Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 65

Văn bản gốc(Tây Tạng)

Trang 4 / 18 (50.000 ký tự/trang)
ེན་འགྱུར་ན། །མ་རིག་པའི་རྟོག་པས་མྱོས་པའི་ལོག་པར་མཐོང་བ་རྣམས།
དེ་བཞིན་བདེན་པར་གྱུར་ན་ནི། དེ་དག་དངོས་པོ་མི་རྟོག་དགྲ་བཅོམ་འདྲ་བར་གྲོལ་བར་འགྱུར་བའི་རིགས། །སྐྱེ་བོ་དེ་དང་དགྲ་བཅོམ་གཉི་གས་ཀྱང་། །བདེན་པ་མཐོང་བར་བྱེ་བྲག་མེད་པས། གཉི་གས་ཀྱང་འདྲ་བར་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པར་འགྱུར་བའི་རིགས་ན། དེ་དག་
དུས་དགྲས་འཇོམས་ཤིང་སྡུག་བསྔལ་ཉེན་ལས་དེ་འཁྲུལ་མངོན་པར་འགྱུར། །སེམས་ཅན་དེ་དག་ནི་ན་བ་དང་འཆི་བ་ལ་སོགས་པ་དུས་ཀྱི་དགྲས་འཇོམས་ཤིང་སྡུག་བསྔལ་གསུམ་དང་བརྒྱད་ཀྱིས་ཉེན་པ་དེས་ན། སེམས་ཅན་གྱིས་མཐོང་བ་རྣམས་ནི་འཁྲུལ་པ་ཡིན་པར་མངོན་ནོ། །གཞན་
དུ་སྐྱེ་མཆེད་སྒོ་ནས་རིག་པ་དེ་དག་ཚད་མར་གྱུར་ན་ནི། འཁྲུལ་པས་ལས་གཞན་དུ་འགལ་ཏེ། གལ་ཏེ་མ་འཁྲུལ་ཏེ་སེམས་ཅན་གྱི་སྐྱེ་མཆེད་བཅུ་གཉིས་ཀྱི་སྒོ་ནས་རིག་པ་དེ་དག་ཚད་མ་ཡིན་ན་ནི། དེ་ཉིད་ཚད་མར་གྱུར་པར་འཕགས་པའི་ལམ་དེ་སུ་ལ་དགོས་མི་འགྱུར། །སེམས་ཅན་རྣམས་ལ་
འཕགས་པའི་ལམ་རང་ཆས་སུ་ཡོད་པའི་ཕྱིར་རོ། །ལམ་དེ་རྣམ་གྲོལ་ལམ་དུ་བསྟན་ཅིང་དབང་པོའི་ཤེས་པས་མི་ཐར་ཏེ། །སེམས་ཅན་འཁྲུལ་པས་མཐོང་བ་རྣམ་པར་གྲོལ་བའི་ལམ་དུ་འདོད་པ། དབང་པོ་བེམས་པོ་ལ་བརྟེན་པའི་ཤེས་པས་འཁོར་བའི་སྡུག་བསྔལ་ལས་མི་ཐར་ཏེ། དེ་ཅིའི་
ཕྱིར་ཞེ་ན། སེམས་ཅན་གྱི་མཚན་མ་སྣ་ཚོགས་སུ་མཐོང་བའི་ཤེས་པས་ནི། སྡུག་བསྔལ་འགག་ཡང་མི་འཇིལ་རྣམ་རིག་ཤེས་ཏེ་ཉོན་མོངས་སྐྱེ་བའི་གནས། །སྡུག་བསྔལ་སྤོང་བའི་ལྟ་ག་ལ་ཡོད་ཀྱི་སྡུག་བསྔལ་སྐྱེ་བའི་གནས་ཡིན་པས། དེའི་ཕྱིར་སྐྱེ་བོས་མཐོང་བ་དེ་དག་འཁྲུལ་པར་མངོན་ཞིང་
རྒྱལ་བས་གསུངས། དེ་ལྟར་སེམས་ཅན་གྱིས་མཐོང་བ་རྣམས་ནི་རིག་པས་ཀྱང་འཁྲུལ་པར་མངོན་ཞིང་། སངས་རྒྱས་ཀྱི་ལུང་ལས་ཀྱང་འཁྲུལ་པ་ཡིན་པར་གསུངས་སོ། །ཀུན་ནས་ཉོན་མོངས་པ་བརྟག་པ་ལ་ཡང་རྣམ་པ་གཉིས་སུ་ཕྱེ་བ་ལས། གཉིས་པ་འཁྲུལ་པ་སྣང་བ་ཞེས་བྱ་བ་ཡང་

རྣམ་པ་དགུས་བསྟན་ཏེ། གང་སྣང་བ་དང་ཅི་ཕྱིར་སྣང་བ་དང་། སྣང་བའི་ཉེས་པ་དང་སྣང་བའི་གཞི་རྣམ་པར་ཤེས་པའི་མཚན་ཉིད་ཡིན་པར་བསྟན་པ་དང་། ཚུལ་ཇི་ལྟར་སྣང་བ་དང་། སྣང་བའི་སེམས་ཀྱི་ནང་དུ་ཐམས་ཅད་འདུས་པས་ཐོབ་པར་བྱ་བ་མེད་པ་དང་། ཐམས་ཅད་སེམས་ཀྱི་མཚན་
ཉིད་ཡིན་ན་རྒྱུ་རྐྱེན་གཞན་ལས་ཅིའི་ཕྱིར་སྐྱེ་བར་སྣང་བར་འགྱུར་ཞེས་དྲིས་པའི་ལན་དང་། སྣང་བའི་དངོས་པོ་མ་གྲུབ་པ་དང་། སྣང་བའི་གཞི་སེམས་ཉིད་ཀྱང་མ་གྲུབ་པར་བསྟན་པ་རྣམས་སོ། །དེ་ལ་གང་སྣང་ཞེ་ན། འཁྲུལ་པའི་དབང་གིས་སེམས་ཉིད་རྣམ་པ་སྣ་ཚོགས་སུ་སྣང་བར་སྟོན་ཏེ།
དེ་ན་དེ་ལ་འཁྲུལ་པའི་དབང་གིས་འདི་དག་ཇི་ལྟར་སྣང་བར་འགྱུར། །འཁྲུལ་པ་ཡིན་པར་མངོན་པ་དེས་ན། སེམས་ཅན་དེ་དག་ལ་འཁྲུལ་པའི་དབང་གིས་འདི་དག་ཅི་ལྟར་སྣང་བར་འགྱུར་ཞེ་ན། ཀུན་དུ་རྟོག་ཅན་ཡང་དག་མ་ཡིན་ཀུན་དུ་རྟོག་པས་རྩོལ་མེད་ཉམས། །སེམས་ཅན་
གྱི་སེམས་ནི་རང་བཞིན་གྱིས་ཀུན་དུ་རྟོག་པ་ཅན་ཡིན་ལ། གང་དུ་རྟོག་ཅེ་ན་ཡང་བ་མ་ཡིན་པའི་ལོག་པའི་རྣམ་པར་ཀུན་དུ་རྟོག་པས། ཐོག་མའི་རྩོལ་བ་མེད་པ་ནས་བདེན་པ་མཐོང་བ་ལས་ཉམས་ཤིང་། བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་མ་རིག་རྐྱེན་གྱི་དབང་སོང་བས། །ཡང་དག་པའི་
དོན་མ་མཐོང་བས། བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་། བདེན་པ་མཐོང་བའི་སྟོབས་དང་མི་ལྡན་པས། མ་རིག་པའི་དབང་དུ་སོང་བའི་ཕྱིར། སེམས་དང་སེམས་ལས་བྱུང་བ་དེ་ཉིད་ལུས་གསུམ་དོན་དུ་སྣང་བ་ཡིན། །སེམས་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་ལས་སེམས་ལས་བྱུང་བ་ནི་འདུ་བྱེད་ལྔ་
བཅུ་རྩ་གཅིག་ཡིན་ཏེ། རང་གི་སེམས་དག་ཉིད་འོག་ནས་འབྱུང་བའི་ལུས་གསུམ་གྱི་དོན་ལྟར་སྣང་བ་ཡིན་ནོ། །འདུ་བྱེད་སྣ་ཚོགས་དག་གི་བག་ཆགས་བསགས་ལས་གང་གོམས་མཐུ་བརྟས་ཚེ། །དགེ་སྡིག་གི་ལས་ཀྱི་འདུ་བྱེད་སྣ་ཚོགས་ཀྱི་བག་ཆགས་བསགས་པ་གོམས་པས། སྔ་མའི་བག་
ཆགས་སྨིན་ཅིང་བརྟས་ཏེ། འབྲས་བུ་འབྱིན་པའི་མཐུ་དང་ལྡན་པའི་ཚེ། །སེམས་ཉིད་ཡུལ་དང་ལུས་འདྲར་སྣང་བ་རུས་པས་གང་བ་བཞིན་དུ་སྣང་། །རང་གི་སེམས་ཉིད་ཕྱིའི་ཡུལ་དང་། ནང་གི་ལུས་འདྲ་བར་སྣང་བ་ནི། དཔེར་ན་མི་གཙང་བ་བསྒོམས་པས། ས་ཡུལ་ཐམས་ཅད་རུས་པས་གང་

