Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 65

Văn bản gốc(Tây Tạng)

Trang 6 / 18 (50.000 ký tự/trang)
བ་ཀྱི་སྐབས་སུ་སྨོས་པའི་ཕྱག་རྒྱ་བརྐོ་
བའམ། འབུར་དུ་བྱས་པ་ཁལ་ཡཾ་རཾ་བཀོད་དེ། །ཡུ་བ་ལ་རྡོ་རྗེ་དང་རིན་པོ་ཆེས་མཚན་པ་ནི་དགང་གཟར་གྱི་ཚད་དང་རིམ་པའོ།། །།བླུགས་གཟར་ཡང་ཡུ་བ་ནི་གོང་དང་མཐུན་ལ་དབྱིབས་ནི་པདྨའི་འདབ་མ་འདྲ་བ་ལ་སོར་གཅིག །གཏིང་དུ་བརྐོ་བ་བྱས་པ་སོར་གཉིས་ཞེང་དུ་བཅལ་བའི་བླུགས་གཟར་ཏེ། ཕྱི་

མ་ནི་དགང་གཟར་དང་མཐུན་ནོ། །རྒྱས་པ་ལ་ནི་གསེར་རམ་ཨ་ཤོ་ཀའི་ཤིང་ལ་བྱས་ཏེ། ཕྱི་མ་ནི་གོང་མ་དང་མཐུན་པར་ཤེས་པར་བྱའོ། །དབང་ནི་ཟངས་མ་དང་ཙནྡན་ལ་བྱའོ། །དྲག་པོ་ནི་ལྕགས་སམ་ཚེར་མ་ཅན་གྱི་ཤིང་ལ་དྲག་པོའི་ལས་ལ་ཤིས་པ་རྣམས་ལ་བྱའོ། །ཚད་དང་དབྱིབས་ནི་སོ་སོའི་བྱེ་བྲག་དང་
མཐུན་པ་ལ་ཞི་བ་ལ་ཡང་ཤེས་པར་བྱ་ཞིང་། དེ་ལ་ལྟོས་པས་མ་བྲིས་སོ། །གཟར་བུའི་རིམ་པའོ།། །།སྔགས་པ་ཁ་ལྟ་ཕྱོགས་ཀྱང་། ཞི་བ་ལ་ནི་སྔགས་པ་ཁ་ཤར་དུ་བལྟའོ། །རྒྱས་པའི་དུས་སུ་སྔགས་པ་ཁ་བྱང་དུ་བལྟའོ། །དབང་གི་དུས་སུ་སྔགས་པ་ཁ་ནུབ་ཏུ་བལྟའོ། །དྲག་པོའི་དུས་སུ་སྔགས་པ་
ཁ་ལྷོར་བལྟའོ། །སྔགས་པ་ཁ་ལྟ་བའི་རིམ་པའོ།། །།རྣལ་འབྱོར་པ་ཏིང་ངེ་འཛིན་གྱི་རིམ་པ་ཡང་། དང་པོ་ཞི་བ་ལ་གནས་ཏེ། །ཐམས་ཅད་སྟོང་པའི་ཏིང་འཛིན་བྱ། །ཞེས་བདག་གི་སྙིང་གའི་དཀྱིལ་འཁོར་དུ་རཾ་ལས་ཡེ་ཤེས་ཀྱི་མེ་བསམས་ཏེ། །སྒྱུ་མའི་ཕུང་པོ་བསྲེག་པར་བྱ། །དེ་ལ་སླར་སོས་ཡེ་ཤེས་ལུས། །
དེ་འོག་རྣམ་པ་ལྔ་པོ་བསྒོམ། །ཡོངས་སུ་དག་པའི་མེ་ལོང་ལ། །དངོས་པོ་སྣང་བ་འདི་དག་ཡུལ། །མ་ལུས་སོ་སོར་སྣང་བ་བཞིན། །མ་ལུས་ཡོངས་སུ་དག་པ་ཡི། །མེ་ལོང་ལྟ་བུའི་ཡེ་ཤེས་ལ། །གོམས་པར་བྱ་སྟེ་བསམ་པར་བྱ། །དེ་འོག་སྙིང་རྗེའི་སེམས་ལྡན་པས། །མགོན་མེད་སྐྱབས་བྲལ་
སེམས་ཅན་རྣམས། །འཁོར་བའི་རྒྱ་མཚོར་རབ་ཏུ་བྱིང་། །དེ་དག་ཀུན་གྱི་དོན་དུ་ནི། །སྡུག་བསྔལ་ཐམས་ཅད་ལས་གདོན་ཕྱིར། །སྟོང་པའི་ཆོས་ལ་མཉམ་སྦྱོར་བས། །མ་ལུས་ཀུན་ཀྱང་དེ་ལྟར་བསྒོམ། །དམ་ཆོས་དེ་ལ་དམིགས་པ་ཡི། །བདག་ཏུ་མ་གྲུབ་དེ་རྟོགས་པས། །མཉམ་ཉིད་
ཡེ་ཤེས་བསྐྱེད་པར་བྱ། །ཨོཾཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨ་ཎཱཾ་ཨཱདྱ་ནུཏྤན་ན་ཏྭཱཏ། སྔགས་དེ་ཆེད་དུ་བརྗོད་པར་བྱ། །སྔགས་དོན་འདི་རྩོམ་རྣལ་འབྱོར་པས། །དམིགས་མེད་ཆོས་ལ་རབ་གཟུང་ཕྱིར། ཡུལ་དུ་དེ་ཉིད་བྱས་ཏེ་བདག །དམིགས་པ་མེད་པའི་སྙིང་རྗེ་ཡིས། །སོ་སོར་བརྟགས་ཏེ་གནས་པར་བྱ། །དེ་ནས་སྙིང་རྗེའི་
རྗེས་འགྲོ་བས། །གཟུང་དང་འཛིན་པ་ཀུན་བྲལ་བའི། །ངོ་བོ་ཉིད་ཀྱི་འོད་གསལ་བའི། །ཡན་ལག་མེད་ཅིང་ཡོངས་དག་པ། །ཆོས་དབྱིངས་རྒྱུ་མཐུན་ངོ་བོ་མེད། །དེ་དོན་སྟོང་ཉིད་ལ་གནས་པས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བསྒོམ། །དེ་ལྟར་སེམས་ཅན་ཐམས་ཅད་ཀྱི། །དོན་དང་བྲལ་བའི་རྣལ་འབྱོར་པས། །

སྔོན་གྱི་སྨོན་ལམ་རྗེས་དྲན་ཅིང་། །སེམས་ཀྱི་རྒྱུན་གྱི་དབང་ཐོབ་ནས། །སེམས་ཅན་དོན་ནི་རྫོགས་བྱའི་ཕྱིར། །སྲིད་གསུམ་འབྱུང་བའི་ཁྱད་པར་གྱིས། །དོན་དམ་ཀུན་རྫོབ་མྱ་ངན་འདས། །བྱ་བ་ནན་ཏན་དྲན་པར་བྱའོ། །དེ་ལྟར་རྣམ་པ་ལྔ་པོ་བསྒོམ། །ཡོངས་སུ་དག་
པའི་བསམ་གཏན་འདི། །རྣལ་འབྱོར་པ་ལ་རབ་འཇུག་པས། །དངོས་པོ་གཉིས་ལ་ཁྱད་པར་བྱས། །ཡོངས་སུ་དག་པའི་ཏིང་འཛིན་ཏོ།། །།དེ་ནས་མངོན་པར་བྱང་ཆུབ་པ། །རྣམ་པ་ལྔ་པོ་བསྒོམས་ནས་ནི། །ཡི་གེ་ཕྲེང་བའི་ཁྱད་པར་གྱིས། །འབྱུང་འཇུག་དོན་ལ་རབ་གནས་པ། །ཧཱུྃ་ཞེས་པ་ནི་
བསྒོམ་པར་བྱ། །ཧཱུྃ་ལས་འོད་ཟེར་རབ་འཕྲོས་པས། །འོད་ཀྱི་རྩེ་ལས་ལྷ་ཡི་ཚོགས། །གྲངས་ནི་རྡུལ་སྙེད་རབ་སྤྲུལ་ནས། །སངས་རྒྱས་ཞིང་དུ་ཁྱབ་བྱས་ནས། །སེམས་ཅན་མ་ལུས་ཀུན་ལ་ཁྱབ། །དེ་ལྟར་སླར་ནི་འདུས་པ་ལས། །སེམས་བསྐྱེད་སྡོམ་པ་གཟུང་བ་དང་། །རྗེས་སུ་ཡི་རང་གསོལ་བ་
གདབ། །སྐྱབས་སུ་མཆི་ཞིང་སྡིག་པ་བཤགས། །བདག་དབུལ་ལ་སོགས་རྫོགས་པར་བྱ། །དེ་ནས་ཧཱུྃ་གི་བྱིན་བརླབས་ལས། །ཁྲོ་གཏུམ་མི་ཐུབ་ཞལ་དྲུག་པ། །ཞིང་དྲུག་འོད་ཀྱིས་རབ་ཁྱབ་སྟེ། །འདུས་པས་ཡེ་ཤེས་རྩེ་ལྔ་པ། །རྡོ་རྗེ་ཆེན་པོ་བསྒོམ་པར་བྱ། །དེ་ཡི་བུམ་པའི་དཀྱིལ་ཉིད་དུ། །ཡི་གེ་
མདོག་དཀར་བྷྲཱུཾ་བསམ་བྱ། །དེ་འཕྲོས་གྱུར་པས་རིན་པོ་ཆེ། །མཆོད་རྟེན་ལྟ་བུ་རབ་ཏུ་བསྒོམ། །དེ་ནས་ཧྲཱིཿཡི་ཡི་གེ་ལས། །ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། །དེ་ལས་སྣ་ཚོགས་རྡོ་རྗེ་སྟེ། །དེ་འོག་ཧྲཱིཿལས་བསམ་བྱ་བ། །མ་ལུས་རྫོགས་པའི་སངས་རྒྱས་ནི། །བསྒོམ་པར་བྱ་བ་འདི་ལྟ་སྟེ། །དང་པོའི་སངས་
རྒྱས་བསྒོམ་པར་བྱ། །སངས་རྒྱས་དེ་ཡི་སྙིང་ག་རུ། །ཡེ་ཤེས་ལྔ་ཡི་བདག་ཉིད་དེ། །གཙོ་བོ་ཡེ་ཤེས་སེམས་དཔའ་ནི། །འཇམ་དཔལ་སྙིང་གི་ཟླ་སྟེང་བསམ། །དེ་ཡི་སྙིང་གའི་ཟླ་བ་ལ། །ཨ་ནི་ཡིག་འབྲུ་མཆོག་བསྒོམ་བྱ། །དེ་ལས་འོད་ཟེར་རབ་འཕྲོས་པས། །ཕྱོགས་བཅུར་འགྲོ་བའི་དོན་བྱས་ཏེ། །འདུག་པས་བདག་
གི་ཕུང་པོ་བསྲེག །དེ་ཉིད་ཞུ་ལས་བསྐྱེད་པ་ནི། །ཐབས་དང་ཤེས་རབ་རང་བཞིན་ལས། །མེ་ཡི་ལྷ་ནི་བསྒོམ་པར་བྱ། །ཤིན་ཏུ་རིད་པ་བྲང་རུས་ཅན། །དབུ་ལ་ཡེ་ཤེས་སེམས་དཔས་བརྒྱན། །ཕྱག་བཞི་ཐོར་ཚུགས་རྒྱན་གྱིས་བརྒྱན། །སོ་སོའི་ལས་དང་མཐུན་པ་ཡི། །ཁ་དོག་མིང་གི་རྣམ་གྲངས་ཀྱང་། །བསྡུས་

ན་རྣམ་པ་བཞི་རུ་འདུས། །ཞི་བའི་མེ་ལྷ་བྷ་བ་ཀ །རྒྱས་པ་ལ་ནི་མ་ན་སྟེ། །དབང་ལ་དམར་སེར་དུ་ཡང་བསྟན། །དྲག་པོ་ལ་ནི་མངོན་སྤྱོད་དོ། །དེ་ཡི་སྙིང་གར་ཟླ་བ་བསམ། །དེ་ཡི་སྟེང་དུ་ཡི་གེ་ཨ། །དེ་གྱུར་བྷུཾ་ལེགས་བསྒོམ་པར་བྱ། །ཤིན་ཏུ་མཛེས་པ་དེ་ལས་ནི། །ཁྱད་པར་ཆེ་བའི་གཞལ་ཡས་ཁང་། །
གྲུ་བཞི་པ་ལ་སྒོ་བཞི་པ། །ཏྭ་ར་ན་བཞིས་ལེགས་མཛེས་པ། །རིན་ཆེན་འབར་བའི་རྒྱན་གྱིས་བརྒྱན། །རྔ་མ་དྲིལ་བུ་འཕན་ལ་སོགས། །དེ་སོགས་གླང་སེང་རྣམས་དང་ལྡན། །ཤིན་ཏུ་ལེགས་པའི་གཞལ་ཡས་ཁང་། །ཤར་ནི་གྲེ་བའི་སྒོ་རུ་སྟེ། །དེ་ལས་གསུམ་ཡང་ཤེས་པར་བྱ། །དེ་དབུས་
འཁོར་ལོའི་རིམ་པ་ནི། །གསུམ་མམ་བཞིའམ་དྲུག་ཏུ་བཤད། །དེ་ལས་གཞན་པའི་ལྷ་ཡི་ཚོགས། །ཨ་ཡི་བྱིན་བརླབས་དག་པ་སྟེ། །སོ་སོ་སྐུ་གསུང་ཐུགས་ལྡན་བྱ། །དེ་ལྟར་རྫོགས་པའི་དཀྱིལ་འཁོར་དུ། །ལྷ་རྣམས་འཁོར་ལོ་རབ་ལྡན་པས། །བཞུགས་དང་སྤྱན་དྲང་ལ་སོགས་དང་། །
རྒྱས་གདབ་ཆོ་ག་ཕུན་སུམ་ཚོགས། །མ་ལུས་པ་ནི་སྔགས་པས་བྱ། །ཏིང་ངེ་འཛིན་གྱི་རིམ་པའོ།། །།དེ་ནས་ཀུ་ཤའི་རིམ་པ་ཡང་། །ཀུ་ཤ་ལ་སོ་སོའི་སྔགས་བཟླ་ཞིང་། མེ་ཐབ་ཀྱི་ཐ་མ་ཐམས་ཅད་དུ་ཡང་རྩེ་མོས་རྩ་བ་ནོན་པར་བྱས་ལ་བསྐོར། རྣལ་འབྱོར་པའི་གདན་དུ་ཡང་གདིང་། མགོ་དང་
ལུས་དང་ཡན་ལག་ཐམས་ཅད་དུ་ཡང་གཟུགས་པར་བྱའོ། །དེ་ནས་ཀུ་ཤ་ལ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ། སིདྡྷ་ལོ་ཙ་ནེ་སརྦ་ཨཪྠ་སཱ་དྷ་ནེ་སྭཱ་ཧཱ། ཞེས་བརྗོད་དེ་པྲོ་ཀྵ་ཎཾ་བྱའོ། །ཀུ་ཤའི་རིམ་པའོ།། །།དེ་ནས་མེའི་རིམ་པ་ཡང་ཞི་བའི་མེ་ནི་རྒྱལ་པོ་དང་བྲམ་ཟེའི་ཁྱིམ་ནས་བླང་ངོ་། །རྒྱས་པའི་མེ་ནི་རྗེ་རིགས་ཀྱི་
ཁྱིམ་ནས་བླང་ངོ་། །དབང་གི་མེ་ནི་སྨད་འཚོང་མའི་ཁྱིམ་ནས་བླང་ངོ་། །དྲག་པོའི་མེ་ནི་ཡུགས་ས་མོའམ་གདོལ་པའི་ཁྱིམ་ནས་བླང་ངོ་། །ཡང་ན་ཞི་བའི་མེ་ནི་ཤེལ་ལས་སོ། །རྒྱས་པའི་མེ་ནི་གཙུབས་པ་ལས་སོ། །དབང་གི་མེ་ནི་ཐང་ཤིང་སོ་སོར་སྡུད་པ་ལས་སོ། །དྲག་པོའི་མེ་ནི་ལྕགས་ནག་ལས་སོ། །དེ་དག་
ཀྱང་རླུང་ཡབ་ཀྱིས་ཛྭ་ལ་ཛྭ་ལ་ཞེས་པའི་སྔགས་ཀྱིས་སྦར་རོ། །ཞི་བ་ལ་ཤར་ནས་གཞུག་གོ། །རྒྱས་པ་ལ་ལྷོ་ནས་གཞུག་གོ། །དབང་ནི་ནུབ་ནས་གཞུག་གོ། །དྲག་པོ་ནི་བྱང་ནས་སོ། །དེ་ཡང་རྒྱལ་རིགས་སམ། །བྲམ་ཟེའི་རིགས་ཀྱིས་ཞི་བའི་མེ་གཞུག་གོ། །རྗེ་རིགས་ཀྱིས་རྒྱས་པའི་མེ་གཞུག་གོ། །སྨད་

