Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 65
Văn bản gốc(Tây Tạng)
Trang 14 / 18 (50.000 ký tự/trang)
ཛོད། །དེ་ནས། འཇིག་རྟེན་ཀུན་ལ་ཕན་ པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །རྡོ་རྗེ་འཁོར་ལོ་བསྐོར་བར་གྱིས། །ཞེས་བརྗོད་ལ། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག །རྡོ་རྗེ་རིགས་ཀྱི་བདག་པོའི་རྡོ་རྗེ་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་དོ། །དེ་ནས་རྡོ་རྗེ་ རིན་ཆེན་དུ་བསྒོམས་ནས། དེའི་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ། དེ་བཞིན་དུ་ཆུས་དབང་བསྐུར་ལ། །རིན་པོ་ཆེའི་འཁོར་ལོས་སྒྱུར་བ་ཉིད་དུ་རྡོ་རྗེ་རིན་པོ་ཆེའི་མྱུ་གུའི་ཅོད་པན་གྱིས་དབང་བསྐུར་བས་དབང་བསྐུར་ཏེ། རིན་པོ་ཆེའི་རྡོ་རྗེ་ཁུ་ཚུར་མཉམ་པར་བཅིངས་ལ་མཐེ་བོ་དང་ མཛུབ་མོ་རྩེ་སྦྱར་བའི་ཕྱག་རྒྱས་རིན་པོ་ཆེ་བྱིན་ལ། དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། ཉི་མ་འདི་ནི་མཆོག་ཡིན་ཏེ། །དེ་བཞིན་གཤེགས་པ་ཐམས་ཅད་མཐོང་། །ནམ་མཁའི་སྙིང་པོ་བཅོམ་ལྡན་འདས། །བསམ་པ་ཐམས་ཅད་རྫོགས་མཛད་པའོ། །ཧྲི་དེ་ནས་བདག་པོ་ཉིད་དུ་དབང་ བསྐུར་ཏེ། དེ་བཞིན་དུ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ་ཞེས་བྱ་བས་དྲིལ་བུ་བྱིན་ལ་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། བསམ་པ་ཐམས་ཅད་གྲུབ་པས་ན། །དོན་གྱི་བསམ་གྲུབ་བླ་ན་མེད། །དེ་ཡང་འདོད་པ་རབ་གྲུབ་ཕྱིར། །འདོད་དང་ཐར་བའི་བདེ་ཆེན་པོ། །དྷཱིཿ དེ་ནས་མིང་གི་དབང་བསྐུར་ བ་བྱིན་ལ། དེ་བཞིན་དུ་བཞག་ནས་དམ་ཚིག་བསྟན་པར་བྱ་སྟེ། འདོད་དང་བདེ་བ་ཐམས་ཅད་དང་། །མི་མཐུན་པ་ཡང་སྦྱིན་བྱ་ཞིང་། །བདག་ཉིད་དང་ནི་ཕ་རོལ་གྱི། །བསམ་པ་ཐམས་ཅད་རྫོགས་པར་གྱིས། །ཤཱི། དེ་ནས་དེ་བཞིན་དུ། ཨོཾ་ཛཿཧཱུཾ་བཾ་ཧོཿམ་ཧཱ་སུ་ཁ་ བཛྲ་རཏྣ་ཨ་བྷི་ཥེ་ཀ་སྟྭཾ། ཨ་བྷི་ཥིཉྩཱ་མི། སརྦ་རཏྣ་ཨ་དྷི་པ་ཏི་སྟྭཾ་དྲྀ་ཌྷོ་མེ་བྷ་བ། སིདྡྷ་ན་མ་ཏེ། བྷ་ག་ཝཱན། མ་ཧཱ་རཏྣ་ས་མ་ཡ་སྟྭཾ། ཨ་ཧཾ་བཛྲ་རཏྣ། ཨོཾ་བྷུར་བྷུ་བ་སྭཿཞེས་བྱ་བ་འདིས་ལག་པ་གཉིས་ཀྱིས་རིན་པོ་ཆེ་བྱིན་ལ། དེ་བཞིན་དུ་ཡང་དག་པར་མཆོད་དེ། རང་གི་ མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། དམ་ཚིག་གི་ཕྱག་རྒྱ་ཡང་ཉེ་བར་བསྟན་ནས། སེམས་ཅན་ཀུན་ལ་ཕན་ཕྱིར་དང་། །སངས་རྒྱས་དོན་ལ་སྦྱོར་བ་ཡིས། །ཕ་རོལ་ནོར་རྣམས་ཕྲོགས་ཀྱང་ནི། །སྡིག་གིས་གོས་པར་མི་འགྱུར་ཞེས། །གསང་བ་བརྗོད་ནས་དེ་ བཞིན་དུ། །རིན་ཆེན་ཁྱོད་ལ་གསོལ་བ་ནི། །ནོར་གྱི་ཚོགས་ནི་བཤད་དུ་གསོལ། །སངས་རྒྱས་ཀུན་གྱི་དབང་གི་མཆོག །མདོར་ན་འཇིག་རྟེན་ཐམས་ཅད་དུ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ནོར་བུའི་འཁོར་ལོ་རབ་ཏུ་བསྐོར། ། ཞེས་བརྗོད་ལ། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག །རིན་པོ་ཆེའི་རིགས་ཀྱི་བདག་པོ་རིན་པོ་ཆེའི་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་དོ། །དེ་ནས་རྡོ་རྗེ་ཆོས་སུ་རྣམ་པར་བསམས་ལ། དེའི་ཕྱག་རྒྱས་བྱིན་གྱིས་བརླབས་ནས། དེ་བཞིན་དུ་ཆུས་དབང་བསྐུར་ལ་དམ་པའི་ ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་དར་དཔྱངས་ཅོད་པན་གྱི་དབང་གིས་དབང་བསྐུར་ཏེ་པདྨ་བྱིན་ལ་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། དེ་ཉིད་སངས་རྒྱས་བཅོམ་ལྡན་འདས། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་སྟེ། །གདུལ་བའི་ ཐབས་ཀྱི་མཛད་པ་ནི། །དགའ་བའི་རོལ་མོར་རབ་ཏུ་འཇུག །ཧྲིཿདེ་ནས་བདག་པོའི་དབང་བསྐུར་བ། །ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ། ཅེས་བྱ་བས་དྲིལ་བུ་བྱིན་ནས་ཆོས་ཀྱི་མཚན་ཉིད་བསྟན་པར་བྱ་སྟེ། ཇི་ལྟར་པདྨ་དམར་པོ་ནི། །ཚོན་གྱི་ཉེས་པས་མི་གོས་ལྟར། ། དེ་བཞིན་གནས་པའི་ཉེས་པ་ཡིས། །འགྲོ་ཕན་རྣམས་ལ་མི་གོས་སོ། །དྷཱིཿདེ་ནས་མིང་གི་དབང་གིས་དབང་བསྐུར་བ་བྱིན་ལ། དེ་བཞིན་གཞན་ནས་དམ་ཚིག་བསྟན་པར་བྱ་སྟེ། ཆོ་ག་དག་ནི་གང་དག་གིས། །འགྲོ་བ་རྣམས་ནི་འདུལ་འགྱུར་བ། །པདྨ་དག་པར་སྦྱོར་བའི་ བདག །དེ་དང་དེས་ནི་སྦྱར་བར་བྱ། །ཤྲཱི་དེ་ནས་དེ་བཞིན་དུ་ཨོཾ་ཛཿཧཱུཾ་བཾ་ཧོཿམ་ཧཱ་སུ་ཁཾ་པདྨ་མ་ཧཱ་ཨ་བྷི་ཥེ་ཀ་སྟྭཾ། ཨ་བྷི་ཥིཉྩཱ་མི། སརྦ་པདྨ་ཨ་བྷི་ཥིཉྩ་ཡ་ར་ཧ་མེ་བྷ་བ། སིདྡྷ་ན་མ་ཏེ་བྷ་ག་ཝཱན་མ་ཧཱ་པདྨ་སུ་ར་ཏ་སྟྭཾ། ཨ་ཧཾ་བཛྲ་པདྨ་ཨོཾ་བྷུར་བྷུ་བ་སྭཿཞེས་བྱ་བས་ལག་པ་གཉིས་ ཀྱིས་པདྨ་བྱིན་ལ། དེ་བཞིན་དུ་ཡང་དག་པར་མཆོད་དེ། མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་ནས། དམ་ཚིག་གི་ཕྱག་རྒྱ་ཉེ་བར་བསྟན་ལ། །འདོད་ཆགས་འདྲ་བའི་བདེ་བ་མེད། །རྒྱལ་བ་རྣམས་ལ་དེ་ཕུལ་ལ། །སེམས་ཅན་དོན་ཕྱིར་གཞན་ཆུང་མ། །བསྟེན་ན་བསོད་ ནམས་ཐོབ་པར་འགྱུར། །ཞེས་གསང་བ་བརྗོད་ལ། དེ་ནས་འདི་སྐད་ཅེས་བརྗོད་དོ། །དཔའ་བོ་ཁྱོད་ལ་གསོལ་བ་ནི། །རང་གི་རིགས་རྣམས་བསྐྱེད་ནས་ཀྱང་། །ཆོས་ཀྱི་འཁོར་ལོ་དམ་པ་ནི། །ཐུབ་པ་ཆེན་པོས་བཤད་དུ་གསོལ། །དེ་ནས། མདོར་ན་འཇིག་ རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །པདྨའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལ། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག །པདྨའི་རིགས་ཀྱི་བདག་པོ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག །ཅེས་བརྗོད་དོ། །དེ་ ལ་སྣ་ཚོགས་རྡོ་རྗེ་ཅན་དུ་རྣམ་པར་བསམས་ལ། དེའི་ཕྱག་རྒྱས་བྱིན་གྱིས་བརླབས་ལ་དེ་བཞིན་དུ་ཆུས་དབང་བསྐུར་ཏེ། ལས་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བ་ཉིད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཅོད་བན་གྱི་དབང་གིས་དབང་བསྐུར་ནས། སྣ་ཚོགས་རྡོ་རྗེ་བྱིན་ལ་དེ་ཁོ་ན་ ཉིད་བསྟན་པར་བྱ་སྟེ། རྟག་པའི་འདོད་ཆགས་ལས་བྱུང་ཁྲོ། །རྡོ་རྗེ་མེ་ཡི་ཕུང་པོའི་གཟུགས། །འབར་བའི་རྡོ་རྗེ་སྦྱོར་བ་ཆེ། །མཁའ་འགྲོ་རྣམས་ནི་ཀུན་དུ་འབར། །ཧྲཱིཿདེ་ནས་བདག་པོ་ཉིད་དུ་དབང་བསྐུར་ལ། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ། ཞེས་བྱ་བ་ལ་སོགས་པས་དྲིལ་བུ་བྱིན་ནས་ ཆོས་ཀྱི་མཚན་ཉིད་བསྟན་པར་བྱ་སྟེ། ཆོས་རྣམས་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་རྣལ་འབྱོར་པས། །འདི་ཀུན་མྱུར་དུ་འཛིན་པར་འགྱུར། །དྷཱིཿདེ་ནས་མིང་གི་དབང་བསྐུར་བ་བྱིན་ལ། དེ་བཞིན་དུ་བཞག་ནས་དམ་ ཚིག་བསྟན་པར་བྱ་སྟེ། ཐམས་ཅད་ནམ་མཁར་སྦྱོར་བ་ཡིས། །ཐམས་ཅད་ནམ་མཁའ་ཞེས་སྨྲ་ཞིང་། །རྡོ་རྗེའི་ཕྱག་རྒྱས་རྒྱས་བཏབ་ལ། །ཁམས་གསུམ་ཡང་ནི་བཟའ་བར་བྱ། །ཤྲཱི་དེ་ནས་དེ་བཞིན་དུ། ཨོཾ་ཛཿཧཱུཾ་བཾ་ཧོཿམ་ཧཱ་སུ་ཁ་བཛྲ་ཀརྨྨ་ཨ་བྷི་ཥེ་ཀ་ཏ་སྟྭཾ། ཨ་བྷི་ ཥིཉྩཱ་མི། སརྦ་བཛྲ་ཀརྨྨ་ཨ་དྷི་པ་ཏི་སྟྭཾ། དྲྀ་ཌྷོ་མེ་བྷ་བ། སིདྡྷ་ན་མ་ཏེ་བྷ་ག་ཝཱན་མ་ཧཱ་བཛྲ་བི་ཤྭ། སུ་ར་ཏ་སྟྭཾ། ཨ་ཧཾ། བཛྲ་ཀརྨྨ་ཨོཾ་བྷུར་བྷུ་བ་སྭཿཞེས་བྱ་བ་འདིས་ལག་པ་གཉིས་ཀྱིས་ལས་ཀྱི་རྡོ་རྗེ་བྱིན་ལ་དེ་བཞིན་དུ་མཆོད་ནས་རང་གི་མིང་བརྒྱ་རྩ་བརྒྱད་པས་བསྟོད་དེ། དམ་ཚིག་གི་ ཕྱག་རྒྱ་ཉེ་བར་བསྟན་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སངས་རྒྱས་བསྟན་པའི་དོན་དུ་ནི། །སེམས་ཅན་ཐམས་ཅད་བསད་ན་ཡང་། །དེ་ཡི་སྡིག་པས་གོས་མི་འགྱུར། །ཞེས་གསང་བ་བརྗོད་ལ་དེ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །མགོན་པོ་ཁྱོད་ལ་གསོལ་ བ་ནི། །སངས་རྒྱས་ཀུན་ལ་དབང་བྱེད་ཅིང་། །སེམས་ཅན་ཀུན་དོན་བྱ་བའི་ཕྱིར། །རང་གི་རིགས་ནི་སྐྱེད་པར་མཛོད། །དེ་ནས། མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར། ། ཞེས་བརྗོད་ལ། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག །ལས་ཀྱི་རིགས་ཀྱི་བདག་པོའི་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་དོ། །དེ་ནས་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས། སློབ་མ་རྣམ་པར་སྣང་མཛད་དུ་རྣམ་པར་བསམས་ལ། དེའི་ཕྱག་རྒྱས་བྱིན་གྱིས་བརླབས་ནས་དེ་བཞིན་དུ་ཆུས་དབང་བསྐུར་ བས་དབང་བསྐུར་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཉིད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཅོད་པན་དང་དར་དཔྱངས་ཀྱི་དབང་བསྐུར་བས་དབང་བསྐུར་ལ། དེ་བཞིན་གཤེགས་པའི་རྡོ་རྗེ་བྱིན་ནས་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། དེ་ཉིད་དུ་ ནི་བཅོམ་ལྡན་འདས། །དེ་བཞིན་གཤེགས་དང་བྱང་ཆུབ་སེམས། །ལྟ་ངན་རྣམས་ལ་ཕན་པའི་ཕྱིར། །མྱ་ངན་འདས་འདི་སྟོན་པར་འགྱུར། །སྣ་ཚོགས་འདུལ་བར་སྟོན་པ་ནི། །བརྟན་ཞིང་ངེས་པའི་ཆོས་ཉིད་ཅན། །སྲིད་པ་ཤིན་ཏུ་གནས་མཆོག་པའི། །ཆོ་ག་ལ་སོགས་ ངེས་པར་དགོས། །སངས་རྒྱས་ཆོས་དང་ཚོགས་ལ་སོགས། །དཀོན་མཆོག་གསུམ་པོ་ཉིད་དུ་རྟོགས། །སྲིད་པ་ཤིན་ཏུ་ལེགས་པར་གྲུབ། །སྣ་ཚོགས་མཁྱེན་པ་དཔའ་བྱེད་མཆོག །དྷཱིཿདེ་ནས་བདག་པོ་ཉིད་དུ་དབང་བསྐུར་ལ། ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་ པས་དྲིལ་བུ་བྱིན་ཏེ། ཆོས་ཀྱི་མཚན་ཉིད་བསྟན་པར་བྱའོ། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་རྣལ་འབྱོར་པས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །དྷཱིཿདེ་ནས་མིང་གི་དབང་བསྐུར་བས་ བསྐུར་བ་བྱས་ལ། དེ་བཞིན་དུ་གཞན་ནས་དམ་ཚིག་བསྟན་པར་བྱ་སྟེ། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདོད་པར་ནི་བསྟན་བཞིན་དུ། །དཀོན་མཆོག་གསུམ་མཆོག་མཆོད་པ་ནི། །བགྱིའོ་ཞེས་ནི་རབ་ཏུ་བསམ། །ཤྲཱི་དེ་ནས་དེ་བཞིན་དུ། ཨོཾ་ཛཿཧཱུཾ་བཾ་ཧོཿམ་ཧཱ་སུ་ཁཾ་བཛྲ་དྷཱ་ཏུ་ཨ་བྷི་ཥེ་ཀ་ཏ་སྟྭཾ། ཨ་བྷི་ཥིཉྩཱ་མི། སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་དྲྀ་ཌྷོ་མེ་བྷ་བ་སིདྡྷ་ན་མ་ཏེ་བྷ་ག་ཝཱན། མ་ཧཱ་བཻ་རོ་ཙ་ན་སུ་ར་ཏ་སྟྭཾ། ཨ་ཧཾ། བཛྲ་དྷཱ་ཏུ་ཨོཾ་བྷུར་བྷུ་བ་སྭཿཞེས་བྱ་བས་ལག་པ་གཉིས་ཀྱིས་དེ་བཞིན་གཤེགས་པའི་རྡོ་རྗེ་བྱིན་ལ། དེ་བཞིན་ དུ་ཡང་དག་པར་མཆོད་དེ། མཚན་བརྒྱ་རྩ་བརྒྱད་པས་བསྟོད་ནས། དམ་ཚིག་གི་ཕྱག་རྒྱ་ཉེ་བར་བསྟན་ལ། ཇི་ལྟ་ཇི་ལྟར་སེམས་ཅན་རྣམས། །འདུལ་གྱུར་དེ་ལྟ་དེ་ལྟ་བུར། །ཆགས་ལ་སོགས་པས་ཡུན་རིང་དུ། །དེ་བཞིན་འགྲོ་བའི་དོན་རྣམས་ཀྱིས། །ཞེས་གསང་བ་ བརྗོད་ལ། དེ་ནས། མགོན་པོ་ཁྱོད་ལ་གསོལ་བ་ནི། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཐུགས་རྗེ་ཆེན་པོ་བསྐྱེད་ནས་ཀྱང་། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་དོ། །དེ་ནས། མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་ འདུལ་བ་སྣ་ཚོགས་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལ། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོའི་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་པར་བྱའོ། །འདི་ནི་རྗེས་སུ་གནང་ཞིང་དབང་བསྐུར་བའི་ཆོ་གའོ།། །། དེ་ནས་སློབ་མ་རྡོ་རྗེ་སེམས་དཔར་བསྒོམས་ལ། དེ་བཞིན་བཞག་སྟེ། གཟེངས་བསྟོད་པས་ནི་དངོས་པོ་ཀུན། །སངས་རྒྱས་ཀུན་གྱི་བདག་ཉིད་དེ། །རྡོ་རྗེ་མིང་དབང་བསྐུར་བས་ཀྱང་། །དེ་བཞིན་གཤེགས་པས་ལུང་བསྟན་ཏོ། །ཨོཾ་ང་ཡིས་འདི་ལྟར་ཁྱོད་ལུང་བསྟན། །རྡོ་རྗེ་སེམས་ དཔའ་དེ་བཞིན་གཤེགས། །དངོས་པོ་མཆོག་ཏུ་འགྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ། སིདྡྷ་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿ། དེ་ལ་གཟེངས་བསྟོད་པ་ནི་འདི་ཡིན་ཏེ། གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག ། ལ། གཡས་པ་མི་འཇིགས་པ་སྦྱིན་པར་བྱ་སྟེ། འདིས་ཕྱག་རྒྱ་ཆེན་པོ་མཆོག་ཏུ་གསང་བའི་ཆོ་ག་ལུང་བསྟན་པར་བྱ་སྟེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཛིན་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་ཐམས་ཅད་རང་གི་དམ་ ཚིག་སློབ་དཔོན་དང་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ། འདི་ལྟ་སྟེ། འདི་ཉིད་ཀྱིས་གཟེངས་བསྟོད་པའི་ཕྱག་རྒྱ་ཆེན་པོས་མཆོག་ཏུ་གསང་བའི་དངོས་གྲུབ་མཆོག་གྲུབ་པའི་བྱིན་རླབས་དང་། གསང་བ་འདིའི་ སྟོབས་ལ་དད་པར་བྱའོ་ཞེས་བརྗོད་པར་བྱའོ། །དེ་ནས་ཇི་ལྟར་ཞུགས་པའི་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་བ་ལ་སོགས་པའི་དབུགས་དབྱུང་བ་སྦྱིན་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཛིན་པ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་ འཁོར་དང་བཅས་པ་ཇི་སྙེད་པ་དེ་དག་ཐམས་ཅད་རང་གི་དམ་ཚིག་ལ་རྗེས་སུ་མཉེས་པར་དྲངས་ཏེ། འདིར་ཞུགས་ནས་དབང་དུ་བྱས་ཏེ། སྒྲུབ་པ་དང་རྗེས་སུ་སྒྲུབ་པས། རྡོ་རྗེ་དབྱིངས་ཐམས་ཅད་ཀྱི་བརྟན་པས་བརྟན་པར་གྱུར་ཅིག །ཆོས་ཀྱི་དབྱིངས་ཐམས་ཅད་དང་མཉམ་པར་བྱུང་ ལ་ནམ་མཁའི་ཁམས་ཐམས་ཅད་ལྟར་ཡངས་པ་ཆེན་པོ་འདིར་གནས་ཤིང་རབ་ཏུ་གནས་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་། རང་གི་དམ་ཚིག་གི་སློབ་དཔོན་ལ་རག་ལུས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབུས་སུ་དམིགས་ལ། དེ་བཞིན་གཤེགས་ ཐམས་ཅད་དང་། རང་གི་སློབ་དཔོན་ཉིད་ཀྱིས་ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ་ཞེས་བྱིན་གྱིས་བརླབས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་དང་། རང་གི་དམ་ཚིག་གི་སློབ་དཔོན་དང་མཉམ་པར་མགྲིན་གཅིག་ཏུ་དབུགས་འབྱིན་པར་མཛད་དོ་ཞེས་དད་པར་གྱིས་ ཤིག །མཆོག་ཏུ་གསང་བའི་དཀྱིལ་འཁོར་ལ། །མཐོང་བ་དང་ནི་ཞུགས་པ་ཡིས། །སྲིད་པ་ཀུན་ལས་རྣམ་གྲོལ་བར། །ཁྱོད་ནི་དེང་ཉིད་གནས་པ་ཡིན། །བདེ་ཆེན་ཐེག་པ་འདི་ལས་ནི། །སླར་ཁྱོད་འཆི་བ་ཡོད་མིན་ཏེ། །མི་ཚུགས་པ་དང་མི་སོད་པས། །ཅིས་ཀྱང་མི་ འཇིགས་དགའ་བར་གྱིས། །དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་པའི་མཆོག་ཏུ་འགྱུར་བ་ཡིན། །དམ་ཚིག་སྡོམ་པ་གྲུབ་པ་འདི། །རྟག་ཏུ་ཁྱོད་ཀྱིས་བསྲུང་ བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་བརྟག་པའི་བཀའ་ཡིན་ནོ། །བྱང་ཆུབ་སེམས་ནི་གཏང་མི་བྱ། །ཕྱག་ན་རྡོ་རྗེ་གང་ཡིན་པའོ། །གང་འདི་སྐྱེས་པ་ཙམ་གྱིས་སུ། །སངས་རྒྱས་ཉིད་དུ་དོགས་པ་མེད། །དམ་པའི་ཆོས་ནི་མི་སྨད་ཅིང་། ། ནམ་ཡང་གཏང་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །ཚུལ་ཆེན་བསྟན་པར་མི་བྱའོ། །བདག་ཉིད་ཡོངས་སུ་སྤངས་ནས་སུ། །དཀའ་ཐུབ་ཅན་གྱིས་མ་གདུངས་ཤིག །ཅི་བདེ་བར་ནི་བདེ་བར་གཟུང་། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་ཕྱག་ རྒྱ་རྣམས། །ནམ་ཡང་ཡོངས་སུ་མི་གཏོང་ཞིང་། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཀུན་མཚུངས་བླ་མ་ཡི། །སློབ་དཔོན་ལ་ནི་གང་སྨོད་པ། །དེ་ནི་སངས་རྒྱས་སྨད་པས་ན། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་ཏེ། །རིམས་དང་ དུག་དང་དབྱིག་དུག་ནང་། །མཁའ་འགྲོ་རྣམས་ཀྱིས་གཙེ་བ་དང་། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་དམྱལ་ལྟུང་བར་འགྱུར། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་སྤྱོམས་པ། །ནམ་ཡང་སྨད་ པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་དབྱུང་བར་མི་འགྱུར་རོ། །རང་གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང་། །རང་སྲོག་གིས་རྟག་བསྟན་བྱ་ན། །ལོངས་སྤྱོད་གཡོ་ བས་སྨོས་ཅི་དགོས། །གང་ཕྱིར་བསྐལ་པ་བྱེ་བ་ནི། །གྲངས་མེད་པར་ནི་རྙེད་དཀའ་བའི། །སངས་རྒྱས་ཉིད་ཀྱང་བརྩོན་ལྡན་ལ། །ཚེ་འདི་ཉིད་ལ་སྟེར་བར་བྱེད། །རྟག་ཏུ་ཁྱོད་ཀྱིས་དམ་ཚིག་སྲུངས། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། ། འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་མཆོག་དག་གིས། །དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །དེང་ཁྱོད་སྐྱེ་བ་འབྲས་བཅས་ཏེ། །གང་འདིར་ལེགས་པར་གནས་པས་ན། །དམ་ ཚིག་ལྷ་རྣམས་ཀུན་དང་མཉམ། །རང་བྱུང་དུ་ཡང་དེར་སྐྱེས་སོ། །སངས་རྒྱས་རྡོ་རྗེ་འཛིན་བཅས་པ། །ཀུན་གྱིས་དེང་ཁྱོད་དབང་བསྐུར་བས། །ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ། །རྒྱལ་པོའི་བདག་པོར་བསྟན་པ་ཡིན། །དེང་ནི་བདུད་ལས་རྣམ་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་ རབ་ཏུ་ཞུགས། །ཁྱེད་རྣམས་ཀྱི་ནི་སངས་རྒྱས་ཉིད། །དེང་ཉིད་ཐོབ་པར་ཐེ་ཚོམ་མེད། །ཨཿདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དབུགས་དབྱུང་བ་ཕུལ་དུ་བྱུང་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དང་། དཔལ་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ མཆོག་རྣམས་ལ། །བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་བཅས་པས་ཕྱིར་མི་ལྡོག་པའི་ཕྱག་རྒྱས་སངས་རྒྱས་ཉིད་དུ་གྱུར་ཅིག །མཆོག་ཏུ་རྟག་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་གཏན་ཚིག་ཅི་ཡོད་ཅེ་ན། གང་ཁྱོད་ཀྱིས་ཐམས་ཅད་ཀྱི་བདག་ཉིད་དུ་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་མཆོག་ཏུ་སེམས་བསྐྱེད་པ་ཙམ་གྱི་མཐུ་ཉིད་ཀྱིས། ཕྱིར་མི་ལྡོག་པར་འགྱུར་བ་ཡིན་ལ། ཕྱིར་མི་ལྡོག་པ་ཉིད་ཀྱིས་ན། ངེས་པའི་ཕུང་པོ་ལ་གནས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པའི་ཕྱིར་མ་འོངས་པའི་སངས་རྒྱས་ ཡིན་ལ། དུས་གསུམ་ནི་མཉམ་པ་ཉིད་ཡིན་པས་ན། དེ་ལྟར་བྱུང་བ་ཉིད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་མངོན་པར་རྫོགས་པར་སངས་རྒྱས་པར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་མཆོག་ཏུ་གསང་བའི་དབུགས་དབྱུང་བ་སྟེ། རྡོ་རྗེ་ སེམས་དཔར་བདག་སྦྱོར་ཞིང་། །ཐམས་ཅད་སྦྱོར་བ་རྗེས་སྦྱར་ལྡན། །སངས་རྒྱས་ཉིད་དུ་ཤེས་བྱ་སྟེ། །སངས་རྒྱས་དམ་པ་རྟག་པའོ། །ཞེས་གསུངས་སོ། །དེ་ཡང་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱི་བདག་ཉིད་ཐམས་ཅད་དུ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །རང་གི་དམ་ ཚིག་ཡོངས་སུ་གཟུང་བ་ནི་དོན་ཡོད་པས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་དུ་མངོན་པར་རྟོགས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་དང་ལྡན་པའི་ དམ་ཚིག་རྗེས་སུ་བསྒྲུབས་པས་མཆོག་ཏུ་གྲུབ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་ཤེས་པར་བྱའོ། །དེ་བས་ན་དུས་ཐམས་ཅད་དང་། གནས་སྐབས་ཐམས་ཅད་དུ་ཡང་ཅི་ནུས་པས་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་རྣམས་ཀྱི་ལེན་པས་ཁྱེད་རྣམས་ཀྱིས་རྟག་ པ་ཉིད་དུ་རྗེས་སུ་བསྲུང་བར་བྱ་ཞིང་ཞིག་པར་མི་བྱའོ། །ཇི་སྙེད་པའི་ལོངས་སྤྱོད་དང་ཉེ་བར་སྤྱོད་པ་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་བླ་ན་མེད་པའི་ཐེག་པ་ཆེན་པོའི་དམ་ཚིག་སྦྱོར་བས་ལེགས་པར་མཆོད་ལ་བདེ་བར་གཟུང་བར་བྱ་ཞེས་ ཡང་དག་པར་གསོ་བར་བྱའོ། །བདག་ཉིད་ཇི་ལྟ་བ་དེ་བཞིན་དུ་གཞན་རྣམས་ལ་ཡང་རིག་པར་སྦྱར་བར་བྱའོ། །གང་གིས་ན་ཁྱོད་ཕ་རོལ་མུ་སྟེགས་ཀྱི་གཞུང་གིས་ལོག་པའི་ལྟ་བ་ཅན་དུ་མི་འགྱུར་ཞིང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ཐམས་ཅད་དུ་ལྟུང་བ་ལ་ སོགས་པ་དང་། ལུས་འདི་ཤིན་ཏུ་ཡང་མི་སྨྲ་བ་ཉིད་དང་། སེམས་ཤིན་ཏུ་ཡང་འགོག་པར་མི་འགྱུར་བར་གང་གིས་སྐུ་གསུང་ཐུགས་རྡོ་རྗེ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དཔལ་གྱི་རང་གི་དམ་ཚིག་གིས་བླ་ན་མེད་པའི་དངོས་གྲུབ་ མཆོག་ཏུ་རྟག་པར་འགྱུར་བར་ཡང་གྱིས་ཤིག །ཡང་སྨྲས་པ། འདོད་པའི་ལོངས་སྤྱོད་ཐམས་ཅད་དང་། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྡིག་པ་མེད་ཀྱིས་མི་འཇིགས་ཤིག །དམ་ཚིག་འདའ་བར་དཀའ་བའོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ བཀའ་སྩལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཛིན་པ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་རྣམས་ལ་མཆོག་ཏུ་གསང་བ་འདི་བཀའ་སྩལ་པ་ཡིན་ནོ། །ཡིད་ནི་རབ་ཏུ་དང་བའི་རྡོ་རྗེ་ཡིས། །རང་གི་དམ་ཚིག་མི་ཟད་བདེ་ལ་ བརྟེན། །བདེ་བའི་བདེ་བ་ཆུང་ལ་སངས་རྒྱས་ནི། །ཀུན་དང་འདྲ་མཉམ་རྟག་པར་ཁྱོད་གྱུར་ཏོ། །སློབ་མས་གུས་པར་བླ་མ་ཡི། །རྐང་པ་གཉིས་ལ་ཕྱག་བྱ་སྟེ། །དེ་ནས་ཇི་སྐད་གསུངས་པ་ཀུན། །རྗེས་སུ་བསྒྲུབ་པར་ཁས་བླང་ངོ་། །དེ་ལྟར་དམ་བཅའ་བྱས་ནས་ནི། ། ཆོ་ག་འདི་ཡིས་རང་ཉིད་ཀྱིས། །རྡོ་རྗེ་རྩེ་མོ་ལྔ་པ་ནི། །བླངས་ནས་ཀྱང་ནི་དེ་ལ་སྦྱིན། །འདི་ནི་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ལག་ན་འདུག །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ ཡ་ཏིཥྛ་ཨེ་ཥ་སྟྭཾ། དྷ་ར་ཡ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་དེ། དེ་ནས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་རྡོ་རྗེ་རྒྱལ་བས་གསུངས། །ཞེས་བརྗོད་ལ་དྲིལ་བུ་སྦྱིན་ནོ། །དེ་ལྟར་དབང་བསྐུར་ བྱས་ནས་ནི། །དེ་ནས་སར་པའི་གོས་རྣམས་བསྐོན། །མེ་ཏོག་དྲི་ལ་སོགས་པས་མཆོད། །མཆོད་ཕྱིར་གདུ་བུ་བཅས་པར་བྱ། །དེ་ནས་བླ་མ་བདག་ཉིད་ཀྱིས། །དེ་ཡི་སྤྱི་བོར་གདུགས་ཀྱང་གཟུང་། །ཐལ་མོ་སྦྱོར་བ་བྱས་ནས་ནི། །དཀྱིལ་འཁོར་ལེགས་པར་བསྐོར་དུ་ གཞུག །གདུགས་དང་བཅས་པ་སྒོ་ཕྱོགས་སུ། །སྤྱི་བོར་འདུད་དེ་ཕྱག་འཚལ་གཞུག །སློབ་མ་འདི་ནི་ཕུལ་བ་ལགས། །གསང་སྔགས་རྒྱུད་ནི་འཛིན་པར་འགྱུར། །མཁན་པོས་དེ་སྐད་སྨྲས་ནས་སུ། །གདུགས་བཞག་ནས་ནི་སློབ་མ་དེ། །ལག་པས་ལེགས་པར་ བླངས་ནས་སུ། །དེ་ནས་འདི་སྐད་བསྒོ་བར་བྱ། །ད་ནི་དཀྱིལ་འཁོར་སློབ་དཔོན་འགྱུར། །གསང་སྔགས་རྒྱུད་ཀྱང་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱིས་བཀུར་བར་འགྱུར། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་ དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་བགྱི། །སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། །ཁྱོད་ཀྱིས་ཆོས་ལ་སེར་སྣ་དང་། །སེམས་ཅན་རྣམས་ལ་མི་ཕན་པ། །ཉམ་ང་ཆེན་པོར་གྱུར་ཀྱང་ནི། །བུ་ཁྱོད་ཀྱིས་ནི་མི་བྱའོ། །དེ་ནས་སློབ་མ་རེ་རེ་ཡིས། །ལག་པ་གཡོན་པས་ གཡས་པ་ཡི། །མཐེ་བོ་ནས་ནི་བཟུང་ནས་སུ། །ཞི་བ་ཡི་ནི་སྦྱིན་སྲེག་བྱ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །སློབ་མ་གུས་དང་ལྡན་པ་དང་། །རང་གི་རིགས་དང་མཚམས་པ་ཡིས། །སྡིག་པ་ཐམས་ཅད་སྦྱིན་སྲེག་བྱ། །དེ་ལྟར་བྱས་ནས་བདག་བསྲུང་ སྟེ། །སྔགས་པས་སློབ་མ་ལས་ཡོན་བླང་། །སློབ་མ་ཡིས་ཀྱང་དེ་ཉིད་ནི། །ཇི་ལྟར་དགའ་བར་འགྱུར་བར་བྱ། །དེ་ནས་སློབ་མས་འདི་ནི་རྣམ་པར་སྣང་མཛད་དོ་ཞེས་མིང་དུ་བྱས་ལ། བསྐོར་བ་ལན་གསུམ་བྱ་སྟེ། ཕྱག་བྱས་ནས་བདག་ཉིད་དབུལ་བར་བྱ་ཞིང་། །མཆོད་པ་ ཆེན་པོས་མཆོད་པར་བྱའོ། །ཤིན་ཏུ་དགའ་བ་གང་དང་གང་། །ཁྱད་པར་ཅན་ནི་དེ་དང་དེ། །དེ་ཉིད་མི་ཟད་འདོད་པ་ཡིས། །དེ་དང་དེ་ནི་བླ་མ་སྦྱིན། །དེ་ནི་བསོད་ནམས་ཚོགས་སུ་འགྱུར། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཡང་ན་དེ་ནི་དགར་འགྱུར་བ། །དེ་ལྟར་ཡང་དག་སྤྱད་པར་བྱ། །དེ་ལྟར་ ཡང་དག་དབང་བསྐུར་བ། །སློབ་དཔོན་ཞེས་ནི་བཤད་པ་ཡིན། །དེ་ཡིས་བསྟན་པའི་གསང་སྔགས་རྣམས། །གྲུབ་པར་འགྱུར་བར་ཐེ་ཚོམ་མེད། །དེ་ནས་གསང་བའི་མཆོད་པ་བཞིས་མཆོད་དེ། ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧཾ། ཨོཾ་བཛྲ་རཏྣ་མ་ནུཏྟ་རཾ། ཨོཾ་བཛྲ་དྷརྨྨ་གཱ་ཡ་ནེ། ཨོཾ་བཛྲ་ ཀརྨ་ཀ་རོདྡྷ་བ། ཞེས་བྱ་བ་རྡོ་རྗེ་སྒེག་མོ་ལ་སོགས་པའི་མཆོད་པ་བརྒྱད་ཀྱིས་ཕྱི་དང་ནང་གི་མཆོད་པ་བྱས་ལ། ཐམས་ཅད་ཅི་ནུས་པ་དང་། ཅི་འབྱོར་པ་དང་། རྗེས་སུ་མཐུན་པར་མཆོད་པ་རྣམས་དང་། སློབ་མ་རྣམས་མཆོད་པ་བྱེད་དུ་གཞུག་གོ། །དེའི་འོག་ཏུ་བཟའ་བ་དང་བཏུང་ བ་དང་། གླུ་དང་རོལ་མོ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་བདག་དང་གཞན་དགའ་བར་མཆོད་ཅིང་ཅི་འདོད་པ་ཉེ་བར་ལོངས་སྤྱོད་པ་རྣམས་བྱའོ། །དེ་ནས་ཐམས་ཅད་སུ་ལ་ཡང་མ་སྨྲ་ཤིག །ཅེས་མནའི་སྙིང་པོ་བྱིན་ལ་ཇི་ལྟར་ཞུགས་པ་རྣམས་གཏང་བར་བྱའོ། །དེ་ ནས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ་ལེགས་པར་བསྟོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་ཅིང་བཟོད་པ་གསོལ་ལ་ཉི་མ་འཆར་ཀའི་དུས་སུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ལ། གྱེན་དུ་བཀྲོལ་ཏེ། སྙིང་པོ་འདི་བརྗོད་པར་ བྱའོ། །ཨོཾ་ཀྲྀ་ཏོ་བ་སརྦ་སཏྭཱརྠ། །སིདྡྷ་མ་དཏྟཱ་ཡཱ་ནུ་ག །གཙྪ་ཏྭཱཾ་བུདྡྷཱ་བི་ཥ་ཡཾ། །པུ་ན་ར་ག་མ་ན་ཡཙྪ་བཛྲ་སཏྭ་མུཿ། མི་བསྐྱོད་པ་ལ་སོགས་པ་སྤྲུལ་པའི་དཀྱིལ་འཁོར་བ་རྣམས་ནི། ཛཿཧཱུཾ་བཾ་ཧོཿཞེས་བྱ་བས་རང་གི་ལུས་ལ་ཉེ་བར་བསྡུ་བར་བྱའོ། །དེ་ནས་སྙིང་ག་ནས་བྱུང་ བའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་རང་གི་དབང་བསྐུར་བའི་གནས་ན་འདུག་པས་དབང་བསྐུར་ལ། མཛུབ་མོ་གཉིས་ཀྱིས་ཕྲེང་བ་བཅིང་བ་དང་། གོ་ཆ་བཅིང་བ་སྙིང་པོ་འདིས་བྱ་སྟེ། ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ། སརྦ་མུ་དྲ་མེ་དྲྀ་ཌྷ་ཀུ་རུ་བར་ཀ་བ་ཙེ་ན་བཾ། གོ་ཆའི་མཐར་ཕྲེང་བ་བཅིང་བ་བཀྲོལ་ ལ་ཐལ་མོ་སྦྱར་ཏེ་བདག་ཉིད་མཉམ་པའི་ཐལ་མོས་དགྱེས་པའི་སྙིང་པོ་འདི་བྱའོ། །ཨོཾ་བཛྲ་ཏུ་ཥྱ་ཧོ། ཡི་གེ་བརྒྱ་པ་བརྗོད་ལ་རྡོ་རྗེ་དགའ་བ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་རྡོ་རྗེ་སེམས་དཔའ་ཁྱོད། །རྡོ་རྗེ་རིན་ཆེན་ཁྱོད་ལེགས་སོ། །རྡོ་རྗེ་ཆོས་ཁྱོད་ལེགས་པ་སྟེ། །རྡོ་རྗེ་ལས་ ནི་ཁྱོད་ལེགས་སོ། །ཐེག་པ་ཆེན་པོ་བླ་ན་མེད། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །ཐེག་པ་ཆེན་པོ་མངོན་འདུས་པའི། །མདོ་སྡེ་འདི་ནི་ལེགས་པར་བཤད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱཾ། བཛྲ་དྷ་ར་ཨཱཛྙཱ་པ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བས་ཕུར་བུ་བཏོན་ལ་འོ་མས་ བཀྲུའོ། །ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཅེས་བྱ་བ་འདིས་ཚོན་རྩེ་རྣམས་བསྡུས་ལ་འབད་པས་ཆུ་ཀླུང་ཆེན་པོར་དོར་བར་བྱའོ། །དེ་ནས་གནས་ཀྱང་བ་ལང་གི་ལྕི་བས་ཉེ་བར་བྱུགས་ལ། བཟའ་བ་དང་ནི་བཅའ་བ་རྣམས། །ཅི་དགའ་བར་ནི་སྦྱིན་པར་བྱ། །ཁྱི་དང་བྱ་ རོག་ལ་སོགས་ལ། །ཅུང་ཟད་ཙམ་ཡང་མི་སྦྱིན་ནོ། །ཡོ་བྱད་རྫས་རྣམས་ཐམས་ཅད་ནི། །སློབ་དཔོན་དག་གིས་བསྡུས་ནས་ནི། །བདག་རང་ཉིད་ཀྱིས་སྤྱད་པར་བྱ། །སློབ་མ་རྣམས་ལ་བགོར་མི་རུང་། །དཀྱིལ་འཁོར་གྱི་ནི་ཡོ་བྱད་ཀུན། །སློབ་དཔོན་བདག་ཉིད་དབང་བར་ བཤད། །གལ་ཏེ་སློབ་མས་སྤྱད་ན་ནི། །དམ་ཚིག་ལས་ནི་ཉམས་པར་འགྱུར། །གང་ཞིག་སྤྱད་པར་མི་འདོད་ན། །དེ་ཡི་ཆོ་གའི་རིམ་འདིའོ། །དཀོན་མཆོག་གསུམ་གྱི་ཡོ་བྱད་དུ། །དེ་དག་ཆོ་ག་བཞིན་དུ་དབུལ། །གདུགས་དང་རྔ་ཡབ་དྲི་ལ་སོགས། །སངས་རྒྱས་ཉིད་ ལ་དབུལ་བར་བྱ། །བ་དན་གདུག་སྤོས་དྲི་ལ་སོགས། །དམ་པའི་ཆོས་ལ་དབུལ་བར་བྱ། །གོས་དང་ཡོ་བྱད་སྣོད་ལ་སོགས། །དགེ་འདུན་རྣམས་ལ་དབུལ་བར་བྱ། །དེ་དག་ལས་ནི་སློབ་མ་ཡིས། །ཅུང་ཟད་ཙམ་ཡང་མི་བསྐུར་རོ། །དགེ་འདུན་མེད་ན་དགེ་སློང་ སྦྱིན། །ཡང་ན་དགེ་སློང་མ་ལ་སྦྱིན། །གལ་ཏེ་བདག་ཉིད་མི་འདོད་ན། །བསྙེན་བཀུར་དག་ལ་སྦྱིན་པར་བྱ། །དེ་ནས་དེ་ཡི་ཕྱི་དེ་ཉིན། །ཉེས་བྱས་ལྷག་མ་ཞི་བའི་ཕྱིར། །མཁས་པ་ཡིས་ནི་ཞི་བ་ཡི། །སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །སློབ་མ་ས་དག་ཞི་བྱའི་ཕྱིར། །སྤྱན་ལ་ སོགས་པའི་གསང་སྔགས་དང་། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །བྱམས་པ་ཆེན་པོའང་བསྒོམ་པར་བྱ། །ཉེས་བྱས་ཐམས་ཅད་ཞི་བྱའི་ཕྱིར། །དེ་ནས་ཞི་བ་ཆེན་པོ་བྱའོ། །དད་མེད་དམན་ལ་འཇུག་ལ་མིན། །འདོད་ལ་ཆགས་དང་ཁྲོ་བོའི་དབང་བསྐུར་དང་། །སློབ་ མ་བུ་མིན་བློ་གྲོས་དམན་རྣམས་ལ། །ཆོ་གའི་བསྒྲུབ་པ་འདི་ནི་སྦྱིན་མི་བྱ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ཆེན་པོའི་ཡེ་ཤེས་སྣང་བས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་དབང་བསྐུར་ཞིང་གནང་བ་ཐོབ་ནས་དེའི་འོག་ཏུ་བསྒྲུབ་པར་བྱ་སྟེ། དབང་བསྐུར་ཞིང་གནང་བ་ཐོབ་པས་དུས་ མཚམས་གསུམ་མམ་བཞིར་བྱིན་གྱིས་བརླབ་པ་དང་། དབང་བསྐུར་ནས་དངོས་གྲུབ་དང་རྡོ་རྗེ་བླང་བའི་བར་གྱི་ཆོ་ག་རྣམས་རྗེས་སུ་བཅད་པ་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པར་མངོན་སུམ་བཞིན་བལྟས་ལ་མཚན་ཡང་དག་པར་བརྗོད་པའི་སྲིད་མཚན་མ་མཐོང་གི་བར་དུ་ཚིག་ གཞན་མི་སྨྲ་བར་བཀླག་པར་བྱའོ། །དེ་ནས་དཔྱིད་ཟླ་ར་བའི་ཟླ་བ་ཉ་བ་ལ་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་ལས་བཤད་པའི་ཆོ་གས་དཀྱིལ་འཁོར་བྲིས་ལ་དེར་བཞུགས་ཏེ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། སྐྱིལ་མོ་ཀྲུང་མ་བཤིག་པར་ཇི་སྲིད་ཉི་མ་ཤར་བའི་དུས་སུ་རྗེ་བཙུན་ འཇམ་དཔལ་ལས་འོད་ཟེར་རྣམས་ངེས་པར་བྱུང་ནས་དཀྱིལ་འཁོར་སྣང་བར་བྱས་ཏེ། སྒྲུབ་པ་པོའི་སྤྱི་བོར་ནུབ་པར་གྱུར་གྱི་བར་དུ་བཟླས་བརྗོད་བྱའོ། །དེའི་འོག་ཏུ་ལོ་བཅུ་དྲུག་ལོན་པ་ལྟ་བུའི་སྐྲ་ཟླུམ་པོར་འཁྱིལ་བ། ལུས་ལ་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོས་བརྒྱན་པ་ ལྷའི་རྒྱན་ཐམས་ཅད་ཀྱིས་བཞུགས་པ། རྗེ་བཙུན་འཇམ་དཔལ་དང་འདྲ་བར་འགྱུར་རོ། །གལ་ཏེ་བག་མེད་པས་དེ་གྲུབ་པར་མ་གྱུར་ན། དེ་ཚེ་དཔྱིད་ཟླ་ཐ་ཆུངས་ཀྱི་ཉ་ལ་དཀྱིལ་འཁོར་དེ་བཞིན་དུ་བྱས་ནས་དེ་བཞིན་དུ་སྒྲུབ་པ་ལ་ཞུགས་ན། དེ་ལྟར་འཇུག་པར་འགྱུར་རོ། །དེར་ཡང་མ་ གྲུབ་ན་སྟོན་ཟླ་ཐ་ཆུངས་ཀྱི་ཟླ་བ་ཉ་བ་ལ་དེ་བཞིན་དུ་སྒྲུབ་པ་ལ་འཇུག་པར་བྱའོ། །སྒྲུབ་པ་བདུན་པ་ལ་ནི་མཚམས་མེད་པ་ལྔ་བྱས་པ་ཡང་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེ་དེ་བཞིན་གཤེགས་པས་གསུངས་སོ། །དངོས་གྲུབ་མཆོག་ནི་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའོ། །དངོས་གྲུབ་འབྲིང་ནི་ཡིད་བཞིན་གྱི་ནོར་བུ་དང་། བུམ་པ་བཟང་པོ་དང་། དཔག་བསམ་གྱི་ཤིང་དང་། རལ་གྲིའི་རིག་པ་འཛིན་པ་ལ་སོགས་པའོ། །དེ་དག་ཀྱང་དེ་ལ་ལྷག་པར་མོས་པས་མཚན་ཡང་དག་པར་བརྗོད་པ་ཀློག་ཅིང་དེའི་སྒྲུབ་ པའི་ཆོ་གས་འགྲུབ་པར་འགྱུར་རོ། །དངོས་གྲུབ་ཐ་མ་ནི་གསད་པ་དང་བསྐྲད་པ་དང་། རྣམ་པར་དབྱེ་བ་དང་། དབང་དུ་བྱ་བ་དང་། དགུག་པ་དང་། རྒྱས་པའི་ལོངས་སྤྱོད་དང་། རྐང་མགྱོགས་ལ་སོགས་པའི་དངོས་གྲུབ་རྣམས་ཏེ། །དེ་དག་ཀྱང་དེ་དང་དེ་ལ་མོས་པས་བཀླགས་ན་ འགྲུབ་པར་འགྱུར་རོ། །དངོས་གྲུབ་མཆོག་སྒྲུབ་པ་ལ་ཞུགས་པ་རྣམས་ཀྱིས་གལ་ཏེ་དངོས་གྲུབ་མཆོག་མ་གྲུབ་ཀྱང་འབྲིང་ངམ་ཐ་མ་འགྲུབ་པར་འགྱུར་རོ། །དངོས་གྲུབ་འབྲིང་སྒྲུབ་པ་ལ་ཞུགས་པ་རྣམས་ཀྱིས་ཀྱང་དེ་མ་གྲུབ་ཀྱང་ཐ་མ་གྲུབ་པར་འགྱུར་གྱི། ཐ་མ་ལ་སྒྲུབ་པར་ཞུགས་ པ་རྣམས་ཀྱི་མཆོག་དང་འབྲིང་ནི་མ་ཡིན་ནོ། །དེ་བས་དངོས་གྲུབ་མཆོག་གི་ཕྱིར་འབད་པར་བྱ་སྟེ། དངོས་གྲུབ་འབྲིང་དང་ཐ་མ་རྣམས་ནི་འབད་པ་མེད་པར་འགྲུབ་པར་འགྱུར་རོ། །གསང་སྔགས་གཞན་དག་བསྒྲུབས་ན་མཚན་གྱི་དོན་གང་ཡང་རུང་བའི་ངོ་བོ་ཉིད་ཀྱི་ལྷའི་གཟུགས་ ཀྱི་རྣལ་འབྱོར་གྱིས་བྱ་སྟེ། དེ་བས་ནི་འདི་ལྟར་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་དངོས་གྲུབ་ཐམས་ཅད་སྒྲུབ་པས་ན། སྔགས་དང་ཕྱག་རྒྱའི་ལྷ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱིས་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བར་བྱ་བའི་ཕྱིར། རྗེ་བཙུན་འཇམ་དཔལ་ གྱི་མཚན་ཡང་དག་པར་བརྗོད་པར་གསུངས་པ་ཡིན་ནོ། །དེ་བས་ན་འདི་ལྟར་གང་ཅི་ཡང་རུང་བ་མ་བརྟགས་པ་དག་ལ་སྔོན་དང་ཕྱི་མའི་དོན་བརྟག་པར་བྱ་བའི་ཕྱིར་དེ་ཁོ་ན་ཉིད་བཤད་པར་བྱའོ། །ཇི་ལྟར་ན་མཚན་ཡང་དག་པར་བརྗོད་པ་ལས་དཀྱིལ་འཁོར་དང་ སྔགས་དང་ཕྱག་རྒྱ་དང་ལྷ་རྣམས་རྣམ་པར་དགོད་པའི་ཁྱད་པར་གྱི་ངེས་པར་བསྟན་པ་བཤད་པ་ནི་མེད་ཀྱི་རང་བཟོར་བརྟགས་པ་ལྟ་བུར་ཤེས་སོ་ཞེ་ན་འདི་ལྟར་བཤད་པར་བྱ་སྟེ། ཐམས་ཅད་ནི་མཚན་ཡང་དག་པར་བརྗོད་པ་ཉིད་དུ་གནས་ལ་དེ་བཞིན་དུ་བཤད་པ་ཡིན་གྱི་རང་ བཟོར་བྱས་པ་ནི་མ་ཡིན་ཏེ། ཉི་མའི་དཀྱིལ་འཁོར་ཤིན་ཏུ་གསལ་བའི་འོད་ཟེར་འགྱེད་པའི་སྣང་བས་དངོས་པོ་རྣམས་ཤིན་ཏུ་གསལ་བར་མངོན་ཡང་། དམུས་ལོང་དང་མིག་མེད་པ་རྣམས་ཀྱིས་ནི་མི་མཐོང་ངོ་། །དེ་བཞིན་དུ་ཤིན་ཏུ་གསལ་བའི་བློ་གྲོས་ཀྱི་མིག་མ་ཚང་བས་གལ་ཏེ་ རྩོད་དུས་ཟིན་ཀྱང་དེའི་ཚེ་ཉེས་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་བློ་གྲོས་དམན་པ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སླར་ཡང་བཤད་པར་བྱ་སྟེ། སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །གཙུག་ཏོར་ཆེན་པོ་རྨད་བྱུང་ གཙུག །ཅེས་བྱ་བ་ལ་སོགས་པས་ནི། གཙུག་ཏོར་བརྒྱད་བཤད་པ་ཡིན་ནོ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པའི་དེ་བཞིན་གཤེགས་པ་རྣམས་ བཤད་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་བཅུ་དྲུག་རྣམས་བསྟན་པ་ཡིན་ནོ། །འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་བྱ་བས་ནི་སྒོ་སྲུང་རྣམས་ཀྱང་ གསུངས་པ་ཡིན་ནོ། །ཆེ་བ་སངས་རྒྱས་རིག་སྔགས་འཆང་། །ཞེས་བྱ་བས་ནི་སངས་རྒྱས་སྤྱན་ལ་སོགས་པའི་རིག་པ་བཞི་བཤད་པ་ཡིན་ནོ། །གཟུངས་ཀྱི་དཀྱིལ་འཁོར་འཁོར་དུ་ཡང་། །མགོན་པོ་ས་བཅུ་དབང་ཕྱུག་སྟེ། །ས་བཅུ་ལ་ནི་རབ་ཏུ་གནས། །ཞེས་བྱ་བས་ནི་ས་ རྣམས་བཤད་པ་ཡིན་ནོ། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཞེས་བྱ་བས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་བྱ་བས་ནི་དབང་རྣམས་སོ། །དེ་ཉིད་དྲན་པ་ཆེན་པོ་འཆང་། །ཞེས་བྱ་བས་ནི་དོན་གྱི་གཟུངས་དང་ཚིག་གི་གཟུངས་དང་། མངོན་པར་རྟོགས་པའི་ གཟུངས་དང་། སྔགས་ཀྱི་གཟུངས་ཏེ་དྲན་པ་ཞེས་བྱ་བ་ནི་གཟུངས་ལ་བྱའོ། །དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །ཞེས་བྱ་བས་ནི་དགའ་བའི་མཆོད་པ་སྟེ། སྒེག་མོ་ལ་སོགས་པའི་མཆོད་པ་ཡང་བཤད་པ་ཡིན་ནོ། །དེ་བཞིན་དུ་རིམ་པ་ གསུམ་པ་ལས། ཀུན་དུ་བཟང་པོ་བློ་གྲོས་བཟང་། །ས་ཡི་སྙིང་པོ་འགྲོ་བ་འཛིན། །ཞེས་བྱ་བ་ལ་སོགས་པས། ཀུན་དུ་བཟང་པོ་ལ་སོགས་པ། །བྱང་ཆུབ་སེམས་དཔའ་བཅུ་དྲུག་བཤད་པ་ཡིན་ནོ། །སྒོར་ནི། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །དོན་ཡོད་ཞགས་པ་རྣམ་ པར་རྒྱལ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་བྱ་བ་ལ་སོགས་པས་ནི། གཤིན་རྗེ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་རྣམས་དེ་བཞིན་དུ་བཤད་པ་ཡིན་ནོ། །མཚམས་རྣམས་རྡོ་རྗེ་ཧཱུཾ་སྟེ་ཧཱུཾ། །ཞེས་སྒྲོགས་ཞེས་བྱ་བས་ནི་ཁམས་གསུམ་ རྣམ་པར་རྒྱལ་བའོ། །རྡོ་རྗེ་འབར་བ་མིག་ནི་བཟད། །ཅེས་བྱ་བས་ནི་རྡོ་རྗེ་མེ་ལྟར་འབར་བའོ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་བྱ་བས་ནི་རྡོ་རྗེ་ཁྲག་འཐུང་ངོ་། །ཧི་ཧི་ཞེས་སྒྲོགས་འཇིགས་པར་བྱེད། །ཅེས་བྱ་བ་ནི་རྟ་མཆོག་གོ །བདུག་པ་མ་ལ་སོགས་རྣམས་ ཀྱང་། །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །ཅེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ཏེ། དེ་དག་ཐམས་ཅད་ཀྱང་ཡང་དག་པར་སྤྲོས་ནས་སྦྱར་ཞིང་བཤད་ཟིན་པས། འདིར་ཞིབ་ཏུ་མ་སྨོས་སོ། །ཕྱི་རོལ་དུ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ་ཡང་ཚངས་པ་དང་དྲག་པོ་དང་། སྲེད་མེད་ ཀྱི་བུ་ལ་སོགས་པ་རྣམས་ཀྱང་རྟག་ཏུ་རྗེས་སུ་འབྲེལ་པ་ཡིན་པས། འཁོར་ཉིད་དུ་བསྟན་པ་ཡིན་ནོ། །ཇི་ལྟར་ན་ནང་དུ་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པས་མནན་ལ་ཕྱི་རོལ་དུ་གཞག་ཅེ་ན། འདི་ལ་བརྩད་པར་མི་བྱ་སྟེ། དྲེགས་པ་བསལ་བར་མཛད་ནས་ སྤྲུལ་པའི་གཟུགས་ཀྱིས་མཆོད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་འཁོར་གྱི་ཚུལ་དུ་གཞག་པ་ཡིན་པས་མི་མཐུན་པའི་འགལ་བ་ཡོད་པ་མ་ཡིན་ནོ། །གསང་སྔགས་དང་ཕྱག་རྒྱ་རྣམས་ཅི་ཕྱིར་བཞག །ཅེས་ཟེར་ན། གསང་སྔགས་ཐམས་ཅད་སྐྱེད་པ་ པོ། །ཞེས་གསུངས་པས་ན། གསང་སྔགས་ཐམས་ཅད་ཀྱི་དགོས་པའི་ཁྱད་པར་ཉིད་ཡོངས་སུ་ཤེས་པས་ན་ཐམས་ཅད་རྗེས་སུ་མཐུན་པར་སྦྱར་བ་ཡིན་ནོ། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཞེས་གསུངས་པ་ན། དཀྱིལ་ འཁོར་དང་ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་དང་། དངོས་གྲུབ་སྒྲུབ་པ་ལ་སོགས་པ་ལས་རབ་འབྱམ་ཐམས་ཅད་རྗེ་བཙུན་འཇམ་དཔལ་གྱིས་སྦྱོར་བས་ཐམས་ཅད་ནས་ཐམས་ཅད་དུ་སྦྱོར་བར་བྱའོ། །དེ་བས་ན་བཤད་མ་ཐག་པའི་ཕྱག་རྒྱ་དང་། སྔགས་ཀྱི་སྦྱོར་བ་ལ་ ཡང་འགལ་བ་ཡོད་པ་མ་ཡིན་ཏེ། དོན་དམ་པར་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཕྱག་རྒྱ་བཞི་ཡི་དོན་སྟོན་པ། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་ལས་ཐ་དད་པའི་ཕྱག་རྒྱ་མེད་པས་འདི་ཉིད་དུ་ཐམས་ཅད་བསྟན་ པ་ཡིན་ཏེ། ཇི་ལྟར་བདག་གིས་སྦྱར་བ་དེ་བཞིན་དུ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་དོན་ལ་མཁས་པ་རྣམས་ཀྱིས་ངེས་པར་བརྟག་པར་བྱའོ། །དཀྱིལ་འཁོར་གྱི་དུས་དང་སྒྲུབ་པའི་དུས་སུ་སྦྱིན་སྲེག་གི་ཆོ་ག་བྱ་དགོས་ཏེ། གསང་སྔགས་མ་བཟླས་མི་འགྲུབ་ལ། །སྦྱིན་སྲེག་ མ་བྱས་འབྲས་མི་འབྱིན། །སྔགས་རྣམས་ཐམས་ཅད་རབ་བསྒྲུབ་ཕྱིར། །སྦྱིན་སྲེག་ལས་རྣམས་བརྩམ་པར་བྱ། །སྦྱིན་སྲེག་མེད་པར་ལས་རྣམས་ལ། །དངོས་གྲུབ་འབྱུང་བར་མི་འགྱུར་ཏེ། །དེ་བས་སྦྱིན་སྲེག་ལས་རྣམས་ལ། །སྔགས་པས་འབད་པ་ཆེན་པོ་བྱ། །དེ་ལ་སྦྱིན་ སྲེག་གི་ཐབ་ཁུང་ནི། སེམས་ཅན་གྱི་དབྱེ་བས་ནི་མཐའ་ཡས་སོ། །རིགས་ཀྱི་དབྱེ་བ་ལས་ནི་རྣམ་པ་ལྔའམ། བཞི་ཐབ་ཁུང་རྣམ་པར་དབྱེ་སྟེ། འདི་ནི་ཐབ་ཁུང་གཏན་ལ་དབབ་པའོ། །རྒྱ་ཆེར་རྡོ་རྗེ་ཁྲོ་བོ་སྙོམས་པར་འཇུག་པའི་གསང་བའི་རྒྱུད་ལས་ཐབ་ཁུང་གི་རྣམ་པ་བརྒྱ་ རྩ་བཅུར་གསུངས་སོ། །ལས་ཀྱི་དབྱེ་བས་འདི་ལྟ་སྟེ། ཞི་བ་དང་རྒྱས་པ་དང་། དབང་དང་། མངོན་སྤྱོད་དང་། དགུག་པ་དང་། དབང་དུ་བྱ་བ་དང་། བསྐྲད་པ་དང་། བཅིང་བ་དང་། གསད་པ་དང་། བསྒྲུབ་པ་དང་། ཚེ་འཕེལ་བ་དང་། ནོར་དང་འབྲུ་དགུག་པ་དང་། འདོད་པའི་ གཟུགས་ཉིད་དང་། མི་སྣང་བ་དང་། བཀའ་བཞིན་བྱེད་པ་དང་། སྡིག་པ་རབ་ཏུ་གཞིག་པ་དང་། རིག་པ་རྗེས་སུ་ཆགས་པར་བྱ་བ་དང་། ནམ་མཁར་འགྲོ་བ་དང་། རིག་སྔགས་གཟི་བྱིན་བསྐྱེད་པ་དང་། དཀྱིལ་འཁོར་ཆེན་པོ་བསྒྲུབ་པའོ། །དེ་ལ་ཞི་བ་ལ་ཀུན་ནས་ཟླུམ་པོའོ། ། རྒྱས་པ་ལ་ནི་ཟུར་བཞིའོ། །མངོན་སྤྱོད་ལ་ནི་གྲུ་གསུམ་མོ། །དགུག་པ་ལ་ནི་ལྕགས་ཀྱུའོ། །དབང་དུ་བྱ་བ་ལ་ནི་རྡོ་རྗེ་ལྟ་བུའོ། །ནོར་དང་འབྲུ་དགུག་པ་ལ་ནི་རིན་པོ་ཆེ་ལྟ་བུའོ། །འདོད་པའི་གཟུགས་ཀྱི་ནི་མཚན་ལྟ་བུའོ། །མི་སྣང་བར་བྱ་བ་ནི་མདའ་གཞུ་ལྟ་བུའོ། །བཀའ་ བཞིན་བྱེད་པ་ནི་རལ་གྲི་ལྟ་བུའོ། །སྡིག་པ་རབ་ཏུ་གཞིག་པ་ནི་རྟ་བབས་དང་བཅས་པའི་རྩིག་པའམ་འོབས་ལྟ་བུའོ། །རིག་པ་རྗེས་སུ་ཆགས་པར་བྱ་བ་ནི་རང་གི་རིགས་ཀྱི་ཕྱག་རྒྱ་ལྟ་བུའོ། །ནམ་མཁའ་ལ་འགྲོ་བ་ནི་ནམ་མཁའི་དཀྱིལ་འཁོར་ལྟ་བུའོ། །རིག་སྔགས་ཀྱི་གཟི་ བྱིན་བསྐྱེད་པ་ལ་ནི་རབ་ཏུ་འབར་བ་ལྟ་བུའོ། །དཀྱིལ་འཁོར་ཆེན་པོ་བསྒྲུབ་པ་ནི་འཁོར་ལོ་ལྟ་བུ་ཇི་ལྟ་བ་ཉིད་དམ། དེའི་དཀྱིལ་འཁོར་རྣམས་ལྟ་བུ་ཡིན་ནོ། །དེ་བཞིན་དུ་ཐུན་མོང་གི་བརྐོ་བའི་ཆོ་ག་ལས། སྦྱིན་སྲེག་གི་ཆོ་ག་ཐམས་ཅད་ལ་ཕྱིའི་དཀྱིལ་འཁོར་གྱི་ཟུར་བཞི་པ་དང་། སྒོ་བཞི་པར་ཐིག་བཏབ་ལ་ཤར་ཕྱོགས་སུ་རྡོ་རྗེས་སྤྲས་པ་དང་། ལྷོར་རིན་པོ་ཆེས་སྤྲས་པ་དང་། ནུབ་ཏུ་པདྨས་སྤྲས་པ་དང་། བྱང་དུ་པདྨ་རྡོ་རྗེས་སྤྲས་པར་བྱས་ལ། དེར་ཤར་ཕྱོགས་སུ་པདྨ་དང་། ནགས་ཀྱི་ལྕུག་མ་དང་། བགྲང་ཕྲེང་དང་། རིལ་བ་སྤྱི་བླུགས་དང་། རིགས་ཀྱི་ པགས་པ་སྟེ་ཕྱག་རྒྱ་ལྔ་བྲིའོ། །ལྷོ་ཕྱོགས་སུ་མདུང་རྩེ་གསུམ་པ་དང་། ཟླ་བ་ཁམ་པ་དང་། རྒྱལ་མཚན་དང་། ཐོར་ཚུགས་དང་མིག་སྟེ་ཕྱག་རྒྱ་ལྔ་བྲིའོ། །ནུབ་ཕྱོགས་སུ་འཁོར་ལོ་དང་། དུང་དང་། བེ་ཅོན་དང་། རལ་གྲི་དང་ཕུབ་སྟེ་ཕྱག་རྒྱ་ལྔ་བྲིའོ། །བྱང་ཕྱོགས་སུ་མདུང་ཐུང་ དང་། དྲིལ་བུ་དང་། བ་དན་དང་། རྨ་བྱ་དང་། ར་སྐྱེས་ཏེ་ཕྱག་རྒྱ་ལྔ་བྲི་བར་བྱའོ། །དཀྱིལ་འཁོར་གྱི་དབུས་སུ་ཐབ་ཁུང་བརྐོས་ལ་ཐབ་ཀྱི་ནང་དུ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཕྱག་རྒྱའམ། དཀྱིལ་འཁོར་ཡང་དག་པའི་སྦྱོར་བས་དགོད་པར་ བྱའོ། །དཀྱིལ་འཁོར་གྱི་ཆོ་ག་བཞིན་དུ་བསྲུང་བ་ལ་སོགས་པ་ཐམས་ཅད་བྱས་ནས། སྦྱིན་སྲེག་གིས་དཀྱིལ་འཁོར་བའི་ལྷ་རྣམས་ཀྱི་ཁྱད་པར་གྱི་ལས་དང་རྗེས་སུ་མཐུན་པར་ཚིམ་པར་བྱས་ལ། རང་ཉིད་མངོན་པར་འདོད་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱའོ། །ཞི་བ་ལ་ཨོཾ་ སརྦྦ་དུ་ཁོ་བ་ཤ་མི་ནེ་སྭཱ་ཧཱ་ཞེས་བྱ་བ་དང་། ཡུངས་ཀར་ལ་སོགས་པས་སྦྱིན་སྲེག་བྱའོ། །རྒྱས་པ་ལ་ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། ཞེས་བྱ་བ་དང་འབྲས་ལ་སོགས་པའི་སྦྱིན་སྲེག་བྱའོ། །མངོན་སྤྱོད་ལ་ནི་ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཨཱ་ན་ཡ་ཧོཿབྷ་ ག་ཝཱན་བིདྱཱ་རཱ་ཛ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་བྱ་བ་དང་། མི་རུས་ཀྱི་ཕྱེ་མ་ལ་སོགས་པས་སྦྱིན་སྲེག་བྱའོ། །སྡིག་པ་རབ་ཏུ་གཞིལ་བ་ལ། ཨོཾ་སརྦྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་བྱ་བ་དང་། ཏིལ་ལ་སོགས་པའི་སྦྱིན་སྲེག་བྱའོ། །ནོར་དང་འབྲུ་ལ་སོགས་པ་དགུག་པ་ལ་ནི། ཨོཾ་སརྦ་ཨཱ་ཀཪྵ་ཡ། དྷ་ན་དྷ་ ན། དི་ཀཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ་ཞེས་བྱ་བ་དང་། འབྲས་ལ་སོགས་པའོ། །བསྲུང་བའི་དོན་དུ་ནི། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ་ཞེས་བྱ་བ་དང་། ཀུ་ཤའི་མྱུ་གུ་ཏིལ་མར་ལ་བཏགས་པའི་འོ། །ཚེ་འཕེལ་བ་ལ་ནི། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ་ཞེས་བྱ་བ་དང་། དཱུར་ཝའི་མྱུ་གུ་ལ་སོགས་པའི་འོ། ། དགུག་པ་ལ་ནི། ཨོཾ་བཛྲ་ཨཱ་ཀཪྵ་ཡ་སྭཱ་ཧཱ་ཞེས་བྱ་བ་དང་། ཀུབ་ཙ་ཀའི་ཚེར་མ་ལ་སོགས་པའོ། །དཀྱིལ་འཁོར་བཅིང་བ་ལ་ནི་ཧཱུཾ་བཛྲ་བྷནྡྷ་ཡ་བཾ་ཞེས་བྱ་བ་དང་། ལྕགས་ཀྱི་ཕྱེ་མ་ལ་སོགས་པའི་འོ། །གསད་པ་ལ་ནི། ཨོཾ་བཛྲ་མཱ་ར་ཡ་ཧཱུཾ་ཞེས་བྱ་བ་དང་། དུར་ཁྲོད་ཀྱི་ཐལ་བ་ལ་ སོགས་པའི་འོ། །དབང་དུ་བྱ་བ་ལ་ནི། ཨོཾ་བཛྲ་བ་ཤི་ཀུ་རུ་ཡེ་སྭཱ་ཧཱ་ཞེས་བྱ་བ་དང་། མེ་ཏོག་དམར་པོ་ལ་སོགས་པའི་འོ། །འདོད་པའི་གཟུགས་ལ་ནི། ཨོཾ་བཛྲ་ཀཱ་མ་རཱུ་པེ་ནེ་ཨཾ་ཞེས་བྱ་བ་དང་། ཤིང་དྲེགས་པའི་འབྲས་བུ་ལ་སོགས་པའི་འོ། །ཆགས་པར་བྱ་བ་ལ་ནི་ཨོཾ་བཛྲ་ ཨཱ་རཱ་ག་ཎ་ཡ་ཧོ་ཞེས་བྱ་བ་དང་། མེ་སྐྱུར་པོ་ལ་སོགས་པའོ། །ནམ་མཁར་འགྲོ་བ་ལ་ནི། ཨོཾ་ཁེ་ཙ་རི་ཎི་ཧ་ཧ་ཧ་ཞེས་བྱ་བ་དང་། མནྡཱ་ར་བའི་མེ་ཏོག་ལ་སོགས་པའི་འོ། །བཀའ་བཞིན་བསྒྲུབ་པ་ལ་ནི། ཧཱུཾ་བཛྲ་ཨཱ་ཛྙཱ་པ་ཡ་ཏི་ཧཱུཾ་ཞེས་བྱ་བ་དང་། རྡོ་རྗེ་ཅན་གྱི་མེ་ཏོག་ལ་ སོགས་པའི་འོ། །མི་སྣང་བར་བྱ་བ་ལ་ནི། ཨོཾ་བཛྲ་ཨཱ་དཪྴ་ན་ཡཱ་ཨཾ་ཞེས་བྱ་བ་དང་། འབྲས་བུ་མི་སྣང་བ་ལ་སོགས་པའི་འོ། །རིག་སྔགས་གཟི་བརྗིད་བསྐྱེད་པ་ལ། ཨོཾ་བཛྲཱརྠ་སིདྡྷ་ཡེ་སྭཱ་ཧཱ་ཞེས་བྱ་བ་དང་། མར་ལ་སོགས་པའི་འོ། །དོན་ཐམས་ཅད་གྲུབ་པའི་ཆོ་ག་ལ་ནི། ཨོཾ་སིདྡྷི་སུ་སིདྡྷི་ཡེ་སྭཱ་ཧཱ། ཡུངས་ཀར་ལ་སོགས་པའི་འོ། །དཀྱིལ་འཁོར་ཆེན་པོ་སྒྲུབ་པ་ལ་ནི། ཨོཾ་མཎྜ་ལ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ཨོཾ་མཎྜ་ལ་སིདྡྷི་ཡེ་སྭཱ་ཧཱ། ཨོཾ་བྷྲ་སྭཱ་ཧཱ། ཨོཾ་བྷུ་བྷ་སྭཱ་ཧཱ། ཨོཾ་སྭ་སྭཱ་ཧཱ། ཨོཾ་བྷུར་བྷུ་བ་སྭཿསྭཱ་ཧཱ། ཨོཾ་སྭ་སྟི་སྭཱ་ཧཱ་ཞེས་བྱ་བ་དང་། སྭ་སྟི་ཀའི་མེ་ ཏོག་ལ་སོགས་པའི་འོ། །སྦྱིན་སྲེག་བྱ་སྟེ། ཤིན་ཏུ་རྒྱ་ཆེར་ཆེ་བ་ནི་མ་ཡིན་ནོ། །མདོར་བསྡུས་ན་ནི་འཇིག་རྟེན་ལས་འདས་པའི་མེ་ལྷ་རྣམ་པ་བཅུ་གཉིས་སུ་བསྟན་ཏེ། དེ་དག་ཀྱང་གང་ཞེ་ན། ཡེ་ཤེས་མེ་ཉིད་དང་པོ་སྟེ། དེ་ནི་དབང་ཆེན་ཞེས་སུ་བསྒྲགས། །ཁ་དོག་སེར་ པོའི་མདོག་ཅན་ལ། །མདོག་དང་རྒྱས་དང་སྟོབས་ཀྱང་སྟེར། །འབར་བའི་ཕྲེང་ཆེན་ཏིང་འཛིན་གནས། །ཡེ་ཤེས་རྫོགས་བྱེད་ཤེས་པར་བྱ། །གཉིས་པ་འཛིན་པ་ཞེས་བྱ་སྟེ། །སྟོན་ཀའི་ཟླ་བའི་འོད་དང་མཉམ། །དཔལ་ལྡན་གོས་ཀྱང་དཀར་པོ་གོན། །བགྲང་ཕྲེང་དང་ ནི་གུནྡྷེ་ཐོགས། །གསུམ་པ་རླུང་ཞེས་བྱ་བ་སྟེ། །ཁ་དོག་ནག་པོ་རྩུབ་པའོ། །བཞི་པ་དམར་པོ་ཞེས་བྱ་སྟེ། །ནུབ་ཀའི་མཚམས་ཀྱི་དམར་ཐག་འདྲ། །ལྔ་པ་མི་འདའ་ཞེས་བྱ་བ། །སྤུན་ལ་ཁ་དོག་དམ་པ་སྟེ། །མགྲིན་པ་རིང་ལ་གཟི་བརྗིད་ཆེ། །ཐམས་ཅད་ལ་ནི་ཕན་ འདོགས་པའོ། །དྲུག་པ་ཁྲོ་བོ་ཞེས་བྱ་སྟེ། །མི་གཡོན་དུད་པའི་ཁ་དོག་ཅན། །གྱེན་དུ་སྐྲ་བརྫེས་སྒྲ་ཆེན་འབྱིན། །མཆེ་བ་བཞི་པ་སྟོབས་པོ་ཆེ། །བདུན་པ་ལྟོ་བ་ཞེས་བྱ་སྟེ། །རྣོ་ལ་ཁ་དོག་ཀུན་དང་ལྡན། །བརྒྱད་པ་ཟད་བྱེད་ཅེས་བྱ་སྟེ། །གློག་འགྱུ་བ་ཡི་འོད་འདྲ་ བ། །དགུག་པ་ཡིད་ལས་སྐྱེས་ཞེས་བྱ། །སྣ་ཚོགས་གཟུགས་ཅན་སྟོབས་པོ་ཆེ། །བཅུ་པ་འཇིག་རྟེན་འབྱིན་པ་སྟེ། །ཤ་ཟའི་མི་ནི་དེ་ལས་གཞན། །བཅུ་གཅིག་བར་ནི་ཤེས་པར་བྱ། །འདོད་མེད་དབང་གི་ལས་ཅན་ནོ། །རྨུགས་བྱེད་ཅེས་པ་བཅུ་ གཉིས་པ། །སེམས་ཅན་རྨོངས་པར་བྱེད་པའོ། །ཏིང་ངེ་འཛིན་གྱི་སྟོབས་ལས་སྐྱེས། །ལས་ཀྱི་རྗེས་མཐུན་གསང་སྔགས་དང་། །ཕྱག་རྒྱའི་སྦྱོར་བར་ལྡན་པ་ཡི། །ཀུན་དང་ལས་དོན་སྒྲུབ་བྱེད་པའོ། །དེ་ནས་ཤིན་ཏུ་བསྡུས་པ་ནི། །རྣམ་པ་བཞི་རུ་ཡོངས་བསྒྲགས་པ། ། སེམས་ཅན་མོས་པའི་དབང་གིས་ནི། །ཆོ་ག་འདི་ནི་བསྡུས་པ་ཡིན། །ཐབ་དང་ལྷ་ཡི་གྲངས་དང་ནི། །མདོར་བསྡུས་འབྲིང་དང་རྒྱས་པ་རུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་མགོན་པོས་གསུངས་པ་ཡིན། །དེ་ལས་ཤིན་ཏུ་བསྡུས་པ་ཟླུམ་པོ་ལ་སོགས་པ་བཤད་ པར་བྱ་སྟེ། ཟླུམ་པོ་དང་། ཟུར་བཞི་དང་། གྲུ་གསུམ་དང་། ཟླ་བ་ཕྱེད་པ་ལྟ་བུ་ལ་ཁྲུ་གཅིག་པ་དང་། ཁྲུ་དོ་པ་དང་། ཁྲུ་བཞི་དང་། ཁྲུ་དྲུག་པ་དང་། ཁྲུ་བརྒྱད་པ་དང་། ཁྲུ་བཅུ་པ་དང་། སོར་བཅུ་དྲུག་པ་དང་། མཐོ་གང་ཙམ་སྟེ། ལས་དང་རྫས་དང་རྗེས་སུ་མཐུན་པར་ཐབ་ཀྱི་ཚད་བྱས་ པ་ཡིན་ནོ། །འདིར་ཐབ་ཁུང་རྣམ་པ་བཞིར་རྫས་དང་ལས་ཀྱི་དབྱེ་བ་ལས་སོ་སོར་ངེས་པ་ཡིན་གྱི་ལས་ཐམས་ཅད་པའི་ཐབ་ཁུང་ནི་མི་སྣང་ངོ་། །ཅི་ལྟར་ཞེ་ན། ཞི་བ་ལ་ཟླུམ་པོའོ། །རྒྱས་པ་ལ་ནི་གྲུ་བཞིའོ། །དབང་བ་ལ་ནི་གྲུ་གསུམ་མོ། །མངོན་སྤྱོད་ལ་ནི་གྲུ་གསུམ་ཟླ་བ་ཕྱེད་པ་དང་ ལྡན་པའོ། །དེ་ལ་གདོན་དང་ཉེ་བར་འཚེ་བ་དང་། རིམས་དང་བགེགས་ཀྱིས་ཟིན་པ་ཞ་བར་བྱ་བའི་ཕྱིར་དང་། མངོན་པར་ཤེས་པ་དང་། ཐར་པ་བསྒྲུབ་པ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཞི་བར་བྱེད་པས་ན། ཞི་བའི་ལས་ཞེས་བཤད་དོ། །རལ་གྲི་དང་། འཁོར་ ལོ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། གཏེར་ཆེན་པོ་དང་། རྒྱལ་སྲིད་དང་། བཅུད་ཀྱིས་ལེན་དང་། གསེར་འགྱུར་གྱི་རྩི་ལ་སོགས་པ་གྲུབ་པ་ནི་རྒྱས་པའོ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་མིའམ་ཅི་དང་། སྐྱེས་པ་དང་བུད་མེད་ལ་སོགས་པ་དང་རྒྱལ་པོ་བྲན་གཡོག་ དང་བཅས་པ་དབང་དུ་བྱེད་པས་ན་དབང་ངོ་། །གསད་པ་དང་བསྐྲད་པ་དང་། དབྱེ་བ་དང་། གནོན་པ་དང་། རྨོངས་པར་བྱས་པ་དང་། ཡན་ལག་བཅད་པ་ནི་མངོན་སྤྱོད་དོ། །ལས་ཀྱི་ཚོགས་དེ་དག་ངེས་པར་ཤེས་པར་བྱས་ལ། ལས་ཐམས་ཅད་དགུག་པའི་ཐབ་ཁུང་དུ་ཐམས་ ཅད་བྱའོ། །དེ་ནས་ཡང་རྡོ་རྗེ་དང་རིན་པོ་ཆེ་དང་། པདྨ་དང་སྣ་ཚོགས་རྡོ་རྗེ་དང་། འཁོར་ལོས་དབུས་སུ་མཚན་པས་ན། ལས་ཐམས་ཅད་པ་ཞེས་ཟེར་མོད་ཀྱི་དེ་ནི་མི་རིགས་ཏེ། ཕྱག་རྒྱ་གང་ཡིན་པ་ལྷ་ཡིན་ལ། ལྷ་གང་ཡིན་པ་དེ་ཉིད་ཕྱག་རྒྱ་ཡིན་པས་ན། རྡོ་རྗེ་ནི་མི་བསྐྱོད་པ་དང་། མཱ་མ་ཀཱིའི་ངོ་བོ་ཉིད་དོ། །རིན་པོ་ཆེ་ནི་རིན་ཆེན་འབྱུང་དང་། རིན་ཆེན་སྒྲོལ་མའི་ངོ་བོ་ཉིད་དོ། །པདྨ་ནི་འོད་དཔག་ཏུ་མེད་པ་དང་། གོས་དཀར་མོའི་ངོ་བོ་ཉིད་དོ། །སྣ་ཚོགས་རྡོ་རྗེ་ནི་དོན་ཡོད་གྲུབ་པ་དང་། སྒྲོལ་མའི་ངོ་བོ་ཉིད་དོ། །འཁོར་ལོ་ནི་རྣམ་པར་སྣང་མཛད་དང་། སངས་ རྒྱས་སྤྱན་གྱི་ངོ་བོ་ཉིད་དོ། །རིགས་པ་འདིས་ན་ལས་ཐམས་ཅད་པ་ཉིད་དེ། བཅོམ་ལྡན་འདས་ཀྱི་གསུང་ཉིད་ལས། ལས་ཐམས་ཅད་པ་འདི་ཅི་ཞིག་རིགས་ཞེས་ལ་ལ་དག་ཟེར་རོ། །དེ་ཡང་རབ་ཏུ་གྲུབ་པར་བྱེད་པའི་རྒྱུ་ལས་ནི། ཐབ་གྲུ་བཞི་པ་དེ་ཉིད་ལས་ཐམས་ཅད་ པའི་ཐབ་ཁུང་ཡིན་པར་བཤད་དེ། དེ་ཉིད་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ལས་བཀག་སྟེ། རྫིང་བུའི་དབྱིབས་ལྟ་བུར་གླུ་དང་གསང་བ་རྣམས་ཀྱི་ལུས་བསྲེག་པ་དང་། ཡན་ལག་གཞིག་པའི་དོན་དུ་ཇི་ལྟར་འགྱུར། ཐབ་ཁུང་གྲུ་བཞི་པ་ནི་རྡོ་རྗེ་ཕྲེང་བའི་རྒྱུད་ལས། བཅོམ་ལྡན་ འདས་ཤཱཀྱ་ཐུབ་པས་རྡོ་རྗེས་བརྒྱན་པའི་ཐབ་ཁུང་ལས་ཐམས་ཅད་པའོ་ཞེས་གསུངས་ཏེ། དེ་ཡང་ཇི་ལྟ་བུ་ཞེ་ན། ཟུར་བཞི་པ་ལ་ཁྲུ་གང་ཙམ། ཟབས་སུ་དེའི་ཕྱེད་ཙམ་བརྐོས་ཏེ། ཐབ་ཁུང་གི་སྟེང་དུ་སོར་བཞི་ཙམ་དོར་བར་དཔངས་དང་རྒྱར་སོར་བཞི་པའི་ཀུན་དུ་མཉམ་པའི་ཁ་ཁྱེར་ ལ། ཕྱོགས་རྣམས་སུ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་དང་། མཚམས་སུ་ཟླ་བ་ཁམ་པ་དང་། རྩེ་གསུམ་པའི་རྡོ་རྗེས་མཚན་ལ་ཐབ་ཀྱི་དབུས་སུ་པདྨ་འདབ་མ་བརྒྱད་པ་ཐབ་བས་ཅུང་ཟད་དམའ་བ་འདབ་མ་བརྒྱད་ལ་རྡོ་རྗེ་བརྒྱད་ལྟེ་བའི་གེ་སར་ལ་རྡོ་རྗེ་རྩེ་ལྔ་པ་ ཕྱེད་ནུབ་ཕྱེད་བགྲེང་བ་སྟེ། འདི་དག་ནི་རྡོ་རྗེས་བརྒྱན་པའི་ཐབ་ཁུང་ལས་ཐམས་ཅད་པའོ། །ཐབ་ཁུང་དེ་ཉིད་རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་རྒྱུད་ཆེན་པོ་དང་དམ་ཚིག་གསུམ་གྱི་རྒྱལ་བའི་རྒྱུད་ཆེན་པོ་དང་། ཀུན་ ནས་དབང་བསྐུར་བསྐྱེད་པ་ཞེས་བྱ་བའི་རྒྱུད་ཆེན་པོ་དང་། ཕྱག་ན་རྡོ་རྗེའི་སྙིང་པོ་ཞེས་བྱ་བའི་རྒྱུད་ཆེན་པོ་ལས་གསུངས་པ་ནི། རྡོ་རྗེ་བརྒྱད་དང་ལྡན་པ་ལ། །དབུས་སུ་རྡོ་རྗེ་ཆེན་པོ་བྱའོ་ཞེས་གསུངས་སོ། །རྗེ་བཙུན་རྡོ་རྗེ་འཛིན་པས་ཀྱང་རྡོ་རྗེ་འབྱུང་བ་ཞེས་བྱ་བའི་རྒྱུད་ཆེན་པོ་ ལས། དབུས་སུ་རྡོ་རྗེ་རབ་ཏུ་བརྟག །ཅེས་གསུངས་པས། ཐབ་ཁུང་དེ་ཉིད་ལས་ཐམས་ཅད་ཡིན་པར་བཤད་དོ། །དཔུང་བཟངས་ཀྱིས་ཞུས་པ་ལས་ནི་པདྨ་ལྟ་བུའི་དབྱིབས་ཅན་གྱི་ཐབ་ཁུང་ལས་ཐམས་ཅད་པ་ཡིན་པར་བཤད་དོ། །བུད་མེད་དང་རྒྱལ་པོའི་བུ་མོ་དང་། གྲོང་དང་། གྲོང་ཁྱེར་ཐོབ་པ་དང་། དོན་ཐམས་ཅད་ནི་པདྨའི་དབྱིབས་ལྟ་བུས་འགྲུབ་པར་འགྱུར་རོ་ཞེས་གསུངས་སོ། །དཔལ་ཕྱག་ན་པདྨོས་ཀྱང་། པདྨ་འབྱུང་བ་ཞེས་བྱ་བའི་རྒྱུད་ཆེན་པོ་དང་། རབ་ཏུ་གནས་པ་ཞེས་བྱ་བའི་རྒྱུད་ཆེན་པོ་ལས་པདྨའི་དབྱིབས་ཅན་ཐབ་ཁུང་དེ་ཉིད་ལས་ཐམས་ ཅད་པ་ཡིན་པར་གསུངས་ཏེ། ཐབ་ཁུང་འདི་ནི་ཟླུམ་པོ་ལ་ཁོ་ར་ཁོར་ཡུག་ཁྲུ་གང་ཙམ་ལ་འོག་ཏུ་ཁྲུ་ཕྱེད་པར་བརྐོས་པ་དབུས་ཀྱི་འདབ་མ་ལ་པདྨ་བརྒྱད་ཀྱིས་བསྐོར་བ། ཐབ་ཀྱི་སྟེང་དུ་སོར་བཞི་དོར་བ་དཔངས་དང་རྒྱར་སོར་བཞི་པ་ཐབ་ཁུང་ནས་བྱུང་བའི་པདྨ་ཁ་བྱེ་བ་ལྟ་བུའི་ ཁ་ཁྱེར་ལ། ཁ་ཁྱེར་གྱི་རྒྱབ་ཏུ་པདྨའི་ཕྲེང་བས་བསྐོར་བ། ཐབ་ཀྱི་དབུས་ཀྱི་ཕྱོགས་ཀྱི་པདྨ་རྣམས་ལ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེའི་ཕྱག་རྒྱ་དགོད་པར་བྱའོ། །མཚམས་ཀྱི་པདྨ་ལ་མིག་གཉིས་དང་རྡོ་རྗེ་རྩེ་གསུམ་པ་དང་། པདྨ་དང་ཨུཏྤལ་དགོད་དོ། །དབུས་ཀྱི་པདྨ་ ལ་འཁོར་ལོ་རྩིབས་བརྒྱད་པ་དགོད་དོ། །ཐབ་ཁུང་གི་ནང་གི་ཐ་མར་རྡོ་རྗེ་ཕྲེང་བས་ཡོངས་སུ་བསྐོར་བའི་ཐབ་ཁུང་ནི་ལས་ཐམས་ཅད་པའི་ཐབ་བོ། །གཞན་དག་གིས་ཐམས་ཅད་པའི་ཐབ་ཁུང་གཞན་དག་ཏུ་ཡང་འཆད་དོ། །རྗེ་བཙུན་གྱི་མཚན་ཡང་དག་པར་བརྗོད་པ་ འདིར་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་བཅོམ་ལྡན་འདས་རྗེ་བཙུན་འཇམ་དཔལ་གཞོན་ནུར་གྱུར་པ་ནི་དོན་ཐམས་ཅད་རྫོགས་པ་ཡིན་པར་བཤད་དེ། ཞལ་བཞི་པ་དང་། ཕྱག་བརྒྱད་པ་དང་། སྐུ་མདོག་དང་དབྱིབས་སྣ་ཚོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རྟེན་དང་བརྟེན་པ་པོའི་ངོ་བོ་ ཉིད་ཡིན་ནོ། །དེ་ལ་ཤར་ཕྱོགས་ཀྱི་ཞལ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་དེ་དཀར་པོ་ཞི་བར་མཛད་པའོ། །ལྷོའི་ཞལ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཉིད་དེ། སེར་པོ་རྒྱས་པ་འཕེལ་བར་མཛད་པའོ། །ནུབ་ཀྱི་ཞལ་ ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་དེ། དམར་པོ་འགྲོ་བ་རྣམས་དབང་དུ་མཛད་པའོ། །བྱང་གི་ཞལ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་དོན་ཡོད་གྲུབ་པའི་ངོ་བོ་ཉིད་དེ། ནག་པོ་ཉོན་མོངས་པའི་དགྲ་རྣམས་དང་། བདུད་ཀྱི་དགྲ་བོ་ཐམས་ཅད་ཟད་པར་མཛད་པ་སྟེ་ མངོན་སྤྱོད་དོ། །དེ་ལྟར་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ཀྱི་ལས་རྣམས་རྫོགས་པར་བྱེད་པས་ན། ཐབ་གཅིག་ལ་ལས་ཐམས་ཅད་པའི་ཐབ་ཁུང་དུ་བཤད་དོ། །དེ་ལྟ་ན་ནི་ཐབ་ཀྱི་མཚན་ཉིད་དབྱེ་བ་ལ་དོན་མེད་དེ། ཐབ་གཅིག་ཏུ་ལས་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེ་ ན། དོན་མེད་པ་མ་ཡིན་ཏེ། དཀྱིལ་འཁོར་གྱི་བདག་པོ་ཉིད་ཀྱིས་ལེགས་པར་ལས་བྱེད་པས་ན། དཀྱིལ་འཁོར་ཐམས་ཅད་ཞི་བའི་ལས་ལ་བསྐུར་ཞིང་བཀའི་འཁོར་ལོའི་སྦྱོར་བས་ཞི་ཞེས་བྱའོ། །དེ་བཞིན་དུ་རྒྱས་པ་དང་། དབང་དང་། མངོན་སྤྱོད་བྱ་སྟེ། དེ་བས་ན་མཚན་ཉིད་ཐ་དད་པའམ། དགོངས་ པའི་དབང་གིས་ཉེ་བར་གཟུང་བ་ཡིན་ནོ། །ཐབ་ཁུང་སོ་སོའི་མཚན་ཉིད་བཤད་པར་བྱ་སྟེ། དེ་ལ་ཞི་བ་ལ་ནི་ས་གཞི་དཀར་པོ་ལ་རྒྱར་ཁྲུ་གང་ཙམ་བརྐོས་ལ་ཟབས་སུ་སོར་བཅུ་གཉིས་པ་དེའི་དབུས་སུ་པདྨའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་སོར་བརྒྱད་པ་ཐབ་ཀྱི་སྟེང་བར་དུ་སོར་བཞི་དོར་བ་དཔངས་དང་ རྒྱར་སོར་བཞི་པའི་ཁ་ཁྱེར་གྱིས་བསྐོར་བ་ལ་མཚམས་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པ། ཐབ་དེ་ས་གཞི་དཀར་པོ་དང་བའི་ལྕི་བས་བྱུགས་ལ། ཡང་དེ་གཉིས་ཀ་དྲི་དཀར་པོས་ཉེ་བར་བྱུག་ཅིང་མེ་ཏོག་དཀར་པོས་གཏོར་བ་དུས་གསུམ་དུ་བྱའོ། །རྒྱས་པ་ལ་ནི་ས་གཞི་སེར་པོ་ལ་རྒྱར་ ཁྲུ་དོ་ཟབས་སུ་ཁྲུ་གང་ཟུར་བཞི་པའམ། རིན་པོ་ཆེ་ཟུར་བརྒྱད་པ་དང་འདྲ་བར་བརྐོས་ལ་དེའི་སྟེང་དུ་སོར་བརྒྱད་པའི་ཁ་ཁྱེར་དབྱིབས་དེ་དང་འདྲ་བར་བསྐོར་ལ་ཁུང་བུར་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་རྡོ་རྗེ་རིན་པོ་ཆེ་སོར་དྲུག་པས་མཚན་པ། ས་སེར་པོ་དང་དྲི་སེར་པོས་ ཐབ་དང་ས་གཞི་དེ་བྱུགས་ལ། མེ་ཏོག་སྣ་ཚོགས་གཏོར་བར་བྱའོ། །མངོན་སྤྱོད་ལ་ནི་རྩུབ་ཅིང་གས་པ་དང་། ཤིན་ཏུ་གནག་པའི་ས་གཞི་ལ་གྲུ་གསུམ་པ་ཟླ་གམ་གཉིས་མཚན་པ་དང་ལྡན་པ་སོར་ཉི་ཤུ་པ་ཟབས་སུ་སོར་བཅུ་པ། ཐབ་ཀྱི་མགོ་བྱང་དུ་བལྟ་བ། འོག་ཏུ་རྩེ་གསུམ་པའི་ སྟེང་དུ་ཁྲོ་བོའི་རྡོ་རྗེ་སོར་བརྒྱད་པས་མཚན་པ། དེའི་སྟེང་དུ་སོར་གསུམ་དོར་བར་དཔངས་དང་རྒྱར་སོར་གསུམ་དོར་བ། ཁ་ཕྱིར་བལྟས་པའི་ཁ་ཁྱེར་གྱིས་བསྐོར་བ། ས་ནག་པོ་དང་རོ་བསྲེགས་པའི་ཐལ་བ་དང་། བོང་བུ་དང་རྔ་མོའི་རྟུག་པ་ལ་སོགས་པ་ཅི་སྙེད་པས་བྱུགས་ལ། དྲི་མི་ཞིམ་ པའི་དྲི་དང་མེ་ཏོག་སྔོན་པོའམ། དམར་པོའམ། ཕུབ་མས་གཏོར་རོ། །དབང་ལ་ནི་ས་གཞི་དམར་པོ་ལ་ཐབ་ཀྱི་དབྱིབས་བྷ་ག་ལྟ་བུ་རྡོ་རྗེ་དང་པདྨས་མཚན་པའོ། །དགུག་པ་ལ་ནི་རྡོ་རྗེ་རྩེ་གཅིག་ལྟ་བུས་དབུས་སུ་རྡོ་རྗེ་དང་རིན་པོ་ཆེས་མཚན་པའོ། །དེ་དང་འདྲ་བའི་ཁ་ཁྱེར་གྱིས་ཡོངས་སུ་བསྐོར་བས་ དམར་པོ་དང་དྲི་དམར་པོས་བྱུགས་པ། མེ་ཏོག་དམར་པོས་ཉེ་བར་མཛེས་པར་བྱས་པའོ། །འདི་གཉིས་ཀྱི་ཟབས་དང་རྒྱའི་ཚད་ལ་སོགས་པ་ནི་ཞི་བའི་ཐབ་ཁུང་དང་འདྲ་བ་ལས་ཐམས་ཅད་པའི་ཐབ་ཁུང་ཀྱང་དེ་བཞིན་ཏེ་འོན་ཀྱང་ཁ་ཁྱེར་ནི་པདྨ་ཁ་བྱེ་བ་ལྟ་བུ་ལ་རྡོ་རྗེ་ཕྲེང་བས་བསྐོར་བ་དབུས་ སུ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེའི་དབུས་སུ་འཁོར་ལོ་དང་ལྡན་པས་མཚན་པའོ་ཞེས་པ་ལ་ལ་དག་བརྗོད་དོ། །དཀྱིལ་འཁོར་རམ་ལྷའི་ཁང་པའི་ཤར་ཕྱོགས་སུ་ཞི་བའི་ཐབ་ཁུང་། ལྷོར་རྒྱས་པ། ནུབ་ཏུ་དབང་དུ་བྱ་བ་དང་། དགུག་པ། བྱང་དུ་མངོན་སྤྱོད་ཀྱི་ཐབ་ཁུང་བྱ་ ཞིང་། ཚོན་རྩི་རྣམས་ཀྱང་ལས་དང་རྗེས་སུ་མཐུན་པར་བརྟག་པར་བྱའོ། །ཐབ་ཀྱི་མཚན་ཉིད་དོ། །དེ་ནས་ཐབ་ཁུང་གི་གནས་རབ་ཏུ་ཤིས་པའི་ཆུ་ཤིང་ལོ་མའམ། མཚན་དང་ལྡན་ཞིང་ཤིན་ཏུ་སར་པའི་གོས་དང་། སཱ་ལུའམ། པདྨའི་འདབ་མས་ཐབ་ཀྱི་མཐར་ཐུག་པར་གཡོགས་ པར་བྱའོ། །དེ་ནས་ཀུ་ཤ་དགྲམ་པར་བྱ་སྟེ། རྩ་བ་ནས་བཏོན་ཞིང་མ་ཉམས་པ་འབུས་མ་ཟོས་པ་ཤིན་ཏུ་གསར་ཞིང་སྔོ་བའི་ཀུ་ཤས་གཡོགས་པར་བྱའོ། །དང་པོ་ཤར་དུ་རྩེ་བསྟན་གཞག །གཉིས་པ་ལྷོ་ཕྱོགས་ཁ་བལྟས་པའོ། །གསུམ་པའི་རྩེ་མོ་ནུབ་ཏུ་སྟེ། །བཞི་པ་རྩེ་མོ་བྱང་དུའོ། ། དོན་ཀུན་བསྒྲུབ་པའི་ཀུ་ཤ་ཡིས། །ཐབ་ཀྱི་ཤར་ནས་དང་པོར་གཡོགས། །འདིར་ཀུ་ཤ་བླང་བའི་སྔགས་ནི་འདི་ཡིན་ཏེ། ཨི་དཾ་ཀུ་ཤ་ཤུ་བྷ་དྷི་བྷྱ་པཱུ་ཏ་པྲཧྨ་བི་བ་ཏྲེན། བུདྡྷ་དྷརྨྨ་སཾ་གྷ་ཏི་པྲྀ་ཐྭི་སཉྫ་ཏ་གརྦྷ་ཨ་བིགྷྣཱན་མ་མ་ཤཱནྟིཾ་ཀུརྦནྡུ་སྭཱ་ཧཱ། གསང་སྔགས་འདི་ཀུ་ཤ་ལ་ལན་བདུན་བཟླས་ ལ་སྔར་བཤད་པའི་ཆོ་གས་དགྲམ་པར་བྱའོ། །འདབ་དང་ཀུ་ཤའི་ཚོགས་དགྲམ་པའི་ཆོ་གའོ། །ཞི་བ་ལ་ནི་པ་ལ་ཤ་དང་ཨུ་དུམ་ཝཱ་ར་དང་། ཨ་མྲ་དང་། ཨ་ཤྭདྠ་དང་། པླཀྴ་དང་། སྨི་དྱ་དང་། ཤ་མི་དང་། ནྱ་གྲོ་དྷ་ལ་སོགས་པ་ཤིང་འོ་མ་ཅན་ལས་བྱུང་བ། འདབ་མ་དང་བཅས་པ་ མཉམ་པོར་བཅད་པ། རྩེ་མོའི་ཆ་ལས་བྱུང་བའི་མཐོ་གང་ཙམ་གྱི་ཡམ་ཤིང་ལ་སྦྲང་རྩི་དང་མར་ལ་རྩེ་མོ་གཉིས་བཏགས་ལ། དྲི་དཀར་པོའི་སྤོས་ཆུས་བཀྲུས་པ་རྩེ་མོ་འདབ་མ་གཉིས་དང་བཅས་པ་སྟེ། རྩེ་གཅིག་པས་སྦྱིན་སྲེག་བྱའོ། །རྙིང་པ་དང་ལོ་མ་མེད་པ་དང་། ཁོང་སྟོང་ དང་། ཆག་པ་དང་། ཤུན་ལྤགས་མེད་པ་དང་། ཐུང་ངུ་དང་ཡོན་པོ་དང་། རྩེ་མོ་གས་པ་དང་། ཧ་ཅང་ཕྲ་བ་དང་། ཧ་ཅང་སྦོམ་པ་དང་། རིང་པོ་དང་། འབུས་ཟོས་པ་དང་། སྲོག་ཆགས་དང་བཅས་པ་རྣམས་ནི་སྤང་བར་བྱའོ། །ཞི་བ་ལ་ནི་ནས་དང་། འོ་མ་དང་། སྦྲང་རྩི་དང་། མར་དང་། ཞོ་དང་། འབྲས་དང་། འབྲས་ཡོས་དང་། ཀུ་ཤ་སྔོན་པོ་དང་། དཱུར་ཝ་སྔོན་པོ་དང་། ཨ་མྲའི་ལོ་མ་དང་། ཙནྡན་དང་། པྲི་ཡང་ཀུའི་མེ་ཏོག་དང་། སཱ་ལུའི་ཆན་དང་། མེ་ཏོག་དཀར་པོ་དང་། གེ་སར་དང་ཐང་ཆུ་དྲི་ཞིམ་པ་ཅི་སྙེད་པ་ལས་སྦྱིན་སྲེག་བྱའོ། །རྒྱས་པ་ ལ་ནི་ཡམ་ཤིང་དེ་རྣམས་དེ་ཉིད་ལས་སྦོམས་སུ་ཆག་གང་ལ་སྲིད་དུ་ཁྲུ་གང་ཙམ་འོ་མ་དང་ཞོ་དང་། མར་ལ་བཏགས་ཏེ་དྲི་ཞིམ་པོའི་སྤོས་ཆུ་ལ་སྦྱངས་ལ། མངར་གསུམ་ལ་བཏགས་པའི་འབྲས་ཆན་བཟང་པོའི་བཤོས་དང་། ཞོ་དང་སྦྲང་རྩི་དང་། མར་དང་བསྲེས་པའི་ཏིལ་ ནག་པོ་དང་། ཞོ་དང་འབྲས་ཆན་མར་དང་བཅས་པ་དང་། ཤ་ཏ་པུཥྤ་དང་། བིལ་བའི་འབྲས་བུ་དང་། འབྲས་ཤ་ལི་དང་། ནཱ་ག་གེ་སར་དང་། ཀརྞི་ཀའི་མེ་ཏོག་དང་། འབྲུ་རྣམས་ཀྱིས་སྦྱིན་སྲེག་བྱའོ། །མངོན་སྤྱོད་ལ་ནི་ནིམ་པ་དང་། སེང་ལྡེང་དང་། ཀོ་བི་དར་ དང་། བ་ལ་ཏ་ཀ་དང་། མ་ད་ནའམ། དེ་ལས་གཞན་པའི་ཤིང་ཁ་བ་དང་ཚེར་མ་ཅན་དང་། རོ་བསྲེགས་པའི་ཐལ་བ་ཅན་དང་། མགལ་དུམ་གྱི་ཡམ་ཤིང་རྩ་བའི་ཆ་ལས་བྱུང་བ་གས་པ་སོར་བཅུའི་ཚད་ཙམ། དུག་དང་ཁྲག་དང་ཡུངས་མ་ལ་བཏགས་པའི་རྩེ་མོ་གཉི་ག་རྣོ་བ་ དང་། ཡུངས་ནག་དང་། ཡུངས་མར་དང་། ཁྲག་དང་། ལན་ཚྭ་དང་། སྐྱེ་ཚེ་དང་། ནིམྦའི་ལོ་མ་དང་། རོ་བསྲེགས་པའི་ཐལ་བ་དང་། རྐང་རྗེས་ཀྱི་ས་དང་། བོང་བུ་དང་རྔ་མོ་ལ་སོགས་པའི་རྟུག་པ་དང་། ཁྱིམ་བྱའི་ཞག་དང་། བྱ་རོག་ལ་སོགས་པའི་གཤོག་པ་དང་། གཅིན་དང་། རྟུག་པ་དང་། ཚེར་མ་དང་། མི་རུས་ཀྱི་ཕྱེ་མ་དང་། སྦྲང་རྩི་ལ་སོགས་པ་དང་། ཅི་རྙེད་པའམ། རྫས་རེ་རེ་ཞིང་དུག་དང་། ཁྲག་དང་། ལན་ཚྭ་དང་། སྐྱེ་ཚེ་དང་། ད་དུ་རའི་ལོ་མའི་ཁུ་བ་ལ་བཏགས་པའི་རྫས་དེ་རྣམས་ཐལ་བ་དང་། སོལ་བའམ་ཕུབ་མ་ལས་དགྲ་བོའི་གཟུགས་བརྙན་བྱས་ལ། གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བྱའོ། །དབང་གི་ལས་ལ་ནི་ཙམ་པ་ཀ་དང་། ཨ་ཤྭདྠ་དང་། བ་ཀུ་ལ་དང་། པྲི་ཡང་ཀུ་དང་། ལ་ཀུ་ཙ་ལ་སོགས་པའི་ཡམ་ཤིང་སོར་ལྔ་པ་ལ་འདབ་མ་དང་བཅས་པ་དང་། འབྲས་བུ་དང་། མེ་ཏོག་སྐྱུར་པོ་རྣམས་དང་། གཞན་ཡང་རང་གི་ རྟོག་པ་ལས་གསུངས་པའི་རྫས་རྣམས་ཀྱིས་སྦྱིན་སྲེག་བྱའོ། །དགུག་པ་ལ་ནི་དེ་ཉིད་དང་ཚེར་མ་ལྕགས་ཀྱུ་ལྟ་བུའི་སྦྱིན་སྲེག་བྱའོ། །ཨུ་དུམ་ཝཱ་ར་པ་ལ་ཤ །པླཀྴ་དང་ནི་ནྱ་གྲོ་དྷ། །སེང་ལྡེང་དང་ནི་ཨརྐ་དང་། །ཨ་མྲ་བེ་ཏ་ཀ་ཏ་དང་། །ཨ་མ་དྱ་དང་ཤ་མི་དང་། །ཨ་པ་མརྐ་ལས་ བྱུང་དང་། །ཨ་ཤྭདྠ་དང་བཅས་པ་ནི། །ཡམ་སྲེག་ཤིང་ནི་བཅུ་གཉིས་བསྟན། །གསར་ཞིང་དྲང་ལ་མཐོ་གང་ཙམ། །རྩེ་གཉིས་དྲི་ཞིམ་ལེགས་པར་བཏགས། །ཡམ་ཤིང་དག་ནི་རྩེ་གཅིག་ཏུ། །ལས་རྣམས་ཀུན་ལ་བསྲེག་པར་བྱ། །ཞི་བའི་སྦྱིན་སྲེག་གང་ཅུང་ཟད། ། གང་ཡང་རྒྱས་པའི་བསྲེག་བྱ་དང་། །བདག་གི་ཟངས་ཏེ་དེ་དག་ཀུན། །ཉིན་རེ་སྭཱ་ཧཱའི་མཐར་བཅས་དབུལ། །མར་ལ་བཏགས་པའི་གུ་གུལ་དང་། །སཱ་ལའི་ཐང་ཆུ་ལ་སོགས་པ། །གསང་སྔགས་ལྷ་ཡི་བྱེ་བྲག་གིས། །སྦྱིན་སྲེག་ལ་ནི་དབུལ་བར་བྱ། །དྲི་དང་མེ་ཏོག་ སོགས་མཆོད་པ། །ལས་ཐུན་རང་སྔགས་ཇི་བཞིན་བཟླ། །རྫས་རྣམས་ཀྱི་ནི་མཚན་ཉིད་དོ། །ཞི་བ་ལ་ནི་མཆོད་སྦྱིན་གྱི་ཤིང་སྲོག་ཆགས་མེད་པ་རྣམས་ལ་ཐབ་ཁུང་ལས་ཅུང་ཟད་དམའ་བའམ། དགོན་པའི་བ་ལང་གི་ལྕི་བའི་བུད་ཤིང་བྱའོ། །རྒྱས་པ་ལ་ནི་དགོན་པའི་བ་ལང་གི་ ལྕི་བ་མ་གཏོགས་པ་ཇི་སྐད་དུ་བཤད་པའི་བུད་ཤིང་རྣམས་འབྲས་བུ་དང་བཅས་པའོ། །མངོན་སྤྱོད་ལ་ནི་ཁ་བ་དང་། ཚ་བ་དང་། དྲི་མི་ཞིམ་པའི་བུད་ཤིང་དང་དུར་ཁྲོད་ཀྱི་ཤིང་ངམ། བོང་བུ་དང་རྔ་མོ་ལ་སོགས་པའི་རྟུག་པའམ། ཤིང་ཤིན་ཏུ་སྐམས་པའོ། །དབང་དུ་བྱ་བ་ལ་ནི་ནིམྦ་དང་། ཨ་མྲའི་ཤིང་དང་གཞན་ཡང་མེ་ཏོག་དང་བཅས་པའི་ཤིང་ངོ་། །དགུག་པ་ལ་ནི་ཚེར་མ་དང་བཅས་པའོ། །ལས་ཐམས་ཅད་པ་ལ་ནི་ལས་དང་རྗེས་སུ་མཐུན་པའི་བུད་ཤིང་གིས་བྱའོ། །བུད་ཤིང་གི་མཚན་ཉིད་དོ། །གསེར་རམ་དངུལ་ལམ་རྡོའམ་ཤིང་ངམ། སའི་རྡུལ་ལས་བྱས་ པའམ། དུང་ཆོས་སམ། ཉ་ཕྱིས་སམ། ཤེལ་ལས་བྱས་པའི་སྣོད་ལེགས་པར་བཀྲུས་པ་དྲི་ཞིམ་པའི་སྤོས་ཀྱིས་ལེགས་པར་བདུགས་པའི་མཆོད་ཡོན་གྱི་སྣོད་དུ་ཆུ་བོའམ། ལྟེང་ཀའམ། རྫིང་བུའམ། ཆུ་མིག་གམ། ཁྲོན་པའམ། གཡའ་ཆུའམ། བཀོད་མ་ལ་སོགས་པའི་ཆུ་ངོགས་ གཙང་མ་སྐྱེ་བོ་མང་པོས་བསྟེན་པ་མ་ཡིན་པ། རྒྱལ་པོ་དང་ཉེ་བ་མ་ཡིན་པ། བ་ལང་དང་། བོང་བུ་དང་། ར་ལུག་དང་། རྟ་དང་། མ་ཧེ་དང་གླང་པོ་ཆེ་རྣམས་ཀྱིས་སྨོས་པར་མ་བྱས་པའི་ཆུ་ངོགས་ལས། ཆུ་ཤིན་ཏུ་དང་བ། སྣོད་གཞན་གྱིས་མ་རེག་པ། རིགས་ངན་དང་། སྨེ་ཤ་ ཅན་དང་བཅས་པས་བསྟེན་པའམ། ངན་ཅིང་དམན་པ་ལ་འཇུག་པ་དང་། མིའུ་ཐུང་དང་། ཞར་བ་དང་། ལོང་བ་དང་། མཛེ་ཅན་དང་། ཤ་བཀྲ་ལ་སོགས་པའི་ནད་ཀྱིས་ཡོངས་སུ་གདུངས་པ་རྣམས་ཀྱིས་མ་མཐོང་ཞིང་མ་རེག་པའི་ཆུས་མཆོད་ཡོན་གྱི་སྣོད་བཀང་ལ། ཙནྡན་དང་། ག་ཕུར་གྱིས་བསྒོས་ཤིང་། ཛཱ་ཏི་དང་མ་ལི་ཀ་ལ་སོགས་པའི་མེ་ཏོག་གིས་བརྒྱན་པ། སྤོས་དྲི་ཞིམ་པོས་བདུགས་པའི་མཆོད་ཡོན་ལེགས་པར་བརྡུངས་པའི་གསེར་གྱི་གདུ་བུ་དང་། གསང་བྱེད་ལ་སོགས་པ་བཏགས་པའི་ལག་པ་དང་། རང་གི་ལྷའི་སྔགས་ སམ། རང་གི་རྟོག་པ་ལས་བཤད་པའི་སྔགས་ལན་བདུན་བཟླས་ལ་གཡོན་ཕྱོགས་སུ་གཞག་པར་བྱའོ། །ཞི་བ་ལ་ནི་དྲི་དཀར་པོ་ལ་སོགས་པ་དང་སྦྱར་བའི་ཆུ་རང་གི་ལྷའི་སྔགས་སྭཱ་ཧཱའི་མཐའ་དང་བཅས་པས་བཟླས་པར་བྱའོ། །དེ་བཞིན་དུ་རྒྱས་པ་ལ་ནི་སེར་པོ་ལ་སོགས་པ་དང་སྦྱར་ བའི་ཆུ་ཏིལ་དང་ཞོ་རུ་བཅས་པ་ཨོཾ་གྱི་མཐའ་དང་བཅས་པས་བཟླས་པ་བྱའོ། །མངོན་སྤྱོད་ལ་ནི་དྲི་ནག་པོ་དང་སྦྱར་བའི་ཆུ་ཁྲག་དང་། ཀོ་ཏྲ་པ་དང་། བ་གཅིན་དང་བཅས་པ་ལ་ཕཊ་ཀྱི་མཐའ་དང་བཅས་པས་བཟླས་པ་བྱའོ། །དབང་ལ་ནི་དྲི་དམར་པོ་ལ་སོགས་པ་དང་སྦྱར་བའི་ཆུ་བོའི་ མཐའ་དང་བཅས་པས་བཟླས་པ་བྱའོ། །དགུག་པ་ལ་ནི་ཛའི་མཐའ་དང་བཅས་པས་བཟླས་པ་བྱའོ། །ཐམས་ཅད་དུ་ཡང་དྲི་ལ་སོགས་པ་ནི་ལས་དང་རྗེས་སུ་མཐུན་པར་གཞག་པར་བྱའོ། །མཆོད་ཡོན་གྱི་མཚན་ཉིད་དོ། །དེ་ནས་ཞི་བ་དང་རྒྱས་པ་དང་དབང་དུ་བྱ་བ་ནི་རྡོ་རྗེ་གནོད་ སྦྱིན་དང་། རྡོ་རྗེ་རྩེ་མོ་གཉིས་ཀྱི་སྔགས་ཀྱིས་ལས་ཐམས་ཅད་པའི་ཆུའི་སྣོད་དང་། མཆོད་ཡོན་གྱི་སྣོད་ལ་བཟླས་ལ་རང་གི་གཡོན་ཕྱོགས་སུ་བཞག་ནས་དེ་དག་ཉིད་བཟླས་པའི་ཆུས་བསངས་པའི་བུད་ཤིང་ལ་སོགས་པ་སྦྱིན་སྲེག་གི་རྫས་རྣམས་རང་གི་གཡས་ཕྱོགས་སུ་གཞག་པར་ བྱའོ། །གསད་པ་དང་བསྐྲད་པ་དང་། རྣམ་པར་དབྱེ་བ་ལ་སོགས་པའི་ལས་རྣམས་ལ་ནི་བསད་པ་དང་། དགོད་པ་གོ་བཟློག་སྟེ་བྱའོ། །ཨོཾ་བཛྲ་ཡཀྵ་ཧཱུཾ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་སོ། །རྡོ་རྗེ་ཁུ་ཚུར་གཉིས་ལས་མཐེའུ་ཆུང་གི་རྩེ་མོ་གཉིས་མཆེ་བར་བྱ་སྟེ། ཁར་གཞག་པ་འདི་ ནི་འདིའི་ཕྱག་རྒྱའོ། །ཨོཾ་བཛྲ་ཤི་ཁ་རེ་རུ་ཊ་མ་ཊ་ཞེས་བྱ་བ་ནི་རྡོ་རྗེ་རྩེ་མོའི་སྔགས་སོ། །རྡོ་རྗེ་ཁུ་ཚུར་གཉིས་རི་འདེགས་པར་བྱ་བ་ནི་འདིའི་ཕྱག་རྒྱའོ། །རྫས་གཞག་པའི་མཚན་ཉིད་དོ། །ཞི་བ་ལ་ནི་རང་གི་ལྷའི་ཆོས་ཀྱི་ཡི་གེ་ལས་ཐབ་ཁུང་བསྐྱེད་ལ་དེའི་དབུས་སུ་ཡི་གེ་རྃ་སུམ་མདོ་ རིས་མཚན་དང་བཅས་པས་ཨོཾ་ལས་བྱུང་བའི་པདྨའི་སྟེང་དུ་གནས་པའི་ཨི་ལས་བྱུང་བའི་འོད་ཀྱི་དཀྱིལ་འཁོར་གྱི་ནང་ན་ཆུའི་དཀྱིལ་འཁོར་གྱི་དབུས་སུ་གནས་པ་དུང་དང་། ཀུནྡ་ལྟ་བུའི་པ་པ་ཀཱི་མེ་མིག་གསུམ་པ་རལ་པ་དང་ཅོད་པན་དུ་ལྡན་པ་ལག་པ་བཞི་གཡས་པས་དབྱུག་ པ་དང་། མི་འཇིགས་པ་སྦྱིན་པ། གཡོན་ན་གུནྡྷེ་དང་ཕྲེང་བ་ཐོགས་པ་རྒྱན་དང་གོས་དང་། མཆོད་ཕྱིར་ཐོགས་པ་དཀར་པོ་དང་ལྡན་པ། ལུས་ཀྱི་ཡན་ལག་ཐམས་ཅད་ནས་བདུད་རྩིའི་རང་བཞིན་གྱི་འོད་ཟེར་དཀར་པོ་འཕྲོ་བར་བསམ་པར་བྱའོ། །རྒྱས་པ་ལ་ནི་དེ་བཞིན་དུ་ འོད་ཀྱི་དཀྱིལ་འཁོར་གྱི་ནང་ན་དབང་ཆེན་གྱི་དཀྱིལ་འཁོར་དེའི་དབུས་ན་རྒྱས་པའི་མེ་དབང་ཆེན་ཞེས་བྱ་བ་རལ་པ་དང་ཅོད་པན་ཐོགས་པ་མིག་གསུམ་པ། ཕྱག་བཞི་པ་གཡས་ན་དབྱུག་པ་ཐོགས་པ་དང་། མི་འཇིགས་པ་སྦྱིན་པ་གཡོན་ན་ཕྲེང་བ་དང་གུནྡྷེ་ཐོགས་པ་རྒྱན་ དང་གོས་དང་། མཆོད་ཕྱིར་ཐོགས་སེར་པོར་ལྡན་པ། འོད་ཟེར་སེར་པོ་གཏོང་བའི་ཚོགས་ཀྱིས་སེམས་ཅན་མ་ལུས་པའི་ཁམས་ཀྱི་སྟོབས་དང་། ཁ་དོག་དང་། དཔལ་རྫོགས་པར་བྱེད་པའི་ཡེ་ཤེས་ཀྱི་མེ་བསམ་པར་བྱའོ། །དབང་དུ་བྱ་བ་ལ་ནི་དེ་བཞིན་དུ་འབར་བའི་ དཀྱིལ་འཁོར་གྱི་ནང་ན་མེའི་དཀྱིལ་འཁོར་གྱི་སྟེང་ཁ་དོག་དམར་ཞིང་ཉི་མ་འཆར་ཀ་ལྟ་བུར་འོད་ཟེར་དམར་པོ་རབ་ཏུ་འགྱེད་པ། ལག་པ་བཞི་པ་གཡས་ན་དབྱུག་པ་དང་། ལྕགས་ཀྱུ་འཛིན་པ། གཡོན་ན་ཞགས་པ་དང་གུནྡྷེ་ཐོགས་པ། རྒྱན་དང་གོས་དང་ཕྲེང་བ་དང་། དྲི་དང་ བྱུག་པ་དང་། མཆོད་ཕྱིར་ཐོགས་པ་དམར་པོ་དང་ལྡན་པ་མིག་གསུམ་པ། རལ་པའི་ཚོགས་དང་། ཅོད་པན་དང་ལྡན་པའི་དབང་གི་མེ་དབང་གི་ལས་ལ་བསྒོམ་པར་བྱའོ། །མངོན་སྤྱོད་ལ་ནི་དེ་བཞིན་དུ་འབར་བའི་དཀྱིལ་འཁོར་གྱི་ནང་དུ་རླུང་གི་དཀྱིལ་འཁོར་གྱི་སྟེང་ དུ་ཧཱུཾ་ལས་བྱུང་བའི་མིག་གསུམ་པ། ལག་པ་བཞི་པ་དུ་བའི་མདོག་ཅན་མི་གཡོ་བ། གཡས་ན་རལ་གྲི་དང་དབྱུག་པ་ཐོགས་པ། གཡོན་ན་ཞགས་པ་དང་གུནྡྷེ་ཐོགས་པ། སྐྲ་ཁམ་པ་གྱེན་དུ་འབར་བ་ཤས་ཆེར་ཁྲོ་ཞིང་མིག་དམར་བ་མཆེ་བ་གཙིགས་པ་ བཞིན་རྣམ་པར་འགྱུར་བ། ཁྲོས་ཤིང་ཤས་ཆེར་འཇིགས་སུ་རུང་བ་རྒྱན་དང་གོས་དང་། མཆོད་ཕྱིར་ཐོགས་ལ་སོགས་པ་ནག་པོ་དང་ལྡན་པ། འོད་ཟེར་ནག་པོའི་ཕྲེང་བ་རྣམས་ཀྱིས་སྲིད་པ་གསུམ་ཁྱེད་པར་བྱེད་པའི་རླུང་ཞེས་བྱ་བའི་མེ་གསད་པ་ལ་སོགས་པའི་ གདུག་པའི་ལས་རྣམས་ལ་བསྒོམ་པར་བྱའོ། །དེ་ལ་ཞི་བ་ལ་ནི་འོ་མ་ཅན་གྱི་ཤིང་ལས་བྱུང་བའི་མེའམ་རྒྱུན་བཞག་གི་མེའམ། བྲམ་ཟེ་ཐ་མལ་པའི་མེས་བྱའོ། །རྒྱས་པ་ལ་ནི་རྒྱལ་པོའམ། རྒྱལ་རིགས་ཀྱི་ཁྱིམ་ནས་བྱུང་བའི་མེའམ། དགོན་པའི་མེའམ་ནགས་ མཆེད་པའི་མེས་བྱའོ། །མངོན་སྤྱོད་ལ་ནི་དུར་ཁྲོད་ཀྱི་མེའམ། རུས་པའམ་རྡོ་ལས་བྱུང་བའི་མེའམ། གདོལ་པའི་ཁྱིམ་ལས་བྱུང་བའི་མེས་བྱའོ། །དབང་ལ་ནི་སྨད་འཚོང་མའམ། རྗེའུ་རིགས་ཀྱི་ཁྱིམ་ལས་བྱུང་བའི་མེས་བྱའོ། །དགུག་པ་ལ་ནི་གར་མཁན་དང་རོལ་ མོ་པའམ། ལམ་དུ་བུས་པའི་མེས་བྱའོ། །མེའི་མཚན་ཉིད་དོ། །དགང་གཟར་ནི་གསེར་རམ་དངུལ་གྱི་རྒྱུ་ལས་བྱས་པའམ། མཆོད་སྦྱིན་གྱི་ཤིང་ལས་བྱས་པ་པདྨའི་འདབ་མའི་དབྱིབས་ལྟ་བུ་དེའི་ཡུ་བ་སྐྱེས་བུ་ཚད་དང་ལྡན་པའི་མཐེ་བོ་སོར་སུམ་ཅུ་རྩ་བཞི་རྡོ་རྗེ་ཁུ་ཚུར་ ལ་སོགས་པས་གཟུང་དུ་རུང་བ། དེའི་རྩེ་མོའི་ཆར་སོར་བཞི་པ། ཁ་ཟུར་སོར་བཞི་པ། ཟབས་སུ་སོར་གཉིས་པ་དབུས་སུ་རྡོ་རྗེ་རྩེ་ལྔ་པས་མཚན་པ། ཁུ་བ་བྱུང་བའི་བུ་ག་སོར་གཅིག་ཙམ་དེའི་མཆུ་སོར་བཞི་པ་ལ་རྡོ་རྗེ་རྩེ་གསུམ་པས་མཚན་པ། ཡུ་བའི་འོག་ཏུ་རྡོ་རྗེ་དང་རིན་ པོ་ཆེ་སོར་དྲུག་པ་བྱའོ། །བླུགས་གཟར་ནི་ཡུ་བ་ཁྲུ་གང་ཙམ་པདྨའི་དབྱིབས་ལྟ་བུ་ལ་ཁའི་རྒྱར་སོར་གཉིས་པ། ཟབས་སུ་སོར་གཅིག་པ་དབུས་སུ་རྡོ་རྗེ་རྩེ་ལྔ་པས་མཚན་པ་ཡུ་བའི་འོག་ཏུ་རྡོ་རྗེ་དང་རིན་པོ་ཆེ་བྱའོ། །དགང་གཟར་མེད་ན་སོར་མོ་ལྔ་གཞིབས་ནས་དགང་ བླུགས་བྱས་ལ། སྲིན་ལག་དང་གུང་མོ་དང་མཐེ་བོ་གཞིབས་པས་ནི་སྲེག་བླུགས་ཅིག་ཤོས་བྱའོ། །དགང་གཟར་དང་བླུགས་གཟར་གྱི་མཚན་ཉིད་དོ། །དེ་ནས་ལེགས་པར་ཁྲུས་བྱས་ཤིང་ཡན་ལག་དྲིས་བསྒོས་ལ་ཇི་སྐད་དུ་བཤད་པའི་རྒྱན་དང་། གོས་ལ་སོགས་པ་ དང་ལྡན་པས་ཞི་བ་དང་། རྒྱས་པ་དང་། དབང་དང་མངོན་སྤྱོད་དང་། དགུག་པ་དང་། དབྱེ་བ་དང་། བསྐྲད་པའི་བསམ་པས་སྦྱིན་སྲེག་གི་ལས་བྱ་བ་དང་ལྡན་ཞིང་རང་གི་ལྷའི་སྦྱོར་བ་དང་ལྡན་པས་ལས་དང་རྗེས་སུ་མཐུན་པའི་ཡིད་ཀྱིས་འཇིགས་པ་མེད་པར་སེམས་ཅན་ཐམས་ ཅད་ལ་ཕན་པར་བརྩོན་པས་ཇི་སྐད་དུ་གསུངས་པ་ཐམས་ཅད་བྱའོ། །དེ་ལ་ཞི་བ་ལ་ནི་གོས་དང་ཅོད་པན་དང་། རྒྱན་དཀར་པོ་དང་ལྡན་ཞིང་གསང་བྱེད་དང་བཅས་པ་གདུ་བུ་དང་བཅས་པས་ཇི་སྐད་དུ་བཤད་པའི་བསྲུང་བའི་ཆོ་ག་དང་བཟླས་བརྗོད་བྱ་ཞིང་བྱམས་པ་ཆེན་པོ་དང་ལྡན་ པས་མི་སྨྲ་བར་འཇམ་ཞིང་བདེ་པའི་སྟན་ནང་ཚངས་ཅན་ལ་པདྨའི་འདུག་སྟངས་ཀྱིས་འདུག་ནས། ལག་པའི་པདྨ་གཉིས་ཀྱི་གྲུ་མོའི་མཐར་ཐུག་གི་བར་དུ་དྲི་ཞིམ་པོས་ལེགས་པར་བྱུགས་ལ། ཕྱི་དྲོའི་དུས་སུ་ཤར་དུ་བལྟས། བློས་བསྒྲུབ་པར་བྱ་བ་དམིགས་ནས་ཡར་གྱི་ངོའི་ཚེས་ གཅིག་ནས་བརྩམས་ཏེ། ཇི་སྲིད་བདག་གམ་གཞན་ཞི་བར་མངོན་པར་འདོད་པ་ཞི་བར་གྱུར་པ་དེ་སྲིད་དུ་ཞི་བའི་ལས་བྱའོ། །རྒྱས་པ་ལ་ནི་དེ་བཞིན་དུ་ཕྲེང་བ་དང་། བྱུག་པ་དང་གོས་སེར་པོ་དང་། རྒྱན་སྣ་ཚོགས་པ་དང་ལྡན་པས་བཟང་པོའི་འདུག་སྟངས་དང་ཡིད་རབ་ཏུ་ དགའ་བས་ཟླ་བ་ཉ་ནས་བརྩམས་ཏེ། ཕྱི་མའི་ཉའི་བར་དུ་ཇི་སྲིད་དུ་མངོན་པར་འདོད་པ་རྒྱས་པར་གྱུར་པ་དེ་སྲིད་དུ་བྱང་དུ་ཁ་བལྟས་ཏེ། དགའ་བ་དང་ལྡན་པས་སྔ་དྲོའི་དུས་སུ་རྒྱས་པའི་ལས་བྱའོ། །མངོན་སྤྱོད་ལ་ནི་ཁྲོས་ཤིང་རྒྱན་དང་གོས་སྔོན་པོའམ། ཁྲག་གིས་སྦགས་པའི་གོས་ བགོས་ལ་སྟན་སྲ་བ་ལ་ལྷོ་ཕྱོགས་སུ་ཁ་བལྟས་ཏེ། བསྒྲུབ་པར་བྱ་བའི་གཟུགས་བརྙན་གྱི་བྲང་ལ་མནན་པའམ། སྟན་མེད་པར་རྐང་པས་རྐང་པ་མནན་ཞིང་། སོས་སོ་འཆའ་བ་དང་། མིག་མི་འགུལ་བ་དང་། གདོང་གཉེར་མ་བསྙེར་བ་དང་། སྙིང་རྗེ་ཆེན་པོས་དཀོན་ མཆོག་གསུམ་ལ་གནོད་