བར་བསྒོམ་པ་ཡུན་རིང་དུ་བསྒོམས་ཏེ། མཐུ་བརྟས་པའི་ཚེ། ས་ཡུལ་ཐམས་ཅད་རུས་པས་གང་བ་བཞིན་དུ། རང་གི་སེམས་ཉིད་རུས་པར་སྣང་སྟེ། ལུས་གསུམ་ལས་དེ་ཡན་ཆད་དང་པོ་བསྟན་ཏོ། །གཉིས་པ་ནི་བག་ཆགས་བསགས་པའི་རྒྱུན་ལ་དམིགས་སྐྱེས་ཡིད་ལ་བརྟགས་པའི་
བདག་མེད་ཀུན་གཞི་བག་ཆགས་དང་བཅས་པའི་སྐད་ཅིག་མའི་རྒྱུན་ལ་བདག་ཡིན་ནོ་སྙམ་པའི་དམིགས་པ་སྐྱེས་པ་ཡིད་ལས་མ་གཏོགས་པས་བདག་གོ་སྙམ་པའི་ནན་གྱིས་བརྟགས་པའི་བདག་ནི་མེད་དོ། །དཔེར་ན་ཐག་པ་ཁྲ་བོ་ལ་སྦྲུལ་ལོ་སྙམ་པའི་རྟོག་པ་སྐྱེས་ཀྱང་། སྦྲུལ་ལོ་སྙམ་པའི་རྟོག་པ་
ཙམ་ལས་མ་གཏོགས་པར་སྦྲུལ་གྱི་མཚན་ཉིད་ཐག་པ་ལ་མེད་པ་དང་འདྲ། ལུས་གསུམ་པ་ནི། འདུ་བྱེད་མཐུ་ཡིས་བསྒྲིབས་ཤིང་ཕྲ་བ་མ་མཐོང་དེ་ལས་མ་རིག་སྐྱེ། །འདུ་བྱེད་ཀྱི་ཆོས་རགས་པར་སྣང་བས། ཀུན་གཞི་ཕྲ་བ་བསྒྲིབས་ཏེ། མ་མཐོང་བ་དེ་ལས་ཤེས་པ་དང་རིག་པ་སྐྱེ་བས་འདྲ་བར་
སྣང་སྟེ། དཔེར་ན་སྨིག་རྒྱུ་ཡིན་པར་མ་ཤེས་པ་ལས་ཆུའི་རྟོག་པ་སྐྱེ་བ་དང་འདྲ། དགུར་ཕྱེ་བ་ལས་གཉིས་པ་ཅིའི་ཕྱིར་སྣང་ཞེ་ན། ཀུན་གཞི་མཚན་ཉིད་མ་མཐོང་བའི་ཕྱིར་ཏེ། དཔེ་ཐག་པའི་རང་བཞིན་ཇི་ལྟ་བ་བཞིན་དུ་མ་མཐོང་བ་ལས། སྦྲུལ་དུ་འཁྲུལ་པ་འབྱུང་བ་དང་འདྲ་བར།
རྒྱུ་དང་བཅས་པའི་སེམས་ཀྱི་མཐུ་ནི་མ་རྟོགས་རྟོག་པའི་རྗེས་འབྲངས་ནས། །ཀུན་གཞི་བག་ཆགས་དང་བཅས་པའི་མཐུ་ལས་རྣམ་པ་སྣ་ཚོགས་སུ་སྣང་བར་ནི་མ་རྟོགས་པས། སྣང་བ་ཐམས་ཅད་རང་གི་ངོ་བོར་ཡོད་པས་ཕྱིན་ཅི་ལོག་ཏུ་རྟོག་པའི་རྗེས་སུ་འབྲངས་ནས། དེ་ལས་ཟག་བཅས་
རང་བཞིན་རྟོག་པས་བདག་དང་ཆོས་རྣམས་རྒྱས་པར་བྱེད། །ལོག་པའི་རྗེས་སུ་འབྲངས་པ་དེ་ལས་ཁམས་གསུམ་དུ་ཟག་ཅིང་འཁོར་བའི་རྒྱུར་གྱུར་པའི་རྟོག་པས་བླ་ཐབས་སུ་བརྟགས་པའི་བདག་དང་། ཕྱི་ནང་གི་ཆོས་སུ་ལོག་པའི་རྟོག་པས་རྒྱས་པར་བྱེད། ལྡན་པར་འབྱུང་བ་ཤིན་ཏུ་ཕྲ་བ་རྒྱུ་བ་
དེ་ནི་མ་མཐོང་ལས། །བདག་ཏུ་ལྟ་བ་ལ་སོགས་མུ་སྟེགས་ལྟ་བ་སྣ་ཚོགས་སྐྱེ་ཞིང་ཐར་བར་རྟོགས། །ཀུན་གཞིའི་ཕྲེང་བ་མ་མཐོང་བ་ལས་མུ་སྟེགས་ཀྱི་ལྟ་བ་སྣ་ཚོགས་མང་པོ་འབྱུང་བར་ཡང་སྟོན་ཏེ། ཅིའི་ཕྱིར་འབྱུང་ཞེ་ན། སེམས་འདི་ལས་རྣམ་པ་མཐའ་ཡས་གནས་གྱུར་བག་ཆགས་མཐའ་མེད་ངེས་

པ་མེད། སེམས་ཞེས་བྱ་བ་ཀུན་གཞི་ནི་དགེ་སྡིག་གི་ལས་ཀྱི་བག་ཆགས་མཐའ་ཡས་པའི་གནས་སུ་གྱུར་པས། ཀུན་གཞི་ལ་བག་ཆགས་གནས་པ་ཡང་མཐའ་མེད་པས། བག་ཆགས་འདི་དག་མི་གནས་ཞེས་ངེས་པར་བཟུང་དུ་ནི་མེད་དོ། །བག་ཆགས་བརྟས་ཤིང་སད་པར་བྱེད་པའི་རྐྱེན་ཡང་རྣམ་
པ་སྣ་ཚོགས་ཏེ། །ཀུན་གཞི་ལ་བག་ཆགས་གནས་པ། དགེ་བའི་རྐྱེན་གྱིས་ནི་མཐོ་རིས་སུ་སྐྱེ་བའི་བག་ཆགས་སད་པར་བྱེད་ལ། ཉོན་མོངས་ཤིང་མི་དགེ་བའི་རྐྱེན་གྱིས་ནི། ངན་སོང་དུ་སྐྱེ་བའི་བག་ཆགས་སད་པར་བྱེད་པའི་རྐྱེན་ལ་སོགས་པའི་ཡང་སྣ་ཚོགས་ཏེ། རྐྱེན་འགའ་བག་ཆགས་
འགའ་ཞིག་སྨིན་ནས་མིའི་རྒྱུད་ཀྱི་ལུས་སྣང་ལ། །ཚེ་སྔ་མ་ལ་མིར་སྐྱེ་བར་འགྱུར་བའི་རྐྱེན་འགས་མིར་སྐྱེ་བར་འགྱུར་བའི་བག་ཆགས་ཀུན་གཞི་ལ་སྔ་ནས་གནས་པ་སད་ཅིང་སྨིན་པར་བྱས་ནས། ཚེ་འདི་ལ་མིའི་རྒྱུད་ཀྱི་ལུས་ཐོབ་ཅིང་སྣང་ལ། རྐྱེན་གཞན་དག་གིས་བག་ཆགས་གཞན་སད་བྱས་ཚེ་
འགྱུར་བའི་མཐུ་མཐོང་ནས། །མི་ལས་གཞན་པ་ལྷར་སྐྱེ་བར་འགྱུར་བའི་རྐྱེན་དག་གིས་མི་ལས་གཞན་པའི་ལྷར་སྐྱེ་བའི་རྒྱུ་བག་ཆགས་ཀུན་གཞི་ལ་སྔ་མ་ནས་གནས་པ་སད་ཅིང་སྨིན་པར་བྱས་པའི་ཚེ། མི་ལས་ལྷར་འགྱུར་བ་མཐོང་ནས། དབང་ཕྱུག་ལ་སོགས་བྱེད་པར་འདོད་དེ་ལམ་དེ་
མི་ཞི་གྲོལ་མི་འགྱུར། །མི་ལས་ལྷར་སྐྱེ་བར་འགྱུར་བ་ནི། འཇིག་རྟེན་གྱི་མངོན་ཤེས་ཀྱིས་མཐོང་ལ། རྒྱུ་རྐྱེན་གང་ཁོ་ནས་དེ་ལྷར་སྐྱེ་བ་ནི་མ་རྟོགས་པའི་སྒོ་ནས་དབང་ཕྱུག་ལ་སོགས་པ་བྱེད་པ་པོ་ཞིག་གིས་བྱ་བར་སེམས་ཏེ། བྱེད་པ་པོ་ལ་བརྟེན་པ་ཉིད་ཐར་པའི་ལམ་དུ་འདོད་པ་ཉིད།
སྡུག་བསྔལ་མ་ཞི་བས་ཁམས་གསུམ་གྱི་སྐྱོན་ལས་ཀྱང་གྲོལ་བར་མི་འགྱུར་རོ། །རྣལ་འབྱོར་ལམ་བསླད་ཐེ་ཚོམ་རྒྱུ་ཡང་རྒྱུན་འདི་ཕྲ་བ་མ་རྟོགས་སྐྱེས། །ཡང་དག་པའི་དོན་རྣལ་འབྱོར་པའི་ལམ་ལས་ལོག་པར་གྱུར་ཏེ། བསླད་པ་དང་ཡིད་གཉིས་ཟ་བའི་རྒྱུ་ཡང་ཀུན་གཞི་ཕྲ་རབ་རྒྱུ་བ་
དེ་མ་རྟོགས་པ་ལས་འབྱུང་ཞིང་སྐྱེ་སྟེ། དཔེར་ན་ཐག་པ་ཇི་ལྟ་བ་བཞིན་དུ་མ་རྟོགས་པ་ལས་སྦྲུལ་དུ་འཛིན་པའམ། སྦྲུལ་ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བ་དང་འདྲའོ། །དེ་ལྟར་འཁྲུལ་པས་རྣམ་པ་སྣ་ཚོགས་སུ་སྣང་ན་ཡང་ཉེས་པ་ཅི་ཡོད་ཅེ་ན། དགུར་ཕྱེ་བའི་གསུམ་

པ་སྣང་བའི་ཉེས་པ་སྟོན་ཏེ། བདག་ཏུ་བརྟགས་པས་བསྒྲིབས་ཏེ། འཕགས་པའི་རིགས་དང་རྣམ་པར་བྲལ། །འཕགས་པའི་རིགས་སུ་གཏོགས་པ་རྣམས་ནི། བདག་ཏུ་རྟོག་པ་མི་མངའ་བས་བདག་མེད་པ་ལ་བདག་ཏུ་བརྟགས་པས། འཕགས་པའི་རིགས་དང་
བྲལ་ཞིང་འབྲས་བུ་མི་ཐོབ་པའི་ཉེས་པ་ཡོད་དོ། །ཆོས་སུ་བརྟགས་པས་སྡུག་བསྔལ་སྣ་ཚོགས་འབྱུང་ཞིང་ངན་སོང་སྲིད་པར་འགྱུར། །ཆོས་སྣ་ཚོགས་བརྟགས་པས་ལས་སྣ་ཚོགས་སུ་སྤྱད། ལས་སྣ་ཚོགས་པས་སྡུག་བསྔལ་སྣ་ཚོགས་ཀྱང་མྱོང་བར་འགྱུར་ལ། མི་དགེ་
བའི་ལས་ཀྱི་ངན་སོང་གསུམ་ཡང་སྲིད་པར་འགྱུར་རོ། །དགུར་ཕྱེ་བའི་ལས་བཞི་པ་སྣང་བ་ཐམས་ཅད་ཀྱི་གཞི་རྣམ་པར་ཤེས་པའི་མཚན་ཉིད་ཇི་ལྟ་བུ་ཞིག་ཡིན་ཞེ་ན། རྣམ་ཤེས་དེ་དང་འདུ་བྱེད་རྒྱུན་ལ་མཚན་མ་ཐ་དད་འཛིན་པས་ནི་གཟུགས་དང་སྒྲ་ལ་སོགས་པ་འདུ་བྱེད་ཀྱི་མཚན་ཉིད་ཐ་དད་པའི་རྣམ་
པར་ཤེས་པའི་འཛིན་པས་ན། ལས་ཀྱི་ཁྱད་པར་དག་གིས་བརྒྱད་དུ་སྣང་གི་རིགས་ལ་དུ་མ་མེད། །གཟུགས་མཐོང་བར་བྱེད། སྒྲ་ཐོས་པར་བྱེད་པ་ལ་སོགས་པ་འདུ་བྱེད་ཀྱི་མཚན་མ་རྣམ་པར་ཤེས་པར་བྱ་བ་བརྒྱད་ཡོད་པས་ཤེས་པ་ཡང་བརྒྱད་དུ་གཞག་གི །ཤེས་ཤིང་རིག་པའི་རིགས་སུ་
གཅིག་པས་རིགས་ལ་དུ་མ་མེད། །དགུར་ཕྱེ་བ་ལས་ལྔ་པ་དེ་ལྟར་སྣ་ཚོགས་སུ་སྣང་བ་དེ་དག་ཀུན་གཞི་ལ་ཚུལ་ཇི་ལྟར་ཞེ་ན། དེའི་ཕྱིར་སེམས་ཀྱི་སྐད་ཅིག་དང་པོ་དེ་ལ་ལུས་དང་ཆོས་ཀུན་གནས། །གོང་དུ་བསྟན་པ་དེ་ལྟར་སེམས་ལ་ཐ་དད་དུ་མ་མེད་པ་དེའི་ཕྱིར། ཀུན་གཞིའི་སེམས་ཀྱི་སྐད་ཅིག་
མ་ཁོ་ན་ལ་དབང་པོ་དང་བཅས་པའི་ལུས་དང་། མ་ལུས་པའི་ཆོས་ཀུན་གནས་པ་ཡིན་ནོ། །སེམས་ཀྱི་སྐད་ཅིག་མ་ཕྱི་མ་རྣམས་ལ་ཡང་སྔ་མ་དང་མཐུན་པར་ཅི་ཕྱིར་སྣང་ཞེ་ན། དེ་ལ་བསམ་པ་ཞེན་ཕྱིར་ཕྱི་མ་དེ་ལ་དེ་འབྱུང་དེ་ལ་སྣང་། །དངོས་པོར་ཆགས་ཤིང་ཞེན་པའི་དབང་གིས་སྣང་བ་ཡིན་པར་
བསྟན་པས། སྔ་མ་དེ་དག་ལ་བསམ་པ་ཇི་ལྟ་ཇི་ལྟར་ཞེན་པ་ལྟར། ཕྱི་མ་ལ་ཡང་དེ་ལྟར་མཐུན་པར་སྣང་བར་འབྱུང་ངོ་། །དགུར་ཕྱེ་བ་ལས་དྲུག་པ་སྣང་བའི་གཞི་སེམས་ཀྱི་ནང་དུ་ཐམས་ཅད་འདུས་པས་འཐོབ་པར་བྱ་བ་མེད་པར་སྟོན་ཏེ། རང་སེམས་རྒྱུན་ལས་འཕགས་པའི་སྐྱེ་བོའི་ཆོས་ནི་

གཞན་ཡོད་མ་ཡིན། །གོང་དུ་བསྟན་པ་དེ་ལྟར་སེམས་ཀྱི་སྐད་ཅིག་མ་གཅིག་ལས་མ་ལུས་པའི་ཆོས་ཐམས་ཅད་གནས་པའི་ཕྱིར་རོ། །རྒྱུན་དྲུག་རིགས་ལའང་སྣ་ཚོགས་དེ་དག་རང་གི་ཏིང་ངེ་འཛིན་ཏོ། །ལྷ་དང་མི་ལ་སོགས་པ་སེམས་ཅན་གྱི་རྒྱུད་ཀྱི་རིགས་དྲུག་ཡོད་ལ། རིགས་གཅིག་
པ་ཡང་སྣ་ཚོགས་སུ་གནས་པ་དེ་དག་ཀྱང་། ཐོག་མ་མེད་པའི་དུས་ནས་འདྲིས་ཤིང་གོམས་གོམས་པའི་ཏིང་ངེ་འཛིན་གྱི་མཐུས་སྣང་བ་ཡིན་ནོ། །ཅིའི་ཕྱིར་ཐམས་ཅད་ཀྱི་མཚན་ཉིད་བདག་ཡིན་པས་ཐ་དད་དུ་དབྱེར་མེད་ཅེ་ན། སེམས་རྒྱུན་དེ་ནི་ཕྱོགས་ཀྱང་ཅུང་ཟད་མེད་པས་གཅིག་ལ་རྟེན་
མེད་དེ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་ནི་རང་གི་སེམས་ཡིན་ལ། སེམས་སྐད་ཅིག་མའི་རྒྱུན་དེ་ནི་ཡོད་པ་དང་། མེད་པ་དང་། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེས་བྱ་བ་ལ་སོགས་པའི་ཕྱོགས་དང་ཤར་ནུབ་དང་། བླ་འོག་ལ་སོགས་པའི་ཕྱོགས་དང་
ཤར་ནུབ་དང་། བླ་འོག་ལ་སོགས་པའི་ཕྱོགས་ལ་འདི་འདྲ་བ་འདི་ལྟ་བུ་ཞིག་ཅེས་གཅིག་ཏུ་བསྟན་དུ་མེད་པས། གཅིག་ལ་བསྟན་པ་ཡང་མེད་དེ། དེ་ལ་ཕྱོགས་མེད་ཕྱིར་ན་མཐའ་ཡས་ཤིང་རྣམས་བདག་གི་ལུས། །ཕྱོགས་གཅིག་ཡོད་ན་ནི་གཅིག་གི་མཚན་ཉིད་དུ་བསྟན་དུ་མི་རུང་
སྟེ། དངོས་པོ་ལྟ་ཅི་སྨོས། དངོས་པོ་མེད་པ་ནམ་མཁའ་ལྟ་བུ་ཞིག་ཡིན་ནོ་ཞེ་ན་ཡང་ནམ་མཁའ་སྟོང་པའི་ཤར་དང་། ནུབ་ལ་སོགས་པའི་ཕྱོགས་དང་དབུས་དང་། མཐའི་བྱེ་བྲག་གིས་ཐ་དད་པས་གཅིག་ཏུ་འདུས་པར་མི་རུང་ངོ་། །སེམས་ཀྱི་རྒྱུན་ནི་ཡང་དག་པར་ན་ཅི་ལྟ་བུའི་ཕྱོགས་
ཀྱང་མ་ཡིན་པས། ཐ་དད་དུ་དབྱེར་མེད་པའི་ཕྱིར་རོ། །དམིགས་སུ་མེད་པར་གཅིག་པས་དག་པ་དང་མ་དག་པའི་ཞིང་རྣམས་ཀྱི་རང་བཞིན་ཡིན་ནོ། །བདག་གི་ལུས་འདི་མཐའ་ཡས་ཞིང་དང་སྐྱེ་བའི་ལུས་སུ་རབ་སྣང་ཡང་། །སེམས་དང་བག་ཆགས་ཐ་དད་མ་ཡིན་གཅིག་མིན་
བརྟག་པར་རབ་ཏུ་དཀའ། །དེ་ལྟར་ཐམས་ཅད་ཀྱང་བདག་ཡིན། བདག་ཀྱང་བདག་ཡིན། བདག་ཀྱང་ཐམས་ཅད་ཡིན་པས། གདོད་མ་ཐོབ་པ་ཐོབ་པར་བྱ་བའི་ཆོས་ནི་མེད་དོ། །སེམས་དང་བག་ཆགས་ཀྱང་གཅིག་ཅེའམ་ཐ་དད་པ་ཡིན་ཞེས་བརྟག་པར་རབ་ཏུ་དཀའ་སྟེ།

གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་ནོ། །དཔེར་ན་ཁ་དོག་དང་དབྱིབས་གཉིས་གཅིག་ཅེས་བྱ་བར་ཡང་མི་རུང་། ཐ་དད་ཅེས་བྱ་བར་ཡང་མི་རུང་བ་དང་འདྲའོ། །དགུར་ཕྱེ་བ་ལས་བདུན་པ་ཐམས་ཅད་སེམས་ཀྱི་མཚན་ཉིད་ཡིན་ན། རྒྱུ་རྐྱེན་གཞན་ལས་ཅིའི་ཕྱིར་སྐྱེ་བར་སྣང་
ཞེས་དྲིས་པ་དང་། འདི་ཀུན་རྟེན་འབྲེལ་འབྱུང་ཚུལ་ཏེ་སྐྱེ་དང་འགག་པར་འགྱུར་ཞེས་པ་ཚིག་པའི་ས་བོན་བཞིན་ཏེ། མེད་ལས་མེད་པ་མི་འབྱུང་རྒྱུ་འབྲས་མེད། །ཆོས་འདི་ཀུན་རྒྱུ་ལས་བརྟེན་ཏེ་འབྲས་བུ་སྐྱེ་ལ་གནས་པའི་རྟེན་མེད་ན་འགག་པར་འགྱུར་རོ་ཞེས་པ་ཟེར་བ་ནི་དཔེར་ན་ཚིག་པའི་ས་བོན་ལས་
འབྲས་བུ་མི་སྐྱེ་བ་དང་འདྲ་བར་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར། རྒྱུ་མེད་པ་ལས་འབྲས་བུ་མེད་པ་མི་འབྱུང་བས། འདི་ནི་རྒྱུ་འདི་ནི་འབྲས་བུ་ཞེས་གཞག་ཏུ་ཡང་མེད་དོ། །འོ་ན་ཅིའི་ཕྱིར་རྒྱུ་ལ་བརྟེན་ཏེ་འབྲས་བུ་འབྱུང་བར་འདྲ་བར་སེམས་ཅན་ཀུན་ལ་སྣང་ཞེ་ན། དངོས་པོར་ཞེན་
ཅིང་རྒྱུ་དང་འབྲས་བུར་རྟོག་པའི་སེམས་ཉིད་ནི། །རྒྱུ་དང་རྐྱེན་དུ་སྣང་བ་སྟེ། ཐོག་མ་མེད་པའི་དུས་ནས་དངོས་པོ་རྣམས་རྒྱུ་དང་འབྲས་བུའི་ངོ་བོར་ཞེན་ཅིང་རྟོག་པའི་སེམས་ཉིད། རྒྱུ་དང་འབྲས་བུར་སྣང་བར་ཟད་དོ། །རྒྱུ་དང་འབྲས་བུ་མེད་པ་ལས་སེམས་ཉིད་དེ་ལྟར་སྣང་བར་ཅི་ལྟར་བཏུབ་ཅེ་ན།
རྨི་ལམ་ན་ཆང་འཐུངས་པའི་རྒྱུ་ལས་ར་རོ་བའི་འབྲས་བུ་སྣང་བ་དང་། ཞིང་རྨོས་པ་ལས་ལོ་ཐོག་སྐྱེ་བར་རྨིས་པ་རྣམས་ཀྱང་། རྒྱུ་འབྲས་ཀྱི་དངོས་པོ་མེད་བཞིན་དུ་ཐོག་མ་མེད་པའི་དུས་ནས་རྒྱུ་འབྲས་སུ་རྟོག་པའི་དབང་གིས་རྨི་ལམ་ན་སྣང་བ་དང་འདྲའོ། །དགུར་ཕྱེ་བ་ལས་བརྒྱད་པ། སྣང་བའི་
དངོས་པོ་མ་གྲུབ་པར་སྟོན་པ་ནི། དེ་གཉིས་མེད་ཕྱིར་སྐྱེ་བ་དང་འཇིག་པ་མེད། རྒྱུ་དང་འབྲས་བུ་དེ་གཉིས་མེད་པའི་ཕྱིར། །རྒྱུ་ལ་བརྟེན་ཏེ་འབྲས་བུ་སྐྱེ་བ་མེད། །མ་སྐྱེད་ན་ཅི་ཞིག་འཇིག་རྟེན་ཏེ། འཇིག་པ་ཡང་མེད་དོ། །སྐྱེ་འཇིག་མེད་ཕྱིར་བདག་གཞན་མེད་དེ་འཆི་འཕོ་མེད་ཕྱིར་རྟག་ཆད་མེད། །
སྐྱེ་བ་མེད་དང་འཇིག་པ་མེད་ན་གང་ལ་བདག་ཅེས་བྱ། །གང་ལ་ནི་གཞན་ཞེས་བྱ། བདག་དང་གཞན་མེད་ན་སུ་ཞིག་འཆི་སུ་ཞིག་ནི་འཕོ། དེ་ལྟར་འཆི་བ་མེད་པས་ཆད་པ་མེད། །འཕོ་བ་མེད་པས་རྟག་པ་མེད། །དེས་ན་འཁྲུལ་འཁོར་མེད་ཅིང་མྱ་ངན་ལས་འདས་པ་མེད་པ་ཉིད་དུ་མངོན་ནོ། །

སྐྱེ་འཆི་དང་རྟག་ཆད་ལ་སོགས་པ་མེད་པ་དེས་ན། གཅིག་ནས་གཅིག་ཏུ་འཁྲུལ་ཅིང་འཁོར་བ་ཡང་མེད་པས། འཁོར་བ་ལ་བརྟེན་པའི་མྱ་ངན་འདས་པ་ཡང་མེད་པར་མངོན་ནོ། །དགུར་ཕྱེ་བ་ལས་ཐ་མ་སྣང་གཞི་སེམས་ཉིད་ཀྱང་མ་གྲུབ་པར་སྟོན་ཏེ། གནས་ཀྱི་སྐད་ཅིག་ནམ་ཡང་མི་འབྲལ་དེ་ཚེ་མཉམ་
གྱུར་དེ་ཡང་མེད་བག་ཆགས་ཀྱི་གནས་ཀུན་གཞི་སྐད་ཅིག་མ་དང་། བག་ཆགས་གཉིས་ནི་ནམ་ཡང་མི་འབྲལ་ཏེ། ཀུན་གཞི་མེད་བག་ཆགས་ཡོད་པར་མི་རུང་། བག་ཆགས་མེད་པར་ཀུན་ཡོད་པར་མི་རུང་སྟེ། དཔེར་ན་ཁ་དོག་མེད་པ་དང་དབྱིབས་ཡོད་པར་ཡང་མི་རུང་། དབྱིབས་མེད་
པར་ཁ་དོག་ཡོད་པར་ཡང་མི་རུང་བས། ཡོད་ན་ཡང་གཉིས་ཀ་ཡོད་མེད་ན་ཡང་གཉིས་ཀ་མེད་པར་མཉམ་པར་འགྱུར། བག་ཆགས་མེད་པར་ཀུན་གཞི་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། ཡང་དག་མ་ཡིན་རྟོག་པས་བསྐྱེད་ཕྱིར་བག་ཆགས་ཡོད་པ་མ་ཡིན་དང་། །ཕྱིན་ཅི་ལོག་གི་རྟོགས་
པས་བསྐྱེད་པའི་ཕྱིར། །བག་ཆགས་ཡོད་ཅེས་བྱ་བར་མི་རུང་ངོ་། །བག་ཆགས་དེ་མེད་ན། སྤྱོད་ཡུལ་མེད་ཕྱིར་ཀུན་གཞི་མེད་ཅིང་རྣམ་རིག་དེ་ཡང་མེད་པ་ཡིན། །ཀུན་གཞིའི་སྤྱོད་ཡུལ་ནི་བག་ཆགས་ཡིན་ན་བག་ཆགས་མེད་པའི་ཕྱིར་སྤྱོད་ཡུལ་མེད་དེ། ཡུལ་མེད་ན་ཤེས་པ་མི་འབྱུང་
བས། སྤྱོད་ཡུལ་ལ་བརྟེན་པའི་ཀུན་གཞི་ཡང་མེད་ཅིང་རྣམ་པར་རིག་པ་ཐམས་ཅད་ཀྱང་མེད་པ་ཁོ་ན་ཡིན་ནོ། །ཕྱོགས་རྣམས་མེད་ཕྱིར་དམིགས་དང་གནས་མེད་རྣམ་ཤེས་རིག་པ་ཅི་ལྟར་སྐྱེ། །གོང་དུ་གང་གི་ཕྱོགས་ལྟར་ཡང་མ་གྲུབ་པར་བསྟན་པའི་ཕྱིར། དམིགས་པའི་བག་ཆགས་དང་།
གནས་པའི་ཀུན་གཞི་གཉི་ག་མེད་ན། དེ་ལ་བརྟེན་པའི་རྣམ་པར་རིག་པ་རྣམས་ཇི་ལྟར་སྐྱེ། དེའི་ཕྱིར་སེམས་འདི་ཡོད་མེད་མཐའ་ལས་འདས་ཤིང་གཅིག་དང་དུ་མར་བྲལ། །སེམས་དང་སེམས་ལས་བྱུང་བ་རྣམས་ནི་ཅི་ལྟ་བུར་ཡང་མ་ཡིན་པ་དེའི་ཕྱིར་ཡོད་པ་དང་མེད་པ་ལས་འདས་པ་ལ་ནི་གཅིག་ཅེས་བྱར་
མི་རུང་། དུ་མ་ཞེས་བྱར་ཡང་མི་རུང་ངོ་། །རྣམ་པར་བྱང་བ་ཅི་ལྟ་བུ་ཡིན་པ་བརྟགས་པ་ལ་ཡང་གཉིས་ཏེ། རྣམ་པར་བྱང་བ་འཁྲུལ་པ་ཉིད་ལ་སྣང་བར་བསྟན་པ་དང་། སྣང་བ་དེ་ཉིད་ཀྱང་མ་གྲུབ་པར་བསྟན་པའོ། །དེ་ལ་འཁྲུལ་པ་ལ་རྣམ་པར་བྱང་བ་སྣང་བ་གང་གིས་བསྟན་ཞེ་ན། བདེར་གཤེགས་བྱང་

ཆུབ་མེད་ཕྱིར་དེ་ཡི་རྫུ་འཕྲུལ་སྒྱུ་འདྲ་འཁྲུལ་ལ་སྣང་། །ཞེས་བྱ་བས་བསྟན་ཏེ། བདེ་བར་གཤེགས་པའི་སངས་རྒྱས་ཉིད་ཀྱང་ཡང་དག་པར་མ་གྲུབ་པས། དེའི་རྫུ་འཕྲུལ་སྒྱུ་མ་དང་འདྲ་བ་དེར་འཁྲུལ་པ་རྣམས་ལ་སྣང་བར་མངོན་ནོ། །དེ་ལྟ་བས་ན་རྡོ་རྗེ་གཅོད་པ་ལས། གང་གིས་ང་ལ་
གཟུགས་སུ་མཐོང་། །གང་གིས་ང་ལ་སྒྲར་ཤེས་པ། །ལོག་པར་སྤོང་ལ་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང་། །འདྲེན་པ་དག་ནི་ཆོས་ཀྱི་སྐུ། །ཆོས་ཉིད་དུ་ནི་སངས་རྒྱས་བལྟའོ། །ཞེས་འབྱུང་བ་ལྟ་བུའོ། །རྣམ་པར་བྱང་བ་སྣང་བ་མ་གྲུབ་པར་བསྟན་པ་ཡང་རྣམ་པ་གཉིས་ཏེ། རྣམ་པར་མི་རྟོག་པའི་ཡེ་
ཤེས་མ་གྲུབ་པར་བསྟན་པ་དང་། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱང་གྲུབ་པར་བསྟན་པའོ། །དེ་ལྟར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཇི་ལྟར་མ་གྲུབ་ཅེ་ན། དེ་བཞིན་དག་པའི་ཡེ་ཤེས་དག་ཤིན་ཏུ་དགེ་བའི་རྒྱུན་ཉིད་དང་། ཆོས་ཀྱི་དབྱིངས་ཉིད་ལ་ནི་དེ་དག་དམིགས་ཤིང་། དེ་དག་སྐྱེ་བར་བརྟགས་པ་
ཡང་། །སེམས་ཇི་ལྟར་མ་གྲུབ་པ་དེ་བཞིན་དུ་ཡེ་ཤེས་ཀྱང་མ་གྲུབ་སྟེ། ཅི་ལྟ་ཞེ་ན། སངས་རྒྱས་ཀྱིས་སྤྲོས་པའི་མཚན་མ་ཐམས་ཅད་ཡང་དག་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་དག་ནི། དགེ་བའི་རྩ་བ་ཚད་མེད་པའི་རྒྱུན་དང་། ཆོས་ཀྱི་དབྱིངས་མ་ནོར་བ་ལ་དམིགས་ཤིང་རྟོག་པ་ལས་སྐྱེ་བར་
སེམས་ཤིང་བརྟགས་པ་ཡང་རྡོ་རྗེ་གནས་མེད་པའི་ཕྱིར་ན་མཉམ་གནས་རང་བཞིན་འདྲར་གྱུར་དང་། རྡོ་རྗེ་ཞེས་བྱ་བ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུའམ་གནས་ནི་སེམས་ཅན་གྱི་སེམས་ཡིན་ན། གོང་དུ་སེམས་ཉིད་མ་གྲུབ་ཅིང་མེད་པར་བསྟན་པའི་ཕྱིར་རྒྱུ་མེད་པ་དང་འབྲས་བུ་ཡང་མི་འབྱུང་བས་གཉི་
ག་ཡང་མ་གྲུབ་པའི་ཚུལ་དུ་མཉམ་པར་གནས་པས། སེམས་མ་གྲུབ་པ་དང་འདྲ་བར་ཡེ་ཤེས་ཀྱང་མ་གྲུབ་པར་གྱུར་པ་ཡིན་ནོ། །རྣམ་པར་ཤེས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐད་ཅིག་མ་དོན་དམ་པར་ཡོད་དོ་ཟེར་བ་ཡང་མི་འགྲུབ་སྟེ། ཅིའི་ཕྱིར་ཞེ་ན། ཆོས་དབྱིངས་རྡོ་རྗེ་རྩེ་མོ་དེ་དག་
ཕྱོགས་ཉིད་མེད་པས་སྐད་ཅིག་མིན། །ཆོས་དབྱིངས་རྟོག་པའི་རྣམ་པར་རྡོ་རྗེ་འདྲ་བ་མཆོག་གམ། མི་རྟོག་པའི་ཡེ་ཤེས་རྡོ་རྗེ་དང་འདྲ་བ་མཆོག་གམ། རྩེ་མོར་གྱུར་པ་དེ་དག་ནི། ཅི་ལྟ་བུའི་ཕྱོགས་ཉིད་དུ་ཡང་དམིགས་སུ་མེད་པ་ལ་སྐད་ཅིག་མ་ཞེས་ཇི་སྐད་བྱ། དག་པ་འཇིག་རྟེན་པའི་ཡེ་