འཚོང་མའི་བུའི་འམ་དམངས་ཀྱི་དབང་གིས་མེ་གཞུག་གོ། །ཡུགས་ས་མོའམ་གདོལ་པ་མོས་དྲག་པོའི་མེ་གཞུག་གོ། །མེའི་རིམ་པའོ།། །།སྲེག་རྫས་ཀྱི་རིམ་པ་ཡང་དང་པོར་མར་ལས་དགང་བླུགས་བདུན་དབུལ། དེའི་འོག་ཏུ་མཆོད་པའི་བྱེ་བྲག་གིས་མཆོད། དེ་ནས་རྒྱས་གདབ་
དེ་ནས་པྲོ་ཀྵ་ཎཾ་བྱ། དེ་ནས་ཕྱག་བྱས་ལ་ཕྱག་རྒྱ་བཞི་དང་ལྡན་པས་བསྟིམ་མོ། །དེ་ནས་ཡེ་ཤེས་གནས་པའི་ལྷ་རྣམས་གཉིས་སུ་མེད་པར་བྱས་ལ། དེ་ནས་དྲིལ་བུའི་སྒྲས་མཉེས་པར་བྱས་ལ། དེ་ནས་གཟར་བུ་གཉིས་ཀྱི་ནང་དུ་ཨ་བསམས་ཏེ། དེ་ལས་བདུད་རྩིར་གྱུར་པར་བསམས་ལ་ལག་པའི་གུང་
མོ་སྤྲད་ལ་རྡོ་རྗེ་ཁུ་ཚུར་གྱིས་གཟར་བུ་བཟུང་སྟེ། བསྐོར་ཕྱོགས་སུ་བདུན་མར་ལས་དབུལ་ལོ། །དེ་ནས་ཡང་ལན་ཅིག །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་ཉིད་དག་པའི་སེམས་དཔའ་ནི། །དམ་པའི་སྲིད་པ་བྱེད་པའོ། །ཞེས་བསྟོད་དེ། དེ་ནས་ཡང་པྲོ་ཀྵ་ཎཾ་བྱ།
ཨཉྩ་མ་ན་ཡེ་བྱས་ལ། དེ་ནས་མར་དབུལ་ཏེ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨགྣ་ཡེ་སྭཱ་ཧཱ། ཧ་བྱ་ཀ་བྱ་དི་བྱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མར་གྱིའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཏིལ་གྱིའོ། །ཨོཾ་བཛྲ་སཾ་བ་དེ་སྭཱ་ཧཱ། ཞོའིའོ། །ཨོཾ་བཛྲ་བྷསྨི་ཀུ་རུ་སྭཱ་ཧཱ། ཨུཏྤ་ལའིའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བའི་འོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ།
ཆགས་པ་མེད་པ་འབྲས་ཀྱིའོ། །ཨོཾ་བཛྲ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤའི་འོ། །ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། འབྲས་ཀྱི་ལག་ཕན་གྱིའོ། །ཨོཾ་བཛྲ་མཱ་ལེ་པུཥྚ་ཡེ་སྭཱ་ཧཱ། མངར་གསུམ་དང་དཀར་གསུམ་གྱིའོ། །ཨོཾ་བཛྲ་མ་ཧཱ་བེ་ག་ཡེ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་བཛྲ་མ་ཧཱ་བ་ལ་ཡེ་སྭཱ་ཧཱ། སྲན་
མ་ཤའི་ཆན་གྱིའོ། །ཨོཾ་བཛྲ་གྷསྨ་རེ་སྭཱ་ཧཱ། གྲོའི་འོ། །ཨོཾ་བཛྲ་ཡཛྙཱ་ན་སྭཱ་ཧཱ། ཡམ་ཤིང་གི་དང་ཨུ་དུམྺཱ་རའི་འོ། །ཨོཾ་བཛྲ་ཏི་ཏི་པྲི་ཡ་སྭཱ་ཧཱ། བྱང་ཆུབ་ཀྱི་ཤིང་ལ་སོགས་པའིའོ། །ཨོཾ་བཛྲ་སརྦ་ཏཱ་ཡ་སྭཱ་ཧཱ། ནྱ་གྲོ་དྷའི་འོ། །ཨོཾ་བཛྲ་ཧ་ས་ཀ་རཱ་ཡ་སྭཱ་ཧཱ། ཨ་མྲའི་འོ། །དེ་ནས་
ཐ་མར་མར་ལ་ཡང་མེ་གཟི་བྱིན་བསྐྱེད་ཅིང་མཆོད་པའི་ཕྱིར་ལན་གྲངས་ནུས་ཚད་དབུལ་ལོ།། །།དེ་ནས་རྡོ་རྗེ་དང་དྲིལ་བུ་གསིལ་བས་བསྟོད་དེ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །དམ་པའི་སྲིད་པ་བྱེད་པའོ། །དེ་ནས་མེ་ལྷ་བསྟོད་དེ། ཚངས་པའི་འཇིག་རྟེན་

མགོན་སྐྱོབ་པ། །གཟི་བརྗིད་ལྡན་པ་མེ་ཡི་ལྷ། །འབར་བཅས་སྐུ་ནི་རྒྱན་གྱིས་བཞག །དངོས་བརྗིད་རྒྱན་ལྡན་ས་ལ་དབང་། །སྲེག་རྫས་དབུལ་ཞིང་ལས་ཀྱང་སྒྲུབ། །ཞི་ལ་སོགས་པའི་ལྷ་དཔལ་ཏེ། །ཇི་ལྟར་འདོད་པའི་དོན་བསྒྲུབ་པ། །གཟི་བརྗིད་རྒྱལ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དེ།
ཡང་མཆོད་བསྟོད་བྱས་ལ། དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཀྱིས་བཏབ་པའི་ཀུ་ཤས་ཐབ་བསངས་ལ། མེ་ལྷའི་སྙིང་གར་འཁོར་ལོའི་རིམ་པ་བསྒོམ་པར་བྱའོ། །དེའི་ཁང་པ་ཧོམ་ཁུང་གཞལ་ཡས་ཁང་དུ་བསམས་ལ། དེར་དམ་ཚིག་སེམས་དཔའི་ཚོགས་རྒྱས་གདབ་པོ། །དེ་ནས་ཡེ་ཤེས་སེམས་
དཔའ་དགུག་གཞུག་བཅིང་དབང་དུ་བྱས་ཏེ། མདུན་གྱི་ནམ་མཁའ་ལ་ནང་དུ་མེ་ལྷའི་ཁ་ནས་ཞུགས་ཏེ། ལྟེ་བའི་གཞལ་ཡས་ཁང་དུ་རྒྱས་བཏབ་ལ་གཞག་གོ། །དེ་ནས་པྲོཀྵ་ཎཾ་བྱ། དེ་ནས་དམ་ཚིག་ཕྱག་རྒྱ་བསྟན། ལས་ཀྱི་ཕྱག་རྒྱ་ལས་ལ་བཞག །ཆོས་ཀྱི་ཕྱག་རྒྱ་ཆོས་དང་ལྡན་པར་བྱའོ། །ཡང་དགུག་གཞུག་
བཅིང་དབང་དུ་བྱས་ལ་དེ་ནས་དགའ་བ་བསྐྱེད་དེ་གཉིས་སུ་མེད་པར་བསྟིམས་ནས། དེ་ནས་པྲོཀྵ་ཎཾ་བྱའོ། །དེ་ནས་ཕྱག་བྱས་ཏེ། མར་ལ་གཟར་བུ་ཉི་ཤུ་རྩ་གཅིག་དབུལ་ཏེ། དེའི་འོག་ཏུ་སྲེག་རྫས་རྣམས་རིམ་པ་བཞིན་དུ་འབུལ་ལོ། །དེ་ནས་རྫོགས་པ་དང་། ཡང་སྲིད་པ་རང་བཞིན་ཉིད་ཀྱིས་དག་པ་བརྗོད། དེ་ནས་
རིགས་བསྡུས་དམ་ཚིག་བསྟན། དབང་དུ་བྱ་བསྟོད་པ་ལ་སོགས་པ་ཀུན་རྫོགས་པར་བྱའོ། །དེ་ནས་དེ་དག་རྫོགས་པ་དང་གཤེགས་སུ་གསོལ་བཟོད་པར་གསོལ་ཏེ། མ་འབྱོར་པ་དང་མ་ཚང་བ། །གང་ཡང་བདག་བློ་གཏི་མུག་པ། །བགྱིས་དང་བགྱིད་དུ་སྩལ་བ་ཀུན། །དེ་ཀུན་མགོན་པོས་བཟོད་པར་མཛོད།
ཅེས་པས་སོ། །ཡང་ནས་ཡང་དུ་མར་བསྲེག་ཅིང་། །རིམ་པས་ལྷ་རྣམས་མཉེས་པར་བྱའོ། །དཀྱིལ་འཁོར་གྱི་ལྷའི་རིམ་པའོ། །མེ་ལྷ་ལ་ནི་ཐ་མར་ཡང་། །རྫས་ཀྱི་ལྷག་མ་ཅི་ཡོད་པས། །མེ་ལྷ་ཉིད་ལ་མཆོད་བྱ་སྟེ། །རྫས་ནི་ཐམས་ཅད་བསྲེག་བྱས་ནས། །བརྒྱ་རྩ་བརྒྱད་དུ་སྦྱིན་སྲེག་བྱ། །དེ་ནས་
སློབ་མས་བཟོད་གསོལ་ཏེ། །རྗེས་སུ་ཡི་རང་ཞེས་བརྗོད་དོ། །རྣལ་འབྱོར་སྔགས་པ་བློ་ལྡན་པས། །སློབ་མ་ཤིས་པར་བྱ་བའི་ཕྱིར། །སློབ་དཔོན་གཟར་བུ་མར་ལྡན་དུ། །སློབ་མས་མེ་ཏོག་སྙིང་བཀང་སྟེ། །གཟར་བུ་མར་ལྡན་དེ་རུ་བླུགས། །སློབ་དཔོན་སྔགས་དང་ལྡན་པ་ཡིས། །ཞི་བར་གྱུར་

ཅིག་ལ་སོགས་བརྗོད། །སྔགས་ཨགྣ་ཡེ་སྭཱ་ཧཱ་ཞེས་པས་སོ། །དེ་ནས། སྙིང་གར་ལག་པ་བྲབ་བྱ་སྟེ། །གཡོན་གྱི་སྲིན་ལག་གཡས་པས་གཟུང་། །དེ་ནས་ཅི་བདེར་ཁྱིམ་དུ་བཏང་། །ཁྱིམ་དུ་ཕྱིན་ནས་བཀྲ་ཤིས་བརྗོད། །སློབ་དཔོན་དེ་ལ་ཡོན་ཡང་དབུལ། ཅི་ལ་དགྱེས་པ་ཕོངས་མེད་
དབུལ། །དེ་ལྟར་བྱས་ན་དངོས་གྲུབ་ཐོབ། །ཐལ་བ་སོལ་ཕྱེ་ས་ཚོན་རྣམས། །གར་དང་སིལ་སྙན་ལྡན་བྱས་ལ། །ཆུ་ཀླུང་ཆེན་པོར་བསྐྱལ་བར་བྱའོ། །སྡིག་པས་མི་གོས་ཡ་ཁ་མེད། །ལས་ཐམས་ཅད་པའི་སྦྱིན་སྲེག་ནི་གཞན་ལས་ཤེས་པར་བྱའོ། །དེ་ནས་གཉིས་པ་བསྟན་བྱས་ཏེ། །སློབ་མ་
ཆེན་པོ་དེ་ལ་བསྟན། །འཁོར་ལོ་རྫོགས་པའི་སྦྱིན་སྲེག་འདི། །ཀུན་དང་ཐུན་མོང་མ་ཡིན་ཏེ། །སློབ་མ་སྙིང་ལ་བརྟན་པའི་ཕྱིར། །ཤིན་ཏུ་མི་བརྟན་ཉམས་པར་འགྱུར། །ཉམས་གྱུར་ཉེས་པ་བརྗོད་མི་ལང་། །དེ་ལས་བསྒྲིབས་ཏེ་སྤྱད་པར་བྱའོ། །དེ་ནས་རིམ་པ་གཉིས་པའི་སྦྱིན་སྲེག་བྱ་བར་
བཤད་པར་བྱ་སྟེ། །ཡེ་ཤེས་རྟག་ནས་སྦྱིན་སྲེག་འདི། །ཡེ་ཤེས་བཞི་ཡི་བདག་ཉིད་གཟུགས། །ཕྲ་མོ་སྦྱོར་ལ་རབ་ལྡན་པས། །སྔགས་པས་རྣལ་འབྱོར་བསམ་གཏན་ནི། །སློབ་མའི་དོན་དུ་འདི་དག་ཀུན། །མ་ལུས་པར་ནི་ཤེས་པར་བྱ། །སྔོན་ནི་མེ་ལྷའི་ཐུགས་ཀ་རུ། །ཤེས་རབ་ཀྱི་
ནི་འཁོར་ལོ་བསྒོམ། །བཅུ་གཉིས་སུ་ལ་རབ་གནས་པ། །འཁོར་ལོའི་ལྟེ་བའི་རྩིབས་དང་ལྡན། །འཁོར་ལོ་དེ་ལ་བསམ་བྱ་བ། །རྟེན་འབྲེལ་བཅུ་གཉིས་སར་ལྡན་པའི། །འཁོར་ལོ་འདིར་ནི་གྱུར་པའོ། །ཨ་ལས་བསྐྱེད་པའི་འཁོར་ལོ་ནི། །རྩིབས་དྲུག་ཁ་དོག་དྲུག་ལྡན་པ། །མུ་ཁྱུད་
བཞི་དང་རབ་ཏུ་ལྡན། །དེ་དབུས་དཀར་པོའི་ཡི་གེ་ཨ། །བསྒོམས་ནས་ཕྱོགས་བཅུར་རབ་འཕྲོས་པས། །ལས་བྱས་སླར་འདུས་གནས་སུ་ཐིམ། །ཐིམ་པས་ཡེ་ཤེས་སེམས་དཔའ་ཡི། །སྔགས་ནི་འཁོར་ལོ་བཞི་ལ་བསྒོམ། །དང་པོའི་འཁོར་ལོའི་རིམ་པ་ལ། ཨོཾ་སརྦ་དྡྷ་རྨྨཿཨ་བྷ་བ་སྭ་
བྷ་བ་བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨཿམུ་ཁྱུད་གཉིས་ལ་བསམ་བྱ་བ། །དབྱངས་ཀྱི་ཡི་གེ་བཅུ་གཉིས་ཏེ། །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ། འཁོར་ལོའི་རིམ་པ་གསུམ་པ་ལ། །དང་པོ་རྩིབས་ནས་རིམ་བཞིན་དུ། །ཨོཾ་བཛྲ་ཏཱིཀྞཱ་ཡ་ཏེ་ན་མཿ། གཉིས་པ་ལ་བཛྲ་དུཿཁཙྪེ་དཱ་ཡ་ཏེ་ན་མཿ། གསུམ་པ་

ལ་ཨོཾ་པྲཛྙཱ་ཛྙཱ་ན་མཱུརྟྟ་ཡེ་ཡ་ཏེ་ན་མཿ། བཞི་པ་ལ་ཨོཾ་ཛྙཱ་ན་ཀཱ་ཡཱ་ཡ་ཏེ་ན་མཿ། ལྔ་པ་ལ་ཨོཾ་བཱ་གཱི་ཤྭ་རཱ་ཡ་ཏེ་ན་མཿ། དྲུག་པ་ལ་ཨོཾ་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ། དེ་དག་རིམ་བཞིན་བསམ་བྱ་བ། །དེ་ནས་མུ་ཁྱུད་གསུམ་པ་ལ། །ཡེ་ཤེས་སེམས་དཔའ་སྐུའི་སྔགས། །ཕྲེང་བའི་ཡི་གེ་འདི་དག་གོ། །ཨོཾ་ཨ་ཨཱ་སརྦ་ཏ་ཐཱ་ག་
ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ༀ་ཧཱུྃ་ཧྲཱིཿབྷ་ག་བཱན། ཛྙཱ་ན་མཱུརྟི་བཱ་གཱི་ཤྭ་ར་མ་ཧཱ་པཱ་ཙ། སརྦྦ་དྷརྨྨཱ་ག་ག་ན། ཨ་མ་ལ་སུ་པ་རི་ཤུདྡྷ། དྷརྨྨཱ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ། ཞེས་པའི་ཕྲེང་བ་བསྒོམ་པར་བྱའོ། །ཐ་མའི་འཁོར་ལོའི་མུ་ཁྱུད་ལ། །སྒྲ་ཡི་ཡི་གེ་ཀ་ལ་སོགས། །ཧ་ལ་ཐུག་པ་ཡན་ཆད་དུ། །རིམ་པ་
གསལ་བར་བསྒོམ་པར་བྱ། །ཤེས་རབ་འཁོར་ལོར་རབ་ཏུ་གྲགས། །འདི་ནི་ཤེས་རབ་འཁོར་ལོའོ། །དེ་ནས་ཤེས་རབ་འཁོར་ལོ་ལ། །སྦྱིན་སྲེག་གི་ནི་རྫས་དེ་དག །སྔོན་བཞིན་རིམ་པས་དབུལ་བར་བྱ། །དེས་ནི་སྔགས་ཀྱི་དངོས་གྲུབ་ཐོབ། །སྦྱིན་སྲེག་བྱ་བའི་རིམ་པ་ནི། །དང་པོ་འཁོར་ལོ་རྣམ་
པ་བཞི། །རིམ་བཞིན་སྔོན་ལྟར་བསྒོམ་པར་བྱ། །འཁོར་ལོ་ཐོག་མ་ནས་བརྩམས་ཏེ། །ཡི་གེ་རིམ་བཞིན་པྲོཀྵ་ཎཾ། །ཨུ་ཙ་ཏ་དང་པ་ཙ་ལི། །ཤུ་ན་ཏི་སོགས་མ་ལུས་ཏེ། །བདག་གིས་སྦྱིན་སྲེག་དབུལ་བར་བྱ། །དེ་ནས་མར་ནས་རིམ་བཞིན་དུ། །མཁས་པས་སྦྱིན་སྲེག་དབུལ་བར་བྱ། །དེ་ནས་
ཚིག་ཏུ་འདི་ཡང་བརྗོད། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཡེ་ཤེས་མེ་སྟེ་སྟོང་རང་བཞིན། །དེ་ལ་སྦྱིན་སྲེག་བདག་བགྱིད་ན། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཞེས་པའི་རྗེས་ལ་བསྟོད་ཚིག་བྱ། །སྟོང་པ་ཆེན་པོའི་ཡེ་ཤེས་སྐུ། །དེ་ཁོ་ན་ཉིད་རྣམ་པར་དག །ངོ་བོ་གཉིས་མེད་ཡི་གེ་ཨ། །
སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །ཅེས་པ་དང་། ས་མཆོག་བཅུ་གཉིས་རབ་རྫོགས་པ། །ཡེ་ཤེས་ཆོས་དབྱིངས་བརྗོད་མེད་པ། །ཡེ་ཤེས་ལྔ་ཡི་རང་བཞིན་ཨོཾ། །འཁོར་ལོ་དང་པོ་ལ་བསྟོད་པའོ།། །།འཁོར་ལོ་གཉིས་པ་ལ་བསྟོད་པ་ནི། །ས་ཡིས་རབ་དབྱེ་སྒྲ་དང་ལྡན། །ཡི་གེ་འཁོར་ལོ་ཉིད་
ལ་རྫོགས། །ཡན་ལག་སྤྲོ་བསྡུ་གསུང་གི་སྐུ། །གསུང་གི་འཁོར་ལོ་ཁྱོད་ཕྱག་འཚལ། །རིགས་དང་མདོག་དང་ཁྱད་པར་གྱིས། །ཉོན་མོངས་གཅོད་པའི་རྩེ་མོ་ཅན། །གཞོན་པའི་ཡི་གེ་འབྲུ་མཆོག་ལ། །རྣོན་པོའི་གསུང་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་འཁོར་ལོ་རབ་རྫོགས་པ། །ཡེ་ཤེས་

སེམས་དཔའ་སྐུ་ཡི་འབྲུ། །ཕྲེང་བའི་སྔགས་ཞེས་རབ་གྲགས་པ། །ཉོན་མོངས་གཅོད་ལ་ཕྱག་འཚལ་བསྟོད། །སྒྲ་ཡི་ཡི་གེ་མཚན་རབ་བརྒྱན། །གསལ་བྱེད་གསུང་གི་འཁོར་ལོ་ལ། །མ་ལུས་སྒྲིབ་པ་སྦྱོང་བྱེད་པ། །འཁོར་ལོ་རྫོགས་ལ་ཕྱག་འཚལ་བསྟོད། །དེ་ལྟར་
བསྟོད་པ་བྱེད་ཙམ་ན། །འཁོར་ལོའི་ཡིག་འབྲུ་དེ་དག་ཀྱང་། །འོད་ཟེར་ལྔ་དང་ཡང་དག་ལྡན། །གཡོ་འགུལ་གཟི་བརྗིད་ཆགས་པར་གནས། །འོད་དེས་འགྲོ་བའི་སྒྲིབ་པ་སྦྱོང་། །གཟི་བརྗིད་ཀྱིས་ནི་བདག་དོན་འགྲུབ། །དེ་ནས་ཡང་ནི་རིམ་བཞིན་དུ། །ཡང་ནས་ཡང་དུ་མི་སྐྱོ་བར། །གྲངས་མེད་
མི་སྐྱོའི་བར་དག་ཏུ། །རིམ་པ་བཞིན་དུ་སྦྱིན་སྲེག་བྱ། །དེ་ལྟར་བྱས་ནས་མཆོག་གྱུར་པའི། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། །དེ་ནས་ཤིན་ཏུ་རབ་རྫོགས་པའི། །འཁོར་ལོ་སྦྱིན་སྲེག་བྱས་པས་ན། །ཤེས་རབ་རབ་རྫོགས་རྣལ་འབྱོར་པས། །འཁོར་ལོ་བཞི་ཡི་རིམ་པ་བསྟན། །བཅུ་དྲུག་
ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་ཡི་རྩེ་མོ་ཅན། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཡང་དག་མཐའ་ལ་རྣམ་པར་གནས། །འདོད་པའི་དོན་གྲུབ་དམ་པའོ། །ཞེས་པས་རིམ་པ་བསྟན་བྱ་སྟེ། །འཁོར་ལོ་བཞི་ཡི་བདག་ཉིད་གཟུགས། །བདག་
ལ་རབ་ཏུ་གནས་པ་སྟེ། །བདག་ཉིད་མེ་ལྷའི་ཐུགས་ཀར་གནས། །གོང་དུ་བསྟན་བཞིན་བསྒོམ་པར་བྱ། །ལྟེ་བར་ཤེས་རབ་འཁོར་ལོ་སྟེ། །རྩིབས་བཅུ་གཉིས་དང་ཡང་དག་ལྡན། །ཨ་ཨཱ་ཨཾ་ཨཿའདི་དག་བསྒོམ། །སྙིང་གར་ཤེས་རབ་འཁོར་ལོ་ཡང་། །རྩིབས་ནི་བཅུ་གཉིས་ཡང་དག་ལྡན། །
དེ་ལ་སྔགས་ཀྱི་ཡིག་འབྲུ་ནི། །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ། བཅུ་གཉིས་ཡི་གེ་འདི་དག་ཀུན། །རིམ་པ་བཞིན་དུ་བསྒོམ་པར་བྱ། །མགྲིན་པར་ཤེས་རབ་འཁོར་ལོ་འདི། །རྩིབས་ནི་བཅུ་གཉིས་ཡང་དག་ལྡན། །དེ་ལ་ཡིག་འབྲུ་བསམ་བྱ་བ། །ཨོཾ་ཨ་ར་པ་ཙ་ན་བཱ་གཱི་ཤྭ་ར་
པྲཛྙཱ་ན་མཿ། འདི་དག་རིམ་པ་ཇི་བཞིན་ནོ། །མཆོག་མ་ཤེས་རབ་འཁོར་ལོ་ནི། །རྩིབས་ནི་སྔོན་དང་འདྲ་བ་ལ། །ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུྃ་ཧྲཱིཿབྷ་ག་བཱན་ཛྙཱ་ན་མཱུརྟི་བཱ་གཱི་ཤྭ་ར་མ་ཧཱ་བཱ་ཙ། སརྦྦ་དྷརྨྨ་ག་ག་ན། ཨ་མ་ལ་སུ་པ་རི་ཤུདྡྷ། དྷརྨྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ། ཞེས་པ་ཡི་ནི་སྔགས་

འབྲུ་འདིས། །ས་མཆོག་བཅུ་གཉིས་ཐོབ་པར་འགྱུར། །འདི་ཡི་སྦྱིན་སྲེག་རིམ་པ་ཡང་། །དང་པོ་སྔོན་བཞིན་ཤེས་པར་བྱ། །དེ་ནས་ཡང་དག་སྦྱིན་སྲེག་ནི། །ཡེ་ཤེས་མེ་ལྕེ་ཞེས་གསུངས་པས། །ལྟེ་བའི་འཁོར་ལོ་འོད་དུ་འབར། །འོད་དེས་རང་གི་དངོས་པོ་བསྲེགས། །དེ་ནས་གྱེན་དུ་འཕྲོས་པ་ལས། །
སྙིང་གའི་གནས་སུ་གནས་ནས་བཞུགས། །ཤིན་ཏུ་འོད་ལྡན་གཟི་བརྗིད་ལྡན། །དེ་ཉིད་ནས་ནི་འདྲེས་ཏེ་ཡང་། །མགྲིན་པའི་འཁོར་ལོའི་དབུས་ན་བཞུགས། །ཨ་ཡང་འོད་དུ་རབ་ཏུ་འབར། །དེས་ནི་ཐམས་ཅད་ཀུན་ཀྱང་བསྲེགས། །དེ་ཀུན་གོང་བུ་གཅིག་ཏུ་གྱུར། །དེ་ནས་རིམ་བཞིན་གཡས་ན་བཞུགས། །
ཨ་ཡིག་ཡི་གེ་ལ་བཞུགས་པས། །ཡི་གེའི་ཚོགས་རྣམས་འོད་དུ་ཞུ། །འོད་ཀྱི་གོང་བུར་གྱུར་པ་ལས། །མར་ཁུ་བཞིན་དུ་མར་ཁུ་དབུལ། །མར་ཡང་འོད་ཀྱི་གོང་བུར་གྱུར། །དེ་ནས་ཡས་མར་རིམ་པས་ཞུགས། །སླར་ཡང་ཤེས་རབ་འཁོར་ལོ་ཚོགས། །སོས་ནས་སྔོན་བཞིན་ཁོ་ནར་གྱུར། །དེ་ལ་
ཡང་ནི་སྦྱིན་སྲེག་དབུལ། །དེ་ནས་ཡང་ནི་རིམ་བཞིན་དུ། །གྱེན་དུ་ཞུགས་ཤིང་འོད་དུ་འབར། །དེ་ལྟར་ཚུལ་བཞིན་མ་ནོར་བར། །ཤིན་ཏུ་གོམས་པས་གསལ་བར་བྱ། །དེ་ལྟར་རྟག་ཏུ་སུ་བསྒོམ་པ། །ས་མཆོག་བཅུ་གཉིས་ཐོབ་པར་འགྱུར། །གཞོན་ནུའི་ལུས་ལ་བཞིན་བཟང་བ། །ཡེ་ཤེས་
ལྔ་ཡི་བདག་ཉིད་ལུས། །ཐོབ་པར་གདོན་མི་ཟ་བར་གསུངས། །བདག་གཞན་དོན་གཉིས་འགྲུབ་པར་འགྱུར། །བདེ་བའི་ལུས་ཀྱང་ཐོབ་པར་འགྱུར། །ཐམས་ཅད་མཁྱེན་པ་འོད་གསལ་བ། །ཡེ་ཤེས་དེ་ཉིད་རྫོགས་པར་འགྱུར། །འདི་དག་རྟག་ཏུ་སུ་བསྒོམ་པ། །ཇི་ལྟར་འདོད་པའི་སྐུ་ཐོབ་འགྱུར། །
སྦྱིན་སྲེག་ཆོ་ག་རབ་རྫོགས་པ། །རིམ་གཉིས་དག་ལ་གནས་པ་འདིར། །རང་གི་ཡེ་ཤེས་འཇིག་བྱེད་པ། །རྒྱུད་འགྲེལ་མི་འགལ་ལུང་དང་ལྡན། །བླ་མའི་འདོད་གཞུང་འདི་དག་ཀྱང་། །རང་དགར་མ་བྱས་བཀའ་ལ་བརྟེན། །བློ་ཞན་གྱུར་གྱི་དོན་ལྡན་འབྱུང་། །དེ་བས་སྦྱིན་སྲེག་གསལ་ཕྱེ་བྱས། །འདི་
ལ་དགེ་བ་ཅི་ཡོད་པ། །རྣལ་འབྱོར་འདི་ལ་དད་པ་དང་། །འདི་ཡི་འདོད་ཕྱོགས་བསྒོམ་པ་རྣམས། །འཇམ་པའི་རྡོ་རྗེ་འགྲུབ་པར་ཤོག །རིམ་པ་གཉིས་ཀྱིས་ཕྱེ་བའི་སྦྱིན་སྲེག་གི་ཆོ་ག་རྒྱས་པ་རྫོགས་སོ།། །།སློབ་དཔོན་ཆེན་པོ་རིན་པོ་ཆེའི་གླིང་ན་གནས་པ་དཔལ་ལྡན་བྱང་ཆུབ་

