Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 65
Văn bản gốc(Tây Tạng)
Trang 3 / 18 (50.000 ký tự/trang)
ཡེ་ཤེས་སེམས་དཔའ་བསམ་པར་བྱ་བ་བསྟན་ཏོ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཅེས་པ་དང་། མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་རྗེད་ པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་པས་འདི་སྟོན་ཏོ། །བདག་གི་སྙིང་གར་ཨ་འམ་ཧཱུཾ་བསམས་ཏེ། དེ་ལས་འོད་འཕྲོས་པས་བླ་མ་དང་དཀོན་མཆོག་གསུམ་དང་། རྗེ་བཙུན་འཇམ་དཔལ་དང་དཀྱིལ་འཁོར་གྱི་ལྷ་རྣམས་སྤྱན་དྲངས་ནས་བདག་གིས་བལྟས་ཏེ། ལུས་ཀྱི་ བཀོད་པས་ལན་གསུམ་བསྐོར་བ་བྱས་ཏེ་ཕྱག་བྱས་ལ་བསྟོད་དོ། །བུམ་པ་བཟང་པོ་ཆེ་བའི་མཆོག །ཅེས་པ་དང་། དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །ཞེས་པས་མཆོད་པའི་ཁྱད་པར་ནམ་མཁའ་དང་མཉམ་པར་བསྒྲུབས་ལ་སྙིང་གའི་ལྷ་མོས་དབུལ་ལོ་ཞེས་སྟོན་ཏོ། །སྦྱིན་བདག་ཆེན་པོ་གཙོ་ བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །བཟོད་ཆེན་འཆང་བ་བརྟན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །ཞེས་པས་འདི་སྟོན་ཏོ། །སྔགས་དང་ཕྱག་རྒྱ་དང་ལྡན་པས་བདག་གི་སྙིང་ག་ནས་ལྷ་མོ་བཞི་སྤྲོས་ཏེ་གནས་རྣམས་སུ་མཆོད་པར་བྱའོ། །དེ་བས་ན། དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །ཞེས་པས་བསྟན་ཏོ། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཞེས་པ་ནས། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །ཞེས་པའི་བར་དང་། བྱང་ཆུབ་ཡན་ལག་མེ་ཏོག་སྤོས། ཞེས་བྱ་བས་ཕྱིའི་ལྷ་མོ་བཞི་དང་། སྙིང་ག་ནས་གོང་གི་ཚུལ་དུ་སྔགས་དང་། ཕྱག་རྒྱ་དང་བཅས་པས་གནས་སུ་དབུལ་ལོ། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཞེས་པ་ནས། དགའ་བ་ཆེན་པོ་མགུ་བ་ཆེ། །ཞེས་པའི་བར་གྱིས་གསང་བའི་ལྷ་མོ་བཞིས་མཆོད་པར་བསྟན་ཏོ། ། ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པ་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ཀྱི་གླུ་བླངས་པ། །རྡོ་རྗེ་ལས་ཀུན་བྱེད་པར་ཤོག །ཅེས་བྱ་བ་འདི་རྐང་པ་དང་གསང་བའི་མཆོད་པ་བྱེད་པའི་དུས་སུ་སྒེག་མོ་ལ་སོགས་པ་དང་རིམ་པ་ཇི་ལྟ་བ་བཞིན་དུ་རྐང་པ་བཞི་གླུར་བླང་བར་བྱའོ། །གཞན་ཡང་མཆོག་ཏུ་ གསང་བའི་མཆོད་པ་དང་། ཆགས་པ་ལ་སོགས་པས་དབུལ་ཏེ་རྒྱས་པར་མ་ཕྱེའོ་ཞེས་བསྟན་ཏོ། །དེ་ནས་འདུད་ཉི་ཤུས་བསྟོད་དེ། ཡང་ན་ནི་ཐམས་ཅད་ཀྱིས་བསྟོད་པར་ཤེས་པར་བྱའོ། །དེ་ནས་སྡོམ་པ་བཟུང་བའི་བར་དེ་ཉིད་ཀྱིས་ཤེས་པར་བྱའོ། །བྱམས་པ་དང་སྙིང་རྗེ་ནི་ཤིན་ཏུ་གསལ་བར་ སྟོན་པར་ཚད་མེད་པ་བཞི་བསྒོམ་ཞེས་སོ། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། །ཅེས་པའི་དོན་བསྒོམ་པ་ནི་རང་བཞིན་དག་པའི་སྔགས་བརྗོད་དེ། ཕྱི་དང་ནང་གི་དངོས་པོ་ སྟོང་པར་བསྒོམ་ཞེས་བསྟན་ཏོ། །སྟོང་པ་ཉིད་དགའ་འདོད་ཆགས་བློ། །སྲིད་པའི་འདོད་ཆགས་སྤངས་པ་སྟེ། །ཞེས་པས་པདྨའི་སྟེང་ན་ཆོས་ཀྱི་འབྱུང་གནས། དེའི་མཐའ་འོད་ཟེར་ལྔས་བསྐོར་བའི་ནང་དུ་པདྨ་དང་ཟླ་བའི་སྟེང་དུ་མུཾ་དམར་སྐྱའི་དེ་བཞིན་གཤེགས་པའི་ཕྲེང་བ་དེ་གྱུར་པ་ལས། སྤྲིན་དཀར་དག་པ་བཞིན་དུ་དཀར། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །སེན་མོའི་འོད་ནི་ཤས་ཆེར་དམར། །ཅོད་པན་བཟང་པོ་མཐོན་ཀའི་རྩེ། །སྐྲ་མཆོག་མཐོན་ཀ་ཆེན་པོ་པ། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། ། ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །དཔལ་ལྡན་བློ་དང་སྒེག་པར་ལྡན། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །ཞེས་པ་ལ་སོགས་པ་རྣམས་ ཀྱིས་རྗེ་བཙུན་གྱི་སྐུ་སྤྲུལ་པའི་ཆ་ལུགས་སུ་བསྟན་པ་ཡིན་ནོ། །ཕྱག་རྒྱ་བཞི་ཡི་དོན་སྟོན་པ། །ཞེས་པས་ཡུམ་བཞིའི་ཕྱག་རྒྱ་འཕྲོ་འདུ་དང་བཅས་པའི་བྱིན་བརླབས་བསྟན་པ་ཡིན་ནོ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཅེས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་ཁྲོ་ མོ་དང་ལྷ་མོ་རྣམས་ཐུགས་ཀ་ནས་སྤྲོ་ཞེས་པའོ། །དེ་ནས་མདུན་དུ་པདྨ་དང་ཟླ་བ་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། དབང་བསྐུར་བ་དང་མཆོད་པ་དང་། བསྟོད་པ་གོང་བཞིན་བྱས་ཏེ་ཡེ་ཤེས་སེམས་དཔའ་དེ་ལ་བལྟས་ལ། དགུག་ཅིང་རང་ལུས་ལ་གཉིས་སུ་མེད་པར་བསྒོམ་ཞེས་པས་ གཉིས་སུ་མེད་པར་བྱས་ཏེ། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །སངས་རྒྱས་མངའ་བདག་ཅོད་པན་ཅན། །ཞེས་པས་སྙིང་གའི་འོད་ཀྱིས་བསྐུལ་ཏེ། བུམ་པའི་ཆུས་དབང་བསྐུར་བས་རིགས་ལྔའི་དབུ་རྒྱན་དང་ལྡན་པ་ཞེས་བསྟན་ཏོ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །ཞེས་ པས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅས་ལ་སྔགས་དང་བཅས་པས་དཀྱིལ་འཁོར་གྱི་ཚུལ་དུ་སངས་རྒྱས་ཐམས་ཅད་སྤྲུལ་ལོ་ཞེས་བསྟན་ཏོ། །དེའི་དོན་ནི་འོག་ནས་འཆད་དོ། །བདག་རིག་གཞན་རིག་ཐམས་ཅད་པ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་པས་ཐམས་ཅད་སེམས་ཀྱི་ སྤྲུལ་པར་ཤེས་པར་བྱའོ། །དེ་ལྟར་རྫོགས་པ་དང་མཚན་སྔགས་བཟླས་ཤིང་མཚན་བཀླག་པར་བྱའོ། །དེ་ལྟ་བུ་ཡོན་ཏན་ལས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་གསང་སྔགས་ཀྱི་སྤྱད་པ་སྤྱོད་པ་གང་ལ་ལ། བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའ་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པའི་དོན་དམ་པའི་མིང་གི་གཙུག་གི་ནོར་བུ་འདི་ཐམས་ཅད་ཡོངས་སུ་རྫོགས་པ་དང་མཉམས་ཤིང་ལྷག་ཆད་མེད་པར་ཚིགས་སུ་བཅད་པའི་ཚིག་དང་། ཡི་གེ་འབྲུ་འདི་དག་ཉིད་ཀྱིས་ཉིན་གཅིག་བཞིན་དུ་དུས་གསུམ་དུ་འཆང་ བ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་དམ་ཚིག་ཇི་ལྟ་བ་བཞིན་དུ་སྟོན་པ་དང་མིང་གི་དོན་གང་ཡང་རུང་བ་རེ་རེ་ནས་ཀྱང་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་ལ་དམིགས་ཏེ་ཞེས་བྱ་བ་དང་། རྩེ་གཅིག་ཏུ་བསྒོམ་པ་དེ་ལ་ནི་ཞེས་བྱ་བ་ལ་སོགས་པ་དང་། གཞན་ཡང་ཡོན་ཏན་ལས། ཉིན་གཅིག་བཞིན་དུ་དུས་གསུམ་དུ་མཉམ་པར་ཡི་དམ་དུ་ལན་གསུམ་དུ་འདོན་ཏམ། གླེགས་བམ་དུ་བྱས་པ་ལ་ཁ་ཏོན་དུ་ཀློག་ཅིང་བརྗོད་པས་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའི་གཟུགས་ལ་དམིགས་ཏེ། གཟུགས་དང་གཉིས་སུ་མཐུན་པར་བསམ་གཏན་དུ་བྱེད་པ་ནི་འདུལ་བའི་ དབང་གི་ཕྱིར་རིང་པོར་མི་ཐོགས་པས་དེ་ཉིད་དུ་སྤྲུལ་པའི་གཟུགས་ཀྱི་ལུས་མཐོང་བར་འགྱུར་རོ་ཞེས་བྱ་བའི་དོན་འདི་ཡིན་ཏེ། མཚན་ཉིད་ཀྱི་ཆོ་ག་རྫོགས་ཤིང་དམིགས་པ་ལ་ཡུན་རིང་དུ་གནས་པ་དེས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅས་ལ། མཉྫུ་ཤྲཱི་དྷཱིཿ ༀ་ཝཱ་གཱི་ཤྭ་རི་མུཾ། མཎྜལ་ཙཀྲ་ཧཱུཾ། ཞེས་ པས་དེ་བཞིན་གཤེགས་པ་ཐམས་ཅད་འཕགས་པ་འཇམ་དཔལ་གྱི་རྣམ་པར་སྤྲུལ་ལ། ཕྱག་སྔོན་དུ་འགྲོ་བས་མཆོད་པ་ལ་སོགས་པས་བདག་ཅག་གི་ལུས་དེ་དང་མཉམ་པར་སྤྲུལ་ཏེ། མཚན་གྱི་དོན་རེ་རེ་ནས་བསྟོད་ལ་ཡོན་ཏན་རྣམ་པ་འདི་ལྟར་སྨོས་པས་བདག་དང་གཞན་ལ་དཔག་ཏུ་མེད་པ་འབྱུང་བར་ འགྱུར་རོ། །མདོར་ན་རྣམ་པ་ཐམས་ཅད་མཁྱེན་པ་རིང་པོ་མི་ཐོགས་པར་དམ་པས་བསྔགས་པ་ཐོབ་པར་འགྱུར་རོ། །ཡང་ན་གསང་སྔགས་ཀྱི་རིམ་པ་ཐོབ་པར་འགྱུར་རོ། །དམ་པ་བརྒྱུད་པའི་བླ་མའི་བདུད་རྩི་འཐུངས། །འགྲོ་བའི་སྡུག་བསྔལ་ནད་ཀྱིས་གཟིར་གྱུར་ལ། །དུས་གསུམ་སངས་ རྒྱས་རྣམས་ཀྱི་བསྟོད་ཚིག་འདི། །སྨན་པའི་རྒྱལ་པོ་བཞིན་དུ་བདག་གིས་བཤད། །འཕྲོད་པའི་སྨན་བཞིན་ཀུན་ལ་ཕན་གྱུར་ནས། །མི་རྟོག་ཡེ་ཤེས་འཆི་མེད་ཐོབ་པར་ཤོག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མདོ་དོན་མདོར་བསྡུས་པའི་ཆོ་ག་སྒྱུ་འཕྲུལ་དྲ་བའི་ རྒྱུད་ལེའུ་ཁྲི་དྲུག་སྟོང་པ་ལས་རྡོ་རྗེ་གླུར་བླངས་པའི་ལེའུའི་སྒྲུབ་ཐབས་མདོ་དང་བསྲེས་པ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་ཙཀྵུ་བི་དྷི་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྤྱན་དབྱེ་བའི་ཆོ་ག་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཁོར་བའི་རྒྱ་མཚོ་བརྒལ་དཀའ་ནས། །མྱ་ངན་འདས་པའི་སྐམ་སར་ བྱོན། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །གཞན་ལ་ཕན་པའི་བློ་མཆོག་གིས། །དཀོན་མཆོག་གསུམ་གྱི་གཟུགས་བརྙན་རྣམས། །རབ་ཏུ་གནས་པའི་ཆོ་ག་ནི། །བཟང་ཞིང་དགེ་བ་བཤད་པར་བྱ། །དེ་ནས་རྡོ་རྗེ་སློབ་དཔོན་ བློ་གྲོས་དང་ལྡན་པས་གཙུག་ལག་ཁང་ངམ་སྐུ་གཟུགས་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་གཟུགས་བརྙན་ནམ་གླེགས་བམ་དང་མཆོད་རྟེན་ལ་སོགས་པ་རབ་ཏུ་གནས་པར་བྱ་བར་འདོད་པས། རི་བོའམ་ནགས་ཚལ་ལ་སོགས་པའི་གནས་སུ་བསྙེན་པ་རྒྱས་པར་ བྱས་ལ། འབད་པ་ཐམས་ཅད་ཀྱིས་བསྒོམ་བཟླས་བྱའོ། །དེ་ལ་འདིར་གང་རབ་ཏུ་གནས་པ་བྱ་བར་འདོད་པ་དེ་རྣམས་སྟ་གོན་དུ་བྱ་སྟེ། བདག་ཏུ་གཟུང་བའི་བགེགས་ཐམས་ཅད་བསྐྲད་དོ། །གུ་གུལ་གྱིས་བདུག་ཅིང་བགེགས་བསྐྲད་པའི་ཆོ་ག་ཤས་ཆེར་བྱའོ། །བདེ་བར་གཤེགས་པ་རྣམས་ལ་འདི་སྐད་ ཅེས་སྙན་གསན་དབབ་པར་བྱ་སྟེ། ཇི་ལྟར་དགའ་ལྡན་གནས་མཆོག་ན། །བདེ་བར་གཤེགས་པ་བཞུགས་པ་དེ། །སྒྱུ་འཕྲུལ་ལྷ་མོའི་ལྷུམས་ཞུགས་ལྟར། །དེང་ནུབ་བདེ་གཤེགས་ཐམས་ཅད་ནི། །དེ་བཞིན་གཟུགས་བརྙན་འདི་ལ་ནི། །འཇུག་པར་ཤིན་ཏུ་མཛད་དུ་གསོལ། །འདི་ལ་སངས་རྒྱས་ རྟག་ཏུ་བཞུགས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །ཡོན་བདག་རྣམས་ཀྱི་དོན་བྱའི་ཕྱིར། །བདག་གིས་སྦྱོར་བ་འདི་བགྱིས་ན། །ཅི་འབྱོར་པ་ཡི་མཆོད་པ་རྣམས། །མེ་ཏོག་ལ་སོགས་བཞེས་སུ་གསོལ། །བདག་དང་ཡོན་བདག་བཅས་པ་ལ། །ཐུགས་བརྩེ་བར་ནི་དགོངས་བཅས་ནས། ། ཀུན་གྱིས་འདི་དེང་བྱིན་རློབ་ཅིང་། །འདི་ཉིད་དུ་ནི་བཞུགས་པར་རིགས། །ཞེས་བརྗོད་ལ། སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པ་གང་བྱེད་པ་དེ་གཤིན་རྗེ་གཤེད་ཀྱིས་བསྲུང་ཞིང་། ཨཱཿཧཱུཾ་ཨོཾ་ཧྲཱིཿཨ་ཞེས་བྱ་བས་རྒྱས་བཏབ་ལ་གཞག་གོ། །དེ་ནས་བཅོམ་ལྡན་འདས་ འཇམ་དཔལ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་རིགས་ཐམས་ཅད་བསྡུས་པ་ཞེས་བྱ་བ་བྲིས་ལ། དེར་བུམ་པ་ཐམས་ཅད་བཅུག་ལ་དཀྱིལ་འཁོར་དེའི་བྱང་ངོས་སུ་ཁྲུས་ཀྱི་ཁང་པ་ཤིན་ཏུ་མཛེས་པ་ཡིད་དུ་འོང་བ། གསེར་གྱི་ཀ་བ་བཞི་དང་མུ་ཏིག་གི་ཆུན་འཕྱང་འཕྱང་བ། དྲི་ཞིམ་པོ་ཙནྡན་ལ་ སོགས་པ་སྲོག་ཆགས་ལས་མ་བྱུང་བའི་དྲིས་ཆག་ཆག་བཏབ་ལ། རིན་པོ་ཆེས་སྤྲས་ཤིང་གཅལ་དུ་བཀྲམ་པ་བྱས་ལ། ཁྲུས་ཀྱི་ཁང་པ་གང་ཡིན་པ་དེ་ཉིད་རབ་ཏུ་གནས་པར་འདོད་པའི་ལྷ་རྣམས་གང་ཡིན་པ་སྤྱན་དྲངས་ལ་ཚུལ་དང་མཐུན་པར་གཞག་ལ། སྐུ་ཁྲུས་གསོལ་བ་ནི་བཀྲ་ཤིས་ ཀྱི་ཚིགས་སུ་བཅད་པ་དང་། རོལ་མོའི་སྒྲ་སྣ་ཚོགས་དང་ལྡན་པས་ཁྲུས་བྱས་ཏེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །དེ་བཞིན་བདག་གིས་ལྷ་ཡི་ཆུ། །དག་པ་ཡིས་ནི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ ཧཱུཾ། ལུགས་མ་ཡིན་ན་དངོས་སུ་ཁྲུས་བྱ། དེ་ལས་གཞན་པ་གང་ཡིན་ཡང་མེ་ལོང་གི་ངོས་ལ་སྲན་ཕྱེ་དང་། བག་ཕྱེ་དང་། འབྲས་ཡོས་དང་། ཡུངས་ཀར་དང་། ཏིལ་མར་དང་། འོ་མ་དང་། ཙནྡན་དང་། ག་པུར་བཏབ་ལ། མེ་ཏོག་དང་བཅས་ཏེ་ཀུ་ཤའི་པིར་གྱིས་བཀྲུ་ བར་བྱའོ། །དེ་ཡང་འདི་སྐད་དུ། ཇི་ལྟར་དམ་པ་ཏོག་དཀར་དགའ་ལྡན་ནས། །ལྷ་མཛེས་ལྷུམས་ཞུགས་བལྟམས་ལ་ཁྲུས་གསོལ་ལྟར། །སྐུ་གདུང་རིང་བསྲེལ་དྲི་མ་མེད་པར་བྱས། །སྤྲུལ་སྐུ་ཡིད་འོང་རྣམས་ལ་སྐུ་ཁྲུས་གསོལ། །ཕྱོགས་བཅུ་བདུད་རྩི་དམ་པའི་ཆར་འབེབས་ པ། །རྒྱལ་བ་དམ་ཆོས་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཪྞཱ་དི་པ་ཀྲོ་དྷ་ཡེ་སྭཱ་ཧཱ། ཞེས་བྱ་བ་དང་། དེ་ནས་སྔར་བསྙེན་པ་བྱས་པའི་བུམ་པ་ལྷའི་ཆུས་བཀང་ལ་སློབ་དཔོན་གྱིས་བཟུང་ནས་མེ་ལོང་ལ་དྲིའི་ཐིག་ལེ་ལྔ་དང་། མེ་ཏོག་གི་ཚོམ་བུ་ལྔ་དང་བཅས་པ་ལ་འདི་སྐད་བརྗོད་ དེ་སྐུ་ཁྲུས་གསོལ་བ་ནི། གཟུགས་ཀྱི་ཕུང་པོ་རྣམ་དག་པ། །གཏི་མུག་དྲི་མ་སྦྱོང་བྱེད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་སྐུ་ཡི་སྐུ་ཁྲུས་གསོལ། །ཚོར་བའི་ཕུང་པོ་རྣམ་དག་པའི། །ང་རྒྱལ་དྲི་མ་སྦྱོང་བྱེད་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ ཡོན་ཏན་སྐུ་ཁྲུས་གསོལ། །འདུ་ཤེས་ཕུང་པོ་རྣམ་དག་པའི། །འདོད་ཆགས་དྲི་མ་སྦྱོང་བྱེད་པའི། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་གསུང་གི་སྐུ་ཁྲུས་གསོལ། །འདུ་བྱེད་ཕུང་པོ་རྣམ་དག་པའི། །ཕྲག་དོག་དྲི་མ་སྦྱོང་མཛད་པའི། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། །དཔལ་ལྡན་ཕྲིན་ ལས་སྐུ་ཁྲུས་གསོལ། །རྣམ་ཤེས་ཕུང་པོ་རྣམ་དག་པའི། །ཞེ་སྡང་དྲི་མ་སྦྱོང་མཛད་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །དཔལ་ལྡན་ཐུགས་ཀྱི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བུདྡྷ་བཛྲ་རཏྣ་པདྨ་ཀརྨྨ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དེའི་རྗེས་ལ་རས་གཙང་མ་དྲིས་བསྐུས་པས་སྐུ་ཕྱིས་ཏེ། རྒྱལ་ བའི་སྐུ་ནི་མཁའ་ལ་ཟླ་བཞིན་གསལ། །སངས་རྒྱས་སྐུ་ལ་དྲི་མ་མི་མངའ་ཡང་། །འགྲོ་བའི་བག་ཆགས་མ་ལུས་བསལ་བྱའི་ཕྱིར། །ཁ་ཚར་མ་ཉམས་རས་ཀྱིས་སྐུ་ཕྱིས་པས། །སེམས་ཅན་བག་ཆགས་མ་ལུས་བྱང་གྱུར་ཅིག །ནིརྨཱ་ཀཱ་ཡ་ཤུདྡྷོ྅ཧཾ་ཞེས་པས་སྐུ་ཕྱིས་ལ། རིགས་དང་མཐུན་པའི་ན་བཟའ་ རྣམས་ཀྱང་དབུལ་ཞིང་བཀྲ་ཤིས་ཀྱང་བརྗོད་དོ། །ཨོཾ་དཱི་པ་ན་པ་ཡེ་སྭཱ་ཧཱ། དྲིས་བསྒོའོ། །ཨོཾ་གནྡྷཱ་ཡ་སྭཱ་ཧཱ། ཞེས་པས་ན་བཟའ་དབུལ། ཨོཾ་ཨཱ་བྷཱ་ར་ཎི་བི་བྷཱུ་ཥྰ་ཡ་སྭཱ་ཧཱ། ཞེས་བྱ་བས་བྱང་ཆུབ་སེམས་དཔའ་རྣམས་ལ་རྒྱན་དབུལ་ཏེ། འགྲོ་ཀུན་ཡུན་དུ་བསྐྱང་བའི་ཕྱིར། །ལྷ་ཡི་ན་བཟའ་ དམ་པ་ནི། །བདེ་བར་གཤེགས་པ་རྣམས་ལ་དབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཞེས་པ་དང་། བྱང་ཆུབ་ཡན་ལག་རྒྱན་གྱུར་ཅིང་། །འགྲོ་བས་བསོད་ནམས་ཐོབ་བྱའི་ཕྱིར། །བདེ་གཤེགས་སྲས་ལ་རྒྱན་མཆོག་དབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཞེས་པས་རྒྱན་གདགས་ སོ། །དེ་ནས་དཀྱིལ་འཁོར་སྤྱན་དྲངས་ལ་བདག་ཉིད་དཀྱིལ་འཁོར་སྒྲུབ་སྟེ། བདག་ཉིད་ཀྱི་འཁོར་ལོ་ལ་མཆོད་པ་རྫོགས་པའི་རྗེས་ལ་རབ་གནས་ཀྱི་ལྷ་ཤིན་ཏུ་གསལ་བར་བྱས་ཏེ། ཡེ་ཤེས་ཀྱི་འཁོར་ལོ་བར་སྣང་ལ་བསྡུས་ཏེ། སྤྱན་དྲངས་ལ་གཉིས་སུ་མེད་པར་བསྟིམས་ཏེ་དབང་ བསྐུར་རྒྱས་བཏབ་ལ། མཆོད་པ་ཤིན་ཏུ་རྒྱས་པར་དབུལ་བ་ནི་དངོས་སུ་འབྱོར་བའི་མཆོད་པ་ལྔ་དང་། ཡིད་ཀྱིས་སྤྲུལ་པའི་མཆོད་པ་བརྒྱད་ཀྱིས་ཡང་དག་པར་མཆོད་པར་བྱའོ། །གཞན་ཡང་སྒྲ་དང་རོལ་མོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་ཡང་དག་པར་མཆོད་པར་བྱའོ། ། དེ་ལྟར་ལེགས་པར་མཆོད་ཅིང་སྦྱིན་སྲེག་གི་ལས་ཀྱང་བརྩམ་པར་བྱའོ། །དེའི་རྗེས་ལ་གཏོར་མ་རྒྱ་ཆེན་པོ་ཡང་བཤམས་ལ་གཞག་གོ། །དེ་ལྟར་ཡེ་ཤེས་སེམས་དཔའ་བཅུག་ལ་ནང་བར་ཉི་མ་ཤར་ཀར་སྤྱན་དབྱེ་བར་བྱ་སྟེ། བདག་ཉིད་རྣམ་སྣང་ཆེན་པོའི་ཏིང་ངེ་འཛིན་ལ་གནས་པས་དེས་གསེར་ལས་ བྱས་པའི་ཐུར་མ་ཐོགས་ལ། རྒྱལ་བ་མཁའ་ལ་བྱོན་པའི་ཐུགས་རྗེ་ཅན། །སངས་རྒྱས་སྤྱན་ལ་འགག་པ་མི་མངའ་ཡང་། །སེམས་ཅན་རྣམས་ཀྱི་བག་ཆགས་སྦྱང་སླད་དུ། །བདེར་གཤེགས་རྣམས་ཀྱི་སྤྱན་ནི་དབྱེ་བར་བགྱི། །སེམས་ཅན་ལྡོངས་པ་ཐམས་ཅད་བསལ་གྱུར་ཅིག །ཨོཾ་ ནིརྨཱ་ཀཱ་ཡ་བཛྲ་ཙཀྵུ་པྲ་བེ་ཤ་བི་ཤོ་དྷ་ན་སྭཱ་ཧཱ། གསེར་གྱི་སྙན་བྲུད་པ་ཐོགས་ལ། རྒྱལ་བའི་སྙན་ལ་འགག་པ་མི་མངའ་ཡང་། །སེམས་ཅན་ཐོས་པས་ཕོངས་གྱུར་ཏེ། །རྒྱལ་བ་ཆོས་ཀྱི་རྔ་བརྡུངས་ལྟར། །དེ་བཞིན་སེམས་ཅན་ཀུན་དོན་ཕྱིར། །བདེ་གཤེགས་སྙན་ནི་དབྱེ་ བར་བགྱི། །ཆོས་ཀྱི་སྒྲ་རྣམས་ཐོས་གྱུར་ཅིག །ཨོཾ་ནིརྨཱ་ཀཱ་ཡ་རི་བྱ་ཀཪྞ་ཡེ་སྭ་བྷཱ་བ་ཤུདྡྷོ་྅ཧཾ། གསེར་གྱི་ཚེར་གཟུངས་ཐོགས་ལ། །རྒྱལ་བའི་ཤངས་ལ་འགག་པ་མི་མངའ་ཡང་། །འགྲོ་བའི་སེམས་ཅན་དོན་གྱི་ཕྱིར། །ཟག་བཅས་ཕུང་པོའི་དྲི་མ་སྤངས་ནས་ནི། །རྣམ་པར་དག་ པ་དྲི་མེད་སྐྱེད་བྱེད་ལྟར། །རྒྱལ་བའི་ཤངས་ནི་བདག་གིས་དབྱེ་བར་བགྱི། །ཟག་མེད་དྲི་མེད་དམ་པ་ཚོར་གྱུར་ཅིག །ཨོཾ་ནིརྨཱ་ཀཱ་ཡ་དྷ་བྱ་ནཱ་ས་ཡེ་སྭཱ་ཧཱ། །རིན་པོ་ཆེའི་ཐུར་མ་ཐོགས་ལ། །འགྲོ་བ་ཆོས་ཀྱིས་ཕོངས་པ་ལ། །དམ་ཆོས་བསྒྲག་པར་བྱ་བའི་ཕྱིར། །ཆོས་ ཀྱི་རོ་ལྡན་དག་པ་ཡིས། །འགྲོ་བ་ཐམས་ཅད་ཚིམ་མཛད་ལྟར། །རོ་མཆོག་བརྒྱ་ལྡན་ཞལ་ཟས་རྣམས། །དབུལ་ཕྱིར་ཞལ་ནི་དབྱེ་བར་བགྱི། །ཨོཾ་ནིརྨཱ་ཀཱ་ཡ་ཨིད་ནི་བྱ་མུ་ཁ་ཡེ་སྭཱ་ཧཱ། དེ་ནས་རབ་བྱུང་གི་གཟུགས་ཡིན་ན་སྤུ་གྲི་ཐོགས་ལ། ཇི་ལྟར་རང་བྱུང་མཆོད་རྟེན་དུ། ། སྟོན་པས་ཁྱིམ་པའི་རྟགས་སྤངས་ལྟར། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །ཁྱིམ་པའི་རྟགས་རྣམས་སྤང་བར་བགྱི། །སྣམ་སྦྱར་དང་བླ་གོས་གསོལ་ནས། །ཇི་ལྟར་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས། །རྒྱལ་བའི་སྐུ་ལ་ན་བཟའ་གསོལ་བ་ལྟར། །དེ་བཞིན་འགྲོ་བ་རྣམས་ལ་སྨན་པའི་ཕྱིར། །ངོ་ཚ་ ཁྲེལ་ཡོད་གོས་མཆོག་གསོལ་བར་བགྱི། །ༀ་ནིརྨཱ་ཀཱ་ཡ་ཏོ་ཕྱོལ་ཏྲ་པྲ་ན་ཡེ་སྭཱ་ཧཱ། ཞེས་བརྗོད་པར་བྱ་ཞིང་དབུལ་ལོ། །ཨོཾ་ཨུ་པ་སུ་ཀཱ་ས་པ་རི་སྲཱ་བ་ཎ་ཡེ་སྭཱ་ཧཱ། ཞེས་པས་ཆུ་ཚགས་དང་ལྷུང་བཟེད་ལ་སོགས་པ་དབུལ་ལོ། །དེ་ནས་ཐུགས་ཀར་རྡོ་རྗེ་དྲིས་བསྒོས་པ་བཟུང་ལ། མཚན་དང་ དཔེ་བྱད་ལ་སོགས་པ་བསྐྱེད་དེ། དུང་དང་དཔལ་བེའུ་གཡུང་དྲུང་འཁྱིལ་པ་འདི། །བཀྲ་ཤིས་རྫས་བརྒྱད་དག་གིས་རྣམ་བརྒྱན་པ། །རྒྱལ་བའི་ཐུགས་ལ་རྣམ་པར་རྒྱལ་གྱུར་ཅིག །ཨོཾ་ནིརྨཱ་ཀཱ་ཡ་ཏྲིཾ་ཤད་མ་ཧཱ་པུ་རུ་ཥ་ལཀྵ་ཎ་ཤོ་དྷ་ཨ་ནུ་བྱཉྫ་ཡེ་སྭཱ་ཧཱ། བདེ་བར་གཤེགས་པའི་གཟུགས་བརྙན་དེ་འཁོར་ ལོས་སྒྱུར་བའི་ཆ་བྱད་ཡིན་ན་དེ་ལྟར་མ་ཡིན་ཏེ། དུང་དང་སོ་མངས་དང་རལ་གྲི་ལ་སོགས་པ་དབུལ་ལོ། །དཔལ་བེའུ་ལ་སོགས་པས་བརྒྱན་པ་ནི་ཤེས་པར་བྱའོ། །གླེགས་བམ་ལ་རབ་ཏུ་གནས་པར་བྱེད་པ་ཡིན་ན། རྡོ་རྗེ་ཆོས་ཀྱི་ངོ་བོ་སངས་རྒྱས་སྣང་བ་མཐའ་ཡས་ངེས་པར་ཨ་ལས་བསྐྱེད་ལ་ཡེ་ཤེས་ སེམས་དཔའ་བཅུག་སྟེ་དབང་བསྐུར་རྒྱས་བཏབ་ནས་གླེགས་བམ་དུ་བྱའོ། །དེ་ལ་ན་བཟའ་དབུལ་བ་ནི། །བྱང་ཆུབ་ཡན་ལག་རྣམ་དག་པའི། །དམ་ཆོས་གསུང་གི་འོད་ཟེར་གྱིས། །ན་བཟའ་དྲི་མ་མེད་པ་འདི། །དམ་པའི་ཆོས་ལ་དབུལ་བར་བགྱི། །ཨོཾ་དྷརྨ་དྷེ་བྷྱ་པྲ་ཏ་སྭཱ་ཧཱ། ཞེས་བྱ་བས་ དབུལ། དེའི་རྗེས་ལ་རྡོ་རྗེ་ཐག་པ་གང་ཡིན་པ་དེས་བསྡམས་ཏེ། མཚལ་ལམ་སིན་དྷུ་རའི་རྒྱ་རིམ་པ་བདུན་དུ་བཏབ་ལ། ཨོཾ་བཛྲ་མུ་དྲ་བནྡྷ་ཡ་ཨ་དྷི་ཏིཥྛ་སྭཱ་ཧཱ། ཞེས་བརྗོད་དོ། །རབ་ཏུ་གནས་པ་དེ་མཆོད་རྟེན་ཡིན་ན་བདེ་བར་གཤེགས་པ་རིགས་ལྔའི་སངས་རྒྱས་སུ་རྫོགས་པར་བྱས་ལ་ཡེ་ཤེས་ སེམས་དཔའ་ཡང་ངེས་པར་བཅུག་ནས་དབང་བསྐུར་རྒྱས་བཏབ་ནས་མཆོད་དེ་བཀྲ་ཤིས་བརྗོད་ལ་དེ་རྣམས་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོའི་མཆོད་རྟེན་དུ་དམིགས་ལ། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཞེས་པས་ས་དཀར་བྱུག །ཨོཾ་ཨར་མ་ཡེ་སྭཱ་ཧཱ། ཞེས་པས་བྲེ་གཟུགས། ། ཨོཾ་ཙཀྲ་བརྟ་ན་ཡེ་སྭཱ་ཧཱ། ཞེས་པས་འཁོར་ལོ་གཟུགས་སོ། །ཨོཾ་ཙྪཱ་ཏྲ་ཡེ་སྭཱ་ཧཱ། ཞེས་པས་གདུགས་དབུལ་ལོ། །ཨོཾ་ཀུ་བི་ར་དྷྭ་ཛ་ཡེ་སྭཱ་ཧཱ། ཞེས་པས་རྒྱལ་མཚན་གཟུགས། །ཨོཾ་པཱ་ཏ་ཀ་ཡེ་སྭཱ་ཧཱ། ཞེས་པས་བ་དན་གདགས། ༀ་པ་ཊུ་དཱ་མ་ལཾ་པ་ཡེ་སྭཱ་ཧཱ། ཞེས་ པས་དར་དཔྱངས་གདགས། ཨོཾ་པུཥྤ་མཱ་ལ་ཡེ་སྭཱ་ཧཱ། ཞེས་པས་མེ་ཏོག་གི་ཕྲེང་བ་གདགས་སོ། །བྱང་ཆུབ་སེམས་དཔའ་ཡིན་ན་ཁབ་དང་སྙུང་བུ་དང་སོ་མངས་དབུལ། འགྲོ་བ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །རིག་པའི་གནས་ལྔ་དག་ལ་བསླབ་བྱ་ཞེས། །ཇི་ལྟར་ཐུགས་ དམ་རྒྱ་ཆེ་བཞེས་པ་བཞིན། །མཁོ་བའི་ཡོ་བྱད་རྣམས་ཀྱང་དབུལ་བར་བགྱི། །ཨོཾ་ཨུ་པ་སུ་ཀ་ལ་ས་པ་རི་སྐཱ་ར་ཡེ་སྭཱ་ཧཱ། དེ་ནས་ཐམས་ཅད་ཐུན་མོང་དུ་ཡང་མཆོད་པ་རྒྱ་ཆེན་པོས་མཆོད་ལ། གདུགས་གསེར་གྱི་ཡུ་བ་ཅན་ལ་སོགས་པས་མཆོད་དེ། འབྱོར་པ་དང་ལྡན་ན་སྦྱིན་སྲེག་ཀྱང་ རྒྱས་པར་བྱའོ། །མ་འབྱོར་ན་ཙཱ་རུ་དབུལ་བར་བྱའོ། །དེ་ནས་རང་གི་དཀྱིལ་འཁོར་གྱི་ལྷ་རྣམས་གཤེགས་སུ་གསོལ་ཏེ། རྫོགས་སངས་རྒྱས་དང་དེ་ཡི་སྲས། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀུན། །རིགས་བསྡུས་དཀྱིལ་འཁོར་འཁོར་དང་བཅས། །གང་དག་ཆོ་ག་མ་ ཚང་བ། །དེ་དག་བཟོད་པར་མཛད་དུ་གསོལ། །ཀུན་དུ་ཞི་དང་རྒྱས་པ་ཡི། །ཡོན་བདག་ཆེད་ལ་རབ་མཛད་ནས། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་བྱོན་པར་མཛད་དུ་གསོལ། །ས་དང་ཆུ་དང་མེ་རླུང་གིས། །ཇི་སྲིད་བསྐལ་པ་འཇིག་བར་དུ། །སངས་ རྒྱས་ཀུན་གྱི་སྐུ་གཟུགས་ལ། །དེ་སྲིད་བཅོམ་ལྡན་བསྲུང་བར་མཛོད། །ཐུགས་བཟང་ཡིད་ལས་བྱུང་བ་ཡི། །སློབ་དཔོན་སློབ་མར་བཅས་པ་ལ། །བུ་དང་ཚ་བོ་བསྲུང་མཛད་ནས། །རབ་གནས་དེ་བས་གཤེགས་སུ་གསོལ། །ཨོཾ་བཛྲ་མུཿ། དེ་ནས་དམ་ཚིག་འཁོར་ལོ་རང་ལ་བཅུག་ནས་རབ་ གནས་ཀྱི་ཡེ་ཤེས་སེམས་དཔའ་བརྟན་པར་བཞུགས་སུ་གསོལ་བ་ནི། སློབ་དཔོན་དང་ཡོན་བདག་གཉིས་ཀས་གདན་ཁྲི་ལ་འཇུས་ལ་མེ་ཏོག་གི་ཕྲེང་བ་དབུལ་ཏེ། དེ་སྲིད་མེ་དང་ཆུ་དང་ནི། །རླུང་གི་བསྐལ་པས་འཇིག་པར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་ མཛོད། །ཅེས་བརྗོད་ལ། ཕྱག་ན་རྡོ་རྗེ་ལ་མཆོད་པ་དབུལ་ཞིང་། །སྤྲུལ་སྐུ་བསྲུང་བར་མཛད་དུ་གསོལ། །ཞེས་བརྗོད་དོ། །དེ་ནས་ཆོས་སྐྱོང་གི་སྲུང་མའམ་ཕྱོགས་སྐྱོང་ངམ། མ་ཧཱ་ཀཱ་ལའམ། ཡང་ན་གང་ཡང་རུང་བ་ལ་གཏོར་མ་རྒྱ་ཆེན་པོ་དབུལ་ཞིང་། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྐུ་གཟུགས་ བསྲུང་བའི་ལས་བཅོལ་བར་བྱའོ། །འགྲོ་བ་སེམས་ཅན་དོན་སླད་དུ། །བདེ་གཤེགས་རྣམས་ནི་བཞུགས་བགྱིད་བར། །བདག་དང་གཞན་གྱི་དོན་གྱི་ཕྱིར། །སྤྲུལ་སྐུ་གཟུགས་བརྙན་མཐོང་བར་མཛོད། །ཅེས་བརྗོད་དོ། །གཞན་ཡང་ཡུལ་ཕྱོགས་དེ་ན་གནས་པའི་གནོད་སྦྱིན་ཕོ་མོ་ལ་ཡང་ གཏོར་མ་བཏང་ལ་ཆེད་ཆེར་གཏད་དོ། །གནས་བརྟན་དང་ཁྱིམ་པའི་གཙོ་བོ་རྣམས་ལ་ཡང་སྙིགས་མ་ལྔའི་དུས་སུ་སྤྲུལ་པའི་སྐུ་འདི་ཡིན་གྱིས། ཁྱོད་ཀྱིས་མ་ཉམས་པར་སྲུངས་ཤིག་ཅེས་བརྗོད་ལ། སྐུའམ་གླེགས་བམ་མམ་མཆོད་རྟེན་གང་ཡིན་པ་དེ་ན་བཟའ་གསོལ་ཏེ་འགྲོ་བ་རྣམས་ལ་བསྟན་ཏོ། ། མཐོང་བ་ཙམ་གྱིས་བསྐལ་པ་དཔག་ཏུ་མེད་པའི་སྒྲིབ་པ་མ་ལུས་པར་འབྱང་བར་འགྱུར་རོ། །ཡོན་བདག་གང་ཡིན་པ་དེས་གླུ་གར་བྱ་ཞིང་བཀྲ་ཤིས་བརྗོད་ལ་སྔགས་ཀྱིས་བཏབ་པའི་ཞལ་ཟས་ལྷག་མ་རྣམས་ལ་ལོངས་སྤྱོད་དོ། །རབ་གནས་དམན་པ་མི་ཤིས་ཕྱིར། །རབ་གནས་བཟང་པོ་འདི་བྱས་པས། ། བྱས་པ་གང་དེས་འགྲོ་བ་ཀུན། །མཐོང་བ་ཙམ་གྱིས་སྡིག་བྱང་ནས། །སྤྲུལ་པའི་སྐུ་ཡི་ཞལ་མཐོང་ཤོག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རབ་ཏུ་གནས་པའི་ཆོ་ག་ཞེས་བྱ་བ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ སུ་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་ཙཀྲ་མ་ར་མཱ་ར་ཡ་མནྟྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ངན་སྔགས་བྱད་ཀྱི་འཁོར་ལོས་གསད་པ། འཇམ་དཔལ་ གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་པོ། །བཅོ་བརྒྱད་སྤྱན་དམར་གཉིས་ཀྱིས་མཛེས། །གཤིན་རྗེ་གཤེད་ལ་ཕྱག་འཚལ་ཏེ། །འཇམ་དཔལ་མགོན་གྱིས་མི་འདུལ་ཚེ། །ངན་སྔགས་བྱད་ཀྱི་འཁོར་ལོ་བརྩམ། །དེ་ལ་དུར་ ཁྲོད་ཆེན་པོ་རབ་འཇིགས་པར། །མ་རུངས་འདུལ་བའི་བློན་མཆོག་གིས། །དཔལ་ལྡན་འབྱོར་པ་དྲུག་རྫས་བསོག །སྲིད་པའི་རི་བོ་ཕམ་བྱས་ཏེ། །སེམས་ཅན་ངན་སོང་རྣམ་པར་སྦྱངས། །དོན་ཡོད་འགྲོ་བའི་དོན་བྱས་ཏེ། །གཙོ་བོ་དཀོན་མཆོག་ལྷུར་བླང་ཞིང་། །བླ་མ་ཕྱག་ བྱར་འོས་པ་ལ། །ཚོགས་གཉིས་ཚོགས་ནི་འབད་དེ་བསགས། །སྲིད་པའི་འདོད་ཆགས་རྣམ་སྤངས་ཏེ། །སྟོང་པ་ཉིད་དགའ་སྟོང་བའི་བློས། །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་བྲལ། །ཤེས་རབ་ཆེན་པོའི་སྐད་ཅིག་གིས། །ཆོས་ཀུན་ངོ་བོ་ཉིད་མེད་བྱ། །འོན་ ཀྱང་སྣང་བ་མ་བཀག་པས། །ཆོས་ཀུན་ནམ་མཁའི་མཚན་ཉིད་ལ། །ཡེ་ཤེས་སྐར་མ་ལམ་མེ་པ། །རང་སེམས་ཉམས་སུ་མྱོང་བ་དེ། །དགག་ཏུ་བཏུབ་པ་མ་ཡིན་པས། །རང་རིག་སེམས་ཀྱི་ཆོ་འཕྲུལ་དུ། །ཡི་གེའི་ཕྲེང་བས་ཉེ་བར་མཛེས། །འོད་ཀྱི་ཕུང་པོའི་འཕྲོ་འདུ་ཡིས། །འབྱུང་བ་ཆེན་པོ་རྒྱུ་ གཅིག་པོ། །རིམ་པ་བཞི་ཡིས་དཀྱིལ་འཁོར་བརྩེགས། །འབྱུང་བ་འདུས་པའི་འབྲས་བུ་ལ། །མཐུན་འཇུག་སྤྱོད་ཡུལ་བྱ་བའི་ཕྱིར། །རི་རབ་གཞལ་ཡས་ཁང་ཡང་བརྩེགས། །འཁོར་ལོ་རྩིབས་དྲུག་འབར་བ་སྟེ། །དབུས་སུ་གླང་ཆེན་བསྣོལ་བའི་ཁྲི། །ཉི་ཟླ་པདྨ་མདངས་བསྐྱེད་དེ། །རང་ རིག་སེམས་ཀྱི་ཆོ་འཕྲུལ་འདུས། །སྒྱུ་འཕྲུལ་དྲ་བས་མངོན་བྱང་ཆུབ། །ཡེ་ཤེས་ལྔ་རྫོགས་བཅོམ་ལྡན་འདས། །སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག །དང་པོའི་སངས་རྒྱས་ཞལ་མངའ་བ། །རྒྱན་རྣམས་ཀུན་གྱིས་སྤྲས་པ་ནི། །དུང་དང་ཀུན་དའི་འོད་འཕྲོ་བ། །ཉི་མའི་སྙིང་པོའམ་གསེར་གྱི་ མདོག །ཕྱག་བཞི་བ་ལ་ཞི་བའི་སྐུ། །ཤེས་རབ་རལ་གྲི་མདའ་གཞུ་བསམས། །དེ་ཡི་ཐུགས་ཀར་འཁོར་ལོ་དང་། །འཇམ་དཔལ་ཡེ་ཤེས་སེམས་དཔའ་བསྒོམ། །ཟླ་བ་ཨ་ཡི་འཕྲོ་འདུ་ཡིས། །འོག་མིན་གནས་མཆོག་དམ་པ་ནས། །རྣམ་སྣང་ཆེན་པོ་ལ་སོགས་པའི། །དཀྱིལ་ འཁོར་ཆེན་པོ་དྲུག་བྱོན་ཏེ། །ཐུགས་ཀའི་ཟླ་སྟེང་བཞུགས་པ་ལ། །བཀུར་སྟི་རིམ་གྲོས་མཉེས་པར་བྱ། །ཤེས་རབ་འཁོར་ལོ་ལ་བློ་གཏད། །ཡེ་ཤེས་ཕྲེང་སྔགས་བཟླས་པ་བརྩམ། །ཡེ་ཤེས་ལྔ་ཡི་སྒོ་ནས་བསྟོད། །གལ་ཏེ་ཞི་བས་མ་འདུལ་ཞིང་། །དེ་རྣམས་གཞི་དང་བཅས་པ་ཀུན། །ཆོས་ཀྱི་ དབྱིངས་སུ་ཐིམ་འགྱུར་ཏེ། །དང་པོའི་སངས་རྒྱས་རྒྱུ་མེད་པའི། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཆོས་ཀྱི་དབྱིངས་ལས་དྲག་པོར་བཞེངས། །ཡི་གེ་དྲུག་པོ་ཡེ་ཤེས་སྒྲས། །འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ། །རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོག །ནམ་མཁའི་མཐའ་ཡས་སྒྲ་སྒྲོགས་པས། །ཧཱུཾ་ལས་དྲག་ པོར་སྐྱེས་པ་ནི། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །སྤྱན་དམར་བཅོ་བརྒྱད་ཕྱག་བཅུ་གཉིས། །རྡོ་རྗེ་འཁོར་ལོ་རྡོ་རྗེ་དང་། །པདྨ་རིན་ཆེན་རྒྱ་གྲམ་བསྣམས། །གཡས་པའི་ཕྱག་ན་ལེགས་པར་བསྣམས། །མཚོན་དུ་རྡོ་རྗེའི་མདའ་ཐོགས་པ། །གཡོན་ པའི་ཕྱག་རྒྱ་དང་པོ་ནི། །རྡོ་རྗེ་རལ་གྲི་མ་ལུས་གཅོད། །གཡོན་པའི་ཕྱག་རྒྱ་ཕ་རོལ་བསྡིགས། །ལྷག་པའི་ཕྱག་རྒྱ་གཞན་རྣམས་ན། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཧ་ལ་ཧ་ལ་དུག་ལྟར་བཞད། །ཀེང་རུས་མཆེ་བ་གཙིགས་པ་པོ། །རལ་པ་གྱེན་བརྫེས་ཐོད་ཕྲེང་ལ། །སངས་རྒྱས་ ལྔ་ཡི་ཅོད་པན་འཛིན། །སྦྲུལ་དང་ཐོད་རློན་ཕྲེང་བས་ཀླུབས། །དུས་མཐའི་མེ་ལྟར་འབར་བ་འཕྲོ། །འཇམ་དཔལ་གཤིན་རྗེ་གཤེད་པོ་ནི། །རྔམ་པ་ཆེན་པོར་བདག་ཉིད་གྱུར། །ཐུགས་ཀར་ཉི་མའི་སྟེང་ན་ཧཱུཾ། །དེ་ཡི་བྱིན་རླབས་ཡ་མཚན་ནི། །ཨོཾ་ཨ་ར་པ་ཙ་ན་ཡ་མཱནྟ་ཀ་ཧཱུཾ། ཨོཾ་པྲཛྙཱ་ ཛྙཱ་ན་མཱུརྟ་ཡེ་ཡ་མཱནྟ་ཀ་ཧཱུཾ། ༀ་དུཿཁཙྪེ་ད་ཡ་མཱནྟ་ཀ་ཧཱུཾ། ཨོཾ་བཛྲ་ཏཱིཀྵྞ་ཡ་མཱནྟ་ཀ་ཧཱུཾ། ཨོཾ་ཝཱ་གཱི་ཤྭ་ར་ཡ་མཱནྟ་ཀ་ཧཱུཾ། ཨོཾ་ཛྙཱ་ན་ཀཱ་ཡ་ཡ་མཱནྟ་ཀ་ཧཱུཾ། ཨོཾ་ཧཱུཾ་ཧཱུཾ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿབྷ་ག་བཱན་ཛྙཱ་ན་མཱུརྟི། བཱ་གཱི་ཤྭ་རི་མ་ཧཱ་པཱ་ཙ་སརྦ་དྷརྨཱ་ག་ག་ན། ཨ་མ་ལ་སུ་བ་ རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷྲ་ཧཱུཾ། ཁྲོ་བོའི་རྒྱལ་པོ་ཧཱུཾ་ལས་བྱུང་། །འཁོར་ལོ་འབར་བའི་རྩིབས་དྲུག་ལས། །རིམ་པ་འདི་ལྟར་ཁྲོས་པས་གནས། །མནར་མེད་གཤིན་རྗེ་གཤེད་པོ་ནི། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་འཛིན། །གཏི་མུག་གཤིན་རྗེ་གཤེད་པོ་ནི། །ཞལ་གཅིག་ཕྱག་གཉིས་ འཁོར་ལོ་འཛིན། །ཞེ་སྡང་གཤིན་རྗེ་གཤེད་པོ་ནི། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་འཛིན། །འདོད་ཆགས་གཤིན་རྗེ་གཤེད་པོ་ནི། །ཞལ་གཅིག་ཕྱག་གཉིས་པདྨ་འཛིན། །ང་རྒྱལ་གཤིན་རྗེ་གཤེད་པོ་ནི། །ཞལ་གཅིག་ཕྱག་གཉིས་རིན་ཆེན་འཛིན། ཕྲག་དོག་གཤིན་རྗེ་གཤེད་པོ་ནི། ། ཞལ་གཅིག་ཕྱག་གཉིས་འཁོར་ལོ་འཛིན། །གཡོན་པས་ཀུན་ཀྱང་འཁོར་ལོ་བསྐོར། །སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན། །དུས་མཐའི་མེ་དཔུང་ནང་ན་བཞུགས། །བརྐྱང་བསྐུམ་ཞབས་ཀྱིས་གཤིན་རྗེ་བརྫིས། །རེ་རེའི་སྐུ་ལ་ཁྲོ་བོའི་ཚོགས། །ཁྲོ་གཉེར་རིམ་པར་ལྡན་ལ་ སོགས། །གྲངས་མེད་མཐའ་ཡས་པ་ཡིས་བསྐོར། །ལག་ན་རྡོ་རྗེ་མཐའ་ཡས་པ། །དེ་ལྟར་གསལ་བའི་ཏིང་འཛིན་གྱིས། །ཡེ་ཤེས་ཁྲོ་བོ་ཉེ་བར་བསྡུ། །ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་བཛྲ་ཀྲོ་དྷ་ས་པ་རི་ཝཱ་རེ་བཛྲ་ས་མནྟ་ཨེ་ཧྱེ་ཧི་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿཞེས་རིགས་བསྡུས་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས། ཁྲོ་བོར་བྱོན་ནས་ཉེ་བར་བྱོན། །རྒྱལ་བ་མཆོད་པས་མཉེས་བྱས་ཏེ། །བདག་དང་གཉིས་སུ་མེད་པར་བཞུགས། །གསང་སྔགས་རྒྱལ་པོས་གཟི་མདངས་བསྐྱེད། །འཇམ་དཔལ་མཚན་ནི་ཁྲོས་པས་བརྗོད། །གསང་སྔགས་རྒྱལ་པོ་ཁྲོས་པས་བཟླས། །སངས་རྒྱས་ཀུན་གྱི་ཁྲོ་བོའི་སྐུ། །དབྱེ་ བ་དཔག་མེད་སྐྱེ་བ་ཡིས། །ཁམས་གསུམ་ཁྲོ་བོས་བཀང་བྱས་ཏེ། །རྡོ་རྗེ་ཁྲོ་བོའི་དམག་ཚོགས་ཀྱིས། །བདུད་ཀྱི་དཔུང་རྣམས་ཕམ་བྱས་ཏེ། །གསད་ཅིང་མནན་པ་ཁོ་ནར་ཟད། །སྤྲུལ་པ་ཉེ་བར་བསྡུ་བྱ་སྟེ། །རྡོ་རྗེ་འཇིགས་བྱེད་སོགས་ཀྱིས་བསྟོད། །དེ་ལྟར་བརྟན་པ་སྟོབས་སུ་འགྱུར། །གལ་ཏེ་ ཏིང་འཛིན་མི་གསལ་ན། །དམིགས་པ་རྩེ་གཅིག་ཆོ་ག་བྱ། །དུས་མཐའི་དགྲ་བོ་གསད་པ་ནི། །མ་རུངས་འདུལ་བའི་སེམས་ཀྱིས་སུ། །དུར་ཁྲོད་ཐོད་པ་མི་སྲུན་གཤགས། །ནང་དུ་གཤིན་རྗེའི་རྒྱལ་པོ་བྲི། །ཁ་གདངས་བར་ནི་ཤིན་ཏུ་གསལ། །འོག་མ་གཤིན་རྗེའི་ཁང་པར་བཅད། །ཡ་གནག་ བཅུ་བདུན་མུན་པའི་སྨག །སྒོ་མེད་སྒོ་ང་ལྟ་བུའི་ནང་། །ཡིད་ཀྱིས་གཟུགས་བརྙན་རྫུ་འཕྲུལ་ལྡན། །དགྲ་བོའི་རྣམ་ཤེས་རླུང་འདྲ་བ། །སྲོག་དང་འགྲོགས་ཏེ་ཆུད་གྱུར་ན། །སླར་ནི་ཐོན་པའི་སྐལ་མེད་དོ། །གཤིན་རྗེས་ཟིན་པས་མི་འཆོར་རོ། །གང་དམིགས་བསྒྲུབ་བྱའི་སྙིང་གི་ དཀྱིལ། །སྲོག་པ་རྩ་ཡི་རང་བཞིན་ལས། །ངན་སྔགས་བྱད་ཀྱི་འཁོར་ལོ་བཅའ། །རྩིབས་དྲུག་ལ་སོགས་གསང་སྔགས་བཅས། །ཀུན་ལ་འཆི་རྐྱེན་སྤེལ་ཏེ་བྲིའོ། །ཨོཾ་ཨ་ར་པ་ཙ་ཤ་ཏྲཱུཾ་ཆེ་གེ་མོ་མཱ་ར་ཡ། ཨོཾ་པྲཛྙཱ་ཛྙཱ་ན་མཱུརྟྟ་ཡ། ཤ་ཏྲཱུཾ་མཱ་ར་ཡ། ཨོཾ་དུཿཁཙྪེ་ད་ཤ་ཏྲཱུཾ་མཱ་ར་ཡ། ཨོཾ་བཛྲ་ཏཱིཀྵྞ་ཤ་ཏྲཱུཾ་མཱ་ར་ཡ། ཨོཾ་བཱ་གཱི་ཤྭ་ར་ཤ་ཏྲཱུཾ་མཱ་ར་ཡ། ཨོཾ་ཛྙཱ་ན་ཀཱ་ཡ་ཤ་ཏྲཱུཾ་མཱ་ར་ཡ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཧ་ར་ཧ་ར། ༀ་ཧཱུཾ་ཧྲཱིཿབྷ་ག་ཝཱན་ཛྙ་ན་མཱུརྟྟི་བཱ་གཱི་ཤྭ་ར་མ་ཧཱ་པཱ་ཙ་སརྦ་དྷརྨྨ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ། དྷརྨྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཧཱུཾ། ཤ་ཏྲཱུཾ་མཱ་ར་ཡ་ཧཱུཾ་ཕཊ་ཅེས། གསང་སྔགས་རྒྱལ་པོ་འདི་ དྲན་པས། །གང་དམིགས་གདུག་པ་ཉེ་བར་འཇིག །རང་རྒྱུད་གནས་ནས་གཤིན་རྗེ་བཀུག །ཐོད་པ་རང་བྱུང་དེ་ལ་བསྟིམ། །གདུག་པའི་གནས་ནས་དགྲ་བོ་དགུག །མཐུན་པའི་གཟུགས་བརྙན་དེ་ལ་བསྟིམ། །བདག་ཉིད་སྙིང་གའི་སྔགས་འོད་ཀྱིས། །དགྲ་བོའི་སྙིང་གའི་འཁོར་ལོ་བསྐོར། །ལྟེ་བ་ འཁོར་ཞིང་རྩིབས་ཀྱིས་གཅོད། །གང་དམིགས་བསྒྲུབ་བྱའི་ཚེ་སྲོག་ཕྲལ། །ལུང་སྟོང་མེ་མར་མེ་ལྟར་འགྱུར། །གཟུགས་དེ་འཁོར་ལོས་དུམ་བུར་གཏུབ། །དྲག་པོའི་གཏོར་མར་བཅུག་བྱས་ཏེ། །ཐོད་ནང་གཤིན་རྗེ་དེ་ལ་སྦྱིན། །ཆོས་སྐྱོང་སྲུང་མར་བསྒོ་བྱ་སྟེ། །རང་གི་གནས་སུ་ཅི་བདེར་བཏང་། །གཏོར་ མ་དག་ཀྱང་ལྷོ་ཕྱོགས་བསྐྱལ། །དེ་ནས་རང་ཉིད་བརྟན་བྱས་ཏེ། །ཆོ་ག་མ་ལུས་རྫོགས་པར་བྱ། །སྤྱི་དང་ཁྱད་པར་རིམ་པ་ཡིས། །བསྡུས་རྒྱས་བྱེ་བྲག་ཤེས་པར་བྱ། །ཐ་མའི་རྒྱུད་དྲག་ངང་ཐུང་ཆེ། །འགྲོ་བ་ལོག་ལྟ་འཁྲུལ་གྱུར་ནས། །སངས་རྒྱས་སྒྲུབ་ལ་བར་གཅོད་ཅིང་། །བྱང་ཆུབ་ཚེ་སྲོག་འཕྲོག་ བྱེད་ལ། །འཁོར་ལོ་འདི་ཡིས་གཅོད་གྱུར་ཅིག །དེ་ཡི་ནུས་པ་བསྐྱེད་ནས་ནི། །བདུད་དགྲ་ཐམས་ཅད་ཕམ་བྱས་ནས། །ཕས་ཀྱི་རྒོལ་བ་ཉེར་ཞི་སྟེ། །རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ངན་སྔགས་ཀྱི་བྱད་ཀྱི་འཁོར་ལོའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་འཇམ་དཔལ་ བཤེས་གཉེན་གྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་སུ་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་སརྦ་པཱ་པཾ་བི་ཤོ་དྷ་ན་བི་དྷི་མཎྜལ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་ དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྡིག་པ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྲིད་པའི་དྲ་བ་རྣམ་བཅོམ་ནས། །མ་རིག་སྒོ་ངའི་སྦུབས་འབྱེད་དེ། །སེམས་ཅན་ངན་སོང་རྣམ་སྦྱོང་བའི། །འཇམ་དབྱངས་དེ་ལ་གུས་བཏུད་ ནས། །མ་རིག་འཁྲུལ་པའི་སེམས་ཅན་རྣམས། །འཁོར་བའི་རྒྱ་མཚོ་ལས་བསྒྲལ་བའི། །ཕན་པའི་ཆོ་ག་བཟང་པོ་ཞིག །གཞན་གྱི་དོན་དུ་བྲི་བར་བྱ། །དེ་ལ་སེམས་ཅན་རྣམས་ནི་གཏི་མུག་གི་མུན་ཁུང་དུ་ཡེ་ཤེས་ཀྱི་སྣང་བ་མ་ཤར་བའི་དབང་གིས་ཉིང་ཤ་ཉིང་གིས་ཟ་ཞིང་ཉིང་ སྲོག་ཉིང་གིས་གཅོད་པ་ལས་དེའི་རྣམ་པར་སྨིན་པ་ཚེ་འཕོ་བ་ལྟ་བུ་ཡང་ནས་ཡང་དུ་འབྱུང་སྟེ། ཉོན་མོངས་པའི་འབྲས་བུ་ངན་སོང་རྣམས་སུ་སྨིན་པ་རྣམས་ལ་རེ་ཞིག་ཕན་པའི་སེམས་ཀྱིས་མ་རིག་པའི་རྒྱ་དྲལ་ཏེ། ཉོན་མོངས་པའི་མདུད་པ་ལས་བཀྲོལ་ནས་ཡང་དག་པའི་ཐར་པ་དང་། ཐམས་ཅད་མཁྱེན་པའི་ ལམ་བསྟན་ཏེ། ཚེ་འཕོས་པ་ལྟ་བུ་དེ་ཡང་དེའི་གཟུགས་སམ་རུས་སམ་མིང་ངམ། སྟོད་གཡོགས་ལ་སོགས་པ་སྟ་གོན་བྱས་ལ། དང་པོ་ཁོ་ནར་ཞེ་སྡང་གི་གཉེན་པོ་མི་བསྐྱོད་པའི་བསྙེན་པ་བྱས་ལ། རང་ཉིད་མི་བསྐྱོད་པ་བྱང་ཆུབ་སེམས་དཔའི་འཁོར་གྱི་བསྐོར་བའི་སྙིང་གའི་ཟླ་བའི་རྡོ་རྗེ་དང་ཕྲེང་སྔགས་ཀྱི་འོད་ ཟེར་གྱིས་བྱིན་རླབས་དང་། རང་མི་བསྐྱོད་པ་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱི་མཚན་བརྗོད་པའི་བྱིན་རླབས་ལས་སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ་བྱེ་བ་དཔག་ཏུ་མེད་པ་སེམས་ཅན་དམྱལ་བའི་གནས་སུ་སྐྱེ་ན། སེམས་ཅན་དམྱལ་བ་དེ་རྣམས་ཐམས་ཅད་ཀྱིས་ཀྱང་སྐད་ཅིག་གིས་ཆོས་ཐམས་ཅད་མངོན་པར་རྟོགས་ནས། སེམས་ཅན་དམྱལ་བ་དེ་དག་གི་ལས་ཀྱི་ཁམས་ཟད་པར་བྱས་ནས་དམྱལ་བའི་སྡུག་བསྔལ་གྱི་རྒྱ་མཚོ་དེ་ལས་བཏོན་ཏེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་བག་ཆགས་དང་བཅས་པ་གཏན་སྤངས་ནས་སེམས་ཅན་དེའི་ཡིད་ཀྱི་ཡུལ་དང་སངས་རྒྱས་ཀྱི་ཐུགས་རིག་པ་ལམ་མཚོན་པའི་ཨ་དཀར་པོ་ ཐུང་ངུ་ལྟ་བུར་བྱས་ཏེ། སེམས་ཅན་དེའི་གཟུགས་ཀྱི་ཕུང་པོ་ལ་ཡིད་གནས་པར་བྱས་ནས། དེ་དག་གི་སྔར་གྱི་གཟུགས་དེའི་སེམས་དང་མཐུན་པར་བཅུག་ལ་དེ་ལ་བདག་ཉིད་གཙོ་བོ་དང་ལྷ་རྣམས་ཀྱི་ཐུགས་ཀའི་སྔགས་ཀྱི་འོད་ཟེར་གྱིས་དེའི་བག་ཆགས་དག་པར་བྱའོ། །དེའི་རྗེས་ལ་བུམ་ པའི་ཆུས་ཀྱང་དྲི་མ་བཀྲུ་བའི་ཕྱིར་ཡེ་ཤེས་སེམས་དཔའི་ཕྲེང་སྔགས་དང་། རིག་སྔགས་དང་། སརྦ་ནཱ་ར་དང་། སརྦ་པཱ་པཾ། སརྦ་ཀརྨྨ་ཨཱ་པ་ར་ཎ་བི་ཤོ་དྷ་ནི་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་པས་བཀྲུའོ། །དེ་ལྟར་བསྙེན་པ་རྫོགས་པ་དང་མི་བསྐྱོད་པའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོར་བཅུག་སྟེ། སེམས་ཅན་དམྱལ་བ་ལས་གྲོལ་བར་བྱས་ཏེ་དབང་བསྐུར་བར་བྱའོ། །དེ་དང་རྗེས་སུ་མཐུན་པ་རིན་པོ་ཆེའི་རིགས་ཀྱི་ལྷ་ཉེ་བར་བྱས་ལ། སེར་སྣའི་གཉེན་པོ་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་དུ་བཅུག་སྟེ། ཡི་དགས་ཀྱི་གནས་ངན་ལས་བསྒྲལ་ཏེ་དབང་བསྐུར་བར་བྱའོ། །དེ་ནས་ཡང་དེ་དང་ རྗེས་སུ་མཐུན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྐལ་བ་དང་ལྡན་པ་དེ་བྱོལ་སོང་གི་གནས་ནས་ཐར་བར་བྱ་བའི་ཕྱིར་གཏི་མུག་གི་གཉེན་པོར་རྣམ་པར་སྣང་མཛད་ཀྱིས་སྦྱང་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་བརྗོད་ནས་རྣམ་སྣང་གི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་བར་བྱའོ། །དེ་ནས་ཡང་དེ་ དང་རྗེས་སུ་མཐུན་པར་ཕྲག་དོག་གི་གཉེན་པོར་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་བྲིས་ཏེ། ལྷ་མ་ཡིན་གྱི་གནས་ནས་ཐར་བར་བྱས་ལ་རིགས་ཀྱི་བུ་དེ་ལ་དབང་བསྐུར་བར་བྱའོ། །དེའི་རྗེས་ལ་འདོད་ཆགས་ཀྱི་གཉེན་པོ་སྣང་བ་མཐའ་ཡས་ཀྱིས་སྦྱང་སྟེ། ལྷ་རྣམས་ཀྱི་གནས་ལས་ཐར་པར་བྱས་ནས་ཚེ་ འདས་པ་རིགས་ཀྱི་བུ་དེ་པདྨའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོར་བཅུག་ནས་དབང་བསྐུར་བར་བྱའོ། །དེའི་རྗེས་ལ་དུག་གསུམ་ཆ་མཉམ་པའི་གཉེན་པོས་སྦྱང་སྟེ། ཚེ་ལས་འདས་པ་མིའི་གནས་སུ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་ཏེ་ཉོན་མོངས་པ་དེ་ལས་ཐར་བར་བྱའོ། ། དེ་ལྟར་ཉོན་མོངས་པ་ལྔ་དང་བྲལ་ནས་ཁམས་གསུམ་གྱི་འགྲོ་བ་རིགས་དྲུག་གི་གནས་ནས་ཐར་བ་དེ་རིགས་ཐམས་ཅད་བསྡུས་པའི་དཀྱིལ་འཁོར་དུ་བཅུག་སྟེ། དབང་རྣམས་ཡང་དག་པར་བསྐུར་ནས་རྫོགས་པའི་སངས་རྒྱས་ཀྱི་ས་ལ་རིགས་ངེས་པ་ཅན་དུ་བྱའོ། །དེ་ལྟར་ན་འདི་གཞན་གྱི་དོན་དུ་ གསུངས་པའི་ཆོ་ག་ཡིན་ནོ། །སེམས་ཅན་ངན་སོང་རྣམ་སྦྱོང་བ། །ཆོ་ག་མྱུར་དུ་བྱས་པ་ལས། །བསགས་པའི་དགེ་བས་འགྲོ་བ་ཀུན། །འཁོར་བའི་རྒྱ་མཚོ་ལས་བརྒལ་ནས། །སྲིད་པའི་སྡུག་བསྔལ་དང་བྲལ་ཏེ། །དཔལ་ལྡན་སངས་རྒྱས་ཐོབ་པར་ཤོག །འཕགས་པ་འཇམ་དཔལ་ གྱི་མཚན་ཡང་དག་པར་བརྗོད་པའི་ཚེ་འཕོས་པ་ལ་ཕན་པའི་བདུན་ཚིགས་ཀྱི་ཆོ་ག །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་བི་དྷི་ཧོ་མ་པཱ་པཾ་ཤོ་དྷ་ཡ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྡིག་པ་སྦྱོང་བའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མི་ཤེས་དྲི་མ་སེལ་མཛད་ཅིང་། །ཤེས་རབ་ ཡེ་ཤེས་སྤྱན་འབྱེད་པའི། །འཇམ་དབྱངས་དེ་ལ་ཕྱག་འཚལ་ནས། །སེམས་ཅན་ངན་སོང་རྣམ་སྦྱོང་བའི། །ཆོ་ག་ཚེ་འདས་ལ་ཕན་པ། །གཞན་གྱི་དོན་དུ་བཤད་པར་བྱ། །དེ་ལ་འདིར་གཟའ་དང་སྐར་མ་བཟང་པོ་བཀྲ་ཤིས་པའི་ཉི་མ་ལ་ཚུལ་དང་མཐུན་པའི་དཀྱིལ་འཁོར་དང་འབྲེལ་པའམ་མ་འབྲེལ་ ཀྱང་རུང་སྟེ། ཕྱོགས་དང་མཐུན་པའི་གནས་བཟང་པོར་ས་བསླང་བ་ལ་སོགས་པ་སྔོན་དུ་འགྲོ་བས་སའི་རྒྱར་ཁྲུ་བཅུ་དྲུག་པ་ལ་གྲུ་བཞིར་བྱས་ཏེ། དབུས་སུ་དེའི་ཕྱེད་ཀྱི་ཚད་ཀྱིས་ཟླུམ་པོར་བསྐོར་ལ་ཁྲུ་གང་གྱེན་དུ་མཐོ་བ་དང་། དེའི་ཁ་ཁྱེར་ཡང་དེའི་ཚད་དུ་བྱས་ལ། དེ་ནས་ནང་དུ་ཁྲུ་ཕྱེད་ཀྱི་བར་དུ་ཟབས་སུ་ རྒྱར་ཆུད་པར་བྱས་ལ་ནང་གི་ཟབས་སུ་ཡང་ཁྲུ་གང་ཐབ་ཁུང་བྱའོ། །དེ་ལ་རྡོ་རྗེ་དཀར་པོ་དང་། འཁོར་ལོ་དཀར་པོ་དང་། རྡོ་རྗེ་སྔོན་པོ་དང་། རིན་པོ་ཆེ་སེར་པོ་དང་། པདྨ་དམར་པོ་དང་། རྒྱ་གྲམ་ལྗང་གུས་བསྐོར་བར་བྱའོ། །དེ་ལ་ཙནྡན་དང་རྒྱ་ཤུག་ལ་སོགས་པ་དུག་གི་རྒྱུ་ ལས་མ་བྱུང་མ་སྐྱེས་པའི་ཤིང་སོགས་ཏེ། དེའི་ནང་གང་ཡིན་པ་དེར་སེམས་ཅན་གང་དག་ཚེ་འཕོས་པ་དེའི་གཟུགས་ཀྱི་ཕུང་པོ་ཁྲུས་བྱས་ལ་དྲིས་བསྒོས་ཏེ། རྒྱན་བཏགས་ལ་སྐྱིལ་མོ་ཀྲུང་གི་ཚུལ་དུ་ཁ་ནུབ་ཏུ་ཕྱོགས་པར་བཞག་ལ། སྟེང་དང་ཕྱོགས་མཚམས་སུ་ཀུ་ཤས་གཡོགས་ལ་ གཞག་གོ །དེ་ནས་གཡོན་དུ་བསང་ཆུ་དང་། མཆོད་ཡོན་གཞག་ཅིང་མཆོད་པ་ལྔ་བཀྲམ་ནས། མདུན་དུ་ཡམ་ཤིང་དང་། ཏིལ་དང་། ཡུངས་ཀར་དང་། མར་དང་བའི་འོ་མ་དང་། ཞོ་དང་། འབྲས་ཆན་དང་། ཀུ་ཤ་དང་དཱུར་བ་དང་། ནས་དང་། གྲོ་དང་། སོ་བ་དང་། སྲན་མ་དང་། སྲན་མ་ཤ་དང་། འབྲས་སོ་བ་དང་། བིལ་བ་དང་། སྟར་ག་དང་། ཛཱ་ཏི་དང་། འབྲས་བུ་གསུམ་དང་། ཨུ་དུམ་བཱ་རའི་ཤིང་དང་། ནགས་ཀྱི་ལྕུག་མ་རླན་དང་བཅས་པ་དང་། འབྲས་མ་གྲུགས་པ་དང་། སྤང་སྤོས་དང་། མངར་གསུམ་དང་། ཟས་ཀྱི་རྣམ་པ་སྲོག་ཆགས་ལས་མ་ བྱུང་བ་དང་། མཆོག་ཏུ་དྲི་དང་བཅས་པའི་སྲེག་རྫས་རྣམས་ཀུ་ཤ་གཅལ་དུ་བཀྲམ་པའི་སྟེང་དུ་ཤིང་ལོ་བཟང་པོའམ་རས་སར་པའི་སྟེང་དུ་གཞག་གོ །མདུན་དུ་དགང་གཟར་བླུགས་གཟར་གཞག་གོ །དེ་ལྟར་རྫས་རྣམས་ཚོགས་པར་བྱས་ལ། བདག་རྡོ་རྗེ་སློབ་དཔོན་གྱི་རྒྱན་རྣམས་བགོ་སྟེ། རྡོ་རྗེ་དྲིལ་བུ་བཟུང་ལ་མ་རུངས་པ་འདུལ་བའི་རྒྱལ་པོ་གཤིན་རྗེ་གཤེད་པོ་དྲན་པའི་བྱིན་རླབས་ཀྱིས་ལོག་འདྲེན་གྱི་ཚོགས་གང་ཡིན་པ་དེ་རྣམས་ཕམ་པར་བྱས་ནས་ཅིས་ཀྱང་མི་ཚུགས་པའི་གུར་དུ་བསམ་མོ། །དེ་ནས་སྡིག་པ་བྱང་ཞིང་དགེ་བ་ལ་འདུན་པ་བཟང་པོ་བསྐྱེད་དེ། སྐལ་བ་དང་ལྡན་པར་བྱ་ བའི་ཕྱིར་ངེས་པར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དེའི་རྗེས་ལ་བདག་ཉིད་ཤིན་ཏུ་སྦྱངས་པ་དང་ལྡན་པས་སྒྱུ་འཕྲུལ་དྲ་བ་མངོན་པར་བྱང་ཆུབ་པའི་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་མངོན་པར་སྤྲུལ་ནས་སེམས་ཅན་ཐམས་ཅད་ཀྱི་ངན་པ་ སོང་ཡོངས་སུ་སྦྱང་བར་བྱའོ། །དེ་ནས་འབྱུང་བ་བཞི་ལས་ངེས་པར་བྱུང་བའི་དཀྱིལ་འཁོར་བརྩེག་གོ །གཟུགས་ཀྱི་ཁོག་པ་གང་ཡིན་པ་ལས་ངེས་པར་འབྱུང་བའི་མེ་ཐབ་ཀྱི་འཁོར་ལོ། །དེའི་ནང་དུ་མེའི་དཀྱིལ་འཁོར་ཟུར་གསུམ་པ་དབུས་སུ་རཾ་གྱིས་མཚན་ཅིང་ཟུར་གསུམ་ལ་ཁམས་གསུམ་ གྱི་ལས་དང་ཉོན་མོངས་པ་ཞལ་དུ་གསོལ་བའི་རྟགས་ཨོཾ་ཨཱཿཧཱུཾ་གསུམ་ཡིད་ཀྱིས་བྲིས་ཏེ། བྲམ་ཟེ་ཤིན་ཏུ་སྦྱངས་པའི་ཁྱིམ་ནས་མེ་བླངས་ལ། བཛྲ་ཛྭ་ལ་རཾ་ཞེས་བརྗོད་ཅིང་རླུང་ཡབ་ཀྱིས་གཡབས་ཏེ། ཀུ་ཤ་ལ་མེ་སྦར་ནས་དེའི་བྱིན་རླབས་ཀྱིས་གོང་གི་ཡི་གེ་གང་ཡིན་པ་ལས་བསྐྱེད་པའི་མེ་ལྷའི་ རྒྱལ་པོ་བྷ་བ་ཀ་དུང་དང་ཀུན་ད་ལྟ་བུ་བསྐྱེད་དེ། པདྨ་དང་ཟླ་བའི་གདན་ལ་ངེས་པར་རྫོགས་པ་དང་། ཞལ་གཅིག་ཕྱག་བཞི་པ། གུནྡྷེ་དང་དབྱུག་པ་དང་། བགྲང་ཕྲེང་དང་མེ་ཐབ་བསྣམས་པ་བསྒོམ་མོ། །དེ་ནས་སྔགས་པས་མེ་ལྷ་བྷ་བ་ཀ་སྤྱན་དྲངས་ཏེ། ཨོཾ་ཚུར་གཤེགས་ཚུར་གཤེགས་འབྱུང་ པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་འདི་བཞེས་ལ། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་རཱ་ཛ་སཏྭ་མ་ཧཱ་ཀྲོ་དྷི་ཨཱཿཧཱུཾ། མ་ཧཱ་ཡཱ་མ་ན་ནི་ཧི་ཏོ་བྷ་བ་ༀ། བྷ་བ་ཀ་ཨགྣ་ཡེ་སྭཱ་ཧཱ། ཞེས་སྤྱན་དྲངས་ལ་མཆོད་ཡོན་དབུལ་བ་ནི། ཨོཾ་བྷ་བ་ཀ་ཨགྣ་ཡེ་ག་ག་ན་ཡེ་སྭཱཧཱ། ཞེས་བརྗོད་ལ། ཨོཾ་བྷ་བ་ཀ་ཨགྣི་ཛཿཧཱུཾ་བཾ་ཧོཿ། ཞེས་བྱ་བས་དགུག་པ་དང་གཞུག་པ་དང་། བཅིང་བ་དང་དབང་དུ་བྱ་བ་དང་། དམ་ཚིག་གི་ཕྱག་རྒྱ་བསྟན་ཅིང་། ཨོཾ་བཛྲ་ཨགྣ་ཡེ་མ་ཧཱ་བྷཱུ་ཏ་ཛྭ་ལ་སརྦ་བྷསྨིཾ་ཀུ་རུ་སརྦ་དུཥྚཱ་ན་ཀྲོ་དྷ་ཛཿཧཱུཾ་བཾ་ཧོཿས་མ་ ཡ་སྟྭཾ། ཨ་ཧཱུཾ་ཞེས་བརྗོད་པས་ཕྱག་རྒྱ་བཞིས་རྒྱས་བཏབ་ཅིང་། དེ་ལ་དབང་བསྐུར་སྦྱིན་ནོ། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་བྷ་བ་ཀ་བཛྲ་ཨགྣ་ཡེ་བཛྲ་པུཥྤཾ་ཞེས་བྱ་བ་ལ་སོགས་པས་མཆོད་པ་ལྔ་དང་། མཆོད་ཡོན་དབུལ་བར་བྱའོ། །དེ་ནས་ཐོག་མར་མེའི་གཟི་བརྗིད་བསྐྱེད་པའི་ཕྱིར་མར་ གྱི་དགང་བླུགས་བདུན་ནམ་ལྔ་དབུལ་ལོ། །ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་སརྦ་བྷསྨིཾ་ཀུ་རུ་སརྦ་དུཥྚཱ་ན་ཧཱུཾ་ཕཊ་ཅེས་བརྗོད་ལ་མེའི་མདོག་ལེགས་པར་བརྟགས་ཏེ། དཀར་སེར་འཁྱིལ་ཞིང་འབར་བ་དང་། །མ་ཆད་མ་བྱེ་མི་འཕྲོ་དང་། །སྒྲ་དང་དུ་བ་ཀུན་དུ་སྤངས། །འཇམ་ལ་རྣོ་ཞིང་གསལ་ན་བཟང་། ། གནག་ཅིང་རྩུབ་པ་ངན་པ་དང་། །ཆད་ཅིང་འུར་འུར་མེ་སྟག་འཕྲོ། །མི་གསལ་མི་འབར་དུ་བས་འཁྲིགས། །ངན་ན་དེའི་བར་ཆད་ཞི་བར་བྱས་ལ། དེ་ནས་ཡམ་ཤིང་དབུལ་ཏེ། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་སརྦ་བྷསྨི་ཀུ་རུ་སརྦ་དུཥྚཱ་ན། བྷ་བ་ཀ་ཨགྣ་ཡེ་བཛྲ་མ་ཏ་ཡེ་སྭཱ་ཧཱ། ཡཾ་ཤིང་གིའོ། །དེ་བཞིན་དུ་ཀུན་ལ་སྦྱར་བར་བྱའོ། །ཚེ་ལས་འདས་པ་ཆེ་གེ་མོ་སརྦ་པཱ་པཾ་ད་ཧ་ན་ཡ་སྭཱ་ཧཱ་ཏིལ་གྱིའོ། །ཚེ་ལས་འདས་པ་ཆེ་གེ་མོ་སརྦ་པཱ་པཾ་ཛྭ་ལ་རཾ་སྭཱ་ཧཱ། ཡུངས་ཀར་གྱིའོ། །མར་དང་འོ་མ་དང་ཞོ་ལ་སོགས་པ་ཞུ་བའི་རྫས་རྣམས་ནི་མེ་ཉིད་ཀྱི་ སྔགས་ཀྱིས་སོ། །སརྦ་སཾ་བ་དེ་སྭཱ་ཧཱ། འབྲས་ཆན་གྱིའོ། །ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བའི་མྱུ་གུའི་འོ། །ཨོཾ་ཨ་པྲ་ཏི་ཧ་ཏ་ཡེ་སྭཱ་ཧཱ། ཀུ་ཤའི་འོ། །ཨོཾ་མ་ཧཱ་བེ་ག་ཡེ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ། གྲོའི་འོ། །ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ། སོ་བའི་འོ། །ཨོཾ་མ་ཧཱ་བ་ ལ་ཡེ་སྭཱ་ཧཱ། སྲན་མའི་འོ། །ཨོཾ་བཛྲ་མུ་ཏ་ཡེ་སྭཱ་ཧཱ། སྲན་མ་མ་ཤའི་འོ། །ཨོཾ་སརྦ་པུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བའི་འོ། །ༀ་མ་ཧཱ་ཤོ་པ་ཡེ་སྭཱ་ཧཱ། བིལ་བ་དང་། སྟར་ག་དང་། སྨན་ཐམས་ཅད་ཀྱིའོ། །ཡམ་ཤིང་མེ་འོད་ལའོ། །མར་ཁུ་ཞལ་དུའོ། །འབྲུའི་རྣམ་པ་ དང་སྨན་གྱི་རྣམ་པ་ཞལ་དུའོ། །ཀུ་ཤ་དང་དཱུར་བ་དབུའི་གཙུག་ཏོར་དུའོ། །མཆོད་པ་ལྔའི་ཚུལ་ཇི་ལྟ་བུ་བཞིན་དུའོ། །གནས་གང་དང་གང་ཡིན་པ་དེར་དབུལ་ལོ། །ཐ་མ་ཡང་མཆོད་པ་ལྔ་ཕུལ་ནས་བསྟོད་པས་བསྟོད་དེ། ཧཱུྃ་འཇིག་རྟེན་དབང་ཕྱུག་ཚངས་པ་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཡོངས་ཀྱིས་ དབང་བསྐུར་བས། །ཤེས་རབ་མེ་ཡིས་ཉོན་མོངས་ཐམས་ཅད་བསྲེག །འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་བསྟོད་དོ། །དེ་ནས་འདོད་པའི་དོན་བསྒྲུབ་པ་ནི། །མེ་ལྷའི་རྒྱལ་པོ་དྲང་སྲོང་ཁྱོད། །བྱོན་པ་ལེགས་ཀྱིས་དོན་སྒྲུབས་ཤིག །སྦྱིན་སྲེག་ལས་ཀྱི་དངོས་ གྲུབ་སྩོལ། །མངོན་པར་ཕྱོགས་པ་དེ་སྲིད་དུ། །ཇི་སྲིད་དགོངས་པ་མཛད་ནས་ཀྱང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་བརྗོད་ལ། མེ་འབར་བ་ལ་བསྟིམ་མོ། །དེ་ནས་མེ་འབར་བའི་ནང་དུ་པདྨ་དང་ཉི་མའི་སྟེང་ན་ཚེ་འདས་དབང་པོ་ཤིན་ཏུ་གསལ་བ་ ཅིག་ཏུ་བསམས་ཏེ། རང་གི་གནས་ལ་གནས་པའི་རྣལ་འབྱོར་པས་སྙིང་གའི་འོད་ཟེར་གྱིས་ཚེ་ལས་འདས་པའི་ཤེས་པ་བསྟིམ་ཞིང་ཛཿཧཱུྃ་བཾ་ཧོཿ། ཞེས་པའི་སྔགས་བརྗོད་ལ་རིགས་དྲུག་གི་གནས་ནས་རྣམ་པར་ཤེས་པ་རླུང་དང་འཁྱམས་པ་དེ་སྙིང་གའི་ཨ་ཐུང་ངུ་ལ་ངེས་པར་བཅུག་ནས། སྡིག་པ་ཐམས་ཅད་དང་བྲལ་བར་བྱ་སྟེ། ཨོཾ་ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཞེས་པ་དང་། ཨོཾ་སརྦ་ན་ར་ག་ཏེ་ཧེ་ཏུ་ཧཱུཾ་ཕཊ། ཨོཾ་སརྦ་པྲེ་ཏ་ག་ཏེ་ཧེ་ཏུ་ཧཱུྃ་ཕཊ། ཨོཾ་སརྦ་ཏིར་ཡ་ག་ཏེ་ཧེ་ཏུ་ཧཱུྃ་ཕཊ། ཨོཾ་སརྦ་པཱ་པཾ་ད་ཧ་ན་པ་ཙ་ག་ཏེ་ཧེ་ཏུ་ཧཱུྃ་ཕཊ་ཏྲ་ཊ་ཞེས་བརྗོད་ལ། ཚོགས་བསགས་པའི་ཐབས་ལ་མོས་པ་ བསྐྱེད་པར་བསམས་ལ་སེམས་བསྐྱེད་དེ། དེའི་སྙིང་གར་ཟླ་བ་ལ་རྡོ་རྗེ་བསམས་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཚེ་འདས་པ་དེའི་ལས་དང་ཉོན་མོངས་པའི་རྣམ་པར་སྨིན་པ་ཐམས་ཅད་བུམ་པའི་ཆུས་བཀྲུ་བར་བྱ་སྟེ། ཨོཾ་ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བས་འཇམ་དཔལ་ཡེ་ཤེས་ སེམས་དཔའི་སྐུའི་ཕྲེང་སྔགས་དང་། སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་བྷྱཿ། སམྱཀྶཾ་བུདྡྷེ་བྷྱཿ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུདྡྷེ་བྷི་ཤུདྡྷེ། སརྦ་ཀརྨྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བྱ་བས་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་དང་ལས་ཀྱི་སྡིག་པ་ཐམས་ ཅད་བཀྲུས་ཏེ། དག་པར་བསམས་ལ་དེའི་གཟུགས་ཀྱི་ཕུང་པོ་དེ་ཡང་སྟོང་ཞིང་བདག་མེད་པར་བསམ་མོ། །དེའི་ཤེས་པ་ཨ་དཀར་པོར་གནས་པར་བསམས་ལ། དེ་ལ་དཀྱིལ་འཁོར་རྣམས་སྤྲུལ་པར་བྱའོ། །དེ་ནས་ཡེ་ཤེས་འཁོར་ལོ་བར་སྣང་ལ་བསྡུས་ཏེ། ཡང་དག་པར་ བལྟས་ཏེ་མཆོད་ནས་དམ་ཚིག་གི་འཁོར་ལོ་ལ་གཞུག་ཅིང་མཉེས་པར་བྱས་ནས་དབང་བསྐུར་ཞིང་མི་འདའ་བའི་རྒྱས་གདབ་པར་བྱའོ། །དེའི་དེ་མ་ཐག་ཏུ་དགང་བླུགས་བདུན་ནམ་གསུམ་ཕུལ་ལ་ཡམ་ཤིང་སྔོན་དུ་འགྲོ་བས་ཇི་སྐད་གསུངས་པ་བཞིན་སྲེག་རྫས་རྣམས་དབུལ་བར་བྱའོ། །དེའི་ རྗེས་ལ་སྔར་གྱི་ལྷ་གང་ཡིན་པ་དེའི་སྙིང་གར་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་གནས་པར་བྱས་ལ་ཐུན་མོང་དུ་སྲེག་རྫས་རྣམས་ཀྱིས་མཆོད་པར་བྱས་ལ། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་སརྦ་བྷསྨི་ཀུ་རུ་སརྦ་དུཥྚཱ་ན་ཧཱུཾ་ཕཊ་ཨོཾ་བྷ་བ་ཀ་ཨགྣ་ཡེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ ཧྲཱིཿ། བྷ་ག་བཱན་ཛྙཱ་ན་མཱུརྟྟི་བཱ་གཱི་ཤྭ་ར་མ་ཧཱ་པཱ་ཙ་སརྦ་དྷརྨྨཱ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷེ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ ཚེ་ལས་འདས་པ་ཆེ་གེ་མོའི་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པས་དབུལ་ལོ། །མཐར་ཡང་དགང་བླུགས་ཕུལ་ལ་ཡང་དག་པར་མཆོད་ནས་བསྟོད་པར་བྱའོ། །དེ་ནས་ འདི་སྐད་ཅེས་བརྗོད་དེ། བདེ་བར་གཤེགས་པ་ཐམས་ཅད་ཀྱི། །བསྟན་པའི་གཙོ་ལ་མངའ་མཛད་པ། །འཁོར་བའི་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་ངན་སོང་སྦྱོང་མཛད་པ། །བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་ལ། ཡེ་ཤེས་འཁོར་ལོ་གཤེགས་སུ་གསོལ་ བར་བྱའོ། །དམ་ཚིག་རྣམས་གཙོ་བོ་ལ་བསྡུ་ཞིང་གཙོ་བོ་ཉིད་ཀྱང་ཨའི་མཐར་ཐུག་པ་ལ་བསྡུ་སྟེ། རང་གི་ཤེས་པ་ཨའི་རྣམ་པ་དེ་ཆོས་ཀྱི་ཟ་མ་ཏོག་གི་ནང་དུ་བཞག་སྟེ། ཡེ་ཤེས་ཆེན་པོ་བཞིའི་ཤིང་རྟའི་ཁར་བཞག་ལ་རྣམ་སྣང་ཆེན་པོའི་ཡེ་ཤེས་ཀྱི་འོད་ཟེར་རླུང་ལྟ་བུས་བསྐྱོད་དེ། འོག་མིན་ གྱི་གནས་སུ་རིགས་ངེས་པའི་སངས་རྒྱས་སུ་བྱས་ལ་གཞག་གོ། །དེའི་རྗེས་ལ་སྲེག་རྫས་ལྷག་མས་མེ་ལྷ་ཉིད་མཆོད་ལ་བསྟོད་པ་བྱས་ཏེ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྡིག་པ་ཐམས་ཅད་སྲེག་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་ སྤྲུལ་པ། །རིགས་ཀྱི་སྒྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་རབ་ཏུ་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་བཅིབས། །བགྲང་ཕྲེང་འཛིན་ཅིང་རིག་སྔགས་བསྲུང་། །བདུད་རྩི་བཅུད་ལྡན་གུནྡྷེ་བསྣམས། ། ཆོས་ཀྱི་བདུད་རྩི་ཡོངས་ལ་སྨིན། །མི་ཤེས་སྐྱོན་བྲལ་ཚངས་པར་སྤྱོད། །ཞི་བས་མཉེས་ཤིང་ཐུགས་རྗེ་ཆེ། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །དེ་ལ་མཉེས་ཤིང་ཕྱག་འཚལ་བསྟོད། །ཅེས་བརྗོད་ལ་གཤེགས་སུ་གསོལ་ཏེ། །སེམས་ཅན་ངན་སོང་སྦྱོང་བ་ཡི། །ཕྲིན་ལས་ཁྱོད་ ཀྱིས་མཛད་ལགས་ཀྱིས། །རང་གི་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་བྱོན་པར་མཛད་དུ་གསོལ། །ཨོཾ་བྷ་བ་ཀ་ཨགྣ་ཡེ་ཨེ་ཧྱེ་ཧི་ས་ཧཾ་ད་དཾ་ཙ་ཏི་དྷརྨྨ་ཙ་ཡ་བཛྲ་མུཿ། ཞེས་པས་ཡེ་ཤེས་པ་གཤེགས། །དམ་ཚིག་གི་མེ་ལྷ་ཐ་མལ་ལྟར་བསྡུའོ། །ཚེ་འདས་སྒྲིབ་པ་སྲེག་པའི་ཐབས། ། ཆོ་ག་བཟང་པོ་བྱས་པ་ལས། །བསགས་པའི་དགེ་དེས་འགྲོ་བ་ཀུན། །བདེ་བ་ཅན་དུ་སྐྱེ་བར་ཤོག །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་འཇམ་དཔལ་གྱི་རོ་སྲེག་པའི་ཆོ་ག་རྫོགས་སོ། །རྒྱ་གར་གྱི་མཁན་པོ་སུ་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་ བསྒྱུར་བའོ།། ༄། །ངན་སོང་སྦྱོང་བ་འགྲོ་བ་རིགས་དྲུག་གི་ཆོ་ག་བཞུགས།། ༄༅༅། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ངན་སོང་སྦྱོང་བ་འགྲོ་བ་རིགས་དྲུག་གི་ཆོ་ག །ངན་སོང་ཐམས་ཅད་རྣམ་སྦྱོང་བ། །ཚེ་འདས་ལས་སུ་བྱ་བ་ནི། །འགྲོ་དྲུག་སོ་སོའི་ མཎྜལ་བྲི། །དྲི་མ་མཎྜལ་སྟེང་དུ་གཞག །ལན་ཆགས་གཏོར་མ་ཆ་གཅིག་བཤམ། །དཀྱིལ་འཁོར་ཆོ་ག་ཀུན་ཟིན་ནས། །གཏོར་མ་ཆ་གསུམ་གཏང་བར་བྱ། །དེ་ནས་ཚེ་ལས་འདས་པ་ཡང་། །འགྲོ་བ་རིགས་དྲུག་དག་ནས་དགུག །དྲི་མ་དག་ལ་བསྟིམ་པར་བྱ། །ཧཱུཾ་ལྟོས་ཤིག་ལྟོས་ ཤིག་རིགས་ཀྱི་བུ། །ལས་ཀྱི་དབང་གིས་ཚེ་འདས་ཏེ། །འགྲོ་དྲུག་ཀུན་དུ་འཁྱམས་པ་ལ། །ལས་དང་ཐུགས་རྗེའི་དམ་ཚིག་གིས། །ཡེ་ཤེས་ལྕགས་ཀྱུས་དྲང་ཞིང་འགུག །ཨ་ནྲྀ་སུ་དུ་པྲེ་ཛ་ཨཾ་ཀུ་ཤ་ཛཿཛཿ། ཞེས་བརྗོད་པས། ཚེ་ལས་འདས་པའི་ཤེས་པ་དེ་འགྲོ་བ་རིགས་དྲུག་གང་ན་ གནས་ཀྱང་ལྕགས་ཀྱུའི་ཕྱག་རྒྱས་རབ་ཏུ་བཀུག་ལ་དྲི་མ་དང་མཚན་ལ་བསྟིམས་ལ་དངོས་སུ་གནས་པར་བསམ་མོ། །དེ་ནས་སྡིག་སྒྲིབ་ཐམས་ཅད་དྲལ་ཏེ། ཧཱུྃ་སྟོང་གསུམ་མུན་གནག་འཁྱམས་པ་ལ། །འཇམ་དཔལ་ཤེས་རབ་རྣོན་པོ་ཡིས། །ལོག་རྟོག་རྒྱུན་གཅོད་རལ་གྲི་འདིས། ། ཏིང་འཛིན་ཤུགས་ལྡན་ཕྱག་རྒྱས་དྲལ། །ཨོཾ་མཉྫུ་ཤྲཱི་མུཀྠ་ཏ་ཀ་ཏྲ་ཐ་ཕཊ་ཅེས་པས་སྡིག་པ་ཐམས་ཅད་བཅད་པར་བསམ་མོ། །དེ་ནས་ལས་དང་ཉོན་མོངས་པའི་བག་ཆགས་ཐམས་ཅད་བཀྲུ་སྟེ། ཧཱུྃ་གསུམ་རིག་གཙང་མ་དག་པ་སྟེ། །འཇམ་དཔལ་ཡེ་ཤེས་ཆུ་རྒྱུན་གྱིས། །ཚེ་འདས་ཁྱོད་ལ་ཁྲུས་བྱས་པས། ། ཉོན་མོངས་བག་ཆགས་དག་གྱུར་ཅིག །ཅེས་ཕྲེང་སྔགས་ཀྱིས་ཁྲུས་བྱའོ། །དེ་ནས་བར་འདིར་བཅུ་གཅིག་རྣམ་པར་དག་པས་ཚོགས་བསགས་པར་བྱའོ། །དེ་ནས་མེ་ཏོག་དོར་བ་ནི། །འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །འཇམ་དཔལ་རྡོ་རྗེ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་འདི། །དེ་རིང་ཉིད་དུ་འབབ་ པར་ཤོག །ཨོཾ་བཛྲ་པྲ་ཏཱིཙྪ་ཧོ། ཞེས་མེ་ཏོག་དོར་བར་བྱའོ། །དེ་ནས་མིག་དབྱེ་བ་ནི། འཇམ་དཔལ་རྡོ་རྗེ་དེང་ཁྱོད་ཀྱིས། །མིག་དབྱེ་བར་ནི་བརྩོན་པར་མཛོད། །རྡོ་རྗེའི་མིག་ནི་བླ་ན་མེད། །ད་ལྟ་ཉིད་དུ་ཕྱེད་པར་ཤོག །ཧེ་བཛྲ་པཱ་ཤྱ་ཧཱུྃ་ཞེས་དབྱེའོ། །དེ་ནས་དཀྱིལ་འཁོར་ལ་བསྐོར་བ་བྱས་ལ་ཕྱག་ འཚལ་ལོ། །དེ་ནས་རིག་པའི་དབང་ལྔ་བསྐུར་ཏེ། ཧཱུྃ་རྣམ་ཤེས་ཕུང་པོ་རྣམ་དག་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །ཞེ་སྡང་རྣམ་དག་མི་བསྐྱོད་པའི། །བུམ་པའི་ཆུ་ཡིས་དབང་བསྐུར་རོ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཚོར་བའི་ཕུང་པོ་རྣམ་དག་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །ང་ རྒྱལ་རིན་ཆེན་འབྱུང་ལྡན་གྱིས། །དབུ་རྒྱན་ཅོད་པན་དབང་བསྐུར་རོ། །ཨོཾ་བཛྲ་མུ་ཀུ་ཊ་རཏྣ་ཏྲཱཾ། འདུ་བྱེད་ཕུང་པོ་རྣམ་དག་པའི། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། །ཕྲག་དོག་དོན་ཡོད་གྲུབ་པ་ཡི། །རྡོ་རྗེ་ཡི་ནི་དབང་བསྐུར་རོ། །ཨོཾ་བཛྲ་ཀརྨྨ་པོ་ཚ་ན་བཛྲ་བཛྲ་ཧཱུྃ། འདུ་ཤེས་ཕུང་པོ་རྣམ་དག་པའི། ། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །འདོད་ཆགས་སྣང་བ་མཐའ་ཡས་ཀྱི། །ཤེས་རབ་དྲིལ་བུས་དབང་བསྐུར་རོ། །ཨོཾ་བཛྲ་ཨ་ཧཱུཾ་ཨ། གཟུགས་ཀྱི་ཕུང་པོ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །གཏི་མུག་རྣམ་པར་སྣང་མཛད་ཀྱི། །དཔལ་ལྡན་མིང་གི་དབང་བསྐུར་རོ། ། ཨོཾ་བཛྲ་ཨ་བྷི་ཥེ་ཀ་ཧཱུྃ། དེ་ནས་ལན་ཆགས་ཀྱི་གཏོར་མ་བཏང་ལ་ལམ་བསྟན་ཅིང་སྨོན་ལམ་གདབ་པ་ནི། ཧེ་རིགས་ཀྱི་བུ་རྡོ་རྗེ་ཆེ་གེ་མོ་ཁྱོད། །སྐྱེ་བ་གར་སྐྱེས་གར་གནས་ཀྱང་། །ཅིས་ཀྱང་འཕོ་བ་མེད་པ་ཡིས། །འདོད་པའི་ཡོན་ཏན་རྣམ་ལྔ་ལ། །ལོངས་སྤྱོད་པ་ཡི་སྐལ་ལྡན་ནས། །རྡོ་རྗེ་འཆང་ གྲལ་འཁོད་གྱུར་ཅིག །སྐྱེ་གནས་གཞན་གྱིས་བར་དུ་མ་ཆོད་པར། །གསང་སྔགས་རྡོ་རྗེའི་ཐེག་པ་སྟོན་པ་ཡིས། །དགེ་བའི་བཤེས་གཉེན་དམ་པ་དང་ཕྲད་ནས། །དེས་བསྟན་པ་ཡི་གསང་སྔགས་མ་ནོར་བར། །རྟོགས་ནས་ཡང་དག་པར་ནི་སངས་རྒྱས་ཏེ། །སེམས་ཅན་ཐམས་ཅད་འཁོར་བའི་ རྒྱ་མཚོ་ལས། །སྒྲོལ་བའི་དེད་དཔོན་ཆེན་པོ་བྱེད་གྱུར་ཅིག །ཅེས་བརྗོད་ལ་ལམ་བསྟན་ཅིང་སྨོན་ལམ་གདབ་པར་བྱའོ། །ཚེ་ལས་འདས་པའི་སྒྲིབ་པ་སྦྱོང་བའི་ཆོ་ག་འགྲོ་བ་རིགས་དྲུག་ནས་འདོན་པ་དང་། དཀྱིལ་འཁོར་དྲུག་ཏུ་གཞུག་ཅིང་དབང་བསྐུར་བ་དང་། ལམ་བསྟན་ཅིང་སྨོན་ལམ་གདབ་ པ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་སུ་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བྷཱ་བ་ཨཪྠ་དྭ་ད་ཤ་ནིར་དེ་ཤ །བོད་སྐད་དུ། བྱང་ཆུབ་ཀྱི་སེམས་བསྒོམ་པ་དོན་བཅུ་གཉིས་བསྟན་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། འདིར་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། དོན་བཅུ་གཉིས་ཀྱིས་སྟོན་ཏེ། ཕྱག་འཚལ་བ་དང་། ཅིའི་ཕྱིར་རྟོགས་པར་བྱ་བ་དང་། ཅི་ཞིག་རྟོགས་པར་བྱ་བ་དང་། །གང་གིས་རྟོགས་པར་བྱ་བ་དང་། །གང་ ལ་བརྟགས་ཏེ་རྟོགས་པར་བྱ་བ་དང་། བརྟགས་ནས་ངེས་པའི་དོན་བསྟན་པ་དང་། ངེས་པའི་དོན་ལ་བསྒོམ་པ་དང་། །བརྒྱུད་པའི་ཐབས་ཀྱིས་ངེས་པའི་དོན་རྟོགས་པར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་ན་རྣམ་པར་གྲོལ་བ་མི་ཐོབ་ཅིང་དགེ་བ་ཆུད་ཟ་བར་བསྟན་པ་དང་། མོས་པ་ཙམ་སྐྱེས་པས་ ཀྱང་ཡོན་ཏན་མང་པོ་ཐོབ་པ་དང་། ལོག་པར་ཞུགས་པ་རྣམས་ལ་སྙིང་རྗེ་སྐྱེ་བའི་གནས་སུ་བསྟན་པ་དང་། དགེ་བའི་རྩ་བ་བསྔོ་བ་རྣམས་སོ། །དེ་ལ་ཕྱག་འཚལ་བ་ལ་ཡང་རྣམ་པ་གསུམ་སྟེ། སངས་རྒྱས་དང་ཆོས་དང་དགེ་འདུན་གསུམ་ལ་ཕྱག་འཚལ་བ་ནི། སློབ་དཔོན་འཇམ་དཔལ་ བཤེས་གཉེན་གྱིས་བརྩམས་པ་ལ་བགེགས་མི་འཇུག་ཅིང་མཐར་ཕྱིན་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་གཅིག་གིས་བསྟན་པ་ཡིན་ཏེ། དེ་ལ་སངས་རྒྱས་ལ་ཕྱག་འཚལ་བ་ནི། བདག་མེད་གཉིས་ཉིད་བདེ་གཤེགས་མི་རྟོག་ཡེ་ཤེས་ཆོས་དབྱིངས་སྐུ་བརྙེས་པ། །ཞེས་བྱ་བས་བསྟན་ཏེ། གང་ཟག་དང་ཆོས་ལ་བདག་མེད་པ་གཉིས་ཉིད་མ་ནོར་བར་རྟོགས་པ་ནི་བདེ་བར་གཤེགས་པའི་མི་རྟོག་པའི་ཡེ་ཤེས་ཡིན་ཏེ། ཡེ་ཤེས་དེ་ཐོབ་པས་དེའི་ཤེས་བྱ་དེ་ཆོས་ཀྱི་དབྱིངས་དང་ཐ་མི་དད་པའི་སྐུ་ཡང་བརྙེས་པའོ། །ཆོས་ལ་ཕྱག་འཚལ་བ་ནི། ཀུན་གྱི་རང་བཞིན་ཞི་བ་འདི་ལ་བསལ་ཞིང་བླང་མེད་ ལམ་མཆོག་སྟེ། །ཞེས་བྱ་བ་སྨོས་ཏེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཀུན་གྱི་རང་བཞིན་ནི། །སྤྲོས་པའི་མཚན་མ་ཐམས་ཅད་ཞི་བ་སྟེ། འདི་ལ་སྐྱོན་བསལ་ཞིང་ཡོན་ཏན་བླང་དུ་མེད་དེ། བླང་དོར་མེད་པ་ནི་ཐར་པའི་ལམ་གྱི་ནང་ན་མཆོག་ཡིན་ནོ། །དགེ་འདུན་ལ་ཕྱག་ འཚལ་བ་ནི། མི་ལྡོག་ས་ལ་སོགས་པའི་དབང་བཅུ་རྒྱལ་བ་ཀུན་དང་གཅིག་བརྙེས་པ། །ཞེས་པ་སྨོས་པ་ཡིན་ཏེ། ས་དང་པོ་འཁོར་བར་མི་ལྡོག །ས་བརྒྱད་པ་མཚན་མར་མི་ལྡོག་པ་ལ་སོགས་ཏེ། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཚེ་ལ་དབང་བ་དང་ལས་ལ་དབང་བ་དང་། ཡོ་བྱད་ལ་ དབང་བ་ལ་སོགས་ཏེ། དབང་བཅུ་ཐོབ་པས་རྒྱལ་བ་ཀུན་དང་ཆོས་ཀྱི་དབྱིངས་རྟོགས་པར་གཅིག་པས་གཅིག་བརྙེས་པའོ། །གནས་གསུམ་མཉམ་ཉིད་དེ་ལ་མཚན་མེད་ཡིད་ཀྱིས་རབ་ཏུ་དད་པས་མོས། །ཞེས་སྨོས་པ་ལ་ཕྱག་གི་གནས་ནི་དཀོན་མཆོག་གསུམ་མོ། །ཆོས་ཉིད་ནི་མ་ནོར་བའི་ལམ་ཡིན་ཏེ། ཤེས་པར་བྱ་བ་ཡིན་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནི་དེ་ཤེས་པར་བྱེད་པ་ཡིན་ཏེ། ཤེས་པ་དང་ཤེས་བྱ་ཁྱད་པར་མེད་ཅེས་འབྱུང་བས་མཉམ་པ་དང་། དོན་དམ་པར་གཉིས་སུ་མེད་པས་མཉམ་པ་དེ་ལ་མཚན་མར་མི་འཛིན་པའི་ཡིད་ཀྱིས་དང་པའི་དད་པ་དང་། དོན་ཇི་ལྟ་བ་བཞིན་དུ་ངེས་པར་བཟུང་བའི་མོས་པས་ཕྱག་འཚལ་བ་ཡིན་ནོ། །དོན་གཉིས་པ་སྟོན་ཏེ། ཅིའི་ཕྱིར། རྟོགས་པར་བྱ་ཞེ་ན། ཕན་ཡོན་ཆེ་བའི་ཕྱིར་ཏེ། ཕན་ཡོན་ཡང་རྣམ་པ་གསུམ་སྟེ། རྒྱུར་གནས་པའི་ཕན་ཡོན་དང་། མངོན་དུ་གྱུར་པ་འབྲས་བུའི་ ཁྱད་པར་གྱི་ཕན་ཡོན་དང་། རྣམ་པར་གྲོལ་བའི་འབྲས་བུ་ཐམས་ཅད་ཀྱི་གཞི་ལམ་གྱི་མཆོག་ཏུ་བསྟན་པའོ། །དེ་ལ་རྒྱུར་གནས་པའི་ཕན་ཡོན་ནི། སྟོན་པ་འཇིག་རྟེན་སྒྲོན་མར་གྱུར་པ་ཀུན་གྱིས་མཚུངས་པར་རབ་བསྔགས་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷ་དང་མི་ལ་སོགས་པའི་སྟོན་པ་འཇིག་རྟེན་ཕྱི་ནང་གི་ མུན་པ་སེལ་བའི་ཡེ་ཤེས་ཀྱི་སྒྲོན་མར་གྱུར་པ་ཀུན་གྱིས་ཀྱང་འདྲ་ཞིང་མཚུངས་པར་བྱང་ཆུབ་ཀྱི་སེམས་ལ་ཕན་ཡོན་ཆེ་བར་བསྔགས་ཏེ། ཇི་སྐད་དུ་བསྔགས་ཤེ་ན། ཆོས་ལ་ཆོས་ཀྱི་སྙིང་པོར་གྱུར་པ་འཇམ་དཔལ་གཞོན་ནུའི་སྙིང་པོ་འདི། །དེ་ལ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་ནི་ཡེ་ནས་གནས་པའི་ཆོས་ཀུན་གྱི་སྙིང་པོར་གྱུར་པ་ནི། འཇམ་དཔལ་གཞོན་ནུ་ཞེས་བྱ་སྟེ། ཅིའི་ཕྱིར་འཇམ་ཞེ་ན། ཟུག་རྔུ་མེད་པའི་ཕྱིར་འཇམ་པ་དང་། དེ་རྟོགས་ན་སེམས་ཅན་ཀུན་གྱི་དཔལ་དུ་གྱུར་པ་དང་། གཞོམ་པ་ནི་གཙང་བའི་དོན་ཏེ། སྐྱོན་དང་དྲི་མས་མ་ གོས་པའི་ཕྱིར་རོ། །སྙིང་པོ་གོང་དུ་བསྟན་པ་ཉིད་ཆོས་རྣམས་ཀྱི་སྙིང་པོ་ཡིན་པའི་ཕྱིར་རོ། །འཇམ་དཔལ་ཞེས་བྱ་བ། བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་མ་ནོར་བར་རྟོགས་པ་ནི། སངས་རྒྱས་མ་ལུས་པའི་འབྱུང་གནས་ཡིན་པའི་ཕྱིར། །བདེར་གཤེགས་མ་ལུས་ཡུམ་དུ་གྱུར་ པ་རྒྱལ་བ་ཀུན་གྱི་ལམ་གཅིག་གོ། །ཞེས་སྨོས་ཏེ། ལམ་འདི་མ་རྟོགས་པར་ལམ་གཞན་གྱིས་འཚང་མི་རྒྱ་བའི་ཕྱིར་རོ། །ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། །ཚུལ་ཁྲིམས་ལ་སོགས་ཏེ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་དགེ་བའི་ཆོས་ཐམས་ཅད་ཀྱང་བྱང་ ཆུབ་ཀྱི་སེམས་ཀྱིས་མ་ཟིན་ན། སངས་རྒྱས་འགྲུབ་པའི་ཚོགས་སུ་མི་འགྲུབ་པས། སངས་རྒྱས་སུ་འགྲུབ་པའི་བསོད་ནམས་ཀྱི་ཚོགས་ཐམས་ཅད་ཀྱི་གཞི་ཡིན་པར་ཡང་སྟོན་ཏོ། །མངོན་དུ་གྱུར་ཏེ་འབྲས་བུའི་དུས་ན་ཡང་ཁྱད་པར་དུ་འཕགས་པར་བསྟན་པ་ནི། རྣམ་དག་བྱང་ཆུབ་སེམས་ཀྱི་ ངང་ཚུལ་བསྒོམ་དང་ཡོན་ཏན་ཁྱད་པར་ནི། །ཞེས་བྱ་བ་ལ་སོགས་པ་སྟེ། སྤྲོ་བ་རྣམ་པར་དག་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ནམ། ངང་ཚུལ་མ་ནོར་བར་བསྒོམས་ཏེ། མངོན་དུ་གྱུར་པའི་ཚེ། ཡོན་ཏན་གྱི་ཁྱད་པར་ཇི་ལྟ་བུ་དག་ཐོབ་ཅེ་ན་བློ་དང་ལྡན་ན་ནམ་ཞིག་སེམས་ཀྱི་དམ་པ་དེ་ནི་མངོན་དུ་གྱུར་པ་ན། དེ་ལ་སྐུ་གསུམ་མཆོག་ཏུ་གྱུར་པ་ཆོས་ཀྱི་སྐུ་ཞེས་རྒྱལ་བས་གསུངས། །ཤེས་རབ་ཀྱི་བློ་དང་ལྡན་པས་བྱང་ཆུབ་ཀྱི་སེམས་མངོན་དུ་གྱུར་པ་དེ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་ཏེ། སྐུ་གསུམ་གྱི་ནང་ན་མཆོག་ཏུ་གྱུར་པ་ཆོས་ཀྱི་སྐུ་ཞེས་བྱང་ཆུབ་ཀྱི་སེམས་དེ་ལ་བྱ་སྟེ། བྱང་ཆུབ་ཀྱི་ སེམས་དེ་ལ་ཡོན་ཏན་དང་ལེགས་པ་ཐམས་ཅད་ཀྱི་གཞི་ནི་ཆོས་ཀྱི་སྐུ་ཡིན་པས་མཆོག་ཏུ་གྱུར་པ་ཡིན་ནོ། །ཤེས་བྱེད་དམ་པར་གྱུར་པས་ཤེས་རབ་སྤྱན་ཞེས་ཀྱང་ནི་དེ་ལ་བྱ། །ཤེས་བྱ་ཐམས་ཅད་ཤེས་པར་བྱེད་པའི་ནང་ན། དམ་པ་ནི་ཤེས་རབ་ཀྱི་སྤྱན་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཤེས་བྱ་ཀུན་ གྱི་ནང་ན་ཆོས་ཐམས་ཅད་ཀྱི་སྙིང་པོར་གྱུར་པའི་ཆོས་ཉིད་ནི་དམ་པ་ཡིན་པས། དེ་རྟོགས་པའི་ཤེས་བྱེད་ཀྱང་དམ་པ་ཞེས་བྱ་སྟེ། ཤའི་སྤྱན་དང་ལྷའི་སྤྱན་ལ་སོགས་ཏེ། སྤྱན་ལྔའི་ནང་ན་ཡང་བྱང་ཆུབ་ཀྱི་སེམས་མངོན་དུ་གྱུར་པའི་མཚན་ཉིད་ཤེས་རབ་ཀྱི་སྤྱན་ནི་མཆོག་ཏུ་གྱུར་པ་ཡིན་ནོ། །རྡོ་རྗེ་རྩེ་ མོ་མཆོག་ཉིད་མི་རྟོག་ཡེ་ཤེས་དེ་ཡང་དེ་ཉིད་དོ། །རྡོ་རྗེ་ནི་སྲ་བ་དང་གཅོད་པ་སྟེ། མི་མཐུན་པའི་ཕྱོགས་ཀྱིས་མི་ཤིགས་པའི་ཕྱིར་སྲ་བ་དང་། སྒྲིབ་པ་ཐམས་ཅད་གཅོད་ཅིང་སྤོང་བ་ཡིན་པས་ཡེ་ཤེས་ལ་བྱ་སྟེ། སོ་སོར་ཀུན་དུ་རྟོག་པ་དང་། བྱ་བ་ནན་ཏན་ལ་སོགས་པ་ཡེ་ཤེས་བཞིའི་ནང་ ན་ཡང་མཆོག་གམ་རྩེ་མོར་གྱུར་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་མངོན་དུ་གྱུར་པ་དེ་ཉིད་ཡིན་ནོ། །རྣམ་པར་གྲོལ་བའི་འབྲས་བུ་ཐམས་ཅད་ཀྱི་གཞི་ལམ་གྱི་མཆོག་ཏུ་བསྟན་པ་ནི། ཇི་སྙེད་འཕགས་པའི་རྣམ་གྲོལ་ཆོས་སུ་བསྟན་པ་དེ་དག་ཐམས་ཅད་ཀྱང་། ། ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཇི་སྙེད་དུ་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་ཏེ། ཁམས་གསུམ་ལས་རྣམ་པར་གྲོལ་བའི་འབྲས་བུ་ཡོན་ཏན་གྱི་ཆོས་སུ་བསྟན་ཅིང་བསྙད་པ་དེ་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་ཉིད་རྫོགས་ལས་དེ་ཡི་ཡོན་ཏན་དེ་དག་དེ་ལས་བྱུང་། ། བྱང་ཆུབ་ཀྱི་སེམས་རྫོགས་ཤིང་མཐར་ཕྱིན་པར་རྟོགས་པ་ལས་ཡོན་ཏན་རྫོགས་པར་འབྱུང་ལ། བྱང་ཆུབ་ཀྱི་སེམས་འབྲིང་དང་། ཆུང་ངུ་རྟོགས་ན་ཡང་། ཡོན་ཏན་དེ་ཡང་དེ་བཞིན་དུ་བྱུང་ཞིང་ཐོབ་ལ། བྱང་ཆུབ་ཀྱི་སེམས་མ་རྟོགས་པ་རྣམས་ལ་ནི། གྲོལ་བ་ཐར་པ་ཆུང་ངུ་ཙམ་ཡང་མི་ཐོབ་སྟེ། དེ་བས་ན་འདི་ནི་གྲོལ་བ་ཐར་པ་ཐམས་ཅད་ཀྱི་གཞི་ཡང་ཡིན། འབྲས་བུ་མཆོག་གྲུབ་པའི་ལམ་ཡིན་པས་ཐར་པའི་ལམ་གྱི་ནང་ན་ཡང་མཆོག་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཕགས་པའི་རིགས་ཆེན་འཆི་མེད་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། །ཉན་ཐོས་ལ་སོགས་འཕགས་པའི་ རིགས་ཀུན་གྱི་ནང་ན། འབྲས་བུ་ཆེ་བའི་ཕྱིར། ཐེག་པ་ཆེན་པོ་ནི་རིགས་ཆེན་ཞེས་བྱ་སྟེ། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ལ་སེམས་པས། བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་དག་ཐམས་ཅད་ཀྱང་དེ་མེད་ན་མི་འབྱུང་། དེ་ཕྱིར་དེ་ནི་རྣམ་གྲོལ་མཆོག་གི་ལམ་ཉིད་དོ། །བྱང་ཆུབ་ཀྱི་སེམས་དེ་ནི་དེ་ མེད་ན་བྱང་ཆུབ་སེམས་དཔའ་དེ་དག་མི་འབྱུང་བས། དེའི་ཕྱིར་བྱང་ཆུབ་ཀྱི་སེམས་དེ་ནི། རྣམ་པར་གྲོལ་བའི་ལམ་ཀུན་གྱི་ནང་ན་མཆོག་ཡིན་ནོ། །དོན་གསུམ་པ་སྟོན་ཏེ། ཅི་ཞིག་རྟོགས་པར་བྱ་ཞེ་ན། བྱང་ཆུབ་ཀྱི་སེམས་སོ། །དེ་ཡང་བསམ་པ་དང་བརྗོད་པ་ལས་འདས་པས་བརྟགས་པའི་ ཡུལ་མ་ཡིན་པར་བསྟན་ཏེ། དེས་ན་ཀུན་དུ་རྡོ་རྗེ་སེམས་དཔའ་ཅི་འདྲར་བསྒོམ་པར་བྱ་བར་འགྱུར། །གོང་དུ་བསྟན་པ་དེ་ལྟར་ཕན་ཡོན་ཆེ་ན། དུས་དང་གནས་ཀུན་དུ་ཅིས་ཀྱང་མི་ཤིགས་ལ། དེ་རྟོགས་ན་སྒྲིབ་པའི་དྲ་བ་གཅོད་པས་རྡོ་རྗེ་སྟེ། སེམས་ཀྱི་ཆོས་ཉིད་མ་ནོར་བར་རིག་པ་ལ་རྡོ་རྗེ་སེམས་ དཔའ་ཞེས་ཀྱང་བྱ། བྱང་ཆུབ་ཀྱི་སེམས་ཞེས་ཀྱང་བྱ་བ་སྟེ། སེམས་ཀྱི་མཚན་ཉིད་མ་རིག་པའི་བླ་ཐབས་ཀྱི་སྒོ་ནས། ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་དུ་སྣང་ལ། སེམས་ཀྱི་རང་བཞིན་མ་ནོར་བའི་རྡོ་རྗེ་ལ་སེམས་པ་དེའི་ཚེ། རྣམ་པར་གྲོལ་བའི་འབྲས་བུ་ཕུན་སུམ་ཚོགས་ པ་རྣམས་སུ་ཡང་སྣང་བས། བསྒོམ་པར་བྱ་གང་གིས་མ་ནོར་བསྒོམ་པར་འགྱུར། ཞེས་དྲིས་པའི་ལན་དུ། ཕྲ་ཤིང་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ་འདི་མི་རྟོག་རྟོག་ལས་འདས། །བློ་རྩིང་ཞིང་ཤེས་རབ་ཞེན་པས་མི་རྟོག་པས་ཕྲ་ཞིང་ཤེས་པར་དཀའ་སྟེ། བདག་དང་གཞན་དང་ པོའི་ལམ་དུ་འཇུག་ཅིང་ཞུགས་པའི་དྲང་སྲོང་ཆེན་པོ་སངས་རྒྱས་ཀྱི་ལམ་འདི་ནི་རྟོག་པའི་ཡུལ་ཡང་མ་ཡིན་ལ། །མི་རྟོག་པའི་ཡུམ་ཡང་མ་ཡིན་པས། རྟོག་པ་དང་མི་རྟོག་པ་ལས་འདས་པ་སྟེ། དེའི་ཕྱིར་བརྟག་པར་དཀའ་ཞིང་བསྟན་པར་དཀའ་ལ་བརྗོད་པའི་ཐ་སྙད་རྣམས་དང་བྲལ་ཏེ། སེམས་ཀྱིས་བརྟག་པར་དཀའ་ཞིང་ཚིག་གིས་བསྟན་པར་ཡང་དཀའ་ལ། ཚིག་གིས་དོན་ཡང་སྟོན། ཚིག་དེ་དོན་མ་ཡིན་པས་བརྗོད་པའི་ཐ་སྙད་རྣམས་དང་བྲལ་བའི་ཕྱིར་ཚིག་གིས་མི་ཕེབས། གཞན་དང་བྱིས་པ་ཀུན་གྱི་སྤྱོད་ཡུལ་མ་ཡིན་ཡང་། །དོན་ནི་ཐ་སྙད་ ལས་འདས་པ་ཡིན་པས། ཚིག་གིས་མི་ཕེབས་ཤིང་ཐེག་པ་ཆེན་པོ་ལས་གཞན་པ་ཉན་ཐོས་ལ་སོགས་པ་དང་། སོ་སོའི་སྐྱེ་བོ་བྱིས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཡང་ཤེས་ཤིང་རྟོགས་པར་བྱ་བའི་ཐབས་ནི་ཡོད་དོ། །དོན་བཞི་པ་སྟོན་ཏེ། དེ་ལྟར་རྟོགས་པར་བྱ་བའི་ཐབས་ཡོད་ན་གང་གིས་ རྟོགས་པར་བྱ་ཞེ་ན། འཁྲུལ་པའི་རྟོག་པ་ནི་ཚད་མ་མ་ཡིན་པས། འཕགས་པ་དང་མཁས་པའི་ལུང་དང་། དངོས་པོ་རྣམས་ཀྱི་དོན་ཇི་ལྟ་བུ་ཡིན་པ། ལོ་རྒྱུས་ཀྱིས་བརྟགས་པས་རྟོགས་པར་བྱ་བ་སྟོན་ཏེ། སྟོན་པའི་ངེས་པའི་ལུང་དང་། བླ་མ་རྣམས་ཀྱི་མན་ངག་དེ་ཉིད་དོན་འདིར་བལྟ། ། སྟོན་པས་བཀྲི་བའི་དོན་དུ་མ་ཡིན་གྱི་ངེས་པའི་དོན་དུ་བསྟན་པའི་ལུང་དང་། བླ་མ་མཁས་པ་རྣམས་ཀྱིས་མ་ནོར་བར་རྟོགས་པའི་ཉམས་ཀྱི་མན་ངག་དང་། དེ་ཉིད་ལ་མ་ནོར་བའི་དོན་དུ་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྐབས་འདིར་བལྟའོ། །འཁྲུལ་པའི་རྟོག་པ་ཚད་མ་མ་ཡིན་པར་སྟོན་ཏེ། མངོན་སུམ་ལ་སོགས་རྒྱུ་ཡིས་དངོས་པོ་འཇིག་ཅིང་གྲུབ་པའི་མཐའ་སྤྱོད་པ། །མངོན་སུམ་དང་རྗེས་སུ་དཔག་པ་ལ་སོགས་པའི་གཏན་ཚིགས་ཀྱི་རྒྱུས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་རྣམས་ལ་འཇིག་ཅིང་སྤྱོད་དེ་ཐ་མར་ཡོད་པ་ཞིག་དུ་གྲུབ་བམ། མེད་པ་ཞིག་ཏུ་གྲུབ་ མཐའ་ཅི་ལྟ་བུ་ཞིག་འགྱུར་ཞེས་དཔྱོད་པ་ནི། དེ་ཉིད་རྟོག་པ་རྒྱུན་འབྲངས་སྤྱོད་ཡུལ་ཚད་མར་གཞག་ནས་བློ་ཡིས་འཇིག་བྱེད་དེ། །གོང་མ་ལྟར་དཔྱོད་པ་དེ་ཉིད་ཕྱིན་ཅི་ལོག་ཏུ་རྟོག་པའི་རྒྱུན་གྱི་རྗེས་སུ་འབྲངས་ནས། ནོར་བའི་རྟོག་པས་ལོག་པར་མཐོང་བའི་སྤྱོད་ཡུལ་ཚད་མར་བཟུང་ ནས། ལོག་པའི་བློ་ཡིས་འཇིག་ཅིང་སྤྱོད་དེ། དཔེར་ན་ཐག་པ་ལ་སྦྲུལ་དུ་མཐོང་བའི་ཚེ། བདག་གིས་མངོན་སུམ་དུ་མཐོང་བས་ཅིའི་ཕྱིར་སྦྲུལ་མེད་ཅེས་རང་གི་འཁྲུལ་པ་མངོན་སུམ་ཚད་མར་བཟུང་བ་ནི་ཚད་མར་མི་རུང་བ་དང་འདྲའོ། །ཅིའི་ཕྱིར་ཞེ་ན། རྟོག་མཐའ་མེད་ཕྱིར་དཔྱོད་ མཐའ་མེད་དེ་སྙིང་པོ་མེད་ན་ཚད་མ་གང་། །རྟག་པའི་སེམས་ཉིད་ཡང་དག་པའི་མཐར་ན་ཇི་ལྟ་བུར་ཡང་མ་གྲུབ་པའི་ཕྱིར། དེས་སྤྱོད་པ་ལྷག་ལ་ཡོད་པས་དཔྱོད་མཐའ་མེད་དེ་སྙིང་པོར་བྱ་བ་ཅི་ཡང་མེད་ན་ཚད་མར་གང་གཞག །དེ་ཕྱིར་འཇིག་རྟེན་བརྟགས་པའི་ཐ་སྙད་རྣལ་འབྱོར་ལམ་འདིར་ མི་དགོས་སོ། །ཚད་མར་མི་རུང་བ་དེའི་ཕྱིར་ཀུན་རྫོབ་འཁྲུལ་པ་སྣང་བའི་དབང་དུ་བྱས་པའི་ཚེ་ནི། འཇིག་རྟེན་གྱིས་བརྟགས་པའི་ཐ་སྙད་ཀྱང་ཚད་མར་འཇོག་པ་ཡང་ཡོད་མོད་ཀྱི་ཡང་དག་པའི་དོན་ལ་རྣལ་འབྱོར་དུ་སྦྱོར་བའི་ལམ་གྱི་སྐབས་འདིར་ནི། འཇིག་རྟེན་འཁྲུལ་པའི་ཐ་སྙད་དག་ མི་དགོས་སོ། །དོན་རྣམ་པ་ལྔ་དངོས་པོ་གང་བརྟགས་ཏེ་རྟོགས་པར་བྱ་ཞེ་ན། རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་ལ་བརྟག་པར་བྱའོ། །ཀུན་ནས་ཉོན་མོངས་པ་བརྟག་པ་ལ་ཡང་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཡིན་པར་ བརྟག་པ་དང་འཁྲུལ་པ་སྣང་བར་བརྟག་པའོ། །ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཡིན་པར་བརྟག་པ་ནི། དངོས་པོ་མཐའ་ཡི་རྒྱུ་ནི་ལོ་རྒྱུས་དག་ལས་ལམ་འདིར་བརྟག་པར་བྱ། །ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དངོས་པོ་རྣམས་ཀྱི་གྲུབ་པའི་མཐའ་བརྟག་པའི་རྒྱུ་ནི་དངོས་པོ་ཉིད་ཀྱི་ལོ་རྒྱུས་ཇི་ ལྟར་གནས་པ་བརྟགས་པ་མ་ནོར་བའི་ལམ་གཏན་ལ་ཕབ་པར་གྱུར་པས། བླ་ན་མེད་པའི་ལམ་ཚོལ་བའི་སྐབས་འདིར་དེ་ལྟར་བརྟག་པར་བྱས་ཏེ། དཔེར་ན་ཆུ་གཤེར་བའི་མཚན་ཉིད་ནི། ཆུའི་རང་གི་མཚན་ཉིད་ཀྱི་ལོ་རྒྱུས་ཀྱིས་སྟོན་ཏེ། ལུང་ལས་ཀྱང་། རྟོག་པའི་བློ་དང་ལྡན་རྣམས་ལ། ། དངོས་པོ་རྣམས་ཀྱི་ཆོས་སྟོན་ཏེ། ཞེས་འབྱུང་བ་དང་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་རྣམས་ཇི་ལྟ་བ་བཞིན་དུ་རིག་ཅིང་རྟོག་པ་ཉིད་མ་ནོར་བའི་ལམ་ཡིན་པས། དངོས་པོའི་ལོ་རྒྱུས་བརྟག་པའི་སྒོ་ནས་ལམ་བཙལ་བར་དགོས་སོ། །སྐྱེ་བོ་ཀུན་གྱི་སེམས་མངོན་སྣང་ཕྱི་ ནང་གྲགས་པའི་ཆོས་འདི་ནི། སེམས་ཅན་རྣམས་ཀྱི་སེམས་ཀྱིས་རིག་ཅིང་ཡུལ་དུ་སྣང་བའི་ནང་གི་དབང་པོ་དྲུག་དང་། ཕྱིའི་ཡུལ་དྲུག་ཡོད་པར་གྲགས་པའི་ཆོས་འདི་ནི། འཛིན་པ་དྲུག་གིས་ཇི་ལྟར་མཐོང་ཞིང་བརྟག་པ་དེ་ལྟར་མ་ཡིན་འཁྲུལ། །འཇུག་པའི་རྣམ་པར་ཤེས་པ་ དྲུག་གིས་མཐོང་ཞིང་ཐོས་པ་ལ་སོགས་པ་དམིགས་པའི་ཡུལ་དུ་བརྟག་པ་སྟེ། ཅི་སྣང་བ་རྣམས་དེ་བཞིན་ཡོད་པ་མ་ཡིན་ཏེ་འཁྲུལ་པའི་ཕྱིར་རོ། །རང་གི་རྟོག་པས་མྱོས་པའི་དེ་བཞིན་བཟུང་བ་བད