ཤེས་ཅིའི་ཕྱིར་མ་གྲུབ་ཅེ་ན། དག་པའི་དགེ་རྩ་གཟུགས་བརྙན་མེད་པ་འཇིག་རྟེན་ཡེ་ཤེས་ཡོད་མི་འགྱུར། །འཁོར་གསུམ་ཡོངས་སུ་དག་པའི་དགེ་བའི་རྩ་བ་ནི་གཟུགས་བརྙན་དང་འདྲ་སྟེ་མེད་པས། དེ་ལ་བརྟེན་པའི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཡང་ཡོད་པར་ག་ལ་འགྱུར། སྤྱི་དོན་བཅུ་གཉིས་
ཀྱིས་བསྟན་པ་ལས། དྲུག་པ་སོ་སོར་བརྟགས་ནས་ངེས་པའི་དོན་བསྟན་པ་ཡང་རྣམ་པ་གསུམ་སྟེ། བསམ་པ་མཉམ་པ་དང་། སྤྱོད་པ་མཉམ་པ་དང་། དོན་སྟོན་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་དུ་བསྟན་པའོ། །དེ་བསམ་པ་མཉམ་པ་ལ་ཡང་རྣམ་པ་གསུམ་སྟེ། བླང་དོར་མེད་ཅིང་བདེན་པ་གཉིས་སུ་
མི་རྟོག་པས་མཉམ་པ་དང་མཐུན་པའི་ཆོས་ལ་སྲེད་པ་མེད་པ་དང་མི་མཐུན་པའི་ཆོས་ལ་ཞེ་སྡང་མེད་པས་བདེན་བརྫུན་མཉམ་པ་དང་། མཐའ་བཞི་དང་བྲལ་བས་དམིགས་པ་མེད་པས་མཉམ་པའོ། །དེ་ལ་བླང་དོར་མེད་ཅིང་བདེན་པ་གཉིས་སུ་མི་རྟོག་པས་མཉམ་པ་ནི། མཐུན་པའི་ཆོས་ལ་སྲེད་པ་མེད་པ་
དང་མི་མཐུན་པའི་ཆོས་ལ་ཞེ་སྡང་མེད་པས་བདེན་བརྫུན་མཉམ་པ་དང་། མཐའ་བཞི་དང་བྲལ་བས་དམིགས་པ་མེད་པས་མཉམ་པའོ། །དེ་ལ་བླང་དོར་མེད་ཅིང་བདེན་པ་གཉིས་སུ་མི་རྟོག་པས་མཉམ་པ་ནི། དེའི་ཕྱིར་བྱང་ཆུབ་མ་ཆུབ་མཚན་ཉིད་མེད་པར་གཅིག་པས་བླང་དོར་མེད་ཅེས་བྱ་བ་ལ་
སོགས་པས་སྟོན་ཏེ། གོང་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གཉི་ག་མ་གྲུབ་པར་བསྟན་པ་དེའི་ཕྱིར། བྱང་ཆུབ་སྟེ་སངས་རྒྱས་པ་དང་། བྱང་མ་ཆུབ་པ་སྟེ། སེམས་ཅན་གཉི་ག་མཚན་ཉིད་མེད་པར་གཅིག་པས། སངས་རྒྱས་བླང་དུ་མེད་དོ། །སེམས་ཅན་དོར་དུ་མེད་དོ། །
དོན་དམ་པ་ཞེས་བྱ་བ་ཉིད་ཀྱང་མེད་ན། དོན་དམ་པ་འདི་ལྟ་བུ་ཡིན་ཞེས་བསྟན་པའི་ཚིག་རྣམས་ལྟ་ག་ལ་ཡོད་དེ། དོན་དེ་ཚུལ་གྱིས་དོན་དམ་རྣམ་གྲངས་སྐྱེ་འགག་མེད་དང་མཉམ་ཉིད་དང་། །གཉིས་མེད་བསམ་འདས་སྟོང་ཉིད་ཆོས་དབྱིངས་བརྗོད་དང་ཐ་སྙད་བྲལ་ལ་སོགས། །བསྟན་པ་དེ་
ཀུན་ཐ་སྙད་ཡིན་ཏེ་དོན་དམ་མེད་ཅིང་ཀུན་སྒྲིབ་མེད། །དོན་དམ་པ་ཞེས་བྱ་བ་ཉིད་ཀྱང་མེད་ན། དོན་དམ་པ་འདི་ལྟ་བུ་ཡིན་ཞེས་བསྟན་པའི་ཚིག་རྣམས་ལྟ་ག་ལ་ཡོད། དོན་དེའི་ཚུལ་གོང་དུ་དོན་ཅི་སྐད་བསྟན་པའི་ཚུལ་གྱིས། དོན་དམ་པའི་རྣམ་གྲངས་སུ་བྱ་བ་ལ། སྐྱེ་འགག་མེད་བྱ་བ་དང་།

མཉམ་པ་ཉིད་ཅེས་བྱ་བ་དང་། གཉིས་སུ་མེད་པ་དང་། བསམ་པ་ལས་འདས་པ་དང་། སྟོང་པ་ཉིད་དང་། ཆོས་ཀྱི་དབྱིངས་བརྗོད་པ་དང་། ཐ་སྙད་དང་བྲལ་བ་ལ་སོགས་པར་བསྟན་པ་དེ་དག་ཀུན་བཀྲི་བའི་ཐ་སྙད་ཡིན་ཏེ། ཡང་དག་པར་ངེས་པའི་དོན་ལ་ནི། དོན་དམ་པ་ཞེས་བྱ་བ་
ཡང་མེད་ཅིང་། ཀུན་སྒྲིབ་ཅེས་བྱ་བ་ཡང་མེད་དོ། །དོན་དམ་ཚུལ་ཀྱིས་ལམ་ཉིད་འདི་འདྲ་ཞེས་པ་དེ་ཉིད་ཀུན་སྒྲིབ་ཡིན། །དོན་དམ་པ་ཞེས་བྱ་བ་འམ། ཀུན་སྒྲིབ་ཅེས་བྱ་བ་དང་། ཀུན་རྫོབ་ཏུ་སྒྲིབ་པའི་ཐ་སྙད་ཡིན་ཏེ། ཡང་དག་པར་ན་གཉིས་སུ་མེད་པའི་ངང་ལ་བདེན་པ་གཉིས་སུ་དབྱེར་ག་ལ་ཡོད།
མཐུན་པའི་ཆོས་ལ་སྲེད་པ་མེད་པ་དང་། མི་མཐུན་པའི་ཆོས་ལ་ཞེ་སྡང་མེད་པས་བདེན་བརྫུན་མཉམ་པར་སྟོན་པ་ནི། ཐེ་ཚོམ་ཡོད་མེད་ནི་གང་ལ་སྤོང་ཞིང་གནས་པར་མི་བྱེད་དོ། །བདེན་པའི་དོན་མ་མཐོང་སྟེ་ཐེ་ཚོམ་ཡོད་པ་དང་། །བདེན་པ་མཐོང་སྟེ་ཐེ་ཚོམ་མེད་པའི་ཆོས་ནི་གང་ལ་ཡང་བདེན་བརྫུན་གཉིས་
མེད་པས། བརྫུན་པ་སྤོང་ཞིང་བདེན་པ་ལ་གནས་པར་བྱེད་པ་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། སྒོམ་པ་དང་ནི་ཆོས་དབྱིངས་མེད་ཕྱིར་སོམ་ཉི་མེད་ལ་དམ་པར་ལྟ་བའང་མེད། །རྟོགས་པར་བྱེད་པའི་སྒོམ་པ་པོ། །རྟོགས་པར་བྱ་བའི་ཆོས་ཀྱི་དབྱིངས་གཉི་ག་ཡང་དག་པའི་དོན་དུ་མི་གནས་གང་གིས་ཅི་ཞིག་
རྟོགས་ཏེ། སོམ་ཉི་མེད། དེ་བས་སོམ་ཉི་མེད་པ་ལ་ཡང་དག་པར་ལྟ་བ་མེད་དེ། ལུང་ལས་ཀྱང་མཐུན་པའི་ཆོས་ལ་སྲེད་པ་སྤོང་ངོ་ཞེས་བསྟན་པ་དང་མཐུན་ནོ། །མཐའ་བཞི་དང་བྲལ་ཞིང་མི་དམིགས་པར་མཉམ་པ་ནི། དེ་ལྟར་དངོས་པོའི་མཐའ་རྣམས་བརྟགས་པ་དང་རང་བཞིན་སྒྱུ་མའམ་མེད་འགྱུར་ཕྱིར།
གོང་དུ་བསྟན་པ་ལྟར། དངོས་པོ་རྣམས་ཀྱི་མཐའ་བརྟགས་ན། །རང་བཞིན་སྒྱུ་མ་ཙམ་དུ་མ་གྲུབ་པའི་ཕྱིར། ཡོད་ལ་ལྟོས་པའི་མེད་པའང་མེད་དེ་མེད་པ་ལའང་མེད་པ་མེད། །དེ་ལྟར་ཡོད་པ་མ་གྲུབ་ན་མེད་པ་ཞིག་ཡིན་ནམ་ཞེ་ན། ཡོད་པ་ཉིད་མ་གྲུབ་ན། མེད་པ་དེ་སུའི་མེད་པ་ཡིན་དེ་བས་ན་ཡོད་པ་ཉིད་མ་གྲུབ་ན་
ཡོད་པ་ཉིད་ལ་ལྟོས་ནས་མེད་པར་གདགས་པར་ཡང་མི་རུང་ངོ་། །འོ་ན་རང་བཞིན་གྱིས་མ་སྐྱེས་ཤིང་ཡོང་གིས་མེད་པ་དེ་ལ་མེད་ཅེས་བྱར་རུང་ངམ་ཞེ་ན། མི་རུང་སྟེ། མཐོང་བ་དང་། ཐོས་པ་ཡང་མེད། གང་གིས་ངོ་བོར་ཡང་མི་གནས་དེ་ལ་སུ་ཡང་མེད་ཅེས་མི་སེམས་མི་བརྗོད་པའི་ཕྱིར། མེད་པ་ལའང་

མེད་པ་མེད་དོ། །མཐའ་རྣམས་མེད་ཕྱིར་དབུས་ལའང་གནས་པར་མི་བྱེད་དོ། །གོང་དུ་ཡོད་མེད་ལ་སོགས་པའི་མཐའ་རྣམས་མེད་པར་བསྟན་པས་ན། མཐའ་མེད་ན་སུའི་དབུས་ཏེ། དབུས་ཀྱང་མེད་དོ། །དབུས་མེད་པས་དབུས་ལ་ཡང་གནས་པར་མི་བྱེད་དོ། །སྤྱོད་པ་མཉམ་པ་ནི། གང་
ལའང་འཇིག་རྟེན་དབང་ཕྱུག་པདྨོ་ཀུན་ཀྱང་མི་སྤྱོད་འདྲར་གནས། ཆོས་གང་ཡང་རུང་སྟེ། འཇིག་རྟེན་གྱི་འདོད་པའི་ཡོན་ཏན་དུ་བྱ་བ་རྣམས་བདོག་པ་ལ་ནི་དབང་ཞེས་བྱ་བདོག་ཅིང་ཡོད་པ་དེ་སྤྱོད་ཀྱང་ནུས་ཏེ། སེར་སྣ་མེད་པ་ནི་ཕྱུག་ཅེས་བྱ་སྟེ། དངོས་སུ་འདོད་པའི་ཡོན་ཏན་རྣམས་ཀྱིས་ལོངས་སྤྱོད་པ་ལ་
བྱ་སྟེ། ཇི་ལྟར་པདྨོ་དམར་པོ་ཚོན་གྱིས་བསྒོས་པ་ལྟར་སྣང་ན་ཡང་། ཚོན་སར་པས་བྲིས་ཤིང་བསྒོས་པ་ནི་མ་ཡིན་ནོ། །དེ་དང་འདྲ་བར་འཇིག་རྟེན་གྱི་འདོད་པའི་ཡོན་ཏན་ལྔ་སྤྱོད་པ་ཡང་ཉེས་པས་གོས་པ་འདྲ་བར་སྣང་ན་ཡང་། པདྨོ་ལ་ཚོན་གྱིས་མ་གོས་པ་བཞིན་དུ་ཉེས་པས་མ་གོས་པའི་ཕྱིར་
དབང་ཕྱུག་པདྨོ་ཞེས་བྱའོ། །ཡང་ན་ཇི་ལྟར་པདྨོ་ལ་ཆུ་ལ་སོགས་པའི་ཉེས་པས་མི་གོས་པ་ལྟར། གོང་དུ་བསྟན་པའི་དོན་རྟོགས་ན་ཉེས་པས་མི་གོས་པས་དབང་ཕྱུག་པདྨོ་ཞེས་བྱ་སྟེ། པདྨོ་ལྟར་མི་གོས་ན་འདོད་འདོད་པ་ལྔ་ལ་སྤྱོད་ཅིང་མི་སྤོང་ངོ་ཞེས་བྱ་བའི་དོན་ཡང་ཡིན་ནོ། །འདྲར་མཉམ་གནས་ཞེས་བྱ་བ་
ནི་ཡོན་ཏན་དུ་བྱ་བ་དང་སྐྱོན་དུ་བྱ་བ་རྣམས། ཡང་དག་པའི་དོན་དུ་ཁྱད་པར་མེད་དེ་འདྲ་བའི་ཕྱིར། མི་འབྱེད་ཅིང་མཉམ་པས་མི་སྤོང་སྟེ་གནས་པར་བྱེད་དོ། །ཆོས་ལ་འཁྲུལ་པར་མཐོང་བ་དེ་ཉིད་འཁྲུལ་པ་ཡིན་པར་རྟོགས་ཏེ། སེམས་ཅན་ཉིད་ཀྱང་མ་གྲུབ་ན་སུ་ཞིག་འཁྲུལ་པར་འགྱུར་ཏེ། འཁྲུལ་པ་
མེད་པར་འཁྲུལ་བར་མཐོང་བ་དེ་ཉིད་འཁྲུལ་བ་ཡིན་པར་རབ་རྟོགས་ཏེ། དེ་བས་ན་དྲུག་གིས་བསྟན་པ་བདུད་ཀྱི་ལས་ཀྱང་མི་འདོར་ངན་དུ་མི་རྟོག་གོ །མུ་སྟེགས་ཀྱི་སྟོན་པ་དྲུག་གིས་བསྟན་པ་དང་། དགེ་བའི་སྲོག་གི་བར་དུ་གཅོད་པའི་ཉོན་མོངས་པ་དང་། བདུད་ཀྱི་ལས་སོགས་པ་ཡང་མི་དམིགས་པའི་ཕྱིར་
འདོར་ཞིང་ནང་དུ་མི་རྟོག་གོ །ཤེས་རབ་ཐབས་ཀྱི་སྤྱོད་པ་ཡང་མི་གནས་ཕྱིར་ན་བདུད་ཀྱི་འདྲ་བར་སྤྱོད། ཤེས་རབ་དང་ཐབས་ཀྱི་སྤྱོད་པའང་ཅི་ལྟ་བུའི་མཚན་ཉིད་དུའང་མ་གྲུབ་པར་གནས་པར་བྱ་བའི་གཞི་མེད་དེ། བདུད་ཀྱི་སྤྱོད་པ་དང་། གཉི་ག་ཡང་མ་སྐྱེས་པར་མཉམ་པའི་ཕྱིར་འདྲ་བར་སྤྱོད་དོ། །