མཆོག་གིས་མཛད་པ། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་མཎྜ་ལ་གུ་ཎ་སཾ་བྷ་བ་བི་དྷི་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ཡོན་ཏན་འབྱུང་གནས་ཞེས་བྱ་བ། བཅོམ་ལྡན་
འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །རིགས་ཀུན་བདག་པོ་ཡེ་ཤེས་སྐུ། །འཇམ་པའི་རྡོ་རྗེ་མགོན་དཔལ་དང་། །བླ་མའི་ཞབས་ལ་རབ་བཏུད་ནས། །འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ནི། །བསྡུས་དང་བྱེ་བའི་བྱེ་བྲག་གིས། །ཐུན་མོང་མ་ཡིན་ཁྱད་འཕགས་
པའི། །ཆོ་གའི་རིམ་པ་བཤད་པར་བྱ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྙིང་པོ། མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་། རྗེས་སུ་གནང་བ་ཐོབ་པའི་སློབ་དཔོན་ལ་སློབ་མ་དམ་ཚིག་དང་ལྡན་པས་གསོལ་བ་ལན་གཉིས་གསུམ་གདབ་པར་བྱའོ། །སློབ་དཔོན་གྱིས་ཀྱང་བླ་
ན་མེད་པའི་བྱང་ཆུབ་ཏུ་དགོད་པར་བྱའོ་ཞེས་བསམ་པ་བཟང་པོ་དང་ལྡན་པར་བྱའོ། །དེ་ནས་སློབ་མ་དེ་ལ་བུ་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྙིང་པོ་འདོད་དམ་ཞེས་དྲི་བར་བྱའོ། །བདག་ཅག་འཚལ་ལོ་ཞེས་ཟེར་ན་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡིད་ཀྱིས་སློབ་མ་དེ་ལ་ཁྱོད་ཀྱི་འདོད་
པའི་དོན་དེ་ཡོངས་སུ་སྦྱིན་པར་བྱའོ་ཞེས་གནང་བ་སྦྱིན་པར་བྱའོ། །འདི་ནི་སློབ་མ་ཡོངས་སུ་གཟུང་བའི་ཆོ་གའོ།། །།དེ་ནས་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་སྤོས་ཆུ་ལ་སོགས་པས་ལེགས་པར་བྱུགས་ལ་མེ་ཏོག་སིལ་མ་གཏོར་ལ་བདུག་སྤོས་དྲི་ཞིམ་པོས་བདུག་པ་དང་། ཡོངས་སུ་
འབྱོར་པའི་མཆོད་པ་ལྔ་དང་། མཆོད་པའི་ཡན་ལག་དང་ལྡན་པ་དག་དང་། གདན་ནང་ཚངས་ཅན་བཟང་པོ་ལ་འདུག་ལ། གཞན་གྱི་དོན་དུ་བསྙེན་པ་དང་། སྒྲུབ་པའི་ལས་བརྩམ་པར་བྱའོ། །བསྙེན་པ་ལ་གསུམ་སྟེ། མཚན་མ་དང་གྲངས་དང་། དུས་ཀྱི་བསྙེན་པའོ། །སྒྲུབ་པ་ལ་ནི་གསུམ་སྟེ། དབང་
བསྐུར་བའི་ཆོ་ག་དང་། རབ་ཏུ་གནས་པ་དང་། ཤི་བ་ལ་ཕན་གདགས་པའོ། །དེ་ལ་དང་པོ་བསྙེན་པ་ནི་བདག་ཉིད་ཨོཾ་པྲ་ཀྲྀ་ཏི་པ་རི་ཤུདྡྷཿ། སརྦ་དྷརྨྨཱཿཔྲ་ཀྲྀ་ཏི་པ་རི་ཤུདྡྷོ྅ཧཾ། ཞེས་བྱ་བའི་སྔགས་ཀྱིས་དག་པ་གསུམ་གྱི་ཁྲུས་བྱའོ། །དེའི་རྗེས་ལ་སྐད་ཅིག་མའི་རྣམ་པ་ལས་ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་ཞེས་བརྗོད་པས།

བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་རལ་གྲི་བསྣམས་པ། གཡོན་སྡིགས་མཛུབ་ཀྱིས་བགེགས་ཐམས་ཅད་འཇོམས་པ་ཧཱུྃ་གི་སྒྲ་སྒྲོགས་པ་མིག་གཉིས་སུ་མ་དང་ཊ་ལས་ཉི་མའི་དཀྱིལ་འཁོར་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཤིན་ཏུ་འབར་བའི་འོད་ཟེར་གྱིས་
བགེགས་ཐམས་ཅད་བསྐྲད་ལ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ་ཅེས་བྱ་བའི་སྔགས་ཀྱིས་བཀའ་བསྒོ་བར་བྱའོ། །སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སྤྲིན་སྒྲ་ང་རོ་ཡེ་ཤེས་ལྔའི་བདག་ཉིད་ཅན་ལས་འོད་ཟེར་འཕྲོས་པས་འོག་ཐམས་ཅད་རྡོ་རྗེའི་ས་གཞི། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ། སྟེང་ཐམས་ཅད་རྡོ་རྗེའི་
གུར་དང་། བླ་བྲེའི་རང་བཞིན་དུ་བསམ་མོ། །རྡོ་རྗེ་ར་བའི་ཕྱི་རོལ་དུ་ཕྱོགས་མཚམས་བཅུར་ཡི་གེ་རཾ་བཅུ་ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཞེས་པའི་སྔགས་འདིས་བྱིན་གྱིས་བརླབ་པོ། །འདི་ནི་སྲུང་བའི་འཁོར་ལོའི་རིམ་པའོ།། །།དེ་ནས་ཨོཾ་མཉྫུ་ཤྲཱི་ཛྙཱ་ན་སཏྭ་ཧཱུྃ་ཞེས་བརྗོད་པས་འཇམ་དཔལ་ཞི་བ་སྐུ་མདོག་སེར་པོ་
ཞལ་གཅིག་ཕྱག་གཉིས་པ་གཞོན་ནུ་རྒྱན་གྱིས་བརྒྱན་པར་བསམ་མོ། །དེའི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པར་བྱ་སྟེ། ལྐོག་མའི་གནས་སུ་ཧྲཱིཿལས་པདྨ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ། དེ་ཡོངས་སུ་གྱུར་པ་ལས་ལྕེ་རྡོ་རྗེར་བསམ། སྔགས་ཀྱིས་བྱིན་
གྱིས་བརླབ་པ་ནི། ཨོཾ་མཉྫུ་ཤྲཱི་བི་མ་ལ་ཛི་ཧྭ་གྷ་སཾ་ཤོ་དྷ་ན་བཛྲ་ཛི་ཧཱ་ཧཱུྃ། དེ་ནས་ལག་པ་བྱིན་གྱིས་བརླབ་པ་ནི། ལག་པའི་མཐིལ་དུ་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་ཡོངས་སུ་གྱུར་པ་ལས་ལག་པ་རྡོ་རྗེར་བསམ། སྔགས་ཀྱིས་བྱིན་གྱིས་བརླབ་པ་ནི། །ཨོཾ་མཉྫུ་ཤྲཱི་པདྨ་ཧསྟ་པུཪྞ་ག་རེ་དྷི་རི་བི་མ་ལེ་བཛྲ་ཧསྟ་
ཧཱུྃ། ཡིད་བྱིན་གྱིས་བརླབ་པ་ནི་བདག་གི་སྙིང་གར་པཾ་ལས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་དྷཱིཿདཀར་སེར་བསམ་སྔགས་ཀྱིས་བྱིན་གྱིས་བརླབ་པ་ནི། ཨོཾ་མཉྫུ་ཤྲཱི་བི་མ་ལེ་བཛྲ་ཙིཏྟཱ་ཧཱུྃ། དེ་ནས་དཀྱིལ་འཁོར་སྤྲུལ་པར་བྱ་སྟེ། རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་
བཅས་ལ། ཨོཾ་མཉྫུ་ཤྲཱི་མཎྜ་ལ་བཛྲ་ཙཀྲ་ཧཱུྃ་ཞེས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་དེའི་སྤྱན་སྔར་སྐྱབས་སུ་འགྲོ་སྟེ། ཕྱོགས་བཅུའི་ཞིང་ཁམས་མ་ལུས་ན། །རྒྱལ་བ་སྲས་བཅས་བཞུགས་པ་རྣམས། །བདག་ལ་དགོངས་པར་བྱ་བའི་ཕྱིར། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ། །བརྩོན་

འགྲུས་སྟོབས་ཀྱིས་དགེ་བསགས་པ། །ནམ་མཁའི་ཁམས་ཀྱིས་མཐའ་གཏུགས་པ། །མཆོད་སྤྲིན་ཚོགས་ཀྱིས་གང་གྱུར་ཏེ། །སྲས་དང་བཅས་ལ་མཆོད་པར་བགྱི། །ཚེ་རབས་ཐོག་མ་མེད་པ་ནས། །ཉོན་མོངས་དབང་གིས་སྡིག་བསགས་ཤིང་། །ལུས་ངག་ཡིད་ཀྱིས་སྦྱང་
བ་རྣམས། །མགོན་ལ་ལན་གསུམ་བཤགས་པར་བགྱི། །སེམས་བསྐྱེད་མངོན་པར་སངས་རྒྱས་ནས། །རྒྱལ་སྲས་འགྲོ་བའི་དོན་བཞུགས་ལ། །ཉན་ཐོས་རང་རྒྱལ་སྐྱེ་བོ་ཡི། །བསོད་ནམས་བྱེད་ལ་ཡི་རང་ངོ་། །འགྲོ་ཀུན་ལྡོངས་པར་མི་འགྱུར་ཏེ། །བདུད་བཞི་ཟིལ་གྱིས་མནན་པ་དང་། །བྱང་
ཆུབ་རྣམ་གསུམ་ཐོབ་བྱའི་ཕྱིར། །འཁོར་ལོ་བླ་མེད་བསྐོར་བར་བསྐུལ། །འཇིག་རྟེན་བདེ་ལ་དགོད་པར་བྱ། །སྲོག་ཆགས་བྱང་ཆུབ་རྒྱུ་ཡིན་ཕྱིར། །རྒྱལ་སྲས་མྱ་ངན་འདའ་བཞེད་ལ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རྒྱལ་སྲས་རྣམས་ལ་བདག་དབུལ་
གྱིས། །བདག་ནི་དུས་གསུམ་ཐམས་ཅད་དུ། །སོ་སོར་ཁྱེད་ཀྱིས་བཞེས་སུ་གསོལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཇི་ཙམ་དུས་ནས་བཟུང་ནས་སུ། །མ་ལུས་བདག་ལ་དགོངས་སུ་གསོལ། །ནམ་ཞིག་བྱང་ཆུབ་སྙིང་པོ་ལ། །ཡོངས་སུ་གནས་ཀྱི་བར་དག་ཏུ། །བདག་
གིས་བྱང་ཆུབ་མཆོག་གི་སེམས། །མ་ལུས་པར་ནི་བསྐྱེད་པར་བགྱིའོ། །ཐུགས་རྗེ་ཆེ་དང་ལྡན་པ་ཡི། །བླ་ན་མེད་པའི་དཀོན་མཆོག་གསུམ། །འགྲོ་བའི་དོན་ཀུན་མཛད་པ་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །ཇི་ལྟར་འཇིག་རྟེན་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །
བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་
ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱིའོ། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡིས། །

དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །
ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །
དབུགས་མ་ཕྱུང་བ་དབུགས་དབྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་དགོད། །དེ་ནས་ངག་གི་དྲི་མ་དག་པར་བྱ་བའི་ཕྱིར་ལྷ་ལ་བསྟོད་དེ། བདེ་བ་ལས་འཁྲུངས་རྡོ་རྗེ་འཆང་བ་ཡི། །དངོས་དང་དངོས་མེད་འབྱུང་གནས་ཆེན་པོར་མཁྱེན། །དང་པོ་གང་དུ་རྣམ་པར་སྣང་མཛད་ཆེ། །དག་ཅིང་དྲི་མེད་བློས་ནི་ཨོཾ་དུ་སྤྲུལ། །
གཟུགས་མང་ཕྲེང་བའི་ཚུལ་དུ་བསྐོར་བ་ཡི། །སྒྱུ་འཕྲུལ་དྲ་བའི་ཚོགས་ལ་ཕྱག་འཚལ་བསྟོད། །དེ་ནས་ལྷ་རྣམས་དགྱེས་ནས་ལྷ་དེ་དག་གིས་བདག་ལ་བསྟོད་པར་བསམ་མོ། །དེ་ནས་དྲིན་ལན་གྱི་ཚུལ་དུ་མཚན་བརྒྱ་རྩ་བརྒྱད་པས་ཕར་ལ་བསྟོད་པར་བྱའོ། །འདི་ནི་བསོད་ནམས་ཀྱི་ཚོགས་བསགས་པའི་ཡན་
ལག་གོ། །དེ་ནས་ཁྱད་པར་གྱི་ཚོགས་བསག་པར་བྱ་བའི་ཕྱིར་ཕྱག་ལྔས་རིགས་ལྔའི་སངས་རྒྱས་མཉེས་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ་ཙིཏྟ་པྲ་ཎ་མ་མེ་བཛྲ་བནྡཱ་ནཾ་ཀཱ་རོ་མི། ཞེས་བྱ་བས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་ཕྱག་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་པཱུ་ཛོ་པསྠཱ་ན་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི།
སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ། ཞེས་བྱ་བ་མི་བསྐྱོད་པ་ལ་ཕྱག་བྱའོ། །ཨོཾ་སརྦ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཞེས་བྱ་བ་འདིས་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ལ་ཕྱག་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ནི། ཨཱཏྨ་ནཾ་ནིརྱཱ་ཏ་
ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། ཞེས་བྱ་བ་འདིས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་ལ་ཕྱག་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ན་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨྨ་པྲ་བཪྟ་ཡཱ་མཱཾ། ཞེས་བྱ་བ་འདིས་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་ལ་ཕྱག་བྱའོ། །བྱང་ཆུབ་མཆོག་

ཏུ་སེམས་བསྐྱེད་པ་དང་། སྡོམ་པ་གཟུང་བ་དང་། མངོན་པར་བྱང་ཆུབ་པའང་བསྒོམ་པ་དང་། རྟེན་གྱི་དཀྱིལ་འཁོར་བསྒོམ་པ་དང་། །གངས་ཅན་མཚོ་བསྒོམ་པ་དང་། དང་པོའི་སངས་རྒྱས་བསྒོམ་པ་དང་། ཤེས་རབ་འཁོར་ལོ་དང་། སྦྱོར་བ་དང་པོ་དང་། རིགས་སོ་སོར་
ཕྱེ་བ་དང་། ལྷ་བསྒོམ་ཞིང་དབྱུང་བ་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་རྣམས་བསྒོམ་པའོ། །ལྷ་རྣམས་གདན་གྱི་སྟེང་དུ་མཚན་གྱི་སྔགས་དང་ཡིག་འབྲུ་ལས་ལྷའི་སྐུར་བསྐྱེད་ལ་ཡེ་ཤེས་སེམས་དཔའ་གཞུག་པར་བྱ་སྟེ། བདག་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་འཕྲིན་ལས་
ཀྱི་འཕགས་པ་འཇམ་དཔལ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། དང་པོའི་སངས་རྒྱས་ཀྱི་ངོ་བོ་དེ་ཤར་ཕྱོགས་ཀྱི་སྒོར་འདུག་ལ་མཆོད་པ་བྱིན་གྱིས་བརླབ་པར་བྱ་སྟེ། །ཨོཾ་བཛྲ་ཡཀྵ་ཧཱུྃ། ཞེས་པས་མཆོད་པ་ལ་གནོད་པའི་བར་གཅོད་ཀྱི་བགེགས་རྣམས་བསྐྲད་དོ། །ཨོཾ་ཤི་ཁ་རེ་རུ་ཊ་མ་ཊ་ཧཱུཾ།
ཞེས་བྱ་བས་བསང་བར་བྱའོ། །མཆོད་ཡོན་དང་ཞལ་བསིལ་ལ་ནི་ཨོཾ་ཨཱཿཧཱུྃ། ཞེས་བྱ་བས་བྱིན་གྱིས་བརླབ་པའོ། །མཆོད་པ་ལྔ་ནི་རང་རང་གི་སྔགས་ཀྱིས་བྱིན་གྱིས་བརླབ་པའོ། །ཨོཾ་བཛྲ་པུཥྤེ་ཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུྃ། ཨོཾ་བཛྲ་གནྡྷེ་ཧཱུྃ། ཨོཾ་བཛྲ་ནཻ་ཝི་དྱེ་ཧཱུྃ།
དེ་ནས་ཨོཾ་བཛྲ་པྲ་བེ་ཤ་ཡ་ཕཊ། ཅེས་སྒོ་དབྱེ་བར་བྱའོ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །ལག་པ་གཉིས་ནི་སྦྱོར་བར་བཅིངས། །སེ་གོལ་བརྡབ་ཅིང་བརྗོད་དོ། །ཨོཾ་བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །སྤོས་སྣོད་ལག་ཏུ་ཐོགས་ལ། །མ་ལུས་ཕྱོགས་ན་
བཞུགས་པ་ཡི། །འཕགས་པ་འཇམ་དབྱངས་བཅོམ་ལྡན་འདས། །སངས་རྒྱས་ཐམས་ཅད་བཞུགས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་འདི་ནི་སྩལ་དུ་གསོལ། །ཨོཾ་ཨེ་ཧྱེ་ཧི་
བྷ་ག་བཱན་བཛྲ་ཨཾ་ཀུ་ཤ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟཾ། དེ་ནས་མཆོད་ཡོན་དབུལ་ཏེ། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ནི་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ།

དེ་ནས་ཞལ་བསིལ་དབུལ་ཏེ། ཇི་ལྟར་བཅོམ་ལྡན་འཇམ་དབྱངས་ཀྱིས། །རང་བཞིན་དག་པའི་ཡེ་ཤེས་ལ། །གཟུང་འཛིན་དྲི་མ་མི་མངའ་ཡང་། །འགྲོ་བའི་དོན་དུ་སྐུ་ཁྲུས་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་བ་ར་སཏྐཱ་ར་པྲ་ཏཱིཙྪ་ཧོཿ། དེ་ནས་འདོད་པའི་དོན་ལ་གསོལ་བ་གདབ་པ་དང་། བདག་དང་འགྲོ་ལ་
ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་བཛྲ་ཏིཥྛ་ཧཱུྃ། ཞེས་མེ་ཏོག་དབུལ་ལོ། །དེ་ནས་བསྟོད་པ་བྱ་བ་ནི། མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་ཆོས་ཅན། །ཐུགས་རྗེས་རང་བཞིན་འགྲོ་བའི་སྡུག་
བསྔལ་སེལ། །ཡོན་ཏན་ཀུན་མཉམ་མཐའ་ཡས་དངོས་གྲུབ་སྩོལ། །དྲི་མེད་མི་གཡོ་མཉམ་ཉིད་མཆོག་ཆོས་ཅན། །སེམས་ཅན་ཁམས་ལ་དམ་ཆོས་དངོས་གྲུབ་སྩོལ། །དངོས་གྲུབ་མཉམ་དང་མཐའ་མེད་མཐའ་བྲལ་བ། །མི་མཉམ་མཉམ་པའི་དཔེ་ནི་མཁའ་ལ་བདེ། །ཡོན་ཏན་ཕྲ་བའི་
ཆ་ཤས་མཚུངས་པ་མེད། །རྟག་ཏུ་དྲི་མེད་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་ཅིང་མི་འགག་ཆོས་ཉིད་ཅན། །འགྲོ་བའི་དོན་གྲུབ་ལྷུར་མཛད་མཐའ་ཡས་པ། །ཐུགས་རྗེའི་བདག་ཉིད་དྲུག་ཏུ་རྣམ་པར་སྣང་། །དཔག་མེད་མི་རྫོགས་གནས་ཉིད་ལེགས་རྫོགས་ཏེ། །བདེ་གནས་
གཤེགས་དང་ཐུགས་རྗེ་སྤྱོད་མི་གཡོ། །འཇིག་རྟེན་མཆོག་གི་དངོས་གྲུབ་སྩོལ་མཛད་པ། །བདག་ཉིད་མི་འགྱུར་ཀྱེ་མ་ཆོས་ཉིད་བཟང་། །མཆོག་སྩོལ་མཆོག་ཉིད་ནང་ནས་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་དངོས་གྲུབ་སྩོལ་མཛད་པ། །མགོན་པོ་དུས་གསུམ་དྲི་མེད་རབ་མཁྱེན་པ། །
ཀུན་གྱི་དངོས་གྲུབ་མཆོག་གསུམ་བདག་ལ་སྩོལ། །ཞེས་བརྗོད་དོ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿཞེས་པས་ནང་དུ་གཞུག །ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་པས་བགེགས་བསྐྲད། བཛྲ་བནྡྷ་ཧཱུྃ། ཞེས་པས་སྒོ་བཅད། ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུྃ་ཧྲཱིཿབྷ་ག་བཱན་ཛྙཱ་
ན་མཱུརྟི་ཝཱ་གཱི་ཤྭ་ར་མ་ཧཱ་པཱ་ཙ་སརྦ་དྷརྨྨ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿདྲྀ་ཤྱ་ས་མ་ཡ་སྟྭཾ་ཨ་ཧཾ། ཞེས་བལྟ་བར་བྱའོ། །ཡང་དེ་བཞིན་དུ་དྲྀ་ཤྱ་ཛཿཧཱུྃ་བཾཾ་ཧོཿས་མ་ཡ་སྟྭཾ་ཨཱཿཧཱཾ། ཞེས་གཉིས་སུ་མེད་པར་བསམ་མོ། །ཡང་རྩ་བའི་སྔགས་དེ་ཉིད་ཀྱི་རྗེས་ལ། ཨོཾ་བཛྲ་ཀ་ར།

ཞེས་པས་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཨ་ལས་འོད་འཕྲོས་ནས་ཡོན་ཏན་དང་འཕྲིན་ལས་ཀྱི་ངོ་བོར་བསྡུས་ནས། སྣ་ཚོགས་རྡོ་རྗེར་གྱུར་པ་ལས་ཨས་མཚན་པའོ། །ཡང་དེ་བཞིན་དུ་ཨོཾ་བཛྲ་དྷརྨྨ་ཧྲཱིཿ ཨོཾ་བཛྲ་ཙཀྲ་ཨོཾ། ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་པས་པདྨ་དང་། འཁོར་ལོ་
དང་། རྡོ་རྗེ་དང་ལྡན་པ་མགྲིན་པ་དང་། སྤྱི་གཙུག་དང་ཐུགས་ཀར་མཚན་པའོ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཕྱག་རྒྱ་བཞི་པོའི་
དོན་སྟོན་པ། ཞེས་པ་ནི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་ངོ་བོ་ཡང་མཚན་པ་ཡིན་ནོ། །དེ་ནས་དབང་བསྐུར་བར་བྱ་ཏེ། ཨོཾ་པྲ་ཀྲྀ་ཏི་པ་རི་ཤུདྡྷ་སརྦ་དྷརྨྨ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏ་མུ་པ་དཱ་ཡེ་ཏི་ཨ་ཨ། ཨོཾ་སརྦ་ཏ་ཐཱ་ག་ཏ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཱཾ། ཞེས་
པས་རང་རང་གི་བདག་པོས་དབུ་ལ་མཚན་པའོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ནི་རིགས་ལྔས་དབུ་བརྒྱན་པའོ། །དེ་བཞིན་གཤེགས་པ་ལྔ་དང་། བྱང་ཆུབ་སེམས་དཔའ་བཅུ་དྲུག་རིན་པོ་ཆེའི་ཅོད་པན་ཅན་ནོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་དེ་དག་ལ་མཆོད་པར་བྱ་སྟེ། ཐང་དང་ཆུ་ལས་སྐྱེས་པ་
ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །ཐུབ་དབང་སྲས་དང་བཅས་ལ་འབུལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ནགས་ཚལ་བཅུད་ནི་ཡིད་འོང་བ། །ལྷ་རྫས་དམ་པའི་
ཡིད་འོང་འདི། །ཐུབ་དབང་སྲས་དང་བཅས་ལ་འབུལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། སྣང་བའི་ཁྱད་པར་གང་ཡོད་པ། །ཐུབ་དབང་སྲས་དང་བཅས་ལ་དབུལ། །བདག་དང་
འགྲོ་ལ་ཐུགས་བརྩེའི་ཕྱིར། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཨརྒྷ་ལ་སོགས་ཙནྡན་ཆུ། །ལྷ་རྫས་དམ་པའི་དྲི་ཆབ་འདི། །ཐུབ་དབང་སྲས་དང་བཅས་ལ་དབུལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །

ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། རོ་མཆོག་བརྒྱ་དང་ལྡན་པ་ཡི། །ལྷ་རྫས་དམ་པའི་ཞལ་ཟས་འདི། །ཐུབ་དབང་སྲས་དང་བཅས་ལ་དབུལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཅི་བདེ་བར་ནི་བཞེས་སུ་གསོལ། །
ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་ནཻ་བི་དྱེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཚངས་པའི་གསུང་ནི་སྙན་པ་ཡི། །ལྷ་རྫས་དམ་པའི་སིལ་སྙན་འདི། །ཐུབ་དབང་སྲས་དང་བཅས་ལ་དབུལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ན་མཿསརྦ་ཏ་
ཐཱ་ག་ཏ་བཛྲ་གཱི་ཏི་ར་ག་ཤ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་ནས་མཆོད་པའི་ལྷ་མོ་བརྒྱད་ཀྱིས་ཀྱང་མཆོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་རྣམས་རྣམ་རོལ་ཅིང་། །རྡོ་རྗེ་སྙེམས་པའི་རྣལ་འབྱོར་གྱིས། །དགའ་སྟོན་བདེ་བས་མཆོད་པར་བགྱི། །ཨོཾ་བཛྲ་
ལཱ་སྱེ་ཧཱུྃ། སྒེག་དང་བཅས་པས་ཕྲེང་བ་འཕང་། །སངས་རྒྱས་ཐམས་ཅད་མཆོད་པར་བགྱི། །དེ་ནས་བཅོམ་ལྡན་འབྲལ་མི་བྱ། །ཕྲེང་བ་འདི་ནི་རྒྱན་ཡིན་ནོ། །ཨོཾ་བཛྲ་མཱ་ལེ་ཏྲཱཾ། ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་གྱིས། །དེ་ཡི་བདེ་གཤེགས་དངོས་གྲུབ་
ནི། །མྱུར་དུ་བདེ་བ་མྱོང་བར་འགྱུར། །ཨོཾ་བཛྲ་གཱི་ཏི་ཧྲཱིཿདེ་ཉིད་ཐལ་མོའི་གར་གྱིས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །སངས་རྒྱས་འདུ་བའི་འཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་བསྒྲུབ་པར་གྱིས། །ཨོཾ་བཛྲ་ནྲྀ་ཏི་ཨཿ། རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་
པོ་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །ཨོཾ་བཛྲ་དྷཱུ་པེ་ཧཱུྃ། སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་རྫོགས་པའི། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་བགྱི། །ཨོཾ་
བཛྲ་པུཥྤེ་ཧཱུྃ། ཆོས་ཀྱི་མེ་ནི་ལེགས་སྤར་ནས། །རྡོ་རྗེ་ཆོས་དང་འདྲ་བ་རུ། །སེམས་ཅན་མ་རིག་ལྡོངས་པ་ལ། །ཡེ་ཤེས་སྒྲོན་མེ་སྦར་དུ་གསོལ། །ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུྃ། རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་། །རྣམ་གྲོལ་ཡེ་ཤེས་ཐོབ་པ་ཡི། །

བྱང་ཆུབ་ལུས་ཅན་རྣམས་ཀྱི་བསྒོས། །ཨོཾ་བཛྲ་གྷནྡྷེ་ཨཿ། དེ་ནས་འདོད་པའི་ཡོན་ཏན་ལྔས་མཆོད་དེ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་དང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །ཀུན་ཀྱང་མོས་བློས་མཆོད་གནས་རྣམས་ལ་དབུལ། །བཞེས་
ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་སྒྲ་སྙན་ཁྱད་པར་གང་ཡོད་པའི། །ཀུན་ཀྱང་མོས་བློས་མཆོད་གནས་རྣམས་ལ་དབུལ། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་
གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཔྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཕྱོགས་དུས་ཀུན་ནས་ཙནྡན་སྦྲུལ་སྙིང་དང་། །ཨ་ཀར་ལ་སོགས་དྲི་མཆོག་མཆིས་པ་རྣམས། །ཀུན་ཀྱང་མོས་བློས་མཆོད་གནས་རྣམས་ལ་དབུལ། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡེ་པཱུ་ཛ་མེ་གྷ་ས་མུ་
ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །ལུས་སེམས་རྟས་བྱེད་རེག་བྱའི་ཁྱད་པར་རྣམས། །ཀུན་ཀྱང་མོས་བློས་མཆོད་གནས་རྣམས་ལ་དབུལ། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྤཪྵེ་པཱུ་ཛ་མེ་གྷ་ས་མུ་
དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཕྱོགས་དུས་ཀུན་ནས་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཐམས་ཅད་ཀྱང་། །ཀུན་ཀྱང་མོས་བློས་མཆོད་གནས་རྣམས་ལ་དབུལ། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱ་ས་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་
ནས་རྡོ་རྗེ་དང་དྲིལ་བུར་ལྡན་པས་བསྟོད་པར་བྱ་སྟེ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་
རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་

རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །དེ་ནས་ཕྱག་བཞི་བྱས་ཏེ། ཨོཾ་སྠི་ཏོ་
ཧྲྀ་དི་ཛྙཱ་ན་མཱུརྟི་ར་ཧཾ་བུདྡྷོ་བུདྡྷཱ་ནཱཾ། ཞེས་བྱ་བའི་སྔགས་ཀྱིས་བཅོམ་ལྡན་འདས་གངས་ཅན་མཚོ་ལ་ཕྱག་བྱའོ། །ཡང་དེ་ཉིད་ཀྱིས་དང་པོའི་སངས་རྒྱས་ལ་ཕྱག་བྱའོ། །ཡང་དེ་ཉིད་ཀྱིས་ཤེས་རབ་འཁོར་ལོ་ལ་ཕྱག་བྱའོ། །ཡང་དེ་ཉིད་ཀྱིས་ཡེ་ཤེས་སེམས་དཔའ་ལ་ཕྱག་བྱའོ། །འདི་ནི་ཟག་པ་
མེད་པའི་ཡེ་ཤེས་སྐྱེད་པར་བྱེད་པ་ཡིན་པས་འདིར་བདག་ཉིད་ཐུགས་ཀར་ཐིམ་པའི་རིམ་པའོ། །དེ་ནས་ཟབ་པ་དང་། བཟང་བ་དང་རྒྱ་ཆེ་བ་ཡངས་པ་དང་། རྒྱ་ཆེ་བའི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །སྐྱོ་བར་གྱུར་ན་བཟླས་པའི་རྣལ་འབྱོར་བྱའོ། །དེ་ནས་རིམ་པའི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །
དེ་ལྟར་ཐུན་བཞིའི་རྣལ་འབྱོར་གྱིས་སྔོན་དུ་བསྙེན་པ་བྱ་སྟེ། དབང་བསྐུར་བ་ལ་མཚན་མའི་བསྙེན་པ་བྱའོ། །རབ་ཏུ་གནས་པ་ལ་གྲངས་ཀྱི་བསྙེན་པ་བྱའོ། །ཤི་བ་ལ་ཕན་གདགས་པ་ལ་ནི་དུས་ཀྱི་བསྙེན་པ་བྱའོ། །ཡང་ན་གང་ཟག་དབང་པོ་རབ་ཀྱིས་མཚན་མའི་བསྙེན་པ་བྱའོ། །འབྲིང་གིས་
གྲངས་ཀྱི་བསྙེན་པ་བྱའོ། །ཐ་མས་དུས་ཀྱི་བསྙེན་པ་བྱའོ། །འདི་ནི་སྔོན་གྱི་བསྙེན་པའི་ཆོ་གའོ།། །།དེ་ལྟར་བསྙེན་པ་བྱས་ནས་ནི། །གཞན་གྱི་དོན་ལ་བརྩོན་པར་བྱ། །མཚན་མ་བཟང་པོ་ཐོབ་པའམ། །ཏིང་འཛིན་རྩེ་གཅིག་གནས་པ་ཡིས། །དཀྱིལ་འཁོར་ལ་སོགས་ལས་རྣམས་བྱ། །
གྲོང་ལ་སོགས་པའི་ཕྱོགས་མཐུན་ནི། །རྣལ་འབྱོར་པས་ནི་སྤང་བར་བྱ། །ཡོན་ཏན་ཀུན་དང་ཡོངས་ལྡན་པའི། །བྱང་ཤར་མཚམས་ནི་ཡོངས་སུ་བཟུང་། །སེམས་ལ་གུས་པ་དང་ལྡན་ན། །གང་དུ་ཡིད་དང་མཐུན་པར་བྱ། །ཞེས་གསུངས་པས་ན། །ཤར་དང་ལྷོར་གཞོལ་བའི་སར་གཤིན་
རྗེ་གཤེད་ཀྱི་སྔགས་བཟླས་པའི་ཆུས་བསང་གཏོར་བྱའོ། །དེ་ནས་སའི་ལྷ་མོ་ལ་ས་བསླང་བ་ནི་སའི་ལྷ་མོ་མདོག་སེར་མོ་ཞི་བའི་རང་བཞིན་ཅན་ཕྱག་གཉིས་གསེར་གྱི་བུམ་པ་བསྣམས་པ། །རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་ལ་མཆོད་པ་ལྔ་བྱ་སྟེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །

སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་ལྟར་བདག་གིས་བདུད་བཅོམ་པས། །བདག་ནི་དཀྱིལ་འཁོར་བྲི་བར་བྱེད། །ཅེས་བརྗོད་པས་སའི་ལྷ་མོ་བློས་ནམ་མཁའི་
ཕྱོགས་སུ་བཏེག་ནས་སེམས་ཅན་གྱི་དོན་དུ་དཀྱིལ་འཁོར་བྱེད་པས། བདག་ལ་ས་བྱིན་ཅིག་ཅེས་བརྗོད་པས་ཁྱོད་ཀྱིས་དཀྱིལ་འཁོར་གྱི་བདག་པོ་གྱིས་ཤིག་ཅེས་བརྗོད་པར་བསམ་མོ། །ས་བསླང་བའི་རིམ་པའོ།། །།དེ་ནས་དྲག་པོའི་སྦྱིན་སྲེག་གིས་བགེགས་བཟློག །དེ་ཉིད་བདག་དང་སློབ་མ་ཞི་
བར་བྱ་བའི་སྦྱིན་སྲེག་བྱས་ལ། དེ་ནས་ས་སྦྱང་བར་བྱ་སྟེ། པུས་མོ་ནུབ་ཙམ་བརྐོས་ལ་གྱོ་མོ་ལ་སོགས་པའི་རོ་ལྔ་བསལ་ཏེ་ས་དེ་ཉིད་ཀྱིས་དགང་ངོ་། །འདི་ནི་ཁུང་བུ་དགང་བའི་ཆོ་གའོ།། །།དེ་ནས་དཀྱིལ་འཁོར་ཉིས་འགྱུར་ལ་སྤོས་ཆུས་ཆག་ཆག་བཏབ་སྟེ། རྗེ་བཙུན་གྱི་ཡི་གེ་བརྒྱ་པ་
ལན་གསུམ་བཀླག་པར་བྱ་སྟེ། འདི་ནི་ས་བཟུང་བའི་རིམ་པའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། སྟོང་པ་ཉིད་སྔོན་དུ་འགྲོ་བས་ལྷའི་ང་རྒྱལ་བྱས་ལ་ས་གཞི་ཐམས་ཅད་སྟོང་པའི་རང་བཞིན་ལས་ཧཱུྃ་ལས་རྡོ་རྗེའི་རང་བཞིན་དུ་བསྒོམས་ནས། དེ་ནས་སྤྲོ་བ་བསྐྱེད་པར་བྱ་
སྟེ། དེང་དུས་བདག་ཚེ་འབྲས་བུ་ཡོད། །བདག་གིས་གསོན་པའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་མཉམ་པ་རུ། །གྱུར་པས་བདག་ཉིད་སོམ་ཉི་མེད། །བྱང་ཆུབ་སེམས་དང་སེམས་གཅིག་པར། །མི་ལྡོག་པར་ནི་བདག་འགྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་
ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །དེ་ནས་སྤོས་ལག་ཏུ་ཐོགས་ལ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །
འཇམ་པའི་དབྱངས་ཀྱི་དཀྱིལ་འཁོར་འབྲི། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་འདིར་སངས་རྒྱས་ཀུན་གཤེགས་ལ། །དངོས་གྲུབ་འདིར་ནི་སྩལ་དུ་གསོལ། །ཞེས་བརྗོད་པས། བདག་ཉིད་ལྷག་པའི་ལྷའི་ང་རྒྱལ་དུ་གནས་པར་བྱ། གསང་སྔགས་ཡིད་ཀྱིས་བཟླས་པར་བྱའོ། །སྒྲུབ་པའི་

གྲོགས་མཆོག་ལྷའི་ང་རྒྱལ་དང་ལྡན་པས་དཀྱིལ་འཁོར་བྲི་བའི་གསོལ་བ་གདབ་པར་བྱ་སྟེ། སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ཆེ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །དཀྱིལ་འཁོར་ཆེན་པོ་བཤད་དུ་གསོལ། །དེ་བཞིན་གཤེགས་པ་ཀུན་
ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །སྒྱུ་འཕྲུལ་དྲ་བ་ལས་བྱུང་བའི། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་མཆོག་ལས་བྱུང་བ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །འཇམ་པའི་རྡོ་རྗེ་གསུང་གི་མཆོག །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །རྒྱུད་ཆེན་སྒྱུ་
འཕྲུལ་དྲ་བ་ལས། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་། །དཔག་མེད་རྣམས་ཀྱི་དགའ་བཞིན་དུ། །དཀྱིལ་འཁོར་གཙོ་བོ་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་ལ། དེ་ནས་ལངས་ནས་ལྷ་ལ་ཕྱག་བྱས་ལ་གཤིན་རྗེ་གཤེད་ཀྱི་ང་རྒྱལ་དུ་བྱས་ལ་མིག་གཉིས་སུ་མ་དང་ཊ་ལས་ཉི་མ་དང་ཟླ་བའི་
དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་འབར་བ་བསམ་པ་དང་། རྐང་པའི་མཐིལ་དུ་ཧཱུྃ་ལས་རྡོ་རྗེ་རྒྱ་གྲམ་འོད་འབར་བ་བསམས་ལ་ལངས་ཏེ། ཁྲོ་བོའི་ལྟ་བས་དཀྱིལ་འཁོར་གྱི་ས་ཐམས་ཅད་དུ་བལྟས་ལ་དབང་ལྡན་གྱི་མཚམས་ནས་བརྩམས་ལ་གཡས་བརྐྱང་བ་དང་། གཡོན་བརྐྱང་བ་ལ་སོགས་པའི་རྡོ་རྗེའི་
འགྲོས་ཀྱིས་གར་གྱི་ཚུལ་དུ་ས་ཀུན་དུ་བཅགས་ལ། ང་ཉིད་རང་ཉིད་རྡོ་རྗེ་ཅན། །འཇམ་པའི་རྡོ་རྗེ་ང་རང་ཉིད། །ང་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་སངས་རྒྱས་ཀུན་བདག་ཉིད། །བདག་པོ་ཆེན་པོ་རྡོ་རྗེ་བདག །བྱིན་གྱིས་བརླབ་པ་མི་འདོར་རོ། །ཧཱུྃ་དཀྱིལ་འཁོར་ཆེན་པོ་ས་གཞི་
ལ་གནས་པའི། །ལྷ་ལ་ཚོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །གནས་འདིར་འཇམ་དཔལ་ཕོ་བྲང་དཀྱིལ་འཁོར་འདྲི། །བགེགས་ཀྱི་རིགས་ཚོགས་གང་ཡིན་བྱེར་བར་གྱིས། །དེང་ས་ཕྱོགས་ནམ་མཁའ་ལྟར་དྲི་མ་མེད་པ་འདིར་རྣལ་འབྱོར་གྱི་དབང་ཕྱུག་ཆེ་
གེ་མོ་ཞེས་བྱ་བས་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱ་བའི་ཕྱིར། འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་བྲི་ཡིས་ལྷ་དང་ཀླུ་དང་དྲི་ཟ་དང་གནོད་སྦྱིན་དང་འབྱུང་པོ་དང་ཤ་ཟ་ལ་སོགས་པ་ཐམས་ཅད་སོང་ཅིག་ཅེས་བརྗོད་དོ། །འོད་ཟེར་མེ་ལྟ་བུའི་ཕྲེང་བས་

གདུག་པ་ཅན་ཐམས་ཅད་བསྲེག་པར་བསམ་མོ། །དེ་ནས་ཤར་ཕྱོགས་སུ་གཡས་བརྐྱང་བའི་སྟང་སྟབས་ཀྱིས་བགེགས་བསྐྲད་དོ། །ལྷོ་ཕྱོགས་སུ་གཡོན་བརྐྱང་བའི་སྟང་སྟབས་ཀྱིས་བགེགས་བསྐྲད་དོ། །ནུབ་ཕྱོགས་སུ་ཟླུམ་པོའི་སྟང་སྟབས་ཀྱིས་བགེགས་བསྐྲད་དོ། །
བྱང་ཕྱོགས་སུ་ས་གའི་སྟང་སྟབས་ཀྱིས་བགེགས་བསྐྲད་དོ། །དཀྱིལ་འཁོར་དབུས་སུ་ཧཱུྃ་གི་སྒྲ་འབྲུག་དང་འདྲ་བར་བརྗོད་པར་བྱའོ། །དེ་ནས་སེང་ལྡེང་ངམ་ལྕགས་ལས་བྱས་པའི་ཕུར་པ་སྟོད་ཁྲོ་བོ་ལ་སྨད་ལྕགས་ཀྱི་རྡོ་རྗེ་རྩེ་གཅིག་པར་འདུག་པ་ལྔ་ཧཱུྃ་ལས་བསྐྱེད་ལ། གཡོན་པའི་ཁུ་ཚུར་གྱིས་
བཟུང་ལ་གཡས་པས་རྡོ་རྗེ་ཐོགས་ལ་དབུས་དང་གྲྭ་བཞིར་གདབ་པོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱཾ་ཧཱུྃ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཧཱུྃ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨཱཛྙཱ་པ་ཡ་ཏི་ཀཱ་ཡ་བཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ། ཞེས་བྱ་བའི་སྔགས་ཀྱིས་ཕུར་བུ་བཏབ་
ལ། ཕུར་བུའི་ཕྱི་རོལ་དུ་རྡོ་རྗེའི་ར་བ་དྲ་བ་དང་བཅས་པ་བསམ། ཨོཾ་བཛྲ་ཡཀྵ་ཧཱུྃ། ཞེས་བྱ་བའི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནས་སའི་ལྷ་མོ་ནམ་མཁའ་ལ་ཕབ་ལ་དེ་ལ་གཏོར་མ་བྱིན་ལ་ས་ལ་ཐིམ་པར་བྱའོ། །འདི་ནི་ས་བསླང་བའི་རིམ་པའོ།། །།དེ་ནས་དཀྱིལ་འཁོར་གྱི་ས་ཙནྡན་ལ་
སོགས་པའི་དྲིའི་ཆུས་བྱུགས་ལ་ལྷའི་གྲངས་དང་མཉམ་པའི་དྲིའི་ཐིག་ལེ་ཟླུམ་པོ་བྱས་ལ་དེ་ལ་མེ་ཏོག་གི་ཚོམ་བུ་བཀོད་ལ་སྐད་ཅིག་མས་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་ལ། དེ་ལ་མཆོད་པ་དང་བསྟོད་པ་བྱས་ལ། མཁྱེན་པར་གསོལ་བ་ནི་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་
འདི་སྐད་ཅེས་བརྗོད་དོ། །འཇམ་དཔལ་དཔའ་བོ་རྡོ་རྗེ་ཆེ། །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །དཀྱིལ་འཁོར་ཐུགས་རྗེའི་བདག་ཉིད་ཅན། །མགོན་པོ་བདག་ཉིད་བྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱོད་ལ་མཆོད་པ་བྱ་བའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་
ལ་བཀའ་དྲིན་མཛད་པར་འོས། །འགྲོ་བའི་འཁོར་ལོ་དོན་མཛད་པ། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང་། །སྔགས་ཀྱི་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །སངས་

རྒྱས་བསྟན་ལ་དགའ་བ་རྣམས། །འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་འདི། །འགྲོ་བ་དག་ཕྱིར་བདག་བྲི་བས། །བདག་དང་སློབ་མར་བཅས་པ་ལ། །དཀྱིལ་འཁོར་བྱིན་བརླབས་དངོས་གྲུབ་སྩོལ། །ཞེས་ལན་གསུམ་བརྗོད་དེ། འདི་ནི་ལྷ་ལྷག་པར་གནས་པའི་རིམ་པའོ། །དེ་ནས་དངུལ་
ལམ་གསེར་གྱི་བུམ་པ་ཁ་དོག་དཀར་པོར་བསྒྱུར་ལ་ལྷའི་གྲངས་དང་མཉམ་བའམ། །ཡང་ན་རྣམ་པར་རྒྱལ་བའི་བུམ་པ་དང་ལས་ཐམས་ཅད་པའི་བུམ་པའོ། །དེ་ནས་ལས་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེ་བྲི། །རྣམ་པར་རྒྱལ་བའི་བུམ་པ་ལ་རིགས་དྲུག་གི་མཚན་མ་བྲི་བར་བྱའོ། །གཙོ་བོའི་
བུམ་པར་སྨན་ལྔ་དང་། འབྲུ་ལྔ་དང་། རིན་པོ་ཆེ་ལྔ་དང་། དྲི་ལྔས་བཀང་ལ་མགུལ་པ་ལ་ཆིངས་ཉིས་རིམ་དུ་བཅིངས་ལ་མེ་ཏོག་གི་ཕྲེང་བ་དང་གདུགས་དཀར་པོས་དེ་གཡོགས་པར་བྱའོ། །གཞན་དག་ཏུ་ཡང་དྲི་ཞིམ་པོའི་ཆུས་དགང་བར་བྱའོ། །ཤིང་བཟང་པོའི་ལོ་མས་ཁ་བརྒྱན་པར་བྱའོ། །ཡང་
ན་བུམ་པ་བརྒྱད་དགོད་པར་བྱའོ། །གཙོ་བོའི་བུམ་པར་སྐད་ཅིག་གིས་ལྷ་ཚང་བར་བསྐྱེད་ལ་དགུག་གཞུག་དང་མཆོད་བསྟོད་དང་བཟླས་པ་བྱའོ། །ལས་ཐམས་ཅད་པའི་བུམ་པར་གཤིན་རྗེ་གཤེད་བསྐྱེད་ལ་དགུག་གཞུག་དང་མཆོད་བསྟོད་དང་བཟླས་པ་བྱའོ། །རྣམ་པར་རྒྱལ་བའི་བུམ་
པར་བཞུ་བར་བྱའོ། །ལས་ཐམས་ཅད་པའི་བུམ་པར་ནི་མི་བཞུའོ། །དེ་ནས་བུམ་པ་རྣམས་རས་གཙང་མའི་སྟེང་དུ་གཞག་གོ །འདི་ནི་བུམ་པ་ལྷག་པར་གནས་པའི་ཆོ་གའོ།། །།དེ་ནས་བར་ཆོད་ཞི་བར་བྱ་བ་དང་དངོས་གྲུབ་ཉེ་བར་བྱ་བའི་ཕྱིར་གཞུང་གཞན་དུ་བཤད་པའི་སྦྱིན་སྲེག་
བྱའོ། །དེ་ནས་ཕྱི་རོལ་དུ་གཏོར་མ་ཆ་གསུམ་གཏང་ངོ་། །དེའི་རྗེས་ལ་སློབ་མ་ལྷག་པར་གནས་པར་བྱའོ། །ཤར་ཕྱོགས་སུ་མཎྜལ་བྱས་ནས་ཕྱག་བྱ་སྟེ། པུས་མོ་ས་ལ་བཙུགས་ལ་ཐལ་མོ་སྦྱར་བར་བྱ་སྟེ། དགའ་ཆེན་ཁྱོད་བདག་སྟོན་པ་ཡིན། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །
བྱང་ཆུབ་སེམས་དཔའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །མགོན་པོ་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ཉིད་འཇུག་པར་མཛོད། །ཅེས་གསོལ་བ་གདབ་པོ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ།

བུ་ཚུར་ཐེག་པ་ཆེན་པོ་ཡི། །ཚུལ་ཆེན་སྣོད་ནི་ཁྱོད་ཡིན་ཏེ། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་
དང་། དེ་དག་ཀུན་གྱི་གསང་སྔགས་ཀྱིས། །ཆོ་ག་ཟབ་མོ་འདི་མཁྱེན་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །སྐྱོབ་པ་འཇམ་པའི་རྡོ་རྗེ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་ཕྱིར་ཀུན་མཁྱེན་ཐོབ་བྱའི་ཕྱིར། །
བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་དོ། །དེ་ནས་ཡང་སློབ་མས་འདི་སྐད་ཅེས་བརྗོད་པར་བྱའོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །བསོད་ནམས་ཀུན་ལ་རྗེས་ཡི་རང་། །བྱང་ཆུབ་མཆོག་ཏུ་སེམས་
བསྐྱེད་བགྱི། །སེམས་ཅན་ཐམས་ཅད་མགྲོན་དུ་གཉེར། །འགྲོ་ཕན་སངས་རྒྱས་འགྲུབ་པར་ཤོག །ཅེས་བྱ། དེ་ནས་བུའི་སྙིང་གར་རྡོ་རྗེ་བཟུང་ལ་ས་མ་ཡ་ཨ། སུ་ར་ཏ་སྟྭཾ་བཛྲ་སཏྭ་ས་མ་ཡ་ཧོ། བཛྲ་སཏྭ་ཡ་ཐཱ་སུ་ཁཾ་ཞེས་པས་སློབ་མ་ཡེ་ཤེས་སེམས་དཔར་བསྐྱེད་དོ། །དེ་ནས་སློབ་དཔོན་གྱིས་
སློབ་མ་ལ། ཨོཾ་ཨཱཿཧཱུྃ་ཞེས་བྱ་བས། སྤྱི་བོ་དང་མགྲིན་པ་དང་། ཐུགས་ཀ་རྣམས་སུ་རྡོ་རྗེ་དང་འཁོར་ལོ་དང་པདྨ་བསམ་མོ། །ཁུ་ཚུར་གཡས་པས་རྡོ་རྗེ་བཟུང་ལ་གནས་གསུམ་དུ་རེག་པར་བྱའོ། །དེ་ནས་སློབ་མ་དེ་ལ་སྤྱི་བོར་མེ་ཏོག །མདུན་དུ་བདུག་སྤོས། སྙིང་གར་བྱུག་པ། མིག་སྔར་
མར་མེ་བྱིན་ལ། སོར་བཅུ་གཉིས་པའི་ཚད་ཀྱིས་སོ། །ཤིང་ཨ་ཤྭད་ཐ་དང་ཨུ་དུམྺཱ་ར་ལ་སོགས་པའི་རྒྱུ་ལས་བྱུང་བ། གས་ཆག་མེད་པ་དྲང་པོ་མེ་ཏོག་གི་ཕྲེང་བ་ཅན། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཞེས་པའི་སྔགས་ཀྱིས་མངོན་པར་བཟླས་ཏེ་སྦྱིན་ནོ། །དེ་ནས་སོ་ཤིང་བཅའ་སྟེ། བ་ལང་གི་ཀོ་བ་ཙམ་གྱི་
མཎྜལ་བྱུགས་ལ། ཁ་ཤར་དུ་བལྟས་ལ་དྲང་པོར་དོར་རོ། །དེ་ལ་བདག་ཉིད་ལ་རྩེ་མོ་བལྟས་ན་མཆོག་འགྲུབ་ལ། ཤར་དུ་བལྟས་ན་འབྲིང་དུ་བཤད་ལ། མཚམས་དང་བྱང་ཤར་དུ་བལྟས་ན་འཇིག་རྟེན་པའི་དངོས་གྲུབ་ཐོབ། སོ་ཤིང་བོར་ལ་མཐུར་དུ་བལྟས་ན་འོག་གི་དངོས་གྲུབ་ཐོབ་བོ། །

དེའི་དྲི་ཆུ་ལ་ཨོཾ་པྲ་ཀྲྀ་ཏི་པ་རི་ཤུདྡྷེ་སརྦ་དྷརྨྨ་པྲ་ཀྲྀ་ཏི་པ་རི་ཤུདྡྷོ྅ཧཾ། ཞེས་པས་མངོན་པར་བསྔགས་ཏེ་ཧུབ་གསུམ་བླུད་པར་བྱའོ། །ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཞེས་བྱ་བ་བཟླས་པས་ཀུ་ཤ་སྔས་སུ་སྦྱིན་ཞིང་སྔགས་དེ་ཉིད་བཟླས་པ་སྟན་དུ་ཡང་སྦྱིན་ནོ། །ཨོཾ་ཨཱཿཧཱུྃ་བཟླས་པའི་སྐུད་པ་མདུད་པ་
གསུམ་དང་ལྡན་པ་ཡང་དཔུང་པ་གཡོན་པ་ལ་གདགས་སོ། །དེ་བརྟན་པར་བྱ་བའི་ཕྱིར། །ཨོཾ་མཉྫུ་ཤྲཱི་ས་མ་ཡ་མ་ནུ་པཱ་ལ་ཡ། མཉྫུ་ཤྲཱི་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿ
ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿ། །བྷ་ག་བཱན་སརྦ་ཏ་ཐཱ་ག་ཏོ་མཉྫུ་ཤྲཱི་མཱ་མེ་མུཉྩ་བཛྲཱི་བྷ་བ། མ་ཧཱ་ས་མ་ཡ་སཏྭ་ཨཱཿདེ་ནས་ཚིགས་སུ་བཅད་པ་འདིས་སྤྲོ་བ་བསྐྱེད་པར་བྱའོ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ཡང་ནི་རེས་འགའ་ཞིག །འབྱུང་འགྱུར་
ཡང་ནི་མི་འབྱུང་ངོ་། །གསང་སྔགས་ཀྱི་ནི་ཆོས་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་དྲི་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །གང་དག་པ་ཡི་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བས། །དེ་དག་གིས་ནི་འཁོར་བའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་བདེ་
བ་ཅན། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་བརྙེས། །གང་ཕྱིར་སངས་རྒྱས་སྲས་བཅས་པའི། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་ནས་སྐྱེ་བཞིན་པས། །དེར་ནི་ཁྱེད་རྣམས་འདོང་བ་ནི། །ཐེག་པ་ཆེན་པོར་ཆེར་འབྱུང་བའི། །
ལམ་མཆོག་འདི་ནི་དཔལ་དང་ལྡན། ཁྱེད་རྣམས་དེར་ནི་འགྲོ་བས་ན། །རང་བྱུང་སྐལ་བ་ཆེན་པོ་ལ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ཞེས་བསྟན་པར་བྱའོ། །དེ་ནས་ཐལ་མོ་སྦྱར་ཏེ་ཚིག་འདི་སྐད་བརྗོད་དེ། །ཁྱད་པར་གྱི་སྡོམ་པ་འཛིན་དུ་གཞུག་གོ །
མི་ལྡོག་པ་ཡི་དབང་བསྐུར་བ། །མགོན་པོས་བདག་ལ་སྩལ་ནས་ཀྱང་། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་འཕྲིན་ལས་ཡོངས་སུ་གསུངས། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་པ་བླ་ན་མེད་པ་གསུངས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། །དེ་

ནས་རྨི་ལམ་དུ་ཅི་བྱུང་བ་ནང་པར་ང་ལ་སྨྲོས་ཤིག་ཅེས་བརྗོད་ལ་གཏོང་ངོ་། །དེ་ནས་ནང་པར་རྨི་ལམ་འཛེམ་པ་མེད་པར་བཟླས་སོ། །རྨི་ལམ་སངས་རྒྱས་མཐོང་ན་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །མཆོད་རྟེན་དང་ནི་སྐུ་གཟུགས་མཐོང་། །ཞེས་པ་ལ་སོགས་པ་རྨི་ལམ་སྨྲས་
ལ་ངན་པ་མཐོང་ན་སྦྱིན་སྲེག་བྱའོ། །འདི་ནི་སློབ་མ་ལྷག་པར་གནས་པའི་ཆོ་གའོ།། །།དེ་ནས་སྐྱ་རེངས་ཤར་བའི་དུས་སུ་ལྷའི་རྣལ་འབྱོར་དང་ལྡན་པའི་སྙིང་གར་མཎྜལ་གྱི་ལྷ་རྣམས་བསྡུས་ལ་དཀྱིལ་འཁོར་གྱི་ས་གཞི་དྲིས་ཉེ་བར་བྱུགས་ལ། གང་ཟག་དབང་པོ་རབ་ཀྱིས་ནི་དྲིའི་ཐིག་ལེ་དང་མེ་
ཏོག་གི་ཚོམ་བུ་ལྷའི་གྲངས་དང་མཉམ་པར་བྱས་ལ། དེའི་སྟེང་དུ་དཀྱིལ་འཁོར་གྱི་ལྷ་རྣམས་ཏིང་ངེ་འཛིན་གྱིས་བསྐྱེད་ལ། དབང་པོ་རབ་ཀྱིས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། རབ་ཏུ་གནས་པ་དང་ཤི་བ་ལ་ཕན་གདགས་པ་རྣམས་བྱའོ། །གང་ཟག་དབང་པོ་འབྲིང་གིས་ནི་
བྲིས་སྐུའི་དཀྱིལ་འཁོར་མཎྜལ་དེ་ཉིད་སྟེང་དུ་བཀོད་ལ་དབང་བསྐུར་བ་ལ་སོགས་པ་བྱའོ། །གང་ཟག་དབང་པོ་ཐ་མས་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་དེ་ཉིད་དུ་བཀོད་ལ་དབང་བསྐུར་བ་ལ་སོགས་པ་བྱའོ། །གསར་པ་ལེགས་པར་བསྒྲིལ་བ་ནི། །ཁ་དོག་ལྔས་ནི་ལེགས་བསྒྱུར་ལ། །བྱིན་གྱིས་
བརླབ་པར་བྱས་ནས་ནི། །དཀྱིལ་འཁོར་གྱི་ནི་ཐིག་གདབ་པོ། །ཞེས་གསུངས་པ་ནི། ཉི་མ་ཤར་ཁར་བདག་རྒྱན་དང་ལྡན་པར་བྱས་ལ། ཚོན་སྐུད་སྣ་ལྔའི་སྐུད་པ་བཀལ་པ་སྟོང་པ་ཉིད་ལས། ཧཱུྃ་ཏྲྃ་ཧྲཱིཿཨཱཿཨོཾ་ལས་འོད་ཟེར་གྱི་རིགས་ལྔའི་ཐུགས་ཀ་ནས་ཡིག་འབྲུ་ལྔ་སྤྱན་དྲངས་ཏེ་གཉིས་སུ་
མེད་པར་བསྟིམ་པར་བྱས་ལ་ཡེ་ཤེས་ལྔའི་རང་བཞིན་དུ་བསམས་ལ་བསྒྲིལ་བར་བྱའོ། །ཙནྡན་ལ་སོགས་པས་བསྒོས་པའི་སྣོད་དུ་བཞག་ལ་མཆོད་པ་ལྔས་མཆོད་པར་བྱའོ། །འདི་ནི་ཐིག་སྐུད་བཀལ་བའི་རིམ་པའོ།། །།དེ་ནས་རྡོ་རྗེ་སློབ་དཔོན་གྱིས་སྲད་བུ་གཡོན་པའི་རྡོ་རྗེ་ཁུ་ཚུར་
གྱིས་བཟུང་ལ། ཛྫ་ཞེས་གྲུབ་པའི་གྲོགས་མཆོག་གི་ལག་ཏུ་གཏད་དོ། །ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་བསྒོམ་པར་བྱ་ཞིང་ཅི་བདེ་བར་གདབ་པར་བྱ། ཤར་དུ་བལྟས་ཏེ་ཐིག་དང་པོ་གདབ་པར་བྱའོ། །སློབ་དཔོན་ལྷོར་ཁ་བལྟས་ལ་ཚངས་ཐིག་གཉིས་པ་གདབ་པར་བྱ། དེ་ནས་མེའི་ཕྱོགས་ཀྱི་

ཆར་གནས་ལ་ཁ་བྱང་དུ་བལྟས་ལ་ཕྱིའི་ཐིག་གདབ་པར་བྱའོ། །རླུང་གི་ཕྱོགས་སུ་འདུག་སྟེ། ལྷོ་ཕྱོགས་སུ་བལྟས་ནས་ནུབ་ཀྱི་ཐིག་གདབ་པར་བྱའོ། །དེ་ཉིད་དུ་འདུག་སྟེ་བྱང་གི་ཐིག་གདབ་པར་བྱའོ། །ཡང་མེའི་མཚམས་སུ་འདུག་སྟེ། ལྷོ་ཕྱོགས་སུ་ཐིག་གདབ་པར་བྱའོ། །ཡང་དེ་
ཉིད་དུ་འདུག་སྟེ། རླུང་གི་ཕྱོགས་ཀྱི་བར་མཚམས་སུ་བར་གྱི་ཐིག་གདབ་པར་བྱའོ། །ཡང་བདེན་བྲལ་གྱི་ཕྱོགས་སུ་གནས་ཏེ་དབང་ལྡན་གྱི་བར་མཚམས་ཀྱི་བར་དུ་ཐིག་གདབ་པར་བྱའོ། །སློབ་དཔོན་གྱིས་ཀྱང་སློབ་མའི་སྐོར་ཕྱོགས་སུ་འགྲོ་བར་བྱའོ། །དེ་ལྟར་ཐིག་ཆེན་བརྒྱད་བཏབ་པས། །
ངོས་བཞི་དཀྱིལ་འཁོར་བཞི་རུ་འགྱུར། །སོ་སོའམ་ཆ་ཆེན་བཅུ་དྲུག་ཏུ། །སོ་སོར་རྣམ་པར་དབྱེ་བར་བྱ། །ཞེས་བྱ་བ་གསུངས་པས། ཆ་ཆེན་པོ་བཅུ་དྲུག་ལ། ཆ་བྲན་་སོར་བགོས་ལ་གདབ་པར་བྱའོ། །ཕྱོགས་རེ་རེ་ནས་ཆ་ཆེན་པོ་བརྒྱད་ཡོད་པ་ལས། ཆ་གསུམ་ལ་ནི་ནང་གི་
དཀྱིལ་འཁོར་བྱའོ། །ཆ་གཉིས་ལ་ནི་དཀྱིལ་འཁོར་བར་མའི་ཐིག་གདབ་པར་བྱའོ། །ཆ་ཆེན་པོ་གསུམ་ལ་ནི་ཕྱིའི་དཀྱིལ་འཁོར་བྱའོ། །དཀྱིལ་འཁོར་གསུམ་ཀ་ཡང་ཟུར་བཞི་པ་སྒོ་བཞི་རྟ་བབས་དང་བཅས་པ་ཏྭ་ར་ཎས་ཡོངས་སུ་བརྒྱན་པའོ། །དེ་ལྟར་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱའོ། །
དེ་ནས་སོ་སོར་རྣམ་པར་དབྱེ་བར་བྱ་སྟེ། ཞེས་གསུངས་པས་ན་ཆ་བྲན་སོ་སོར་བགོས་ལ་ཐིག་གདབ་པར་བྱའོ། །དེ་ལ་ནང་གི་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱ་སྟེ། ཚངས་པའི་ཐིག་གི་གཡས་གཡོན་ནས། །ཆ་ཆུང་བཅུ་གཉིས་ཡོད་པ་དེ། །གཉིས་གཉིས་སུ་ནི་དབྱེ་བར་བྱའོ། །ཚངས་པའི་
ཐིག་གི་གཡས་གཡོན་ནས། །གསུམ་པ་དང་ནི་ལྔ་པ་དང་། །བཅུ་གསུམ་པ་དང་བཅུ་དྲུག་པ། །དེ་བཞིན་བཅུ་དགུ་པ་དག་ལ། །ཆ་ལྔ་ཕྱོགས་བཞིར་བགོ་བྱས་ལ། །སྒོ་ཁྱུད་ལ་སོགས་རྣམ་ལྔ་ཡིས། །ཚོན་སྣ་ལྔ་ཡིས་ས་གཞིར་བསྒྱུར། །དེ་ནས་ཕོ་བྲང་རིམ་པ་ནི། །ཆ་བྲན་བདུན་
ལས་བསྐོར་བྱས་ཏེ། །དེ་ནས་ཆ་ཆུང་གཅིག་གིས་བསྐོར། །ནང་གི་རྡོ་རྗེ་ར་བར་བཤད། །དེ་ནང་ཆ་བཞི་འཁོར་ལོ་བྱའོ། །དབུས་ཀྱི་ལྟེ་བ་ཆ་གཉིས་ཡིན། །འཁོར་ལོ་རྩིབས་བཞི་ལྟེ་བར་བྱས། །རྩིབས་བཞི་དག་དང་བཅས་པ་ནི། །གཙོ་བོ་ལྔ་དང་ཡུམ་བཞིར་གནས། །དེ་ཡི་ཕྱི་རོལ་

ཆ་བཞི་ལ། །བསྐོར་ཏེ་འཁོར་ལོ་རྩིབས་བཅུ་དྲུག །སེམས་དཔའ་བཅུ་དྲུག་གནས་སུ་བཤད། །ཆ་གཅིག་རྡོ་རྗེའི་ར་བར་བསྐོར། །དེ་ཡི་གྲུ་ཆད་བཞི་པོ་ལ། །སྒེག་མོ་ལ་སོགས་གནས་སུ་བཤད། །སྒོ་བཞི་དག་ཏུ་སྒོ་བ་དགོད། །ཕྱི་རོལ་ཆ་ལྔ་ཡོད་པ་ལ། །
ཆ་བཞི་ནམ་མཁའ་སྟོང་པར་བྱ། །ཆ་གཉིས་ལ་ནི་རྟ་བབས་བྱ། །གདུགས་དང་འཁོར་ལོ་ཆ་རེ་ཡིན། །དཀྱིལ་འཁོར་བར་མའི་ཐིག་གདབ་པ། །ཆ་ཆེན་གཉིས་པོ་བཞི་རུ་དབྱེ། །ཆ་ཆེན་གཅིག་ལ་ལྷ་སྣམ་བྱ། །ཆ་གསུམ་བཞི་བཞིར་དབྱེ་བར་བྱ། །དེ་ལྟར་བཅུ་གཉིས་ཡོད་པ་ལ། །
དང་པོ་དང་ནི་བཞི་པ་དང་། །དེ་བཞིན་དུ་ནི་བདུན་པ་རྣམས། །ཆ་ལྔ་དག་ཏུ་བགོ་བྱས་ཏེ། །ཚོན་སྣ་ལྔ་ཡིས་ས་གཞི་བསྒྱུར། །ནམ་མཁའ་སྟོང་པ་ཆ་ཆུང་གཅིག །རྟ་བབས་ལ་ནི་ཆ་གཉིས་ཏེ། །གདུགས་དང་འཁོར་ལོ་ཆ་རེ་ཡིན། །ཕྱི་རོལ་དཀྱིལ་འཁོར་ཐིག་གདབ་པ། །ཆ་ཆེན་
གསུམ་ནི་བཞི་བཞིར་དབྱེ། །ཆ་ལྔ་རིགས་ལྔའི་སྣམ་བུ་སྟེ། །ཆ་བདུན་གཉིས་གཉིས་དབྱེ་བར་བྱ། །དེ་ལྟར་བཅུ་བཞི་ཡོད་པ་ལ། །དང་པོ་དང་ནི་ལྔ་པ་དང་། །དེ་བཞིན་དགུ་པ་ཆ་ཆུང་བགོ །ཚོན་སྣ་ལྔ་ཡིས་ས་གཞི་བསྒྱུར། །ནམ་མཁའ་སྟོང་པ་ཆ་ཆུང་གཅིག །རྟ་བབས་ལ་ནི་ཆ་གཉིས་
ཏེ། །གདུགས་དང་འཁོར་ལོ་ཆ་རེ་ཡིན། །རྡོ་རྗེ་མེ་རི་ཆ་རེ་སྟེ། །དེ་ལྟར་ཕྱོགས་བཞིར་བགོ་བྱས་ལ། །རིགས་བསྡུས་དཀྱིལ་འཁོར་ཐིག་གདབ་པོ། །ད་ནི་རིགས་སོ་སོར་ཕྱེ་བའི་དཀྱིལ་འཁོར་ཐིག་གདབ་པ་ནི། །བྱང་སེམས་རྡོ་རྗེའི་དཀྱིལ་འཁོར་ནི། །རིགས་བསྡུས་དཀྱིལ་འཁོར་
ནང་དང་འདྲ། །རྣམ་པར་སྣང་མཛད་དཀྱིལ་འཁོར་ནི། །གཙོ་བོ་ཆ་གསུམ་གདུང་ཆ་གཅིག །ནང་གི་ཕྱོགས་བཞིར་ཆ་དྲུག་ཡིན། །ཕྱི་ཡི་ཕྱོགས་བཞིར་ཆ་བདུན་ཏེ། །ཕྱི་ཡི་རྡོ་རྗེ་ཕྲེང་ཆ་གཅིག །མི་བསྐྱོད་པ་ཡི་དཀྱིལ་འཁོར་ནི། །ཕྱི་རུ་རྡོ་རྗེ་ཕྲེང་ཆ་གཅིག །ཤར་དུ་ཆ་བཞི་ལྷོ་བྱང་གི །
ཚངས་ཐིག་ཐད་ཀར་ཆ་བཞི་སྟེ། །བོར་ནས་ནུབ་ཀྱི་ཟླ་གམ་ཚད། །ཕྱི་རོལ་ཀ་བ་ནང་གི་ཆ། །ཆ་བྲན་བཅུ་དྲུག་ཟླ་བའི་དབྱིབས། །དེ་ནས་ནང་གི་ཆ་དབྱེ་བ། །གཙོ་བོའི་ཆ་གཉིས་གདུང་ཆ་གཅིག །ལྷག་མ་ལྷ་སྣམ་བཅུ་བཞིའི་གནས། །པདྨ་གར་དབང་ཕོ་བྲང་ནི། །གཙོ་བོའི་ཆ་གསུམ་

གདུང་ཆ་གཅིག །ནང་གི་ཕྱོགས་བཞིར་ཆ་དྲུག་ཡིན། །ཕྱི་ཡི་ཕྱོགས་བཞིར་ཆ་བདུན་ཏེ། །རྡོ་རྗེ་ར་བ་གོང་དང་མཚུངས། །རྡོ་རྗེ་ཉི་མའི་དཀྱིལ་འཁོར་དང་། །རྟ་མཆོག་དོན་ཡོད་གྲུབ་པ་ཡི། །དཀྱིལ་འཁོར་ཐིག་ཀྱང་གོང་མ་བཞིན། །ཆ་བགོ་བ་ནི་མཐུན་པ་ཡིན། །ཞེས་བསྟན་པ་ཤེས་རབ་
དང་ལྡན་པས་ཐིག་གདབ་པར་བྱའོ། །སེང་ལྡེང་གི་ཕུར་པ་ལ་བརྟོད་པའི་སྲད་བུས་ནང་གི་དཀྱིལ་འཁོར་ཕྱིའི་རྡོ་རྗེའི་ཕྲེང་བ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། །གཡས་ནས་བསྐོར་བར་བྱའོ། །དཀྱིལ་འཁོར་གྱི་ཚད་ནི་ཉིས་འགྱུར་དུ་བྱའོ། །དེ་ཡང་། སངས་རྒྱས་དཀྱིལ་འཁོར་ཟླུམ་པོ་སྟེ། རྡོ་རྗེ་
ཅན་གྱི་ཟླ་གམ་ཡིན། །པདྨ་ལ་ཡང་པདྨ་སྟེ། །རིན་ཆེན་ལ་ཡང་རིན་ཆེན་ཉིད། །ལས་ཀྱི་རིགས་ལ་སྣ་ཚོགས་པའི། །རྡོ་རྗེ་ཉིད་ནི་ཡིན་པར་འདོད། །ཐིག་འདེབས་པའི་དུས་སུ་སྔགས་འདི་བརྗོད་ཅིང་གདབ་པར་བྱའོ། །ཨོཾ་བཛྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུྃ་འདི་ནི་ཐིག་གདབ་པའི་ཆོ་གའོ། །དེ་ནས་ཚོན་
གྱི་ལས་བཤད་དེ། །སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་དཀར་པོ་རྣམས་རིམ་པ་བཞིན་དུ་ཧཱུྃ་ཏྲཱཾ་ཧྲཱིཿཨཿཨོཾ་ལས་སྟོང་པ་སྔོན་དུ་འགྲོ་བ་ལས་ཡི་གེ་ལྔ་བསྐྱེད་ལ་དེ་ནས་རང་བཞིན་གྱི་གནས་ནས་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀ་ནས་ཡི་གེ་འབྲུ་ལྔ་སྤྱན་དྲངས་ནས་གཉིས་སུ་མེད་པར་བསྟིམ་མོ། །
ཨོཾ་བཛྲ་ས་མ་ཡ་ཛཿཙིཏྟ་ཧཱུྃ་ཞེས་པའི་སྔགས་བཟླས་པས་ཡེ་ཤེས་ལྔའི་རང་བཞིན་དུ་སྦྱང་བར་བྱའོ། །དེ་ནས་ཚོན་དགྱེ་བ་བརྩམ་པར་བྱ་སྟེ། གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས། །དབང་ལྡན་མཚམས་ནས་དགྱེ་བྱས་ལ། །ཕྱི་ནང་ཀུན་དུ་སློབ་མ་ཡིས། །ཞེས་བྱ་བ་ནི་དཀར་པོ་ནས་དྲངས་ཏེ། མཛུབ་གང་བླ་མའི་ལག་
པ་གཡོན་པས་བྲིས་ནས་ངག་ཏུ་འདི་སྐད་བརྗོད་པར་བྱའོ། །ཆོས་དབྱིངས་དེ་དག་གནས་པས་ན། །སེམས་ཅན་ཁམས་ནི་རབ་གྲོལ་བྱེད། །རྒྱལ་བ་འཇམ་པའི་རྡོ་རྗེ་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་བརྗོད་པས་ཕུར་བུ་གདོན་པར་བྱའོ། །ཤར་ཕྱོགས་སུ་ནི་སྔོན་པོ་སྟེ། །ལྷོར་ནི་
སེར་པོ་ཡང་དག་ལྡན། །ནུབ་ནི་པདྨ་རཱ་ག་སྟེ། །ལྗང་གུ་བྱང་དུ་ཡིན་པར་འདོད། །དབུས་ཀྱི་ས་ཡི་ཆ་ཉིད་ནི། །ཤེལ་ལྟར་སྣང་བ་བླ་ན་མེད། །སྔོན་པོ་རྡོ་རྗེ་རྩེ་རང་བཞིན། །གཉིས་པ་གསེར་ལ་དམིགས་པ་སྟེ། །པདྨ་ཆགས་པའི་ངོ་བོ་གཞི། །དེ་བཞིན་གཤེགས་ནི་མར་ཀཏ་འདྲ། །

དཀར་པོ་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་གྲགས། །ཞེས་གསུངས་པས་ནི། །རྩེ་གཅིག་ཏུ་བྲི་བར་བྱའོ། །དེ་ལྟར་བྲིས་ལ་ལྷ་དགོད་པ་ནི་དབུས་སུ་རྣམ་པར་སྣང་མཛད་དོ། །འཁོར་ལོའི་རྩིབས་བཞི་ལ་ནི་རིགས་བཞིའོ། །གྲུ་ཆད་བཞི་ལ་ཡུམ་བཞིའོ། །
དེའི་ཕྱི་རོལ་ཏུ་འཁོར་ལོ་རྩིབས་བཅུ་དྲུག་ལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། རྒྱལ་པོ་སེར་པོ། །ཆགས་པ་དམར་པོ། ལེགས་པ་ལྗང་གུ། རིན་ཆེན་སེར་པོ། གཟི་བརྗིད་དམར་པོ། རྒྱལ་མཚན་ནམ་མཁའི་མདོག་ཅན། བཞད་པ་དཀར་པོ། ཆོས་དཀར་དམར། རྣོན་པོ་སྔོ་
བསངས། འཁོར་ལོ་རྒྱུ་སེར་པོ། སྨྲ་བ་ཟངས་ཀྱི་མདོག་ཅན། རྡོ་རྗེ་ལས་སྣ་ཚོགས་པའི་མདོག་ཅན། །རྡོ་རྗེ་སྲུང་བ་སེར་པོ། རྡོ་རྗེ་གནོད་སྦྱིན་ནག་པོ། རྡོ་རྗེ་ཁུ་ཚུར་སེར་ལྗང་། ནང་གི་གྲུ་ཆད་བཞི་ལ་སྒེག་མོ་དཀར་མོ། ཕྲེང་བ་མ་སེར་མོ། གླུ་མ་དཀར་མོ། གར་མ་ལྗང་ཁུའོ། །དེ་ནས་ཕྱིའི་ལྷ་
མོ་བཞི་ནི་བདུག་པ་མ་སྐུ་མདོག་དཀར་མོ། མེ་ཏོག་མ་སེར་མོ། མར་མེ་མ་དམར་སྐྱ། བྱུག་པ་མ་ལྗང་གུ སྒོ་བཞིར་སྒོ་བ་རྣམས་དགོད་པར་བྱའོ། །དེ་ནས་དཀྱིལ་འཁོར་ཕྱི་མ་ལ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བཅུ་དྲུག་ཁྱམས་སུ་དགོད་པར་བྱ་སྟེ། དེའང་ཤར་ཕྱོགས་པ་
རྣམས་ནི་སྐུ་མདོག་དཀར་མོ་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། ལྷོ་ཕྱོགས་པ་རྣམས་ནི་སྐུ་མདོག་སེར་པོ་རཏྣ་བསྣམས་པའོ། །ནུབ་ཕྱོགས་པ་རྣམས་ནི་སྐུ་མདོག་དམར་པོ་པདྨ་བསྣམས་པའོ། །བྱང་ཕྱོགས་པ་རྣམས་ནི་སྐུ་མདོག་ལྗང་གུ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་བསྣམས་པའོ། །དེ་ནས་སྒོ་
བཞིར་སྒོ་མ་ལྕགས་ཀྱུ་མ་དཀར་མོ། ཞགས་པ་མ་སེར་མོ། ལྕགས་སྒྲོག་མ་དམར་སྐྱ། དྲིལ་བུ་མ་ལ