྱི་འོག་ཏུ་རྡོ་རྗེ་ས་འོག །བ་སྤུའི་བུ་ག་ཐམས་ཅད་ལ་བྱམས་པ་ལ་སོགས། སྤྱི་གཙུག་གི་སྟེང་དུ་འཁོར་ལོས་སྒྱུར་བ། བྲུཾ་ལས་བྱུང་བ་རིན་པོ་ཆེའི་རི་ལ་བཞུགས་པ་པདྨ་དང་། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་ བཞུགས་པ། ཞལ་དང་། སྐུ་མདོག་དང་། ཕྱག་ལ་སོགས་པ་རྣམ་པར་སྣང་མཛད་དང་འདྲ་བ། འོད་ཟེར་ལྔ་པའི་གཙུག་ཏོར་གྱི་འཁོར་ལོའི་ཕྲེང་བ་དང་། འོད་ཀྱི་དཀྱིལ་འཁོར་དམར་པོ་འབར་བ་དང་བཅས་པའི་ཕྲེང་བ་ཅན། རིན་པོ་ཆེའི་ཅོད་པན་མངའ་བ། སྤྱན་ལ་སོགས་པའི་ལྷ་ མོ་རིན་པོ་ཆེ་དང་། མཚན་རྟགས་དང་། རྡོ་རྗེ་དང་། ཨུཏྤ་ལ་རིན་པོ་ཆེ་བཞིན་དུ་བསྣམས་པ། གཉིས་གཉིས་ཀྱིས་ལོགས་གཉིས་སུ་མཛེས་པར་བྱས་པར་རང་གི་སྙིང་པོ་ཉིད་ཀྱིས་བསམ་པར་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། ལག་ངར་གཉིས་རྡོ་རྗེ་བཅིང་བར་བསྣོལ་ཏེ། མཛུབ་མོ་གཉིས་ལྕགས་ཀྱུར་བྱས་ལ། མཐེ་བོ་དང་། གུང་མོ་གཉིས་ཀྱིས་སེ་གོལ་བརྡེབས་ཤིང་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ལ། རང་གི་ལུས་ལ་རྣམ་པར་སྣང་མཛད་ལ་སོགས་པར་ཡིད་ཀྱིས་རྣམ་པར་བསམས་པ་ལེགས་སོ་ཞེས་བྱ་བའི་སྦྱོར་བས་རྣམ་པར་སྣང་མཛད་ལ་སོགས་པ་ བཀུག་ནས་བཅུག་སྟེ། བཅིངས་ལ་དབང་དུ་བྱས་ནས་ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་ཡི་གེ་གསུམ་རྣམ་པར་བཀོད་པ་སྔོན་དུ་འགྲོ་བས་སྔ་མ་བཞིན་དུ་རང་གི་ཕྱག་རྒྱ་བྱིན་གྱིས་བརླབས་ལ། ཡི་གེ་བརྒྱ་པས་བརྟན་པར་བྱའོ། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་ དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦྦ་ཀརྨྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་སརྦྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ། དེ་ནས་སྙིང་ག་དང་། ལྐོག་མ་དང་། སྤྱི་བོ་རྣམས་སུ་ རྡོ་རྗེ་སེམས་མ་ལ་སོགས་པས་བྱིན་གྱིས་བརླབ་པར་བྱ་སྟེ། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་སྦྱར་ལ། ཨོཾ་སཏྭ་བཛྲི་ཨ་དྷི་ཏིཥྛ་སྭ་མཱཾ་ཧཱུཾ། དེ་ཉིད་ལས་གུང་མོའི་ཚིགས་དབུས་མ་བཅག་པ་ནི་རིན་པོ་ཆེ་སྟེ། ཨོཾ་རཏྣ་བཛྲི་ཨ་དྷི་ཏིཥྛ་སྭ་མཱཾ་ཧཱུཾ། དེ་ཉིད་ལས་གུང་མོ་པདྨའི་འདབ་ མ་ལྟར་བྱའོ། །ཨོཾ་དྷརྨྨ་བཛྲི་ཨ་དྷི་ཏིཥྛ་སྭ་མཱཾ་ཧཱུཾ། དེ་ཉིད་ལས་གུང་མོ་སྦྱར་བའི་རྩེ་མོ་བཅག་པ་ནི་རལ་གྲིའོ། །ཨོཾ་ཀརྨྨ་བཛྲི་ཨ་དྷི་ཏིཥྛ་སྭ་མཱཾ་ཧཱུཾ། གནས་འདི་དག་ཏུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་། རལ་གྲི་ནང་དུ་ཆུད་པའི་རྡོ་རྗེ་སེམས་མ་ལ་སོགས་པའི་ལྷ་མོ་རྣམས་བྱིན་གྱིས་བརླབ་ པར་བསམ་པར་བྱའོ། །དེ་ནས་ཡང་དབང་བསྐུར་བའི་ཕྱིར་གསོལ་བ་གདབ་པར་བྱ་སྟེ། རྡོ་རྗེ་ཅན་གྱིས་འགྲོ་བསྐྱབ་ཕྱིར། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་བ། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་བཞིན་དེང་ནི་བདག་ལ་སྩོལ། །དེ་ནས་ནམ་མཁའི་ཁོངས་ཐམས་ ཅད་ཏིལ་གྱི་གང་བུ་བཞིན་དུ་ཀུན་དུ་གང་བའི་རིག་པའི་ལྷ་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཤིང་མཆོད་པའི་ཡོ་བྱད་དང་ལྡན་པ་རྣམས་བྱོན་ནས་མི་བསྐྱོད་པའི་ཅོད་པན་གྱི་སྦྱོར་བས་རྩེ་བྲན་གྱི་རྩ་བར་བཞག་པས། དབང་བསྐུར་ ཞིང་འདི་སྐད་དུ་གསུང་བར་བསམ་པར་བྱའོ། །དབང་བསྐུར་བ་ཡི་རྡོ་རྗེ་ཆེ། །ཁམས་གསུམ་པས་ནི་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས