Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 65
Văn bản gốc(Tây Tạng)
Trang 5 / 18 (50.000 ký tự/trang)
།ཐིམ་པའི་བྱིན་བརླབས་ལས་བསམ་པ། ། བཅོམ་ལྡན་ཡེ་ཤེས་སེམས་དཔའ་ཡི། །རྩ་བའི་སྔགས་སོགས་འཁོར་ལོ་ཡི། །མུ་ཁྱུད་བཞི་ལ་གསལ་བར་བསྒོམ། །དང་པོའི་མུ་ཁྱུད་ལ་བསམ་པ། །ཨོཾ་སརྦ་དྷརྨྨ་ཨ་བྷ་བ་སྭ་བྷ་བ། བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨཿ། དེ་ཡི་ཕྱི་རིམ་མུ་ཁྱུད་ནི། །གཉིས་པ་ལ་ནི་བསམ་བྱ་བ། །ས་མཆོག་ བཅུ་གཉིས་རྫོགས་རྟགས་སུ། །སྒྲ་ཡིག་བཅུ་གཉིས་དགོད་པ་ནི། །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ། འཁོར་ལོ་ལྕེ་ལ་བསམ་པ་ནི། །དང་པོ་ལྕེ་ནས་བསམ་བྱས་ཏེ། །སྔགས་ནི་ཇི་ཙམ་བཀོད་པ་ནི། །རིགས་ཀྱི་མདོག་དང་སྦྱར་བར་བྱ། །དང་པོ་ལྕེ་ལ་བསམ་བྱ་བ། །ཨོཾ་བཛྲ་ཏཱིཀྵ་ཡ་ཏེ་ ན་མཿ། གཉིས་པ་ལ་ནི་དགོད་བྱ་བ། །ཨོཾ་དུཿཁཙྪེ་ད་ཡ་ཏེ་ན་མཿ། གསུམ་པ་ངེས་པར་དགོད་པ་ནི། །ཨོཾ་པྲཛྙཱ་ཛྙཱ་ན་མཱུརྟྟ་ཡེ་ཏ་ན་མཿ། བཞི་པ་རྟག་ཏུ་རིག་བྱ་བ། །ཨོཾ་ཛྙཱ་ན་ཀཱ་ཡཱ་ཡ་ཏེ་ན་མཿ། ལྔ་པ་ལ་ནི་ངེས་བསྒོམ་པ། །ཨོཾ་བཱ་གཱི་ཤྭ་ར་ཡ་ཏེ་ན་མཿ། དྲུག་ལ་མཐའ་སྟེ་བསམ་པ་ནི། །ཨོཾ་ཨ་ར་ པ་ཙ་ན་ཡ་ཏེ་ན་མཿ། འཁོར་ལོ་མུ་ཁྱུད་གསུམ་པ་ལ། །བཅོམ་ལྡན་བདེ་གཤེགས་ཐམས་ཅད་ཀྱི། །ཡེ་ཤེས་སེམས་དཔའ་སྐུ་ཡི་སྔགས། །ཕྲེང་བ་དགོད་པ་འདི་དག་གོ། །ཨ་ཨཱ་སརྦྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུྃ་ཧྲཱིཿབྷ་ག་བཱན། ཛྙཱ་ན་མཱུརྟྟི། བཱ་གཱི་ཤྭ་ར་མ་ཧཱ་པཱ་ཙ། སརྦྦ་དྷརྨྨ་ག་ ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ། དྷརྨྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ། ཕྱི་རོལ་མུ་ཁྱུད་ཐ་མ་ལ། །ཡི་གེ་ཀ་སོགས་ཧ་ཡི་མཐར། །ཐུག་པའི་ཡི་གེ་རྣམས་བཀོད་པ། །འཁོར་ལོ་སྔགས་ཀྱི་རིམ་པའོ། །འཁོར་ལོ་དེ་དག་ཐམས་ཅད་ཀྱང་། །བྲིའམ་བསམ་པ་བྱས་ན་ནི། །ཉེས་པར་མི་འགྱུར་ལེགས་པ་འཐོབ། །དེ་ནི་ ཤེས་རབ་འཁོར་ལོའོ། །ཤེས་རབ་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ཏོ། །དེ་ནས་འཁོར་ལོ་དེ་དབུས་སུ། །ཨ་ལས་བསྐྱེད་པའི་བཅོམ་ལྡན་འདས། །ཡེ་ཤེས་སེམས་དཔའ་ཞལ་དྲུག་པ། །སྟོན་ཀའི་ཟླ་བ་ལྟར་གསལ་ཞིང་། །ཨིནྡྲ་ནཱི་ལའི་གཙུག་ཕུད་ཅན། །ཉི་མ་འཆར་ཀའི་འོད་འདྲས་བསྐོར། །ཞི་བའི་ངང་ ཚུལ་དང་ལྡན་ཞིང་། །གཡས་དང་གཡོན་གྱི་ཕྱག་གཉིས་ཀྱིས། །ཨུཏྤལ་དམར་པོ་གཡས་པ་ནི། །གཡོན་པ་ན་ནི་སྔོན་པོ་ཉིད། །ཨུཏྤལ་དེ་གཉིས་སྟེང་ཉིད་ན། །ཤེས་རབ་པོ་ཏིས་མཛེས་པའོ། །དེའི་ཐུགས་ཀར་ཟླ་བ་བསམ། །དེ་དབུས་ཐམས་ཅད་ཀུན་ངོ་བོ། །ཡི་གེ་ཨ་ནི་གསལ་བཀོད་དེ། །དེ་ནས་ འཁོར་ལོ་ལ་གནས་སྔགས། །ཇི་ལྟར་བསྟན་པའི་ཁ་དོག་དང་། །དེ་བཞིན་ལྡན་པར་རྣམ་བསམ་སྟེ། །མི་ཤེས་རི་འཇོམས་འོད་དང་ལྡན། །འོད་དེས་རང་གི་ལུས་ཉིད་ལ། །སྣང་བ་བྱེད་པ་བསྒོམ་པར་བྱ། །སྣང་བར་གྱུར་མ་ཐག་ཏུ་ནི། །ཞལ་བཞིའི་སྒོ་ནས་དབྱུང་བྱ་སྟེ། །འཇིག་རྟེན་ཁམས་ཀུན་ སྣང་བར་བྱས། །དེ་ནས་རྡོ་རྗེ་སྒོ་དྲུག་ནས། །ཁ་དོག་དྲུག་ལྡན་འོད་ཕྱུང་སྟེ། །ནམ་མཁའི་ཁམས་ཀུན་ཁྱབ་བྱས་ནས། །སངས་རྒྱས་ཞིང་ཁམས་གསལ་བར་འགྱུར། །ལས་གཉིས་བྱས་ནས་སླར་འདུས་པས། །ཡེ་ཤེས་རྡོ་རྗེ་དེ་ཉིད་ལ། །ལན་གསུམ་བསྐོར་ནས་ཁར་ཞུགས་ཏེ། །ཤེས་རབ་ ཡེ་ཤེས་དེ་བཀུག་ནས། །བདག་མེད་མ་ལ་རབ་བཅུག་ནས། །སྙིང་ག་ཟླ་བ་ལ་གནས་པའི། །སྔགས་དང་གཅིག་ཏུ་འདྲེས་གྱུར་ནས། །དེ་ཉིད་བརྟན་པར་བདག་གིས་བསྒོམ། །དེ་ལྟར་སྤྱོད་པའི་སེམས་དཔའ་ཡིས། །ཡེ་ཤེས་སྐུ་ཡི་རྣམ་པ་དང་། །ཟླ་བའི་སྒོ་ནས་གཟུགས་བསམས་ནས། །ཨ་ཡི་རྣམ་ པས་གཟུགས་བསྒོམ་པ། །གསུམ་པ་སྤྲུལ་པའི་གཟུགས་ཀྱི་སྐུ། །རིང་པོར་མི་ཐོགས་འདུལ་དབང་གིས། །ཉེ་བར་བཟུང་ནས་མངོན་སྣང་ངོ་། །དེ་དག་གིས་ནི་བྱང་ཆུབ་པའི་སྒྱུ་འཕྲུལ་དྲ་བའི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཏོ། །དེ་ནས་རིགས་ཀྱི་འཁོར་ལོ་དྲུག །རིམ་པ་བཞིན་དུ་བཤད་བྱས་ཏེ། ། གཙོ་བོའི་གནས་སུ་ཧྲཱིཿལས་ནི། །མཐའ་ཡས་དམར་པོའི་མདོག་ལྡན་པ། །ཏིང་འཛིན་སྦྱོར་བ་ལ་གནས་ཏེ། །དེ་ཡི་སྙིང་གར་དང་པོ་ཡི། །སངས་རྒྱས་གོང་དང་མཐུན་པར་བསྒོམ། །དེའི་ཐུགས་ཀར་འཁོར་ལོ་ནི། །ལྕེ་བརྒྱད་མུ་ཁྱུད་བཞིར་ལྡན་པ། །སྔགས་དང་ལྡན་ པར་བསྒོམ་པར་བྱ། །བརྒྱད་དང་ལྡན་པའི་ས་བོན་ནི། །ཨོཾ་བཛྲ་ཏཱིཀྵ་ཡ་ཏེ་ན་མཿཞེས་པའི་སྔགས་ནི་དགོད་བྱས་ནས། །འཁོར་ལོའི་ལྟེ་བའི་དབུས་ཉིད་དུ། །ཡི་གེ་དྷཱིཿལས་ཡོངས་གྱུར་པའི། །རྡོ་རྗེ་རྣོན་པོ་མདོག་དམར་པོ། །གཙུག་ཕུད་ལྔ་ཡི་དབུ་རྒྱན་ཅན། །གཞོན་པའི་རྒྱན་དང་ལྡན་པ་ཡི། ། སྣ་ཚོགས་དར་གྱི་གོས་དང་ལྡན། །གཡས་ན་ཤེས་རབ་རལ་གྲི་བསྣམས། །དེ་བཞིན་གཡོན་ན་པདྨ་འཛིན། །དེའི་སྙིང་ག་ཟླ་སྟེངས་ན། །ཡི་གེ་དྷཱིཿནི་རྣམ་བསྒོམས་ཏེ། །སྤྲོ་དང་བསྡུ་བ་སྔོན་བཞིན་བྱ། །དེ་བཞིན་དཀྱིལ་འཁོར་དེ་དབུས་སུ། །ཧཱུྃ་གི་ཡི་གེ་ལས་བསྐྱེད་པའི། །མི་བསྐྱོད་ས་གནོན་ ཕྱག་རྒྱ་ཅན། །སྔོན་པོའི་མདོག་ཅན་དེ་བཞིན་བསྒོམ། །དེ་ཡི་སྙིང་གར་དང་པོ་ཡི། །སངས་རྒྱས་བསྒོམ་པ་སྔོན་བཞིན་བྱ། །དེ་ཡི་སྙིང་གར་སྔོན་བཞིན་དུ། །ལྕེ་བརྒྱད་པ་ཡི་འཁོར་ལོ་བསྒོམ། །སྔོན་བཞིན་དེ་བཞིན་སྔགས་དགོད་བྱ། །རིམ་པ་བཞིན་དུ་ལྕེ་ལ་བསྒོམ། །ཨོཾ་དུཿཁཙྪེ་ ད་ཡ་ན་མཿ། ཞེས་པའི་སྔགས་ནི་དགོད་བྱ་སྟེ། །ལྟེ་བའི་དབུས་སུ་བསྒོམ་བྱ་བ། །ཡི་གེ་ཧཱུྃ་ལས་བསྐྱེད་བྱ་བ། །རྡོ་རྗེ་རལ་གྲི་ཞེས་ཀྱང་བྱ། །སྔོན་པོ་གཞོན་ནུའི་གཟུགས་དང་ལྡན། །ཟུར་ཕུད་ལྔ་ལ་ཅོད་པན་ཅན། །གཡས་གཡོན་རྡོ་རྗེ་རལ་གྲི་འཛིན། །དེ་ཡི་སྙིང་ག་ཟླ་སྟེང་ན། །ཡི་གེ་ཧཱུྃ་བསྒོམ་ སྔོན་བཞིན་དུ། །སྤྲོ་དང་བསྡུ་བ་སྔོན་བཞིན་བྱ། །དེ་ནས་སྔོན་གྱི་སྦྱོར་ལྡན་པས། །དེ་བཞིན་འཁོར་ལོའི་དབུས་ཉིད་དུ། །ཨ་ལས་བསྐྱེད་པའི་རྣམ་སྣང་མཛད། །དཀར་པོའི་མདོག་ལྡན་ཕྱག་རྒྱ་ནི། །བྱང་ཆུབ་མཆོག་དང་རབ་ལྡན་པའི། །འཁོར་ལོ་བསྒོམས་ཏེ་དེ་སྙིང་གར། །དང་པོའི་སངས་རྒྱས་ བསྒོམ་བྱ་སྟེ། །སྙིང་གར་ལྕེ་བཅུར་ལྡན་པར་བསམ། །ཨོཾ་པྲཛྙཱ་ཛྙཱ་ན་མཱུརྟྟ་ཡ་ན་མཿ། ཞེས་པའི་སྔགས་ནི་དགོད་བྱས་ཏེ། །དེ་ཡི་ལྟེ་བ་ལ་བསྒོམ་པ། །ཡི་གེ་ཨ་ལས་ཡོངས་གྱུར་པའི། །བཅོམ་ལྡན་ཤེས་རབ་ཡེ་ཤེས་ཅན། །མདོག་དཀར་སྔོན་གྱི་ཆ་ལུགས་ཅན། །གཡོན་ན་འཁོར་ལོ་རབ་འཛིན་ཅིང་། ། གཡས་ན་རལ་གྲི་དེ་བཞིན་ནོ། །དེ་ཡི་སྙིང་གང་ཟླ་དཀྱིལ་བསྒོམ། །དེ་སྟེང་ཡི་གེ་ཨ་བསྒོམས་ཏེ། །སྤྲོ་དང་བསྡུ་བ་སྔོན་བཞིན་བྱ། །དེ་བཞིན་དཀྱིལ་འཁོར་དབུས་ཉིད་དུ། །ཡི་གེ་ཨ་ལས་རབ་བྱུང་བ། །མདོག་ལྗང་དོན་གྲུབ་མི་འཇིགས་པ། །ཕྱག་རྒྱར་ལྡན་པ་བསྒོམ་བྱས་ཏེ། །དེ་ཡི་སྙིང་གར་དང་ པོ་ཡི། །སངས་རྒྱས་བསྒོམ་པ་སྔོན་བཞིན་ཏེ། །དེ་ཡི་ཐུགས་ཀར་ལྕེ་བརྒྱད་པའི། །འཁོར་ལོ་བསྒོམ་པ་སྔོན་བཞིན་བསྒོམ། །དེ་ཡི་ཐུགས་ཀར་དགོད་བྱ་ཡིས། །སྔགས་ཀྱི་རྒྱལ་པོ་འདི་དག་གོ །ཨོཾ་ཛྙཱ་ན་ཀཱ་ཡ་ཡ་ཏེ་ན་མཿ། ཞེས་པའི་སྔགས་ནི་དགོད་བྱ་སྟེ། །འཁོར་ལོ་ལྟེ་བའི་དབུས་ཉིད་དུ། ། ཨ་ལས་གྱུར་པའི་བཅོམ་ལྡན་འདས། །ཡེ་ཤེས་སྐུ་ཅན་མདོག་ལྗང་བ། །གཞོན་ནུའི་གཟུགས་ཅན་ཟུར་ཕུད་ནི། །ལྔ་པས་རབ་བརྒྱན་དར་གྱིས་ཀླུབས། །གཡོན་གྱིས་སྣ་ཚོགས་རྡོ་རྗེ་འཛིན། །གཡས་ཀྱིས་ཤེས་རབ་རལ་གྲི་འཛིན། །དེ་ཡི་ཐུགས་ཀར་ཟླ་བ་ཡི། །དཀྱིལ་འཁོར་དེ་ཡི་དབུས་སུ་ ནི། །ཡི་གེ་ཨ་ནི་རྣམ་བསྒོམས་ཏེ། །སྔོན་བཞིན་སྤྲོ་དང་བསྡུ་བ་བྱ། །དེ་ནས་སྔོན་བཞིན་དཀྱིལ་འཁོར་གྱི། །དབུས་སུ་ཨཾ་ལས་བྱུང་བ་ཡི། །རིན་ཆེན་འབྱུང་ལྡན་མདོག་སེར་པོ། །མཆོད་སྦྱིན་ཕྱག་རྒྱ་ལྡན་པར་བསྒོམ། །དེ་ཡི་ཐུགས་ཀར་དང་པོ་ཡི། །སངས་རྒྱས་དེ་བཞིན་བསྒོམ་ བྱས་ཏེ། །སྔོན་བཞིན་ལྕེ་བརྒྱད་རྣམས་ལ་ནི། །སྔགས་དང་ལྡན་པར་རྣམ་བསྒོམ་པ། །ཨོཾ་བཱ་གཱི་ཤྭ་ར་ཡ་ཏེ་ན་མཿ། ཞེས་པའི་སྔགས་རྣམས་དགོད་བྱས་ཏེ། །འཁོར་ལོ་དེ་ཡི་ལྟེ་བ་ལ། །ཨོཾ་ལས་བསྐྱེད་པའི་བཅོམ་ལྡན་འདས། །ངག་གི་དབང་ཕྱུག་ཅེས་བྱ་བ། །སྐུ་མདོག་སེར་པོ་རྒྱན་དང་ལྡན། ། ཟུར་ཕུད་ལྔ་པ་སྣ་ཚོགས་ཀྱི། །ན་བཟའ་རྣམས་ཀྱིས་རབ་ཀླུབས་པ། །གཡོན་གྱི་ཕྱག་ན་རིན་པོ་ཆེ། །གཡས་ན་ཤེས་རབ་རལ་གྲི་འཛིན། །དེ་བཞིན་དེ་ཡི་ཐུགས་ཀ་རུ། །ཟླ་བའི་སྟེང་ན་ཡི་གེ་ཨོཾ། །ཞེས་ནི་བྱ་བ་བསྒོམ་བྱས་ཏེ། །འཇོ་སྒེག་ལྡན་པར་རབ་མཛེས་པ། །ཡི་གེ་འབྲུ་དང་ལྡན་པ་དེ། །སྔོན་ བཞིན་སྤྲོ་དང་བསྡུ་བའོ། །དེ་ནས་སྔོན་བཞིན་དཀྱིལ་འཁོར་གྱི། །དབུས་ནས་ཡི་གེ་ལས་གྱུར་པ། །སྐྱེ་མེད་པ་བྱུང་ཨ་བསྒོམས་ཏེ། །དེ་ལས་གྱུར་པའི་བཅོམ་ལྡན་འདས། །བྱང་སེམས་རྡོ་རྗེ་ཞེས་གྲགས་པ། །སྐུ་མདོག་དཀར་པོ་གཞོན་ཚུལ་ཅན། །རིགས་ལྔའི་དབུ་རྒྱན་དག་དང་ལྡན། །རྒྱན་ནི་ སྐུ་དང་རབ་ལྡན་ཞིང་། །གཡས་དང་གཡོན་གྱི་ཕྱག་གཉིས་ན། །རྡོ་རྗེ་དང་ནི་དྲིལ་བུ་འཛིན། །དེ་ཡི་སྙིང་གར་བཅོམ་ལྡན་འདས། །དང་པོ་སངས་རྒྱས་བསྒོམ་བྱས་ཏེ། །དེ་ཡི་ཐུགས་ཀར་འཁོར་ལོ་ནི། །ལྕེ་བརྒྱད་པ་ནི་བསྒོམ་པར་བྱ། །སྔགས་དགུ་གཅིག་ལ་གཉིས་དགོད་བྱ། །ཨོཾ་ ཨ་ར་པ་ཙ་ན་ཡ་ཏེ་ན་མཿ། ཞེས་པའི་སྔགས་ནི་དགོད་བྱས་ཏེ། །དེ་ཡི་ལྟེ་བའི་དབུས་ཉིད་དུ། །ཨ་ལས་བསྐྱེད་པའི་བཅོམ་ལྡན་འདས། །ཨ་ར་པ་ཙ་ཞེས་བྱ་བ། །མདོག་དཀར་བྱིས་པའི་རྒྱན་གྱིས་ཀླུབས། །ཟུར་ཕུད་ལྔ་དང་རབ་ལྡན་ཞིང་། །སྣ་ཚོགས་དར་གྱི་ན་བཟས་བརྒྱན། །གཡས་དང་གཡོན་ ན་བསྣམས་པ་ནི། །པོ་ཏི་དང་ནི་རལ་གྲི་བསྣམས། །དེ་ཡི་སྙིང་གར་བསམ་བྱ་བ། །ཟླ་བའི་སྟེང་ན་ཡི་གེ་ཨ། །སྔོན་བཞིན་སྤྲོ་དང་བསྡུ་བྱས་ཏེ། །གནས་སུ་བརྟན་པར་དེར་འགྱུར་ནས། །བཟླས་དང་བསྒོམ་པ་གཏང་བར་བྱ། །རིགས་ཕྱེ་བའི་འཁོར་ལོའི་རིམ་པའི་ཏིང་ངེ་འཛིན་ནོ།། །།དེ་དག་ནི་རིགས་ཀྱི་ དབང་གིས་འཁོར་ལོའི་རིམ་པ་བསྟན་པ་ཡིན་ནོ། །དེ་ནས་ད་ནི་དཀྱིལ་འཁོར་གྱི་ལྷ་དག་གི་ངོ་བོ་གསང་སྔགས་ཀྱི་སྒོ་ནས་དེ་དག་གི་རིམ་པ་བསྐྱེད་པར་བྱ་སྟེ། དང་པོའི་སངས་རྒྱས་བསྟན་པ་ཡི། །བདག་ཉིད་གསལ་བའི་ཐུགས་ཀ་རུ། །ཡེ་ཤེས་ཟླ་སྟེང་ཨ་གནས་ལས། །སྤྲོ་དང་བསྡུ་བའི་བྱེ་བྲག་གིས། ། གསང་སྔགས་འདི་ནི་ཆེད་བརྗོད་བྱ། །ཨ་ཨཱ་སརྦྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུྃ་ཧྲཱིཿ། བྷ་ག་བཱན། ཛྙཱ་ན་མཱུརྟྟི། བཱ་གཱི་ཤྭ་ར། མ་ཧཱ་པཱ་ཙ། སརྦ་དྷརྨཱ། ག་ག་ན། ཨ་མ་ལ། སུ་པ་རི། ཤུདྡྷཱ་དྷརྨྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ། ཞེས་པའི་གསང་སྔགས་བརྗོད་བྱས་པས། །སོ་སོའི་སྐུ་རྣམས་གསལ་བར་བསྒོམ། ། གསང་སྔགས་དེ་ཡི་འོག་ཉིད་དུ། ཨ་ཡི་འཕྲོ་འདུ་གནས་སྐབས་སུ། །བཅུ་གཉིས་མཛད་པ་རྫོགས་བྱས་ཏེ། །སངས་རྒྱས་མཛད་པ་རྫོགས་ནས་སུ། །སླར་ལོག་ཡི་གེའི་མཚན་མ་ཀུན། །རང་གི་མདོག་ལྟར་གསལ་འགྱུར་ཏེ། །སོ་སོའི་གནས་སུ་བཀོད་པ་ལས། །ཟླ་བ་ལ་གནས་ཆོ་ག་གསུམ། །སྐུ་ རྫོགས་ཤར་ལ་སོགས་པ་རུ། །གོ་རིམས་བཞིན་དུ་བཞུགས་པར་བསྒོམ། །དེ་དག་ནི་ལྷ་བསྒོམ་ཞིང་འབྱུང་བའི་ཏིང་ངེ་འཛིན་ཏོ། །དེ་ནས་ལྷ་རྣམས་སོ་སོ་ཡི། །མཚན་མའི་བྱེ་བྲག་བསྟན་པར་བྱ། །དང་པོ་ཤར་གྱི་འཁོར་ལོ་ཡི། །ལྕེ་ལ་ཟླ་གནས་དེ་ཉིད་དུ། །ཡི་གེ་ཧཱུྃ་ལས་གྱུར་པ་ཡི། །མི་བསྐྱོད་པ་ནི་ བསྒོམ་པར་བྱ། །རབ་ཏུ་དཀར་བའི་དབུ་རྒྱན་ཅན། །འཇིགས་བྱེད་བདུད་གནོན་སྐྱིལ་ཀྲུང་བཞུགས། །ལྷོ་རུ་ཏྲཱཾ་ལས་ཡོངས་བསྐྱེད་པའི། །རིན་ཆེན་འབྱུང་ལྡན་དེ་བཞིན་གཤེགས། །ཤིན་ཏུ་སེར་བ་མརྐཏ་འདྲ། །ཅོད་པན་དང་ལྡན་མཆོག་སྦྱིན་མཛད། །ནུབ་ཏུ་ཧྲཱིཿལས་བསྐྱེད་པ་ཡི། །བསྐྱེད་པ་བདེ་གཤེགས་ སྣང་མཐའ་ཡས། །རཱ་གའི་མདོག་འདྲ་ཏིང་འཛིན་རྒྱལ། །དབུ་རྒྱན་དང་ལྡན་ཡེ་ཤེས་ལྡན། །བྱང་དུ་མཚན་རྫོགས་དོན་ཡོད་གྲུབ། །ནཱི་ལའི་མདོག་འདྲ་སྐྱབས་དང་ལྡན། །དབུ་རྒྱན་མཉམ་པའི་སྟབས་ཀྱིས་བཞུགས། །སངས་རྒྱས་དེ་དག་ཐམས་ཅད་ཀྱང་། །སྤྱི་དང་ཁྱད་པར་རྒྱན་རྣམས་ཀུན། །འཁོར་ ལོའི་སྐབས་ལས་ཤེས་པར་བྱ། །ཤར་ལྷོ་ཟླ་བའི་གདན་སྟེངས་སུ། །སེམས་མ་རྡོ་རྗེ་ཞེས་པ་དཀར། །ཨ་ལས་བྱུང་སྟེ་རྡོ་རྗེའོ། །ལྷོ་ནུབ་ཟླ་སྟེང་བསམ་བྱ་བ། །ཨ་ལས་བསྐྱེད་པའི་རིན་ཆེན་མ། །སྔོ་བསངས་མཛེས་མའི་ཐབས་ཚུལ་ཅན། །རང་གི་རིགས་ཀྱི་མཚན་མ་འཛིན། །ནུབ་བྱང་ཟླ་དཀྱིལ་ སྟེང་བསྒོམ་པ། །མོས་པ་ཨི་ལས་བྱུང་བ་སྟེ། །དམར་པོའི་མདོག་ལྡན་པདྨ་འཛིན། །བརྗོད་པའི་ཚུལ་ཅན་བསྒོམ་པར་བྱ། །བྱང་ཤར་ཟླ་སྟེང་བསྒོམ་བྱ་བ། །ལས་མཆོག་མ་སྟེ་མདོག་ལྗང་མོ། །གསལ་བའི་བདག་ཉིད་ཆེན་མོ་སྟེ། །སྣ་ཚོགས་རྡོ་རྗེ་འཛིན་པའོ། །སེམས་མ་རྡོ་རྗེ་ལ་སོགས་ཀྱང་། ། རང་གི་རིགས་ཀྱི་མཚན་མ་ཡིས། །དབུ་རྒྱན་སྐུ་ལ་སྣ་ཚོགས་པའི། །བྱིས་པའི་རྒྱན་གྱིས་བརྒྱན་པ་པོ། །དེ་ཡི་ཕྱི་རིམ་འཁོར་ལོ་ནི། །ལྕེ་སྟེང་ཟླ་བ་བསྒོམ་བྱ་བ། །དབྱངས་ཀྱི་ཡི་གེ་བྱེ་བྲག་ལས། །སོ་སོའི་སེམས་དཔའ་བཅུ་དྲུག་བསྐྱེད། །དང་པོའི་འཁོར་ལོ་ནས་བརྩམས་ཏེ། །དེ་ལ་ཐུག་ པའི་ཟླ་སྟེངས་སུ། །རིགས་ཀྱི་སེམས་དཔར་ཆེན་པོ་ནི། །རིགས་ལས་སྐྱེས་ཏེ་རིམ་བཞིན་བརྟག །དང་པོའི་འདོད་པ་སེམས་དཔའ་ཆེ། །གཉིས་པ་རྒྱལ་པོ་བདེ་བ་ཆེ། །གསུམ་པ་ཆགས་པ་དགའ་བ་ཆེ། །བཞི་པ་ལེགས་ལ་མགུ་བ་ཆེ། །ཡི་གེ་དྷཱིཿལས་དེ་དག་བསྐྱེད། །ཨ་ཨཱ་ཨི་ཨཱི། སྟོང་བཞི་བདག་ཉིད་ཆེན་པོས་འཇོམས། །རིམ་བཞིན་རྡོ་རྗེ་མདའ་གཞུ་དང་། །ལྕགས་ཀྱུ་ཏོག་པར་ལྡན་པ་སྟེ། །འགྱིང་དང་ལྡན་ཞིང་རིགས་ཀྱིས་བརྒྱན། །ཤར་སྟེང་ཟླ་བ་ལ་གནས་བསྒོམ། །ལྷོ་ཡི་འཁོར་ལོའི་སྟེང་བསམ་པ། །གཟུགས་ཆེ་ལུས་ཆེ་རིན་ཆེན་དཔལ། །ཁ་དོག་ཆེ་གསལ་ཉི་མའི་ དཔལ། །མིང་ཡང་ཆེ་ལ་ཏོག་གི་དཔལ། །དཀྱིལ་ཡངས་རྡོ་རྗེ་བཞད་པའི་དཔལ། །གསལ་དེ་དོན་ལྡན་འདི་ལས་སྐྱེས། །ཨུ་ཨཱུ་ཨེ་ཨཻ། དེ་ལྟར་སྟོང་ལྡན་དཔལ་མཆོག་རྣམས། །རིན་ཆེན་ཉི་མ་རྒྱལ་མཚན་ཚེམས། །རིམ་བཞིན་ཐོགས་ནས་གཙོ་ལ་བལྟ། །ནུབ་ཀྱི་ འཁོར་ལོའི་སྟེང་ཉིད་དུ། །སེམས་དཔའ་རིམ་བཞིན་བསམ་བྱ་བ། །ཤེས་རབ་མཚོན་ཅན་མ་ཆགས་ཆོས། །ཉོན་མོངས་ཆེ་བ་སེམས་དཔའ་གཅོད། །གྲགས་ལྡན་སེམས་དཔའ་ཀུན་གྱི་རྒྱུད། །སྣང་གསལ་སེམས་དཔའ་གསལ་བར་སྨྲ། །འདོད་ལྡན་ཚོགས་པ་དེ་དག་ཀྱང་། ཆགས་པ་འཇོམས་རྣམས་ འདི་ལས་སྐྱེས། །ཨོ་ཨཽ་ཨཾ་ཨཿ། བདག་ཉིད་དེ་དག་སྟོང་པའི་དཔལ། །འཛིན་ཚུལ་པདྨ་རལ་གྲི་དང་། །འཁོར་ལོ་ལྕེ་དག་སོ་སོ་ཡི། །ཕྱག་ཆར་འཛིན་པ་ཟུར་ལ་བལྟ། །བྱང་ཕྱོགས་འཁོར་ལོའི་སྟེང་བསྒོམ་པ། །སྒྱུ་མ་མཁས་པ་རྡོ་རྗེ་ལས། །དོན་གྲུབ་པ་ནི་སེམས་དཔའ་བསྲུང་། །དགའ་བ་ ལ་དགའ་གནོད་སྦྱིན་ཏེ། །མི་འཕྲུལ་ཀུན་ལྡན་སྡུད་པ་པོ། །རིམ་བཞིན་གསང་སྔགས་འདི་ལས་སྐྱེས། །ཨ་ཨཱ་ཨེ་ཨཻ། འདི་ལས་རིམ་བཞིན་བསྐྱེད་པ་ནི། །སྣ་ཚོགས་རྡོ་རྗེ་གོ་ཆ་དང་། །མཆེ་བ་ཁུ་ཚུར་རྣམ་བཟུང་ནས། །ལས་དག་ཡིན་ཏེ་གཙོ་ལ་འདུད། །དེ་དག་མ་ལུས་སེམས་དཔའ་ཡང་། །ཇི་ ལྟར་གསུང་རབ་ལས་བྱུང་བ། །ཨ་ལ་བྱུང་སྟེ་མཚན་གྱི་སྔགས། །ཚིག་དང་ཡན་ལག་ཀུན་ལྡན་ནས། །འཁོར་ལོ་དེ་ཡི་ཕྱི་ཉིད་དུ། །མཆོད་པའི་ཚོགས་དག་བསྒོམ་བྱ་བ། །སྦྱིན་པ་ཚིམ་བྱེད་རྡོ་རྗེ་འགྱིང་། །སྡོམ་པ་སྲུང་བ་ཚུལ་ཁྲིམས་ཕྲེང་། །བཟོད་པ་འཛིན་པ་དབྱངས་ལེན་མ། །དགེ་བ་ལ་ བརྩོན་གར་མཛད་མ། །ལྷ་མོའི་ཚུལ་ནི་འདི་བཞི་ཡང་། །མིང་གི་ཡི་གེ་དང་པོས་བསྐྱེད། །ལཱ་མཱ་གཱིར་དང་ནཱིར་ལས་ཏེ། །འགྱིང་དང་ཕྲེང་ཐོགས་འཛིན་པ་དང་། །དབྱངས་དང་གར་དག་བྱེད་པ་ཡི། །ཚུལ་དང་ལྡན་ཏེ་བྱིས་པའི་ཚུལ། །དེ་འོག་ཕྱི་ཡི་ལྷ་མོ་བཞི། །རིམ་པར་འཐོན་ཏེ་གཞུང་ཚིག་ལྡན། །ཤེས་ རབ་ལུས་ཅན་བདུག་པ་མ། །བསམ་གཏན་དང་ཅན་མེ་ཏོག་འཛིན། །སྨོན་ལམ་ལྡན་པ་གསལ་བ་མེ། །ཐབས་ལྡན་ལྷ་མོ་དག་པའི་ཆུ། །ཡེ་ཤེས་སྟོབས་དང་ལྡན་པ་ཡི། །དད་བརྩོན་དྲན་དང་ཏིང་འཛིན་ལྡན། །འདི་ཡང་མིང་ལས་བསྐྱེད་པར་བྱ། །སྤོས་དང་མེ་ཏོག་གཞོང་པ་དང་། ། གསལ་བྱེད་དག་པའི་ཆུ་འཛིན་པའི། །ཚུལ་ལྡན་འགྱིང་མཛེས་བསྒོམ་པར་བྱ། །དེ་ཡི་ཕྱི་རིམ་བསྒོམ་བྱ་བ། །བྱམས་པ་འཇམ་དཔལ་སྤོས་གླང་པོ། །ཡེ་ཤེས་ཏོག་ཞེས་གྲགས་པ་བཞི། །བྱམས་པ་དཔག་མེད་སྙིང་རྗེ་ཆེ། །ཤེས་རབ་ཆེ་ཞིང་ཐབས་ཆེ་བ། །སོ་སོའི་རིགས་ལས་སྐྱེས་པ་སྟེ། ། རིམ་བཞིན་ཡི་གེ་ཨ་ལས་སྐྱེ། །ཕྱི་ལྟ་ནང་ལྟ་སེམས་དཔའི་སྟབས། །དེ་ནས་དེ་འོག་བསྒོམ་བྱ་བ། །བཟང་སྐྱོང་བློ་ཡི་རྒྱ་མཚོ་དང་། །བློ་གྲོས་མི་ཟད་སྤོབས་པ་བརྩེགས། །རིམ་པ་འདི་བཞིན་བསྒོམ་པར་བྱ། །རྫུ་འཕྲུལ་སྟོབས་དང་ཤུགས་དང་ལྡན། །རྫུ་འཕྲུལ་ལྡན་ཞིང་སྟོབས་ཀྱིས་གནོན། ། འདི་དག་ཀྱང་ནི་ཨ་ལས་ཏེ། །རིམ་པས་རྒྱན་ཡོད་སེམས་དཔའི་གཞུང་། །དེ་ཡི་འོག་ཏུ་བསྒོམ་བྱ་བ། །མཐུ་ཆེན་ཐོབ་དང་ངན་སོང་འདྲེན། །མྱ་ངན་འཇོམས་པ་དྲ་བའི་འོད། །རིམ་པ་བཞིན་དུ་བསྒོམ་པར་བྱའོ། །ཕུང་པོ་འཇོམས་ཤིང་ཉོན་མོངས་འདྲེན། །ཁྲོ་བོའི་ཚུལ་སྟོན་དྲག་ཤུལ་ ཆེ། །ལྷ་ཆེན་འཇིགས་བྱེད་ལ་སོགས་པའོ། །ཨ་ལས་དེ་དག་རིམ་བཞིན་བསྐྱེད། །འཇོ་སྒེག་ཁྲོ་ཚུལ་ལྡན་པའོ། །དེ་ཡི་འོག་ཏུ་བསྒོམ་བྱ་བ། །ཟླ་འོད་གཞོན་ནུ་འོད་དཔག་མེད། །ནམ་མཁའི་མཛོད་དང་སྒྲིབ་ཀུན་སེལ། །རིམ་བཞིན་ཨ་ལས་བསྐྱེད་པར་བྱ། །དེ་དག་བྱེ་བྲག་རིགས་ ཀྱི་མདོག །སྔགས་ཆེན་ཐེག་པའི་ཚུལ་ལ་གནས། །ཐེག་པ་ཀུན་གྱི་ནང་ན་མཆོག །ལྷ་བྱེད་ལ་སོགས་ལྡན་པའི་མཆོག །རིམ་གྱིས་རྟ་བབས་ཁྱམས་ནང་དུ། །མཁས་པས་རྟག་པར་རིམ་བཞིན་བསྒོམ། །སྒོ་ནས་སྔགས་པས་དགོད་བྱ་བ། །འགུགས་དང་འདྲེན་པ་འཆིང་བ་དང་། །མཉེས་ པ་རྣམས་ནི་རིམ་པ་བཞིན། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །རིམ་བཞིན་ཐོགས་ནས་ཚད་མེད་ལྡན། །ཨ་ལས་བསྐྱེད་དེ་སྒོ་བཞིར་གནས། །དེ་དག་ནི་རྒྱལ་བ་མཆོག་གི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ནོ།། །།དེ་ནས་ལས་ཀྱི་ཁྱད་པར་ཡང་། །བསྐྱེད་པའི་ཞར་ལ་བྱུང་བས་ཏེ། །སྒྲ་ ལས་འཕེལ་ཏེ་རྒྱས་བཤད་པས། །འདི་རུ་བདག་གིས་མ་བཤད་དོ། །ལས་ཀྱི་ཁྱད་པར་གྱི་ཏིང་ངེ་འཛིན་ཏོ། །དེ་ནས་སྤོས་ཀྱི་ཆུ་དག་ལ། །སྔགས་བཟླས་པ་ཡིས་བསངས་བྱས་ཏེ། །ཕུང་པོ་བསྡུས་པའི་མཆོད་པ་ལྔས། །རིམ་བཞིན་བྱིན་རླབས་མདུན་གཞག་ནས། །འདི་དག་རིམ་ པའི་གོ་རིམས་ཀྱིས། །སེ་གོལ་རིམ་པར་ལྡན་བྱས་པས། །རིམ་བཞིན་བསྡུ་བའི་ཕྱག་རྒྱ་ནི། །ཛཿཧཱུྃ་བཾཾ་ཧོཿལྡན་བྱས་ཏེ། །མདུན་ན་མངོན་སུམ་བཞིན་མཐོང་ནས། །ས་མཱ་ཛཿཞེས་བརྗོད་བྱ་ཞིང་། །འཁོར་ལོའི་ཚོགས་མཆོག་དེ་དག་ལ། །མཉམ་མེད་ལ་སོགས་བསྟོད་ པ་བྱ། །དེ་ནས་གཙོ་བོའི་སྔགས་རིངས་ལ། །དྲྀ་ཤྱ་ཞེས་ཀྱང་བརྗོད་བྱ་ཞིང་། །ཨ་ཧཾ་ཞེས་དང་ལྡན་པ་ནི། །བཞི་ཡིས་རྒྱས་བཏབ་དོན་མཆོག་འགྲུབ། །དེ་ནས་མཆོད་པའི་བྱེ་བྲག་གིས། །མཆོད་ནས་ཕྱག་བཞི་བྱ་བ་ནི། །དང་པོའི་སངས་རྒྱས་ལ་སོགས་པའི། །གནས་སུ་བྱ་བའི་རིམ་པའོ། ། དེ་དག་ནི་སྔོན་དུ་བྱ་བའི་ཆོ་གའི་ཏིང་ངེ་འཛིན་ཏོ། །དེ་ནས་རང་དགའི་གནས་ཉིད་དུ། །གཟུགས་བརྙན་དཀྱིལ་འཁོར་བྲི་བར་བྱ། །ས་དེ་གཞུང་བཞིན་སྦྱོང་བ་དང་། །གཞུང་དང་ལྡན་པར་གཞུང་བཞིན་དུ། །བྱ་བའི་བྱེ་བྲག་གཞན་ནའོ།། །།དེ་ནས་མཆོད་པའི་བྱེ་བྲག་རྣམས། །སྔོན་དུ་བསྟན་པ་བཞིན་བྱས་ ཏེ། །སྤྲོ་བའི་སེམས་ནི་རབ་བསྐྱེད་དེ། །ཚིག་ལྡན་ཕྱག་བྱས་སྤོས་ཐོགས་ལ། །ཚིག་ཏུ་བརྗོད་པའི་སྔགས་ལྡན་པས། །བསྟོད་དེ་ལངས་ལ་འགྱིང་བཅས་པས། །བགེགས་བསལ་དོན་དུ་རབ་ཏུ་བསྐོར། །དེ་ནས་ཕུར་བུས་གདབ་པར་བྱ། །དེ་ནས་ཕྱག་རྒྱ་བཞི་བཀུག་ལ། །མཆོད་དེ་སྦྱིན་ སྲེག་མིང་རུས་ལ། །བཟླས་ཏེ་བྱ་བ་བསྟན་པ་ཡིན། །དེ་ལ་གཟུགས་བརྙན་བཤད་པ་ནི། །འཁོར་ལོ་རིམ་གསུམ་ལྡན་པ་ལ། །སྣམ་བུ་མུ་ཁྱུད་རྣམས་ཀྱིས་བརྒྱན། །རྟ་བབས་དང་ནི་ཏྭ་ར་ན། །ཤིན་ཏུ་མཛེས་པའི་རྒྱན་དང་ལྡན། །བ་དན་གདུགས་དང་རྔ་མས་བརྒྱན། །དྲིལ་བུ་རས་འཕེན་ རྒྱལ་མཚན་ཚོགས། །དེ་ལ་སོགས་པའི་རྒྱན་རྣམས་ནི། །ཤིན་ཏུ་མཛེས་པས་བརྒྱན་པའོ། །ཞེས་པ་ལ་སོགས་རྒྱན་མཆོག་ནི། །འདི་ཡི་སྐབས་སུ་རིམ་པས་བསྟན། །དེ་དག་ནི་གཟུགས་བརྙན་གྱི་ཏིང་ངེ་འཛིན་ཏོ། །གཞན་ཡང་སྦྱིན་སྲེག་བྱེད་པ་ན། །ལས་བཤད་དེ་དག་གཞན་དུ་མེད། །བདག་ གི་ལས་དང་གཞན་དག་སྟེ། །གཤིན་དང་གསོན་པའི་ལས་སུ་བསྟན། །དེ་ལ་བདག་གིས་ལས་བསྟན་པ། །ཤིན་ཏུ་དགེ་བའི་ཤིང་བུ་ནི། །ཙནྡན་ཤུག་པ་ལ་སོགས་ཏེ། །དྲི་ཞིམ་ངད་ལྡན་མཛེས་པའི་ཤིང་། །ཁྲུ་གང་ཁྲུ་དོ་ཞི་བ་ལ། །རྒྱས་དང་དབང་དང་དགུག་པ་དང་། །དྲག་ཤུལ་སྤྱོད་པ་ ལ་སོགས་ཀྱི། །ཤིང་ནི་རིམ་པས་ཤེས་པར་བྱ། །ཟླུམ་པའི་དབྱིབས་སུ་བརྩིགས་བྱས་ལ། །དང་པོའི་སངས་རྒྱས་བསྒོམ་པར་བྱ། །སངས་རྒྱས་དེ་ཡི་ཐུགས་ཀ་རུ། །ཡེ་ཤེས་ལྔ་ཡི་བདག་ཉིད་གཙོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི། །ཐུགས་ལ་གནས་ཏེ་ཟླ་སྟེང་བསམ། །དེ་ཡི་ ཐུགས་ཀྱི་ཟླ་བ་ལ། །ཨ་ལས་བྱུང་བའི་འོད་འཕྲོས་པས། །ཕྱོགས་བཅུའི་གདུག་པ་བཏུལ་བྱས་ཏེ། །སླར་བསྡུས་བདག་ཉིད་བསྲེག་བྱས་ལ། །ཞུ་བ་དེ་ལས་བསྐྱེད་པ་ནི། །ཐབས་ཤེས་རང་བཞིན་མེད་པའི་གཟུགས། །ཁ་དོག་ལས་དང་མཐུན་པ་ལ། །ཤིན་ཏུ་རིད་པ་བྲང་རུས་ཅན། ། དབུ་ལ་ཡེ་ཤེས་སེམས་དཔས་བརྒྱན། །དེ་ཡི་ཐུགས་ཀར་ཟླ་སྟེང་དུ། །ཨ་ལས་བསྐྱེད་པའི་ཡི་གེ་བྷྲཱུྃ། །ཤིན་ཏུ་ལེགས་པའི་གཞལ་ཡས་ཁང་། །གོང་དུ་བསྟན་དང་མཐུན་པ་ལ། །ཤིན་ཏུ་ལེགས་པ་སྒོ་བཞི་པ། །ཤར་ཕྱོགས་གྲེ་བའི་སྒོ་ཡིན་ཏེ། །དེ་དབུས་གསུམ་ལས་ལྷ་རྣམས་ བསྐྱེད། །དེ་ལ་ཨ་ཡིས་བྱིན་རླབས་ཏེ། །སྐུ་གསུང་ཐུགས་དང་ལྡན་པར་བསྟན། །དེ་ལ་སྲེག་བླུགས་དབུལ་བ་ནི། །མར་དང་ཏིལ་དང་ཡམ་ཤིང་དང་། །མངར་གསུམ་ལྡེ་གུ་དཀར་གསུམ་ནི། །ཞི་བའི་རྫས་ལ་བཤད་པའོ། །རྒྱས་དང་དབང་དང་དྲག་དང་དགུག །འདི་ལས་གསུངས་པའི་རྫས་ རྣམས་ནི། །འདི་ལས་མ་གསུངས་གཞན་དག་ལ། །རྒྱས་པར་བསྟན་ཏེ་དེར་ཤེས་བྱ། །དེ་ནས་གང་དག་ཞི་འདོད་ལ། །སྤྱི་བོར་ཟླ་སྟེངས་ཨ་བསྒོམས་ཏེ། །དེ་ཉིད་ཞུ་བར་གྱུར་པ་ལ། །བྱ་བ་དེ་ཉིད་ཞུ་འགྱུར་ལ། །སླར་སོས་གཞོན་ནུའི་གཟུགས་བྱས་ལ། །དེ་ལ་ལྷག་པར་གནས་པར་བྱ། ། དེ་ནི་བདག་གི་དོན་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་ཏོ། །གཞན་དོན་བྱ་བའི་རིམ་པ་ཡང་། །ན་དང་ཤི་བ་གཉིས་ཡིན་ཏེ། །དེ་ལ་ན་བའི་ལས་བྱ་ན། །གང་དག་ཡིད་ནི་མི་དྲན་པའི། །བགེགས་ཀྱི་སྦྱོར་བ་ཡོད་པ་ན། །ཏིང་འཛིན་འདི་དག་དྲན་པར་བྱ། །དང་པོའི་སངས་རྒྱས་བདག་བསྒོམས་ཏེ། །དེའི་ སྙིང་ལ་ཟླ་བ་བསམ། །དེ་སྟེངས་ཨ་དང་མུཾ་དང་རཾ། །དེ་ལས་གྱུར་ཏེ་རབ་འཕྲོས་པས། །ཕྱོགས་བཅུའི་གདུག་པ་ཀུན་བཏུལ་ཏེ། །མཛད་པའི་ལས་ནི་དྲན་པར་བྱས། །སླར་ལོག་བཞི་ཡི་གནས་སུ་ཐིམ། །ཐིམ་པས་ཡེ་ཤེས་མེ་འབར་ཏེ། །གནོད་པའི་བགེགས་ནི་དྲན་པ་ལས། །ཡུངས་ ཀར་བརྒྱ་རྩ་བརྒྱད་དུ་བསྲེག །དེས་ཀྱང་སོས་པར་མ་གྱུར་ན། །སྲིན་བུས་ཟོས་པའི་ཤིང་བུ་ལ། །འབར་བའི་མེ་ནི་བུས་བྱས་ཏེ། །བརྒྱ་རྩ་བརྒྱད་དུ་མར་ལས་ནི། །སྦྱིན་སྲེག་འབུམ་མམ་སྟོང་དུ་བྱ། །དེས་ནི་ནད་ལས་ཐར་བར་འགྱུར། །ན་བ་ལས་ཐར་པ་ཞེས་བྱ་བའི་ཏིང་ངེ་ འཛིན་ཏོ། །དེ་ནས་ཤི་ལ་ཕན་གདགས་ན། །དང་པོར་གནོད་པའི་བགེགས་བསལ་ནས། །རོ་ལ་ཕན་པའི་ཆོ་ག་ནི། །ཨ་ཡིག་ཀུན་ཁྱབ་སྤྱི་སྟེང་བསམ། །ལྷར་གྱུར་ལྷ་ནི་སྔོན་བཞིན་བསམ། །ཨ་ལས་ཡེ་ཤེས་ལྔ་ཡིས་གང་། །ཕན་པའི་གནོད་སྦྱིན་ཆུས་བཏབ་པས། །དང་པོར་བཀྲུ་བའི་ ལས་ཡིན་ནོ། །དེ་ནས་ཨ་ཡི་འཕྲོ་འདུ་བྱ། །དེ་ནི་སྔོན་གྱི་ཆོ་གའོ། །དེ་ནས་གནས་པའི་ཆོ་ག་བཤད། །ཤི་བའི་དཀྱིལ་འཁོར་དབུས་བཞག་སྟེ། །ཞག་གསུམ་སློབ་དཔོན་སྨྱུང་གནས་ལ། །བགེགས་བསྐྲད་ལ་སོགས་བྱས་ནས་ནི། །འཁོར་ལོས་ལྷ་རྣམས་མདུན་བསམ་སྟེ། །ཕྱག་ འཚལ་སྤྲོ་བསྐྱེད་ལ་སོགས་བྱ། །དེ་ནས་ཚིག་འདི་ཆེད་བརྗོད་བྱ། །ཚེ་འདི་དང་པོར་འབྲས་བུ་ནི། །བདག་གི་གསོན་འདི་འབྲས་བུར་གཅིག །དམ་ཚིག་ལྷ་དང་མཉམ་པར་ནི། །བདག་ཉིད་གྱུར་པར་སོམ་ཉི་མེད། །བྱང་ཆུབ་སེམས་དང་སེམས་གཅིག་པར། །ཕྱིར་མི་ལྡོག་པར་བདག་འགྱུར་ ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །འདི་ནི་བདག་ཉིད་དམ་པ་སྟེ། །མཆོད་སྦྱིན་འདི་ནི་བླ་ན་མེད། །ཕྱོགས་བཅུའི་སངས་རྒྱས་སྤྱན་འདྲེན་པས། །དིང་འདི་བདག་འདུས་མཆོག་ཡིན་ནོ། །དེ་ནས་ཕྱག་བྱས་སྤོས་ཐོགས་ལ། །སྤྱན་དྲང་ཚིག་འདི་ བརྗོད་པར་བྱ། །ཀྱེ་དབང་ནི་ངེས་ཏེ་བླ་ན་མེད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །འདི་ལ་ཕན་གདགས་དོན་ཆེད་དུ། །གནས་འདིར་སངས་རྒྱས་ཀུན་གཤེགས་ཏེ། །འདི་ལ་དབང་ནི་སྩལ་དུ་གསོལ། ། དེ་ནས་སྦྱོར་བའི་ཏིང་འཛིན་དང་། །རྒྱལ་མཆོག་ལ་སོགས་བསྒོམ་བྱས་ཏེ། །སྒོ་དབྱེ་ལ་སོགས་གནས་འདིར་བཤད། །དེ་རྗེས་གསང་སྔགས་འདི་བརྗོད་བྱ། །ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿབྷ་ག་བཱན། ཛྙཱ་ན་མཱུརྟྟི། བཱ་གཱི་ཤྭ་ར་མ་ཧཱ་པཱ་ཙ། སརྦ་དྷརྨྨ་ག་ག་ན། ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ། ཞེས་ནི་བརྗོད་པའི་སྔགས་བཟླས་སོ། །དང་པོའི་སངས་རྒྱས་ང་རྒྱལ་དང་། །ལྡན་པས་དཀྱིལ་འཁོར་བྲི་བའི་ཕྱིར། །ཚིགས་བཅད་འདི་ཡིས་བསྟོད་པར་བྱ། །སངས་རྒྱས་ཀུན་ལ་བསྟོད་བྱ་བ། །རང་ལ་བསྟོད་དེ་ངེས་པའི་མཆོག །འབྲས་ བུ་འབྱིན་པའི་སངས་རྒྱས་ཀྱིས། །ཤི་ལ་ཕན་གདགས་དོན་ཆེད་དུ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐའ་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་ འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་པ་ཁྱོད་ལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་ བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་ འདུད། །དེ་ནས་གསོལ་བ་བཏབ་བྱས་ནས། །ཕྱོགས་བཅུའི་སངས་རྒྱས་ནམ་མཁའ་ལ། །མངོན་སུམ་འདྲ་བར་གང་བར་བསྒོམ། །དེ་ནས་གང་ཤི་དེ་ཉིད་ལ། །དམིགས་ལ་ཨ་ཨཱ་ཞེས་བཀོད་དེ། །དེ་ལ་ཕྱོགས་བཅུ་རྒྱལ་བ་དང་། །དང་པོའི་སངས་རྒྱས་ལ་སོགས་པ། །ནམ་ མཁའ་གང་བར་འདིར་གཤེགས་པ། །དེང་འདིར་འདུས་པར་བདེ་གཤེགས་ཏེ། །དེང་བདག་འདུས་པའི་མཆོག་ཡིན་ནོ། །དེ་ནས་རྣམ་རྒྱལ་ཆུས་བཀང་བའི། །བུམ་པས་བཀྲུས་ཏེ་བགེགས་བསྐྲད་ལ། །དེ་ནས་དེ་ལ་བསྲུང་བར་བྱ། །དེ་ནས་ཏིལ་གྱིས་དེ་ལ་ནི། །བསྐོར་ཏེ་སྦྱིན་སྲེག་ དབུལ་བར་བྱ། །ཤི་བ་སྟ་གོན་ལ་གནས་པའི་ཏིང་ངེ་འཛིན་ཏོ། །དེ་ནས་སྔོན་གྱི་སྦྱོར་བ་ཡིས། །ཆོ་ག་རྣམས་ནི་སྤྱད་པར་བྱ། །དང་པོའི་ཆོ་ག་རིམ་པ་ནས། །འཁོར་ལོའི་རིམ་པ་འདི་གསུངས་ཏེ། །ཕྱི་རོལ་བྱུང་སྟེ་གཏོར་མ་སྦྱིན། །དེ་ནས་ཁྲུས་བྱས་མཆོད་པའི་ཚོགས། །མ་ ལུས་པར་ནི་འདིར་བཤད་དོ། །དེ་ནས་ཕྱི་ཡི་རིམ་ལྡན་པས། །སྔགས་པས་ཆས་གོས་ལྡན་པ་ཡི། །ཤིན་ཏུ་འགྱིང་བས་བརྒྱན་བྱས་ཏེ། །ཞག་བདུན་ནང་པར་སྦྱིན་སྲེག་བྱ། །མི་ཉིད་ཤི་བའི་གནས་བྱས་ཏེ། །ཤི་ལ་ཕན་པའི་དཀྱིལ་འཁོར་ལྡན། །གཞལ་ཡས་ཁང་པ་དེ་ འདྲ་བ། །འདི་ལས་གསུངས་ཏེ་གཞན་དུ་མིན། །འདི་ལྟར་གསུངས་པའི་ཆོ་ག་ནི། །བདག་གིས་རང་བཟོར་བྱས་མིན་ཏེ། །འཇམ་དཔལ་སྒྱུ་འཕྲུལ་དྲ་བ་དང་། །ཆོ་ག་འདུས་པའི་རྒྱུད་ལས་ཏེ། །དེ་ནས་འདིར་ནི་འོས་པ་ཡིན། །འདི་ནི་ཤི་བའི་ཆོ་གའོ། །ཤི་བ་ལ་ཕན་གདགས་པའི་ཏིང་ངེ་འཛིན་ ཏོ།། །།དེ་ནས་དེ་ལ་ལམ་བསྟན་བྱ། །ཚོགས་བསགས་དགེ་བའི་དོན་ལ་སྦྱོར། །དེ་མཐར་དེ་ཉིད་རྟག་བསྒོམ་དང་། །དེ་ཉིད་མཉམ་ཤེས་ཅི་མི་ཚུགས། །དེ་ལ་རྟག་གནས་བདེ་ལྡན་ཏེ། །རིམ་པས་ཨ་ཡི་ངང་ཉིད་དོ། །དེ་ཡང་བདག་ལུས་ཨས་ཁྱབ་སྟེ། །དེ་ཉིད་ཨ་ཡིས་བྱིན་ བརླབས་པས། །ཨ་ཉིད་དབྱིངས་ཀྱི་ངང་ཉིད་དུ། །ཐམས་ཅད་ནམ་མཁའ་དང་འདྲའོ། །རིམ་པའི་ཏིང་ངེ་འཛིན་ཏོ།། །།དེ་ནས་འཁོར་ལོ་བསྟན་པར་བྱ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་པའི་རྩེ་མོ་ཅན། །ཞེས་པ་འདི་ཡི་དོན་བཤད་ ན། །ལུས་ལ་འཁོར་ལོ་བཞི་གནས་ཏེ། །ལྟེ་བར་ཤེས་རབ་འཁོར་ལོ་སྟེ། །བཅུ་གཉིས་རྩིབས་དང་ལྡན་པ་ལ། །ཨ་ཨཱ་ཨཾ་ཨཱཿརིམ་བཞིན་དགོད། །དབུས་ན་ཡི་གེ་ཨ་མཆོག་གོ། །སྙིང་གར་ཤེས་རབ་འཁོར་ལོ་སྟེ། །བཅུ་གཉིས་རྩིབས་དང་ཡང་དག་ལྡན། །དེ་ལ་སྔགས་རྣམས་དགོད་པ་ནི། ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨྃ་ཨཿཞེས་པ་འདི་དག་རིམ་བཞིན་དུ། །འཁོར་ལོའི་ལྕེ་ལ་དགོད་པར་བྱ། །མགྲིན་པར་ཤེས་རབ་འཁོར་ལོ་ནི། །བཅུ་གཉིས་ལྡན་པའི་རྩིབས་ལྡན་ལ། །ཨོཾ་ཨ་ར་པ་ཙ་ན། བཱ་གཱི་ཤྭ་ར་པྲཛྙཱ་ན་མཿཞེས་པ་རྣམས། །རིམ་བཞིན་ཡང་དག་དགོད་པར་ བྱ། །དེ་ནས་མཚོག་མར་བསམ་པ་ནི། །བཅུ་གཉིས་ལྡན་པའི་ལྕེ་ཅན་ལ། །སྐུ་ཡི་སྔགས་ཀྱི་ཕྲེང་བ་དགོད། །ཨོཾ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿབྷ་ག་བཱན་ཛྙཱ་ན་མཱུརྟྟི་བཱ་གཱི་ཤྭ་ར། མ་ཧཱ་པཱ་ཙ་སརྦ་དྷརྨྨཱ་ག་ག་ན། ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨྨཱ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ། ཞེས་པའི་སྔགས་ ཀྱི་ཕྲེང་བ་འདི། །ཤེས་རབ་འཁོར་ལོ་གྲགས་པ་ཡིན། །འདི་ལྟར་རྟག་ཏུ་གང་བསྒོམ་པ། །གཞོན་ནུ་གཟུགས་ཅན་བདེ་བ་འཐོབ། །གྲགས་འཛིན་ལུས་དང་བདེ་ལྡན་ལུས། །དེ་དག་སྤངས་ནས་གཞན་དོན་དུ། །རབ་དགའི་ལུས་སུ་བསྐྱེད་པར་ངེས། །དེ་ནི་བཅུ་གཉིས་ས་རྫོགས་ཏེ། །ཀུན་ཏུ་ འོད་ཀྱི་ས་ཆེན་པོ། །དེ་ནི་ཉི་མའི་དཀྱིལ་འཁོར་འདྲ། །བདུད་རྩི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའི་འོད་ནི་གསུམ་པ་སྟེ། །ནམ་མཁའི་བཞི་བཞིན་སོ་སོར་གསལ། །རྡོ་རྗེའི་འོད་ནི་བཞི་པ་སྟེ། །ས་དེ་ཉིད་ནི་བཞི་པའོ། །བསམ་པ་ནང་གི་བརྟན་སྦྱོར་བས། ། རྡོ་རྗེ་ཞེས་ནི་ཡོངས་སུ་བརྟག །ལྔ་པ་རིན་ཆེན་འོད་ཅེས་པས། །དབང་བསྐུར་བ་ལ་རབ་ཏུ་གནས། །པདྨའི་འོད་ནི་དྲུག་པ་སྟེ། །པདྨ་བཞིན་དུ་རབ་ཏུ་སྐྱེ། །རང་བཞིན་དག་པའི་ཆོས་ཉིད་ཕྱིར། །དྲི་མ་མེད་པས་ཡོངས་སུ་བཟུང་། །བདུན་པ་ལས་ཀྱི་འོད་ཅེས་པས། །སངས་རྒྱས་འཕྲིན་ ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་བྱེད་པ་ནི། །དེ་ལ་དཔེ་ནི་ཡོད་མ་ཡིན། །དཔེ་ལྡན་ཞེས་པ་དགུ་པ་སྟེ། །ཐམས་ཅད་དཔེ་ནི་སོ་སོར་གཅིག །བཅུ་པ་ཤེས་རབ་འོད་ཅེས་པས། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་འོད་གསལ་ བ། །བཅུ་གཉིས་སོ་སོ་རང་རིག་པ། །རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། །ཞེས་པ་འདི་ནི་རང་རིག་པའོ། །འཁོར་ལོ་རྫོགས་པའི་རིམ་པའོ། །དེ་དག་ནི་ཤེས་རབ་ཀྱི་འཁོར་ལོ་བསྒོམ་པའི་ཏིང་ངེ་འཛིན་ཏོ། །དེ་ནས་འདིར་དབང་དམ་པ་གསུངས། །དབང་བསྐུར་མེད་ན་འགྲུབ་པ་མེད། ། ཡོན་ཏན་ལྡན་པའི་སྔགས་པ་ཡིས། །དེ་ལ་དབང་བྱིན་ཡོན་ཏན་གྲུབ། །དང་པོར་ཁྲུས་གསོལ་བརྒྱན་པ་སྟེ། །རྒྱལ་བའི་ཆ་ལུགས་འདྲ་བ་དང་། །བུད་མེད་ལྟ་བུའི་ཚུལ་ལྡན་པ། །སློབ་དཔོན་བླ་མར་གྱུར་པ་ལ། །དབང་རྣམས་ནོད་པ་རབ་ཏུ་གསུངས། །དང་པོར་སྡིག་པ་བསྲེག་བྱས་ ནས། །དེ་ལ་དབང་དང་དྲལ་བར་བྱ། །དེ་དག་ཀུན་གྱི་རིམ་པ་ཡང་། །རྩ་བའི་རྒྱུད་ལས་གསུངས་པ་ལྟར། །འདིར་ཡང་དེ་དག་བྱ་བ་ཡིན། །མཆོད་པའི་ལས་དང་སྦྱིན་པ་དང་། །རིམ་པར་ལྡན་པས་དབང་བསྐུར་ཏེ། །དེ་ནས་དེ་ལ་ཆུ་དབང་བསྐུར། །གཞན་ཡང་ཕྱག་རྒྱའི་དབང་དང་ནི། ། ཅོད་པན་དར་དཔྱང་རྡོ་རྗེ་དང་། །བདག་པོའི་མིང་ལ་སོགས་པ་དང་། །དབང་རྣམས་རྫོགས་པར་སྦྱིན་པ་དང་། །གསང་བའི་དབང་དང་ངེས་པའི་དབང་། །རིམ་པ་བཞིན་དུ་རབ་ཏུ་བསྐུར། །དེ་ནས་བཀྲ་ཤིས་གདོན་བྱ་ཞིང་། །རྒྱལ་པོ་བཞིན་དུ་འགྱིང་བཅས་པས། །གཡོག་དང་ལྡན་ པའི་སློབ་དཔོན་ལ། །ལན་གསུམ་བསྐོར་བ་ཚིགས་བཅད་ཀྱིས། །བླ་མ་དེ་ནི་གཟེངས་བསྟོད་བྱ། །ཀྱེ་བདག་རིམ་པས་དབུགས་ཕྱུང་སྟེ། །མྱ་ངན་འདས་པའི་ལམ་ལ་དགོད། །ས་ལ་ངེས་པའི་དབང་བསྐུར་ཏེ། །ཤིན་ཏུ་གཟི་ལྡན་བཀྲ་ཤིས་མཆོག །ཅེས་ནི་བརྗོད་ལ་གཤེགས་སུ་གསོལ། །དེ་ནས་ རང་ཡང་ཁྱིམ་དུ་འགྲོ། །ཁྱིམ་དུ་ཕྱིན་ནས་འཁོར་དག་ལ། །སློབ་དཔོན་འདིས་ནི་དམ་ཚིག་པས། །བདག་ཀྱང་དམ་ཚིག་མཆོག་དང་ལྡན། །འདི་ལ་རིམ་གྲོ་ཕུན་སུམ་ཚོགས། །རྟ་དང་གླང་པོ་ནོར་དང་འབྲུ། །རིན་པོ་ཆེ་དང་ཅི་བཞེད་པ། །ཁྱེད་ཀྱིས་ང་ལ་མ་འདྲི་བར། །སློབ་དཔོན་འདི་ལ་དེ་ཕྱིར་དབུལ། ། སངས་རྒྱས་ཀུན་དང་ཐབས་ཅིག་པའི། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཤཱཀྱ་ཐུབ་པ་སངས་རྒྱས་ལ། །རིམ་པས་གསུངས་པའི་བཀའ་ལུང་ནི། །མཚན་བརྗོད་པ་ཡི་གསུང་རབ་འདི། །ཤིན་ཏུ་རྟོགས་དཀའ་མངོན་སུམ་མིན། །རང་རྒྱུད་ཙམ་གྱི་རིམ་པ་དང་། །ཐེག་པ་ཆེན་པོ་མངོན་ རྟོགས་པའི། །ཀུན་ལ་ཐུགས་རྗེ་མ་ལྡན་པས། །བརྩེ་བར་ལྡན་པའི་སེམས་ཀྱིས་ནི། །ཡེངས་མེད་གུས་པའི་སེམས་ཀྱིས་བྲིས། །འཇམ་མགོན་དཔལ་ལྡན་ཡེ་ཤེས་སེམས་དཔའི་གནས། །ཐུགས་རྗེ་ལྡན་པ་སྐུ་གསུང་ཐུགས་ལྡན་པ། །བྱ་སྤྱོད་རྣལ་འབྱོར་རྒྱུད་དང་ལྡན་པ་ནི། །མི་དབྱེ་ དད་གཙུག་སེམས་དང་ལྡན་པར་ཤོག །འཕགས་པ་མཚན་ཡང་དག་པར་བརྗོད་པའི་གསང་བ་དང་ལྡན་པའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་དཔལ་ལྡན་བྱང་ཆུབ་མཆོག་གིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་ པའོ།། །།ཐམས་ཅད་འདི་ལས་བྱུང་བའི་ཕྱིར། །གཞི་ཡི་སངས་རྒྱས་སྐྱེ་བ་བཞེས། །མུ་སྟེགས་རྩོད་པ་བཟློག་པའི་ཕྱིར། །སྨྲ་བའི་སེང་གེ་སྐྱེ་བ་བཞེས། །ཐུགས་རྗེ་གནས་ནས་འདྲེན་མཛད་པས། །དོན་ཡོད་པ་ཡི་སྐྱེ་བ་བཞེས། །ཐུགས་རྗེའི་འོད་ཟེར་སྤྲོ་བའི་ཕྱིར། །འོད་ དཔག་མེད་པའི་སྐྱེ་བ་བཞེས། །སྐྱེ་རྒས་ཆུ་ལས་བསྒྲལ་བའི་ཕྱིར། །འཇམ་དཔལ་གཞོན་ནུའི་སྐྱེ་བ་བཞེས། །གང་གིས་གོང་དུ་མ་ཆོད་པས། །དང་པོ་སངས་རྒྱས་སྐྱེ་བ་བཞེས། །སངས་རྒྱས་ཀུན་གྱི་ཐུགས་ཡིན་པས། །ཡེ་ཤེས་སེམས་དཔའི་སྐྱེ་བ་བཞེས། །ཤེས་རབ་གང་ལ་ཐོགས་མེད་པས། ། འཇམ་དཔལ་རྣོན་པོའི་སྐྱེ་བ་བཞེས། །ཞི་བའི་ངང་ལ་ལེགས་གནས་པས། །ཨ་ར་པ་ཙའི་སྐྱེ་བ་བཞེས།། ༄། །མཚན་ཡང་དག་པར་བརྗོད་པའི་བཀླག་པའི་སྒོམ་ཁོག་བཞུགས། །༄༅༅། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །བསྒོམ་པ་འདི་ནི་སློབ་དཔོན་གྱི་མན་ངག་ ཏུ་བྱས་པ་ཡིན་ཏེ། འཇམ་དཔལ་ཡེ་ཤེས་སེམས་དཔའ་བསྒོམ་པར་འདོད་པའི་རྣལ་འབྱོར་པས། དང་པོར་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། དེ་ལ་ཞུགས་ཏེ་འཇམ་དཔལ་ཡེ་ཤེས་སེམས་དཔའ་མངོན་སུམ་དུ་བྱས་ནས་ཀྱང་། སེམས་ཅན་སྐྱབས་དང་དཔུང་གཉེན་མེད་པ་སྲིད་པར་ ལྷུང་ཞིང་མ་གྲོལ་བ་རྣམས་ཀྱི་དོན་བྱ་བར་བསམ་མོ། །དེ་ལྟར་སེམས་ཅན་གྱི་དོན་བྱ་བའི་ཐབས་ཀྱང་བསྡུ་བའི་དངོས་པོ་བཞིས་བྱས་ཏེ་དེ་ནི་མདོ་སྡེའོ། །དེ་ནས་བསོད་ནམས་ཀྱི་ཚོགས་ཡན་ལག་བཅུ་བསྒོམས་ཏེ། ཕྱག་བཙལ་བ་དང་། མཆོད་པ་དང་། སྡིག་པ་བཤགས་པ་དང་། རྗེས་ སུ་ཡི་རང་བ་དང་། དགེ་བའི་རྩ་བ་བསྔོ་བ་དང་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ལམ་བསྟན་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བཅུ་བསྒོམ་མོ། །དེ་ལ་ཕྱག་བཙལ་བ་ནི་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨ་དཀར་པོ་བསྒོམ། །ཨ་དེ་ལས་འོད་ཟེར་ཕྱོགས་བཅུར་ འཕྲོས་པས་ཕྱོགས་བཅུ་ནས་སྔོན་ལྷུན་གྱིས་གྲུབ་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཆེན་མོ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁའ་ལ་བཞུགས་སུ་གསོལ་ལ། རང་གི་རྡོ་རྗེ་སློབ་དཔོན་གང་ཡིན་ཡང་དེ་དག་དང་ལྷན་ཅིག་ཏུ་ ཞུགས་པར་བསམས་ལ། དེ་དག་གི་མདུན་དུ་ཐལ་མོ་སྦྱར་ལ་ཕྱག་འཚལ་བར་བྱའོ། །དེ་ལྟར་ཕྱག་བཙལ་ནས་མཆོད་པ་དབུལ་ཏེ། རྣལ་འབྱོར་པ་དག་གི་ཐུགས་ཀར་ཡི་གེ་ཨ་བསྒོམས་ལ་དེ་ལས་ཀྱང་འོད་ཟེར་སྤྲོས་ཏེ། མཆོད་པ་རྣམ་པ་ལྔ་མེ་ཏོག་གི་གདུགས་དང་། བ་དན་དང་། རྒྱན་དང་ཕྲེང་བ་ ལ་སོགས་པ་དང་། སྤོས་ཀྱང་རང་བཞིན་གྱིས་དྲི་ཞིམ་པོར་སྦྱར་བའི་དྲི་མར་གྱུར་པའི་དྲི་དང་སྤོས་རྒྱ་དང་། མར་མེའི་ཕྲེང་བ་དང་། དྲི་ཆབ་དང་ལྷ་བཤོས་དང་། གདུགས་དང་རྒྱལ་མཚན་ལ་སོགས་པ་ནམ་མཁའ་སྤྲིན་ཕུང་ཙམ་རྒྱ་མཚོ་ལྟར་གཏིབས་པས་མཆོད་པར་བསྒོམ། དེ་ནས་སངས་རྒྱས་དེ་དག་གི་སྤྱན་སྔར་སྡིག་པ་བཤགས་ཏེ། དུས་གསུམ་དུ་བདག་གིས་སྡིག་པ་བྱས་པ་དང་། གཞན་བྱེད་དུ་སྩལ་པ་དང་། བྱེད་པ་ལ་དགའ་བར་སྦྱོར་བ་དང་། དངོས་གཞི་དང་འཇུག་པ་དང་བཅས་པ་ཐམས་ཅད་བཤགས་ཏེ། དྲན་པ་ནི་ཁས་བླངས་མ་དྲན་པ་ནི་བསྡུས་ཏེ། འགྱོད་པ་ སྐྱེས་ནས་ཕྱིས་མི་བྱ་བར་སྡོམ་པ་བླངས་ནས་བཤགས་པའོ། །དེ་ཡང་བཤགས་པའི་གནས་འཕགས་པ་དང་། བཤགས་བྱ་དང་། བཤགས་པ་པོ་རྣམས་མི་དམིགས་པར་བསྒོམ་མོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ དང་། རྣལ་འབྱོར་པའི་དགེ་བའི་རྩ་བ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་གྱིས་མ་འདྲེས་པ་ལ། ཕྲག་དོག་མེད་པའི་དགའ་བ་དང་། སྤྲོ་བ་ནི་རྗེས་སུ་ཡི་རང་བར་བསྒོམ་པའོ། །དེ་ནས་དགེ་བའི་རྩ་བ་བསྔོ་བ་ནི། །བདག་གི་དགེ་བའི་རྩ་བ་ཅི་བགྱིས་པའི་བསོད་ནམས་ཀྱིས་སེམས་ཅན་ ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་པར་བསྔོས་ལ་བསྒོམ་མོ། །དེ་ནས་གསུམ་ལ་སྐྱབས་སུ་འགྲོ་བ་བསྒོམ་སྟེ། སངས་རྒྱས་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་བསྙེན་ཏེ་སྐྱབས་སུ་འགྲོ་བ་བསྒོམ་མོ། །ཆོས་ནི་ཆོས་བསྒོམ་པ་བདག་མེད་པའི་ཆོས་ལ་བརྟེན་ཅིང་བསྒོམས་ ལ་སྐྱབས་སུ་འགྲོའོ། །དགེ་འདུན་ཡང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་དགེ་འདུན་ལ་སྐྱབས་སུ་མི་འགྲོ་སྟེ། ས་བཅུ་པའི་བྱང་ཆུབ་སེམས་དཔའ་ལ་བརྟེན་ཅིང་བསྒོམས་ཏེ་སྐྱབས་སུ་འགྲོ་བ་བསྒོམ་མོ། །དེ་ལ་ལམ་བསྟན་པ་ནི། བླ་ན་མེད་པའི་སངས་རྒྱས་གྲུབ་པའི་ལམ་རྡོ་རྗེ་ཐེག་པའི་ དོན་འཇམ་དཔལ་སྒྱུ་འཕྲུལ་དྲ་བའི་ཏིང་ངེ་འཛིན་བསྒོམ་ཞིང་མཚན་བརྗོད་པ་ནི་ལམ་བསྟན་པའོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་བདག་གིས་སེམས་ཅན་ཐམས་ཅད་ལ་བསྐྱབ་པའི་དོན་དུ་སངས་རྒྱས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་བར་བསྒོམ་པར་བྱའོ། །སངས་ རྒྱས་ནས་ཀྱང་སེམས་ཅན་རྣམས་མ་རྒལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། །དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་དེ་ལྟར་བསོད་ནམས་ཀྱི་ཚོགས་ཡན་ལག་བཅུ་བསྒོམས་ནས་ གསོལ་བ་གདབ་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ཞེས་བྱའོ། །དེ་ནས་དམ་བཅའ་བར་བྱ་སྟེ། བདག་མིང་འདི་ཞེས་བྱ་བས་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་དེ་རིང་ཕྱིན་ཆད་བསྐྱེད་པར་བགྱིའོ། །ཇི་ལྟར་དུས་གསུམ་མགོན་རྣམས་ ཀྱིས། །བྱང་ཆུབ་སེམས་ནི་བསྐྱེད་པ་བཞིན། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །བསླབ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་གྱི་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་སོ་སོར་གཟུང་། །དེ་ནས་ རིགས་ལྔའི་སྡོམ་པ་བཟུང་སྟེ། འདི་ནི་རྣམ་པར་སྣང་མཛད་ཀྱི། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་ན་མེད་པའི་དཀོན་མཆོག་གསུམ། །སྡོམ་པ་སངས་རྒྱས་སྦྱོར་བསྐྱེད་པ། །འདི་ནི་བདག་གིས་བསྐྱེད་པར་བགྱི། །རྡོ་རྗེ་རིགས་ཀྱི་སྡོམ་པ་གཟུང་། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་གསུམ། །བདག་ གིས་མི་གཏོང་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་པོ་ཆེའི་སྡོམ་པ་གཟུང་། །སྦྱིན་པ་རྣམ་བཞི་དུས་དྲུག་ཏུ། །བརྟན་པོ་ཉིད་དུ་སྦྱིན་པར་བྱ། །པདྨ་རིགས་ཀྱི་སྡོམ་པ་གཟུང་། །ཕྱི་དང་ནང་དང་གསང་བ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་ཀྱི་ སྡོམ་པ་གཟུང་། །བདག་གིས་མི་གཏོང་གཟུང་བར་བགྱི། །གོང་དུ་མ་བྱུང་བའི་ལྷག་མ་ཀུན་འདི་སེམས་ཅན་གྱི་དོན་བྱ་བ་དང་། མི་དགེ་བ་བཅུ་སྤང་བ་དང་། འཁོར་བ་མི་སྤང་བ་དང་། མྱ་ངན་ལས་འདས་པ་དང་དུ་མི་ལེན་པ་དང་། ཐེག་པ་ཆུང་བ་དང་འཇིགས་པའི་ས་སྤངས་པ་དང་། ལྷ་དང་ལྷ་མ་ཡིན་ དང་། གདོན་ལ་སོགས་པའི་ཕྱག་རྒྱ་མི་སྨད་པ་དང་། དེ་རིང་ཕན་ཆད་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གཟུང་བར་བྱའོ་ཞེས་དམ་བཅའོ།། །།དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །མ་རྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་གྲོལ་བ་དང་། །དབུགས་ མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའོ་ཞེས་སེམས་བསྐྱེད་དོ། །དེ་ཡན་ཆོད་བསོད་ནམས་ཀྱི་ཚོགས་བསྒོམ་པའོ། །དོན་དམ་པ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་ཚོགས་བསྒོམ་པ་ནི། དང་པོ་མངོན་པར་ བྱང་ཆུབ་པ་ལྔ་བསྒོམ་པ་ཡིན་ལ། དེ་ནི་ཡེ་ཤེས་ལྔ་བསྒོམ་པ་ཡིན་ཏེ། དང་པོ་ཆོས་ཐམས་ཅད་མི་དམིགས་ལ་མི་རྟོག་པ། རང་བཞིན་མེད་པ་ནམ་མཁའ་དང་འདྲ་བ་ཐ་སྙད་ཙམ་དུ་ཡོད་ལ། དོན་དམ་པར་རང་བཞིན་མེད་པ་དེ་བཞིན་ཉིད་རང་བཞིན་གྱིས་འོད་གསལ་བར་བསྒོམ། དེ་ནས་མེ་ལོང་ལྟ་བུའི་ཡེ་ ཤེས་བསྒོམ་སྟེ། དཔེར་ན་མེ་ལོང་གཡའ་དག་པའི་ནང་དུ། གཟུགས་བརྙན་སྣང་ཞིང་གསལ་བ་ལྟར་རང་བཞིན་གྱིས་འོད་གསལ་བ། དེ་ལས་ཆོས་ཀྱི་དབྱིངས་རྒྱུ་མཐུན་པའི་རྣམ་པར་སྨིན་པའི་ཡེ་ཤེས་དེ་ལས། འཇིག་རྟེན་གྱི་རང་བཞིན་གྱི་སེམས་ཅན་གྱི་གང་ཟག་ཕུང་པོ་དང་། ཆོས་ ཐམས་ཅད་ཇི་ལྟར་ཡིན་པའི་ཆོས་ཉིད་ཀྱི་ངང་དེ་ལ་ཕྱིན་ཅི་མ་ལོག་པར་སྣང་བ་དང་། སེམས་རྣམ་པར་དག་པ་ལོག་རྟོག་གློ་བུར་གྱི་དྲི་མ་དང་འདྲ་བས་བསྒྲིབས་པ་ཙམ་ཡིན་ལ། སེམས་ཅན་གྱི་སེམས་ཆོས་ཀྱི་རང་བཞིན་དུ་གསལ་བར་བསྒོམ་མོ། །སེམས་ཅན་གྱིས་དེ་ལྟར་མི་རྟོགས་ཏེ། འགྲོ་བ་ ལས་མི་ཐར་བ་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། འགྲོ་བ་ལས་ཐར་པར་བྱའོ་ཞེས་བསྒོམ་མོ། །དེ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་སྟེ། ཆོས་ནི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་བྱ། མུ་སྟེགས་པས་བརྟགས་པའི་གང་ཟག་ཏུ་ལྟ་བ་མེད། ཉན་ཐོས་པའི་ ཆོས་རྡུལ་ཙམ་དུ་ཡོད་པར་ལྟ་བའི་བདག་མེད་པར་ལྟ་བ་དང་། སེམས་ཙམ་པའི་སེམས་ཡོད་པར་ལྟ་བ་དེ་ཡང་བདག་མེད་པར་ལྟ། ཆོས་ཐམས་ཅད་ལ་བདག་མེད་པར་བསྒོམ། དེ་ཡང་བདག་ཏུ་འཛིན་པ་མེད་པ་དང་། གཞན་མེད་པ་དང་། བདག་གཞན་མེད་པ་དང་། ཆོས་ཐམས་ཅད་ བདག་མེད་པར་མཉམ་པའོ། །མདོར་ན་རྣམ་པར་ཐར་པའི་སྒོ་གསུམ་དུ་བསྒོམ་མོ། །ཨོཾ་ཨ་ཀཱ་རོ་མུ་ཁྃ་སརྦ་དྷརྨྨཱ་ཎཱྃ་ཨཱདྱ་ནུཏྤནྣ་ཏྭཱཏ། ཅེས་པས་བྱིན་གྱིས་བརླབ་པོ། །དེ་ལ་ཨ་ནི་ཨ་ཨ་ནུཏྤནྣ་ཏྭཱཏ། ཅེས་པ་སྟེ། ཆོས་ཐམས་ཅད་མ་སྐྱེས་པ་སྟོང་པ་ཉིད་ཅེས་བྱ་སྟེ། བདག་ གཞན་སྟོང་པ་ཉིད་དུ་མཉམ་པར་བསྒོམ་མོ། །དེའི་འོག་ཏུ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་བསྒོམ་སྟེ། དེ་ནི་བདག་དང་གཞན་དུ་ཕྱེ་སྟེ། གང་ཞེ་ན། གཟུང་བ་དང་འཛིན་པ་རྣམ་པར་དག་པའི་མི་རྟོག་པའི་ངང་ལས་བདག་དང་གཞན་དུ་ཡང་དག་པའི་ཀུན་རྫོབ་ཏུ་ཕྱེ་སྟེ། རང་གི་མཚན་ཉིད་དུ་བདག་དོན་བྱ་བའི་ གནས་སེམས་ཅན་གཞན་མཚན་མ་མེད་པའི་སྒོ་ནས། སོ་སོར་ཕྱེ་ཞིང་བརྟག་པར་བྱས་ཏེ་བསྒོམས་ནས། སྤྱིའི་མཚན་ཉིད་དོན་དམ་པར་མཚན་མ་མེད་པར་ཤེས་པའི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སོ། །དེའི་ངང་ལས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བསྒོམ་སྟེ། གཟུང་བ་དང་ འཛིན་པ་ལས་འདས་པ་གཅིག་དང་དུ་མ་དང་ཤིན་ཏུ་བྲལ་བ་རྣམ་པར་དག་པ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྟོང་པ་ཉིད་བཅོ་བརྒྱད་ཀྱི་རང་བཞིན་ནམ། རྣམ་པར་ཐར་པ་བཞིའི་རང་གི་ངོ་བོ་མི་དམིགས་པར་བསྒོམ་མོ། །དེའི་ངང་ལས་སྨོན་ལམ་དང་ཐུགས་རྗེའི་དབང་གིས། བྱང་ཆུབ་སེམས་དཔའ་དང་། རྣལ་འབྱོར་པ་རྣམས་ཀྱིས་འགྲོ་བའི་དོན་བྱ་བའི་ཕྱིར། བྱ་བ་ནན་ཏན་གྱི་ཡེ་ཤེས་བསྒོམ་སྟེ། དག་པ་འཇིག་རྟེན་པའི་ཡེ་ཤེས་འགྲོ་བའི་དོན་བྱ་བའི་རྒྱུ་བདག་དང་གཞན་མཚན་མ་མེད་བཞིན་དུ་སོ་སོར་དམིགས་ནས། མི་དམིགས་པའི་སྙིང་རྗེ་ཆེན་པོས་འགྲོ་བའི་དོན་བྱ་བར་དྲན་ཏེ། སྤྲུལ་པ་སྣ་ ཚོགས་པས་སྤྲུལ་ཅིང་སྤྲོས་ནས་སེམས་ཅན་སྲིད་པ་ལས་བསྒྲལ་ཏེ། འོད་ཟེར་གྱིས་ངན་སོང་གསུམ་ལ་ཁྱབ་ནས་སྡུག་བསྔལ་ཉེ་བར་ཞི་བར་བྱས་ནས། སེམས་ཅན་རྣམ་པར་གྲོལ་ནས་ལྷ་དང་མི་ལ་བཀོད་དེ། དེ་ནས་སོ་སོའི་དབང་པོ་རིམ་པ་བཞིན་དུ་དམ་པའི་ཆོས་ཀྱི་ཕྱག་རྒྱ་སྟེ། ཐེག་པ་ གསུམ་གྱི་ཆོས་ཀྱིས་གྲོལ་བར་བྱས་ནས། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བ་དང་། ཉན་ཐོས་རྣམས་སེམས་ཅན་གྱི་དོན་ལ་བཅུག་ནས། ཐེག་པ་ཆེན་པོ་ལ་བཀོད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་སྲིད་པ་ལ་ཆགས་པ་ལ་སྟོང་པ་ཉིད་ཀྱི་དོན་བསྟན་ནས་སངས་རྒྱས་པར་བྱའོ་བར་བསྒོམ་པ་ནི་ བྱ་བ་ནན་ཏན་གྱི་ཡེ་ཤེས་བསྒོམ་པའོ། །དེ་ལྟར་འཇུག་པ་བྱང་ཆུབ་ཀྱི་སེམས་དང་། །སྨོན་པ་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་སྟེ། །དེས་ནི་བསོད་ནམས་ཀྱི་ཚོགས་དང་། །དོན་དམ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་བསྒོམ་པ་བསྟན་ནས། །ད་ནི་དག་པ་ འཇིག་རྟེན་པའི་ཡེ་ཤེས་བཞིའི་ཏིང་ངེ་འཛིན་བསྒོམས་ཏེ། བདག་གི་སེམས་གཟུང་འཛིན་རྣམ་པར་དག་པའི་ཡེ་ཤེས་ལས། ཁྲོ་བོའི་ས་བོན་ཧཱུྃ་སྔོ་ནག་སངས་རྒྱས་ཀྱི་ཞིང་དྲུག་ཁྱབ་པ་ཙམ་ཅིག་བསྒོམ་མོ། །དེའི་འཕྲོ་འདུས་སངས་རྒྱས་ཀྱི་ཞིང་དུ་ཁྱབ་ནས་སེམས་ཅན་གྱི་དོན་ བྱས་ཏེ། སླར་ཧཱུྃ་ལ་ཐིམ་པ་ལས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་སངས་རྒྱས་ཀྱི་ཞིང་དྲུག་ཁྱབ་པ་སྟེ། དེ་ནི་ཉོན་མོངས་པ་ཅན་གྱི་འཇིག་རྟེན་པ་དེ་འདུལ་བའི་དོན་དུ་བུམ་པ་ལ་ཁྲོ་བོ་ཞལ་དྲུག་སྟེ། ཤར་གྱི་དབུ་སྔོ། གཡས་གཡོན་དཀར། ལྷོ་སེར་ནུབ་དམར་བྱང་ལྗང་གུའོ། །རྩེ་མོ་ལྔ་ཡར་ལྟ་བ་ཡེ་ཤེས་ ལྔ། མར་ལྟ་བ་རིགས་ལྔའི་རང་བཞིན་ནོ། །རྡོ་རྗེའི་ས་གཞི་དང་། རྡོ་རྗེའི་ར་བ་དང་། རྡོ་རྗེའི་དྲ་བའི་སྦུབས་སུ་གྱུར་པ་ནང་སྟོང་པར་བསྒོམ་མོ། །དེའི་ནང་དུ་བྷྲཱུཾ་དཀར་པོ་ལས་རིན་པོ་ཆེའི་མཆོད་རྟེན་ཁ་དོག་བཞི་དང་ལྡན་པ། ཚད་སྟོང་གསུམ་གྱི་འཇིག་རྟེན་ཁྱབ་པ་ཅིག་བསྒོམ་མོ། །དེའི་བུམ་ པའི་ནང་དུ་ཡི་གེ་ཧྲི་ལས་ཆོས་ཀྱི་འབྱུང་གནས་དབྱིབས་ཟུར་གསུམ་དུ་བསྒོམ་མོ། །དེའི་ནང་དུ་ཡི་གེ་ཨ་ལས་ཁ་དོག་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་བསྒོམ་མོ། དེའི་དབུས་སུ་ཡི་གེ་བྷྲཱུཾ་དཀར་པོ་ལས་གཞལ་ཡས་ཁང་གྲུ་བཞི་པ་ཏྭ་ར་ཎ་དང་བཅས་པར་བསྒོམ་མོ། །དེ་ཡང་སངས་རྒྱས་དང་སེམས་ ཅན་ཆོས་ཉིད་དུ་མཉམ་པས་གྲུ་བཞིའོ། །དྲན་པ་ཉེ་བར་གཞག་པའི་རང་བཞིན་གྱིས་ཤར་གྱི་སྒོའོ། །ཡང་དག་པར་སྤོང་བ་བཞིའི་དོན་གྱིས་ལྷོའི་སྒོའོ། །རྫུ་འཕྲུལ་གྱི་རྐང་པ་བཞིའི་དོན་གྱིས་ནུབ་ཀྱི་སྒོའོ། །དབང་པོ་ལྔའི་རང་བཞིན་གྱིས་བྱང་གི་སྒོའོ། །སྟོབས་ལྔའི་རང་བཞིན་གྱིས་ སྒོ་སྲུང་བཞིའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་དྲ་བ་དང་དྲ་བ་ཕྱེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པས་གདུགས་དང་མེ་ཏོག་གི་ཕྲེང་བའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་གྱིས་མེ་ལོང་དང་རིན་པོ་ཆེའོ། །གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་སེམས་ཅན་རྣམས་ ལ་ཆོས་སྟོན་པས། འདུལ་བས་འདུལ་བའི་རང་བཞིན་དྲིལ་བུ་དང་དར་གྱི་ཅོད་པན་ནོ། །ཚོགས་གཉིས་རྫོགས་པར་བསམས་པས་སུམ་བརྩེགས་སུ་གྱུར་པའོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་དབུ་རྩེའི་གཙུག་ཏོར་ཏུ་གྱུར་པའོ། །རྣམ་པར་ཐར་པ་བརྒྱད་ཀྱི་རང་བཞིན་གྱིས་ཏྭ་ར་ཎའོ། །ཏིང་ངེ་འཛིན་ མུ་མ་ཆོད་པ་བསྒོམས་པས་མུ་ཁྱུད་མ་ཆད་པའོ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས་རྡོ་རྗེ་ཕྲེང་བའོ། །ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ལྔའི་ཁ་དོག་གིས་བརྒྱན་པའོ། །དེའི་ནང་དུ་རེ་མིག་དགུ་སྣམ་བུ་དང་ལྡན་པ་ལ་དབུས་སུ་སེང་གེའི་ཁྲི་མི་འཇིགས་པ་བཞིའི་རང་བཞིན་ནོ། །སྟོབས་བཅུ་དང་ལྡན་ པའི་རྟགས་སུ་ཤར་དུ་གླང་པོ་ཆེའོ། །རྫུ་འཕྲུལ་གྱི་རྐང་པ་བཞིའི་རང་བཞིན་གྱིས་ལྷོར་རྟའོ། །དབང་བཅུའི་རང་བཞིན་གྱིས་ནུབ་ཏུ་རྨ་བྱའོ། །ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་བྱེད་པའི་རང་བཞིན་གྱིས་བྱང་དུ་ནམ་མཁའ་ལྡིང་གི་ཁྲིའོ། །དེ་དག་གི་སྟེང་དུ་རིན་པོ་ཆེའི་ཁྲི་དང་པདྨའི་གདན་དང་ཟླ་བའི་གདན་ བརྩེགས་པའོ། །དེ་དག་གི་ཕྱོགས་བཞི་ཐམས་ཅད་དང་། མཚམས་ཀྱི་རེ་མིག་དང་སྣམ་བུ་དང་གྲུ་ཆད་ལ་ཟླ་བའི་གདན་བསྒོམ་མོ། །དེ་ལ་པདྨ་ནི་ཐབས་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་པའོ། །ཟླ་བ་ནི་དགེ་བའི་རྩ་བ་བྱང་ཆུབ་ཀྱི་མྱུ་གུ་བསྐྱེད་པའོ། །དེ་ནས་དབུས་སུ་སེང་གེ་དང་ཟླ་བའི་ གདན་ལ་བདག་གི་སེམས་གཟུང་འཛིན་དག་པའི་ཡེ་ཤེས་དེ་ཉིད་ཡི་གེ་ཨ་དཀར་པོ་ཅིག་ཏུ་བསྒོམས་ལ། དེའི་འཕྲོ་འདུ་ལས་རྣམ་པར་སྣང་མཛད་ཆེན་པོ་བྱང་ཆུབ་སེམས་དང་རང་བཞིན་གཅིག་པ། ཞལ་བཞི་ཕྱག་བརྒྱད་པ་ཞལ་ཕྱོགས་བཞིར་གཟིགས་པ། རྒྱན་མི་མངའ་བ་ཞི་བའི་རང་བཞིན་ དབུ་ལ་རལ་པ་གྱེན་དུ་འཁྱིལ་བ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་དབྱེར་མེད་པའི་དོན་སྐུ་མདོག་དཀར་པོ་ཆོས་ཉིད་ལ་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའི་རྟགས། ཕྱག་བརྒྱད་ཐུགས་ཀ་ན་བྱང་ཆུབ་ཀྱི་མཆོག་གི་ཕྱག་རྒྱ་བཅས་པ་ལ་སྙིང་རྗེ་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་དུ་བསྒོམ་མོ། །དེའི་ ཐུགས་ཀར་ཡི་གེ་ཧྲཱིཿལས་དང་པོའི་སངས་རྒྱས་སྐུ་མདོག་དཀར་པོ་ཞལ་བཞི་ཕྱག་བརྒྱད་པ་དབུ་ལྔ་ལ་གཙུག་གི་དབུ་རྟ་མགོ་དཀར་པོ་སྟེ། ཁམས་གསུམ་ཐམས་ཅད་ཟིལ་གྱིས་གནོན་པའམ་དབང་དུ་སྡུད་པའི་རང་བཞིན་ནོ། །ཞལ་ཤར་ཕྱོགས་སུ་གཟིགས་པ་སྔོ། །ལྷོ་སེར་ནུབ་དམར། བྱང་ ལྗང་བ་རིགས་ལྔའི་རང་བཞིན་ནོ། །ཕྱག་གཡས་པ་བཞི་ན་རལ་གྲི་བསྣམས་པ། གཡོན་པ་བཞི་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་དུམ་པ་རེ་རེ་བསྣམས་པའོ། །ཉོན་མོངས་པ་གཅོད་པའི་རྟགས་རལ་གྲི་དམ་པའི་ཆོས་སྟོན་པའི་རང་བཞིན་དང་ལྡན་པས་པོ་ཏི་བསྣམས་པ། ཆོས་ཀྱི་སྐུའི་ རང་བཞིན་ཡིན་པས་སྐུ་མདོག་དཀར་པོ་ཉི་མའི་དཀྱིལ་འཁོར་དང་ལྡན་པ། སྣ་ཚོགས་ཀྱི་ན་བཟས་བརྒྱན་པ། ཕུད་བུ་ལྔ་དང་ལྡན་པར་བསྒོམ། དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་བསྒོམ། །རྩིབས་དྲུག་ལ་ཤར་གྱི་རྩིབས་ནི་སྔོ་གཡས་གཡོན་ནི་དཀར་ལྷོ་སེར་ནུབ་དམར། བྱང་ ལྗང་། མུ་ཁྱུད་བཞི་ཡང་དཀར། རིགས་དྲུག་གི་རང་བཞིན་ཡིན་པས་རྩིབས་དྲུག་གོ། །རྟེན་ཅིང་འབྲེལ་པའི་རང་བཞིན་ཡིན་པས་འཁོར་ལོ་མུ་ཁྱུད་དང་པོ་ལ། ཨོཾ་སརྦ་དྷརྨྨ་ཨ་བྷ་བ་སྭ་བྷཱ་བ་བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨཿ། ཞེས་པ་བསྒོམ་མོ། །གཉིས་པ་ལས་སངས་རྒྱས་ཀྱི་ས་བཅུ་གཉིས་ཀྱི་ས་བོན། ཨ་ཨཱ་ཨི་ཨཱི་ཨུ་ཨཱ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ། བཅུ་གཉིས་དགོད། རྩིབས་དྲུག་ལ་ཤར་གྱི་རྩིབས་ལ། ཨོཾ་དུཿཁཙྪེ་དཱ་ཡ་ཏེ་ན་མཿ། ལྷོའི་རྩིབས་ལ་ཨོཾ་བཱ་གཱི་ཤྭ་རཱ་ཡ་ཏེ་ན་མཿ ནུབ་ཀྱི་རྩིབས་ལ་ཨོཾ་བཛྲ་ཏཱིཀྵྞཱ་ཡ་ཏེ་ན་མཿ། བྱང་གི་རྩིབས་ལ་ཨོཾ་ཛྙཱ་ན་ཀཱ་ཡཱ་ཏེ་ན་མཿ ཤར་སྟོད་ཀྱི་ རྩིབས་ལ། ཨོཾ་པྲ་ཛྙཱ་ཛྙཱ་ན་མཱུརྟྟ་ཡེ་ན་མཿ། ཤར་སྨད་དུ། ཨོཾ་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ། དེའི་ཕྱི་རོལ་རྩིབས་མཆན་གྱི་མུ་ཁྱུད་ལ་སྔགས་ཀྱི་ཕྲེང་བ། ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཞེས་པ་དགོད། མུ་ཁྱུད་ཕྱི་མ་ལ་ཀ་ཁ་སུམ་ཅུ་རྩ་གཉིས་དགོད། །དེས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་ས་བོན་ ཡིན་ནོ། །འཁོར་ལོའི་ལྟེ་བའི་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཨཱཿལས་བསྐྱེད་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག །ཕྱག་གཉིས་པ། ཉི་མའི་དཀྱིལ་འཁོར་དང་ལྡན་པ་བྱིས་པའི་རྒྱན་གྱིས་བརྒྱན་པ། གཙུག་ཕུད་ལྔ་དང་ལྡན་པ་ ཕྱག་གཉིས་ན་ཨུཏྤ་ལ་བསྣམས་པ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དང་ལྡན་པའི་དོན་ཏོ། །དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨ་དཀར་པོ་བསྒོམས་ཏེ། ཐམས་ཅད་མཁྱེན་པ་དང་ལམ་མཁྱེན་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། གསུམ་གྱི་རང་བཞིན་ཅན་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་བསྐྱེད་པའི་གནས། བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་བསྒོམ་པའོ། །ཨ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། དང་པོར་བསྐྱེད་པའི་རིམ་པ་ལས་ཕྱིར་འཕྲོས་པའི་ མཆོད་རྟེན་གྱི་བུམ་པའི་ནང་ནས་ཕྱིར་འཕྲོས་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་ཉོན་མོངས་པ་ལྔ་དང་། ཚུལ་ཁྲིམས་འཆལ་པ་ལ་སོགས་པ་དག་པར་བྱས་ཏེ། སངས་རྒྱས་པར་བྱས་ནས། དེ་ལས་ཀྱང་ཕྱིར་འཕྲོས་ནས་རྡོ་རྗེ་ཁྲོ་བོའི་ཞལ་ནས་བྱུང་སྟེ། ཕྱོགས་བཅུའི་ འཇིག་རྟེན་དུ་ཁྱབ་ནས་སེམས་ཅན་གྱི་དོན་བྱས་ཏེ་སླར་འདུས་པས་རིམ་པར་ཡི་གེ་ཨ་ལ་ཐིམ་པར་བྱས། རྡོ་རྗེ་དབྱིངས་ཀྱི་ལྷ་རྣམས་སུ་སྤྲུལ་ལ། སངས་རྒྱས་མཆོད་པ་དང་། སེམས་ཅན་གྱི་དོན་བྱས་ནས། ཡང་སླར་འདུས་པས་སེམས་མ་རྡོ་རྗེ་མ་ལ་སོགས་པ་བཞི་ནི་དབུས་ཀྱི་གཙོ་བོ་ལ་བསྐོར། རིགས་ ལྔ་དེ་བཞིན་གཤེགས་པའི་རིགས་ནི་གཙོ་བོ་ལ་ཐིམ་པར་བྱའོ། །རིགས་བཞི་ནི་གླང་པོ་ཆེའི་ཁྲི་ལ་མི་བསྐྱོད་པ་ལ་འཁོར་སེམས་དཔའ་བཞིས་བསྐོར་བ། རྟའི་ཁྲི་ལ་རིན་ཆེན་འབྱུང་ལྡན་ལ་འཁོར་སེམས་དཔའ་བཞིས་བསྐོར་བ། རྨ་བྱའི་ཁྲི་ལ་སྣང་བ་མཐའ་ཡས་ལ་འཁོར་སེམས་དཔའ་བཞིས་ བསྐོར་བ། ནམ་མཁའ་ལྡིང་གི་ཁྲི་ལ་དོན་ཡོད་གྲུབ་པ་ལ་འཁོར་སེམས་དཔའ་བཞིས་བསྐོར་བར་བསྒོམ་མོ། །མཚམས་ཀྱི་རེ་མིག་བཞི་ལ་སྒེག་མོ་ལ་སོགས་པ་བཞིའོ། །སྣམ་བུ་ལ་མཆོད་པའི་ལྷ་མོ་བཞི་དང་། བྱང་ཆུབ་སེམས་དཔའ་བཅུ་དྲུག་གོ། །སྒོ་བཞིའི་གནས་སུ་སྒོ་བ་བཞིས་ བསྐོར་བར་བསྒོམས་ལ། དེ་ནས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ་ནས། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པ་ཡན་ཆད་བཀླག་པར་བྱའོ། །དེ་ནས་མཚན་གྱི་ཡིག་འབྲུ་འོད་ཟེར་དཀར་པོ་སྤྲོས་ཏེ་འོད་ཟེར་གྱིས་སེམས་ཅན་གྱི་ཉོན་མོངས་པ་གཏི་མུག་ལ་སོགས་པ་དག་པར་བྱས་ ནས་ཡང་དག་པའི་དོན་དང་ལྡན་པར་བྱས་ཏེ། སླར་འདུས་པས་མཚན་གྱི་སྔགས་བརྒྱད་ཅུ་རྩ་དྲུག་ཡོད་པ་རིགས་ལྔར་ཕྱེས་ཏེ་ཕྱོགས་བཞི་ནས་དཀྱིལ་འཁོར་གྱི་ལྷ་ལ་ཐིམ་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཆེན་པོ་མི་སྣང་བར་བྱས་ནས། དབུས་ཀྱི་གདན་ལ་ཡི་གེ་ཨ་ལས་རྣམ་པར་སྣང་མཛད་སྐུ་ མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་པ་དབུ་ལ་རལ་པ་གྱེན་དུ་འཁྱིལ་བ་རྒྱན་མི་མངའ་བ་ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱར་མཛད་པ་བསྒོམ་མོ། །དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་དྷཱིཿལས་དང་པོའི་སངས་རྒྱས་སྐུ་མདོག་དཀར་ལ་ཕྱག་མཚན་གོང་དང་མཐུན་ པའོ། །དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་རྩིབས་བཅུ་པ་ལ་མུ་ཁྱུད་བཞི་ལྟེ་བ་དང་བཅས་པར་བསྒོམ་མོ། །རྩིབས་དཀར་པོ་བཅུ་ལ། ཨོཾ་པྲཛྙཱ་ཛྙཱ་ན་མུརྟྟཱ་ཡ་ཏེ་ན་མཿ། ཞེས་པ་རིམ་པར་དགོད་དོ། །གཞན་མ་གོང་མ་དང་མཐུན་ནོ། །དབུས་ཀྱི་ལྟེ་བ་ལ་ཟླ་བའི་སྟེང་དུ་ཡི་ གེ་ཨ་ལས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡེ་ཤེས་སྤྱི་གཟུགས་ཞེས་བྱ་བ། དེ་བཞིན་གཤེགས་པའི་རིགས་ཀྱི་འཇམ་དཔལ་ཡེ་ཤེས་སེམས་དཔའ་དཀར་པོ་ཕྱག་གཡས་ན་རལ་གྲི་གཡོན་ན་འཁོར་ལོ་བསྣམས་པ་ཟུར་ཕུད་ལྔ་དང་ལྡན་པ། གཞོན་ནུ་རྒྱན་གྱིས་བརྒྱན་པར་བསྒོམ་མོ། །དེའི་ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨ་དཀར་པོ་བསྒོམ། དེ་ལ་འོད་འཕྲོས་པས་གོང་མའི་རིམ་པ་དང་འདྲ་བ་རྣམ་པར་སྣང་མཛད་འཕྲོས་པས་སེམས་ཅན་གྱི་ཉོན་མོངས་པའི་གཏི་མུག་དག་པར་བྱས་ཏེ། སླར་རིམ་པར་འདུས་པས་ཡི་གེ་ཨ་ལ་ཐིམ་སྟེ། མཚན་གྱི་སྔགས་ནི་སངས་རྒྱས་རྣམ་པར་སྣང་མཛད་ཆེ། ། ཞེས་པ་ནས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་པའི་བར་དུ་བཀླག་པར་བྱའོ། །དེ་ནས་སྔགས་བརྗོད་པ་ཙམ་ན་སྔགས་ལས་འོད་ཟེར་དཀར་པོ་འཕྲོས་པས་རྣམ་པར་སྣང་མཛད་མང་པོ་སྤྲོས་པས་སེམས་ཅན་ཀུན་དེ་བཞིན་གཤེགས་པའི་རིགས་སུ་སངས་རྒྱས་པར་བྱས་ཏེ། སླར་འདུས་པ་ལས་ མཚན་གྱི་སྔགས་བརྒྱད་ཅུ་རྩ་གཅིག་ཡོད་པ་རིགས་ལྔར་ཕྱེ་སྟེ། སུམ་ཅུ་རྩ་བདུན་དེ་བཞིན་གཤེགས་པའི་རིགས་ལ་ཐིམ། རིགས་བཞིའི་སྐུ་ཕྱག་རྒྱ་སུམ་ཅུ་རྩ་དྲུག་ཐིམ་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་བསྡུས་ཏེ་ཤར་དུ་བཀོད་ནས། དབུས་ཀྱི་ཡི་གེ་ཧཱུྃ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཞལ་ གཅིག་ཕྱག་གཉིས་པ་རྒྱན་མི་མངའ་བ་རལ་པའི་དབུ་རྒྱན་ཅན་ཕྱག་གཡས་པས་ས་གནོན་པ་བདུད་དང་བགེགས་ཀྱིས་མི་བསྐྱོད་པའི་རྟགས། ཕྱག་གཡོན་ཐུགས་ཀར་ཏིང་ངེ་འཛིན་གྱི་ཚུལ་དུ་བཞུགས་པ། དེའི་ཐུགས་ཁར་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་དྷཱིཿལས་དང་པོའི་སངས་རྒྱས་སྐུ་མདོག་དང་ཕྱག་མཚན་ གོང་མ་དང་མཐུན། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ། དེའི་རྩིབས་བརྒྱད་ལ་ཁ་དོག་སྔོན་པོ་མུ་ཁྱུད་ནི་དཀར་པོ། རྩིབས་བརྒྱད་ལ། ཨོཾ་དུཿཁཙྪེ་དཱ་ཡ་ཏེ་ན་མཿཞེས་པའི་ཡིག་འབྲུ་རེ་རེ་དགོད། ཕྱི་མ་གོང་མ་དང་མཐུན་པར་བྱ། དབུས་ཀྱི་ལྟེ་བའི་ཡི་གེ་ཧཱུཾ་ལས་བསྐྱེད་པའི་འཇམ་དཔལ་ཡེ་ཤེས་སེམས་ དཔའ་སྡུག་བསྔལ་གཅོད་པ་ཞེས་བྱ་བ་སྐུ་མདོག་སྔོན་པོ་རྒྱན་གོང་དང་འདྲ་བ། ཕྱག་གཡས་རལ་གྲི། གཡོན་རྡོ་རྗེ་བསྣམས་པ། ཐུགས་ཀར་ཟླ་བ་ལ་ཧཱུྃ་སྔོན་པོ་བསྒོམ་མོ། །དེ་ལས་འོད་ཟེར་རིམ་པར་ཕྱིར་འཕྲོས་པས་མི་བསྐྱོད་པ་ཁྲོ་བོའི་རིགས་ཀྱི་འོད་འཕྲོས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་དག་པར་ བྱས་ཏེ། སླར་འདུས་པ་ལས་ཡི་གེ་ཧཱུྃ་ལ་ཐིམ་པར་བྱས་ལ་མཚན་གྱི་སྔགས་ནི། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པའི་བར་དུ་བཀླག་པར་བྱའོ། །འོད་ཟེར་སྔོན་པོ་ཁྲོ་བོར་སྤྲོས་ནས་སེམས་ཅན་གྱི་དོན་བྱས། སླར་འདུས་པ་ལས་མཚན་ གྱི་སྔགས་བདུན་ཅུ་རྩ་གཉིས་ཡོད་པ་རིགས་ལྔར་བསྒོམས་ལ། ཕྱོགས་བཞི་ནས་དཀྱིལ་འཁོར་གྱི་ལྷ་ལ་ཐིམ་པར་བྱའོ། །དེ་ནས་མི་བསྐྱོད་པ་སླར་བསྡུས་ཏེ། རང་གི་གདན་ལ་བཀོད་ནས་རྣམ་པར་སྣང་མཛད་ནུབ་ཀྱི་གདན་ལ་བཀོད་དེ། དབུས་གྱི་གཙོ་བོ་ལ་ཧྲཱིཿལས་སྣང་བ་མཐའ་ཡས་བསྐྱེད། ། སྐུ་མདོག་དམར་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལས་མི་གཡོ་བའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་བསྒོམ་མོ། །དེའི་ཐུགས་ཀར་དྷཱིཿལས་དང་པོའི་སངས་རྒྱས་བསྒོམ། །དེའི་ཐུགས་ཀར་ཤེས་རབ་འཁོར་ལོ་རྩིབས་བརྒྱད་པ་ཁ་དོག་དམར་པོ། ཨོཾ་བཛྲ་ཏཱིཀྵྞཱ་ཡ་ཏེ་ན་མཿ ཡིག་འབྲུ་ བརྒྱད་དཀོད། གཞན་འདྲ། དབུས་སུ་ཟླ་བའི་གདན་ལ་ཡི་གེ་ཧྲཱིཿལས་འཇམ་དཔལ་རྡོ་རྗེ་རྣོན་པོ། སྐུ་མདོག་དཀར་པོ་ཕྱག་གཡས་ན་རལ་གྲི་འཕྱར་བ། གཡོན་པདྨ་ཐུགས་ཀར་བསྣམས་པ། ཐུགས་ཀར་ཟླ་བའི་གདན་ལ་ཧྲཱིཿབསྒོམ། དེ་ལས་འོད་ཟེར་སྣང་བ་མཐའ་ཡས་སྤྲོ། སེམས་ཅན་གྱི་ འདོད་ཆགས་ཞི་བར་བྱས་ཏེ། སླར་འདུས་པས་ཡི་གེ་ཧྲཱིཿལ་ཐིམ་པར་བྱས། ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་པ་ནས། ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཡན་ཆད་བརྗོད། འོད་ཟེར་དམར་པོ་སྤྲོ་བར་བྱའོ། །སླར་འདུས་པ་ལས་མཚན་གྱི་སྔགས་ནི་ཉིས་བརྒྱ་བདུན་ཅུ་རྩ་ལྔར་བགོས་ ལ། །དཀྱིལ་འཁོར་ལ་ཐིམ་པར་བྱས་ཏེ། དེ་ནས་སྣང་བ་མཐའ་ཡས་རང་གི་གནས་ལ་བཞུགས་ནས། རྣམ་སྣང་ལྷོར་བཀོད་དེ། དབུས་ཀྱི་གཙོ་བོ་ཡི་གེ་ཨ་ལས་བསྐྱེད་པ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་ཕྱག་རྒྱན་མཆོག་སྦྱིན་མཛད་པར་བསྒོམ། །དེའི་ཐུགས་ཀར་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ་རྩིབས་བརྒྱད་པ། ཨོཾ་བཱ་གཱི་ཤྭ་རཱ་ཡ་ཏེ་ན་མཿཡི་གེ་འབྲུ་བརྒྱད་དགོད། གཞན་གོང་མ་དང་མཐུན། དེའི་ལྟེ་བ་ལ་ཟླ་བའི་སྟེང་དུ་ཡི་གེ་ཨོཾ་ལས་འཇམ་དཔལ་ངག་གི་དབང་ཕྱུག་སྐུ་མདོག་སེར་པོ་ཕྱག་གཡོན་རིན་པོ་ཆེ་ཐུགས་ཀར་བསྣམས་པ། གཡས་པ་རལ་གྲི་འཕྱར་བ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཨོཾ། དེ་ལས་རིན་ཆེན་འབྱུང་ལྡན་སྤྲོ། །སླར་འདུས་ཡི་གེ་ཨོཾ་ལ་ཐིམ། །མཚན་གྱི་སྔགས། འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་པ་ནས། ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་པའི་བར་གྱིས་སྔགས་བརྗོད་ ནས། འོད་ཟེར་སེར་པོ་འཕྲོས་ཏེ་སེམས་ཅན་གྱི་དོན་བྱས། སླར་འདུས་པས་མཚན་གྱི་སྔགས་བརྒྱ་རྩ་ལྔ་རིགས་ལྔར་བགོས་ཏེ། དཀྱིལ་འཁོར་གྱི་ལྷ་ལ་ཐིམ་པར་བྱའོ། །དེ་ནས་རིན་ཆེན་འབྱུང་ལྡན་རང་གི་གནས་སུ་བཀོད་ནས། རྣམ་པར་སྣང་མཛད་བྱང་གི་གདན་ལ་བཀོད་དེ། དབུས་སུ་ གཙོ་བོ་ཡི་གེ་ཨ་ལས་བསྐྱེད་པ། དོན་ཡོད་གྲུབ་པ་སྐུ་མདོག་སྣ་ཚོགས་ཏེ་ལྗང་གུ། ཕྱག་གཉིས་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ། དེའི་ཐུགས་ཀར་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ་ལྗང་གུ་རྩིབས་བརྒྱད་པ། ཨོཾ་ཛྙཱ་ན་ཀཱ་ཡཱ་ཡ་ཏེ་ན་མཿཞེས་འབྲུ་བརྒྱད་དགོད་དོ། ། གཞན་གོང་དང་མཐུན། དེའི་དབུས་སུ་ཟླ་བའི་སྟེང་དུ་གདན་ལ་ཡི་གེ་ཨ་ལས་བསྐྱེད་པའི་འཇམ་དཔལ་ཡེ་ཤེས་ཀྱི་སྤྱི་གཙུག་ཅེས་བྱ་བ། སྐུ་མདོག་ལྗང་གུ་ཕྱག་གཡོན་པ་ན་རྡོ་རྗེ་རྒྱ་གྲམ། གཡས་རལ་གྲི་ཐུགས་ཀར་འཕྱར་བ། དེའི་ཐུགས་ཀ་ན་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཨ་དེ་ལས་དོན་ཡོད་ གྲུབ་པ་སྤྲོ་སེམས་ཅན་གྱི་དོན་བྱས། སླར་རིམ་པར་འདུས་པས་ཡི་གེ་ཨ་ལ་ཐིམ་པར་བྱའོ། །དེ་ནས་མཚན་གྱི་སྔགས། སངས་རྒྱས་ཀུན་གྱི་རྟོགས་བྱ་བ། །ཞེས་པ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་པ་ཡན་ཆད་བཀླག་གོ། །ཡིག་འབྲུ་ལས་འོད་ལྗང་གུ་འཕྲོས་པས་སེམས་ ཅན་གྱི་དོན་བྱས་སླར་འདུས་པ་ལས་མཚན་གྱི་སྔགས་དགུ་བཅུ་རྩ་ལྔ་རིགས་ལྔར་བགོས་ཏེ། དཀྱིལ་འཁོར་ལ་ཐིམ་པར་བྱའོ། །དེ་ནས་དོན་ཡོད་གྲུབ་པ་རང་གི་གནས་སུ་བཀོད་དེ། རྣམ་པར་སྣང་མཛད་མི་སྣང་བར་གྱུར་ནས། དབུས་ཀྱི་གཙོ་བོ་ཡི་གེ་ཨ་ལས་བྱང་སེམས་རྡོ་རྗེ་བསྐྱེད་དེ། སྐུ་མདོག་ དཀར་པོ་རྡོ་རྗེ་དྲིལ་བུ་བསྣམས་པ། རིགས་ལྔའི་དབུ་རྒྱན་ཅན་བསྒོམ། དེའི་ཐུགས་ཀར་གོང་མ་བཞིན་དུ་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ་རྩིབས་དགུ་པ། ཨོཾ་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿཡི་གེ་འབྲུ་རེ་རེ་དགོད་དོ། །མུ་ཁྱུད་གོང་མ་དང་མཐུན་ནོ། །ལྟེ་བའི་ཟླ་བའི་གདན་ལ་ཡི་གེ་ཨ་ ལས་བསྐྱེད་པའི་འཇམ་དཔལ་ཨ་ར་པ་ཙ་ན་ཞེས་བྱ་བ། སྐུ་མདོག་དཀར་པོ་གཡོན་པས་གླེགས་བམ་བསྣམས་ནས་ཐུགས་ཀར་བཞག་པ། གཡས་པ་རལ་གྲི་འཕྱར་བ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཨ་བསྒོམས་ནས། དེ་ལས་རྡོ་རྗེ་སེམས་དཔའ་སྤྲོ་བར་བྱ། སེམས་ཅན་ གྱི་ཉོན་མོངས་པ་ཐམས་ཅད་ཞི་བར་བྱས་ཏེ། སླར་འདུས་པས་ཐུགས་ཀའི་ཨ་ལ་ཐིམ་པར་བྱས་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཚིགས་བཅད་བརྗོད་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་དང་རྣམ་པར་སྣང་མཛད་ཆེན་པོ་དབྱེར་མེད་པའི་ཕྱིར་རོ། །འདི་ནི་སྤྱིའི་རྣལ་འབྱོར་ཡིན་པས་འདི་ལྟར་བརྗོད་ པར་བྱའོ། །རིགས་དྲུག་ལྷ་རང་གི་ཡི་དམ་བྱེད་པའི་ཚེ་བསྒོམས་ནས་བརྗོད་པར་བྱའོ། །མཚན་ཡང་དག་པར་བརྗོད་པའི་བཀླག་པའི་བསྒོམ་ཁོག །སློབ་དཔོན་དཔལ་ལྡན་བྱང་ཆུབ་མཆོག་གིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ ནཱ་མ་སཾ་གཱི་ཏི་ནཱ་མ་ཧོ་མ་ཀྲ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་སྦྱིན་སྲེག་གི་རིམ་པ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །བདེན་པ་གཉིས་ལ་གནས་ཤིང་དྲི་མེད་གཟི་བརྗིད་ལྡན་པ་ཡི། །ཚུལ་མཆོག་དམ་ པ་རིམ་པ་བཞིར་ལྡན་རྣལ་འབྱོར་པ། རིམ་གཉིས་ཚུལ་གྱིས་སྦྱིན་སྲེག་ཆོ་ག་བཤད་པར་བྱ། །ད་ནི་མཚན་ཡང་དག་པར་བརྗོད་པའི་སྔགས་ཀྱིས་དབང་གིས་འདིར་གསུངས་པ་ན་བའི་དོན་དུ་ཞི་བའི་ལས་བྱའོ། །འབྱོར་པའི་དོན་དུ་རྒྱས་པའི་ལས་བྱའོ། །དབང་ནི་དགུག་པའོ། །དྲག་པོ་ནི་ ཚར་གཅོད་པའོ། །དེའི་དོན་རྒྱས་པར་བཤད་པར་བྱ་སྟེ། སྙིང་རྗེ་དང་དགའ་བར་ལྡན་པའི་རྣལ་འབྱོར་པས། བདག་དང་གཞན་ལ་ཕན་གདགས་པའི་ཕྱིར། ཞི་བ་དང་རྒྱས་པ་དང་དབང་དུ་བྱ་བ་ལ་སོགས་པ་གསུངས་ཏེ། དབང་བསྐུར་བའི་ཐོག་མར་ཞི་བའོ། །དེ་ནས་རྒྱས་པའོ། །དེ་ནས་ དབང་དང་དྲག་པོའོ། །ཐ་མར་ལས་ཐམས་ཅད་པའོ། །ཐབ་དང་ཕྱག་རྒྱ་དགོད་པ་དང་། །དུས་དང་ཁ་ལྟ་མཆོད་རྫས་དང་། །བཞག་ཐབས་དང་ནི་འདུག་སྟངས་དང་། །ཡམ་ཤིང་བུད་ཤིང་གཟར་བུ་དང་། །རྣལ་འབྱོར་ཏིང་འཛིན་རིམ་པ་དང་། །ཀུ་ཤ་མེ་དང་སྲེག་རྫས་དང་། །སྤྱན་ དྲངས་དེ་ལ་མཆོད་པ་དང་། །རྫས་དབུལ་བསྟོད་དེ་ཕྱག་བྱ་བ། །ལྷར་བསྒོམས་སྤྱན་དྲངས་བཞུགས་གསོལ་དང་། །རྒྱས་འདེབས་བཞི་ཡིས་རྒྱས་གདབ་ཅིང་། །མཆོད་བསྟོད་དགང་གཟར་གྱིས་དབུལ་བྱ། །ཕྱི་མ་རིམ་གྱིས་གོང་ལྟར་དབུལ། །དེ་ནས་བསྟོད་པ་ཕྱག་བྱ་དང་། །ཐ་མར་ གཤེགས་སུ་གསོལ་བ་དང་། །དེ་ནས་མེ་ལྷ་དེ་དང་ནི། །གོང་མའི་རིམ་པ་ཇི་བཞིན་པས། །ལྷག་མའི་རྫས་ཀྱིས་མཆོད་བྱ་སྟེ། །ཐ་མར་གཤེགས་སུ་གསོལ་བར་བྱ། །དེ་ནས་གསུངས་ཏེ་རྗེས་སུ་ནི། །ཡི་རང་དབུལ་ཞིང་རྫས་དག་གིས། །རིམ་བཞིན་རྣལ་འབྱོར་གང་ལྡན་པས། །ཚུལ་བཞིན་ དུ་ནི་དབུལ་བར་བྱ། །དེ་ལ་དང་པོ་ཐབ་ཀྱི་རིམ་པ་བསྟན་ཏེ། །ཞི་བའི་ཐབ་ཀྱི་དབྱིབས་ཀྱང་གཉིས་ཏེ་ཟླུམ་པོར་བྱ་བ་དང་། པདྨ་ལྟ་བུར་བྱའོ། །དེ་ཡང་ཁ་ཁྱེར་ནི་སོར་བཞི་པའོ། །ཞེང་དང་དཔངས་སུ་ཡང་དེ་ཉིད་དོ། །ཐུར་དུ་ཡང་ཁྲུ་གང་ངོ་། །སྲིད་དུ་ཡང་ཁྲུ་གང་ངོ་། །དེའི་ཕྱི་རོལ་དུ་སོར་བཞི་བོར་ལ་ པདྨའི་ཕྲེང་བའོ། །ཁ་ཁྱེར་ལ་ནི་རྡོ་རྗེ་ཕྲེང་བ་གཏང་བར་བྱའོ། །དེ་ཡང་ཕྱི་ནི་ཁྲུ་བཞི་ལ། །རྒྱར་ནི་ཁྲུ་ལྔའོ། །དབུས་སུ་འཇིམ་པ་ལ་འབུར་དུ་བརྐོས་ལ། གཙོ་བོའི་ཕྱག་མཚན་ཤར་དུ་རྡོ་རྗེ། ལྷོར་འཁོར་ལོའོ། །ནུབ་དུ་པདྨའོ། །བྱང་དུ་སྣ་ཚོགས་རྡོ་རྗེའོ། །ཁ་དོག་དཀར་པོ་ས་དཀར་གྱི་ཆུས་བསྐུ་ བར་བྱའོ། །པདྨའི་ཐབ་ཀྱང་དེ་དང་འདྲ་བར་མཐུན་པར་ཤེས་པར་བྱའོ། །ཞི་བའི་ཐབ་ཀྱི་རིམ་པའོ། །རྒྱས་པའི་ཐབ་ཀྱི་དབྱིབས་གྲུ་བཞི་ལ་རྒྱར་གྲུ་བཞིར་གཏང་ངོ་། །དཔངས་སུ་ཡང་ཁྲུ་གང་ལ། གཏིང་དུ་ཡང་ཁྲུ་གང་བརྐོ་བར་བྱའོ། །སོར་བཞི་ནི་ཕྱིར་དགྱེད་པར་བྱའོ། །ཁ་ཁྱེར་ཡང་ཞི་བ་དང་མཐུན་ པར་སོར་བཞིའོ། །དེ་ཞེང་དུ་ཡང་སོར་བཞིར་མཉམ་པར་བྱའོ། །དེའི་ཕྱི་རིམ་དག་ཏུ་ནི་པདྨའི་ཕྲེང་བ་གཏང་བར་བྱའོ། །ཁ་ཁྱེར་ལ་ཡང་གོང་དུ་སྨོས་པ་ལྟར་རྡོ་རྗེ་ཕྲེང་བ་གཏང་བར་བྱའོ། །དེའི་ནང་དུ་ཡང་གཙོ་བོའི་མཚན་མ་འཇིམ་པ་ལ་དཀྱུས་སུ་སོར་བརྒྱད། དཔངས་སུ་སོར་གཅིག་གོ། །རྒྱས་པའི་ཐབ་ཀྱི་ རིམ་པའོ། །དབང་གི་ཐབ་ནི་རྒྱར་ཁྲུ་གསུམ་ལ་དབྱིབས་ཟླ་གམ་དང་གཞུ་ལྟ་བུའོ། །རྒྱལ་ནི་སོར་བཞི་བཅུའོ། །དྲག་པོ་ལ་ནི་སོར་ཉི་ཤུ་ཐམ་པ་གཏང་ངོ་། །གཏིང་ཟབས་ནི་སོར་བཅུའོ། །ཁ་ཁྱེར་ལ་ནི་སོར་ཕྱེད་དང་གསུམ་མོ། །ཞེང་དང་དཔངས་མཉམ་པར་ཤེས་པར་བྱའོ། །ཁ་ཁྱེར་ལ་ནི་རྡོ་རྗེ་ཕྲེང་བའོ། ། དེའི་ཕྱི་རོལ་དུ་མེ་རི་འབར་བའི་འོད་གཏང་བར་བྱའོ། །ཁ་དོག་ནི་ཙནྡན་ནམ་བཙག་ཡུག་སྨན་གྱིས་བསྐུ་བར་བྱའོ། །དབུས་སུ་ནི་གཙོ་བོའི་ཕྱག་མཚན་པདྨ་ལ་བཞུགས་པ་མཚན་མ་གོང་མ་ལྟར་འབུར་དུ་བརྐོས་ལ་གཞག་གོ། །ཕྱི་མ་ནི་ཞི་བའི་ཐབ་ཀྱི་སྐབས་དང་མཐུན་པར་ཤེས་པར་བྱའོ། །དབང་གི་ཐབ་ ཀྱི་རིམ་པའོ།། །།དྲག་པོའི་ཐབ་ཀྱི་རིམ་པ་ནི། ཐབ་ཁུང་དབྱིབས་གྲུ་གསུམ་པ། དགྲ་བསད་པ་ལྟ་བུ་ལ་རྒྱར་ནི་སོར་ཉི་ཤུའོ། །ཟབས་སུ་ནི་བཅུའོ། །ཁ་ཁྱེར་ནི་སོར་གསུམ་པ་ཞེང་དུ་ཡང་དེ་ཉིད་དོ། །ཕྱི་རོལ་དུ་གཏང་བ་སོར་གསུམ་མོ། ཁ་ཁྱེར་ལ་རྡོ་རྗེ་རྩེ་མོ་གསུམ་པའོ། ། དེའི་ཕྱི་རོལ་དུ་ནི་རལ་གྲི་ལ་སོགས་པ་དྲག་པོའི་མཚན་མ་སྣ་ཚོགས་པའོ། །དབུས་སུ་ཡང་གཙོ་བོའི་མཚན་མ་ལ་རལ་གྲིས་མཚན་པ་འཇིམ་པ་ལ་འབུར་དུ་བརྐོས་པ་གོང་དུ་བསྟན་པ་དང་མཐུན་པར་ཤེས་པར་བྱའོ། །དྲག་པོའི་ཐབ་དང་མཚན་མའི་རིམ་པའོ། །དེའི་འོག་ཏུ་དེས་ཇི་ཙམ་ན་ བྱ་བའི་ཞི་བ་ལ་སྔ་དྲོའོ། །རྒྱས་པ་ལ་ཉི་མ་ཕྱེད་ནའོ། །དབང་ལ་ཉི་མ་བསྙུར་ནའོ། །དྲག་པོ་ལ་ནི་ནམ་ཕྱེད་ན་བྱའོ། །ཞི་བ་ལ་ནམ་ལངས་ནའོ། །རྒྱས་པ་ལ་ནི་ཐོ་རངས་བྱའོ། །དབང་ལ་ནི་དགོངས་ཀ་སྟེ་སྲོད་ལ་བྱའོ། །དྲག་པོ་ལ་ནམ་ཕྱེད་ན་བྱའོ། །ཞི་བ་ལ་ནི་དབྱར་བྱའོ། །རྒྱས་པ་ལ་ནི་ སྟོན་གྱི་དུས་སུ་བྱའོ། །དབང་ནི་དཔྱིད་ཀྱི་དུས་སུ་བྱའོ། །དྲག་པོ་ནི་དགུན་གྱི་དུས་སུ་སྟེ་དུས་ཀྱི་རིམ་པའོ། །མཆོད་པའི་རིམ་པ་ནི་རྣལ་འབྱོར་པ་སྔགས་པའི་གཡོན་དུ་ནི་དྲི་ཆབ་ཀྱི་ཆུ་མེ་ཏོག་ནང་དུ་བླུགས་པའི་དུང་ཕོར་རམ་དངུལ་ཕོར་རོ། །ཡོན་ཆབ་ནི་གསེར་ལ་སོགས་པས་བཀང་བའི་ཆུ་ དག་གཞག་གོ །རྣལ་འབྱོར་པའི་གཡས་སུ་ནི་ཟངས་གཞོང་ལྟ་བུའི་ནང་དྲིས་བཀང་ལ་ཀུ་ཤ་ཡང་དེར་བཅུག །བསང་གཏོར་གྱི་སྣོད་གཞག་གོ །ལས་ཀྱི་བུམ་པ་ཡང་གཡོན་དུ་གཞག་གོ །མཆོད་པའི་རིམ་པའོ།། །།རྫས་ཀྱི་རིམ་པ་ཡང་ཞི་བ་ལ་ནི་ཏིལ་ལོ། །རྒྱས་པ་ལ་ནི་ཞོའོ། ། དབང་ལ་ནི་ཨུཏྤ་ལའོ། །དྲག་པོ་ལ་ནི་ཚེར་མ་ཅན་ནམ་ཁབ་རྩེ་གསུམ་པ་སྟེ། འདི་ནི་ཁྱད་པར་གྱི་རྫས་སོ། །དེ་ཡང་ཐུན་མོང་གི་རྫས་ནི་མར་གྱི་སྙིང་པོ་དང་དཱུར་བ་དང་ཆག་པ་མེད་པའི་འབྲས་དང་ཞོ་ཟན་དང་ཀུ་ཤ་དང་འབྲས་ཐུག་དང་མངར་གསུམ་དང་། དཀར་གསུམ་དང་འབྲས་ས་བ་དང་། ནས་དང་ སྲན་མ་མ་ཤ་དང་། གྲོ་དང་ཨུ་དུམྺཱ་ར་དང་། ཨ་ཤྭཏྠ་དང་པ་ལ་ཤ་དང་། ནྱ་གྲོ་དྷ་དང་ཨ་མྲ་དང་། དེ་ཡང་ཐམས་ཅད་དུ་མི་ལྕོགས་ན། མར་དང་ཏིལ་ནི་ཞི་བའི་དུས་སུ་བྱའོ། །མར་དང་ཞོ་ནི་རྒྱས་པའི་དུས་སུ་བྱའོ། །མར་དང་ཨུཏྤལ་ནི་དབང་གི་དུས་སུ་བྱའོ། །མར་དང་མི་རུས་ཀྱི་ཕྱེ་མའམ་ཚེར་མ་ཅན་གྱི་ཤིང་ ནི་དྲག་པོའི་དུས་སུ་བྱའོ། །དེ་ཡང་ཐམས་ཅད་དུ་ནི་ཏིལ་ཞེས་གསུངས་སོ། །རྫས་ཀྱི་རིམ་པའོ།། །།བཞག་པའི་རིམ་པ་ནི་སྔགས་པའི་མདུན་དུ་ནི་མི་རོ་ཏིལ་དང་ཞོ་དང་ཨུཏྤ་ལ་དང་། མི་རུས་ཀྱི་ཕྱེ་མ་ནི་གཡས་སུ་བཞག་གོ། །དཱུར་བ་ལ་སོགས་པ་ཐུན་མོང་གི་རྫས་ཐམས་ཅད་ནི་གཡོན་དུའོ། །འབྲས་ སོ་བ་དང་ནས་དང་སྲན་མ་ཤ་དང་། གྲོ་དང་ཨུ་དུམྺཱ་ར་དང་། ཨ་ཤྭཏྠ་དང་ནྱ་གྲོ་དྷ་དང་། ཨ་མྲ་རྣམས་གཡས་སུའོ། །དགང་གཟར་དང་བླུགས་གཟར་ནི་མདུན་དུའོ། །རྫས་བཞག་པའི་རིམ་པའོ།། །།རྣལ་འབྱོར་པའི་འདུག་སྟངས་ཞི་བ་ལ་ནི་མཉམ་པའི་སྐྱིལ་ཀྲུང་དུ་སྟན་རས་བལ་གྱི་སྟེང་དུའོ། །རྒྱས་པ་ ལ་ནི་གཡས་རྐྱང་གིས་ཏེ་སེམས་དཔའི་འདུག་སྟངས་སོ། །དབང་ལ་ནི་པདྨའི་འདུག་སྟངས་ཏེ་རྐང་པའི་མཐིལ་སྤྲད་ལ་འདུག་གོ །དྲག་པོ་ལ་ནི་གཡས་བརྐྱང་དང་། གཡོན་བརྐྱང་གིས་སྟན་མེད་པར་མིག་བཟློག་སྟེ་གནས་པར་བྱའོ། །འདུག་སྟངས་ཀྱི་རིམ་པའོ།། །།གཟར་བུའི་རིམ་པ་ནི། །ཞི་བ་ ལ་ནི་དངུལ་ལམ་རྒྱ་ཤུག་གི་ཤིང་ལ་སྲིད་དུ་ཁྲུ་གང་སྦོམས་སུ་ཡུ་བ་ལ་མཐེ་བོའི་ཚད་དོ། །སོར་བཞི་ནི་ཞེང་ངོ་། །སོར་གཉིས་ནི་དཔངས་སུའོ། །ཁུ་བ་འཛག་པའི་བུ་ག་སོར་གཅིག་ཡོད་པ་རྩེ་མོ་ལ་རྡོ་རྗེ་རྩེ་གསུམ་པས་མཚན་པ། །དཀྱིལ་དུ་ནི་ལས་དང་མཐུན་པའི་ཐ