རང་གི་ཤེས་པ་དམ་པར་བྱས་ཤིང་ཀུན་ལས་རྒྱལ་ཏེ་དེ་བསྙེམས་ནས་ཆགས་དང་ཞེ་སྡང་སྐྱེས་ནས་རྩོད་འབྱུང་གཏི་མུག་ཡིན་ཏེ་དོན་མི་མཐོང་ལྟ་བ་ཐམས་ཅད་དང་བྲལ་བ་ནི་ཡང་དག་པའི་དོན་ལ་ལྟ་བའོ་ཞེས་འབྱུང་བ་ལས། ལྟ་བའི་འཛིན་པ་ནི་སྐྱོན་ཏེ། ཡང་དག་པར་ན་བདེན་བརྫུན་གཉི་ག་
ཡང་མ་གྲུབ་ན། རང་གི་ཤེས་རབ་ཀྱིས་བདེན་པ་རྟོགས་སོ་སྙམ་དུ་ང་རྒྱལ་གྱིས་ལྟ་བ་བསྙེམས་ནས་རང་གི་ཕྱོགས་ལ་ནི་ཚིགས་གཞན་གྱི་ཕྱོགས་ལ་ནི་ཞེ་སྡང་སྐྱེས་ནས་བདེན་པ་ཞེས་བྱ་བ་མེད་པ་ལས་རང་གི་ལྟ་བ་ནི་བདེན་པ་ཞེས་ཟེར། བརྫུན་པ་མེད་པ་ལ་གཞན་གྱི་ལྟ་བ་ནི་བརྫུན་ཏེ་ནོར་ཞེས་རྩོད་པ་མེད་པར་བྱེད་
པ་ནི་གཏི་མུག་ཡིན་ཏེ། བདེན་བརྫུན་གཉི་ག་མི་དམིགས་པའི་དོན་མ་མཐོང་ངོ་། །དོན་བསྡུས་ནས་བྱང་ཆུབ་སེམས་ཀྱི་མཚན་ཉིད་དུ་བསྟན་པ་ནི། ཇི་སྲིད་ཡིད་ཀྱི་འཇིག་རྟེན་གཡོ་བ་དེ་སྲིད་བདུད་ཀྱི་ཡུལ་ཏེ་ཕྲ་བའི་ལམ། །གཡོ་དང་མི་གཡོ་ཐ་སྙད་མི་གནས་གནས་ལའང་གནས་པ་མེད། །སྣང་
མེད་དབུ་མའི་ལམ་དེ་བྱང་ཆུབ་སེམས་ཞེས་བདེ་གཤེགས་གསུངས། །རྟོག་པ་དང་མཚན་མ་གཡོ་ཞེའམ་མི་གཡོ་ཞེས་ཐ་སྙད་གང་ལྟར་ཡང་གདགས་སུ་མེད་པའི་གནས་ལ་ཡང་གནས་པར་མི་བྱེད་དོ། དེ་ཉམས་སུ་ཚོར་བ་དང་། ཚོར་བ་འགག་པའི་སྣང་བ་དང་། འདི་ལྟ་བུ་ཡིན་ཞེས་འདུ་ཤེས་ཀྱིས་
གཟུང་བའི་སྣང་བ་མེད་པ་ནི་དབུ་མའི་ལམ་ཡིན་ཏེ། དོན་དེ་ལ་དེ་ལྟ་བུའི་ཚུལ་དུ་སེམས་པས། བླ་ན་མེད་པའི་བྱང་ཆུབ་ཏུ་འགྲུབ་པས་བྱང་ཆུབ་ཀྱི་སེམས་ཞེས་བདེ་བར་གཤེགས་པས་གསུངས་སོ། །བཅུ་གཉིས་སུ་བསྟན་པ་ལས། དོན་བདུན་པ་ངེས་པའི་དོན་ལ་བསྒོམ་པ་ཡང་རྣམ་པ་གཉིས་
ཏེ། བསྒོམ་པའི་མི་མཐུན་པའི་ཕྱོགས་བསྟན་པ་དང་། བསྒོམ་པའི་དོན་མ་ནོར་བར་བསྟན་པའོ། །དེ་ལ་བསྒོམ་པའི་མི་མཐུན་པ་ནི། གཟུགས་དང་མཚན་མ་སྨོན་པར་འཛིན་པ་རབ་ཏུ་སྤངས་ནས་སུ། རྣམ་ཐར་གསུམ་པོ་བསྒོམས་པའང་བདུད་ཀྱི་ལས་ཏེ་གཟུགས་ནི་སྟོང་པའོ། །རྣམ་པར་མི་རྟོག་
པ་བསྒོམ་པ་ནི་བླང་དོར་མེད་པ་ཡིན་ན། གཟུགས་ལ་སོགས་པ་མི་མཐུན་པའི་ཕྱོགས་གསུམ་སྤོང་ཞིང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་གསུམ་ལ་གནས་ཤིང་བསྒོམས་ན། བླང་དོར་གྱི་མཐར་ལྟུང་བས་བདུད་ཀྱི་ལས་ཡིན་ཏེ། གཟུགས་ཉིད་

སྟོང་པ་ཉིད་ཡིན་ལ། མཚན་མ་ཉིད་མཚན་མ་མེད་པ། སྨོན་པ་ཉིད་སྨོན་པ་ཡིན་པས་སྤོང་དུ་མེད་པའི་ཕྱིར་རོ། །འཁོར་བའི་ལམ་གསུམ་སྤོང་ཞིང་མྱ་ངན་འདས་ལམ་བསྒོམ་པའང་བདུད་ཀྱི་ལས་ཉིད་དོ། །དེ་ཉིད་རང་བཞིན་མ་ཞི་རང་བཞིན་བཙལ་སྤངས་གར་མི་གནས། །འཁོར་བ་འགྲུབ་པར་བྱེད་པ་ནི་
འཁོར་བའི་ལམ་ཞེས་བྱ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་སྤོང་ཞིང་མྱ་ངན་ལས་འདས་པའི་ལམ་ཚོལ་ཞིང་སྒོམ་པར་བྱེད་པ་ཡང་བདུད་ཀྱི་ལས་ཉིད་དེ། དེ་ལྟར་སྤྱོད་པ་དེ་ཉིད་ཆོས་ཐམས་ཅད་རང་བཞིན་ཞི་བའི་མཚན་ཉིད་མ་རྟོགས་པ་སྟེ། མྱ་ངན་ལས་འདས་པའི་ལམ་བཙལ་བ་དང་། འཁོར་
བའི་ལམ་སྤོང་བར་བྱེད་པ་གཉི་ག་ཡང་མ་གྲུབ་ཅིང་མི་གནས་པའི་ཕྱིར་རོ། །འཕགས་པ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སོགས་ལམ་ཉིད་གཞན་ན་མེད། །འཕགས་པ་ཀུན་གྱིས་གཟིགས་པའི་ཡུལ་དང་། གྲུབ་པའི་གནས་ཀྱང་མི་མཐུན་པའི་སྐྱོན་མ་གོས་ནས་སྨོས་པ་རྣམས་ཀྱང་སྤངས་
ནས། མྱ་ངན་ལས་འདས་པ་ལ་སོགས་ཏེ། ཡོན་ཏན་གྱི་ཁྱད་པར་འཐོབ་པའི་ལམ་འདིར་ཅི་སྐད་དུ་བསྟན་པ་ལས་གུད་ན་སངས་རྒྱས་སུ་འགྲུབ་པའི་ལམ་གཞན་མེད་དོ། །བསྒོམ་པའི་དོན་མ་ནོར་བར་བསྟན་པ་ལ་ཡང་རྣམ་པ་བཞི་སྟེ། བསྒོམ་པའི་དོན་མདོར་བསྟན་པ་དང་། དེ་ལྟར་ཅིའི་ཕྱིར་
བསྒོམ་པའི་གཏན་ཚིགས་ཀྱིས་བཤད་པ་དང་། གཏན་ཚིགས་ཀྱིས་གྲུབ་པས་དེ་ལྟར་བསྒོམ་མོ་ཞེས་བྱ་བར་བསྟན་པ་དང་། ཚུལ་བཞིན་དུ་བསྒོམ་པའི་རྟགས་བསྟན་པའོ། །དེ་ལ་བསྒོམ་པའི་དོན་མདོར་བསྟན་པ་ནི། །ལྡང་དང་མི་ལྡང་ཆེད་དུ་མི་སྤོང་སེམས་རྟེན་མི་འཆའ་མངོན་དུ་མིན། །
མཚན་མ་དང་རྟོག་པ་དང་ལྡན་པ་ཆེད་དུ་མི་སྤོང་། །མི་ལྡང་བ་ལ་སེམས་ཀྱི་རྟེན་མི་འཆའ། །འབྲས་བུའི་ཟེར་རམ་བདེན་པའི་དོན་མངོན་དུ་མི་བྱེད་དོ། །གོང་མ་ལྟར་ཅིའི་ཕྱིར་བསྒོམ་ཞེ་ན། འཇམ་དཔལ་མ་ཡིན་རྡུལ་ཙམ་གཡོ་བ་དེ་ཉིད་དེ་ཡིན་དེར་མི་གནས། །ཅིའི་ཕྱིར་མི་སྤོང་མི་གནས་
ཤེ་ན། འཇམ་དཔལ་ནི་ཆོས་ཉིད་ལ་བྱ་སྟེ། ཆོས་ཉིད་ནི་ཟུག་རྔུ་མེད་པས་འཇམ་ལ། དེ་རྟོགས་ན་དཔལ་དུ་འགྱུར་བས་འཇམ་དཔལ་ཏེ། ཆོས་ཉིད་དམ་འཇམ་དཔལ་མ་ཡིན་པ་མཚན་མའི་རྟོག་པའི་སྐྱོན་རྡུལ་ཙམ་ཞིག་གཡོ་བའམ། ཡོད་པར་མཐོང་ན་ཡང་དེ་ཉིད་ཆོས་ཉིད་

ཀྱང་ཡིན་ལ། འཕགས་པ་འཇམ་དཔལ་གྱི་རང་བཞིན་ཉིད་ཀྱང་དེ་ལས་མི་གཞན་པས་སྤོང་དུ་མེད་དོ། །འོ་ན་ཆོས་ཉིད་དེ་ཅི་ལྟ་བུ་ཞིག་ཡིན་ཞེ་ན། ཅི་ལྟ་བུ་ཡང་མ་ཡིན་པས་ཆོས་ཉིད་དམ་འཇམ་དཔལ་གྱི་རང་བཞིན་ལ་ཡང་གནས་པར་བྱ་བའི་གཞི་མེད་པས་དེར་མི་
གནས་ཞེས་སྨོས་པ་ཡིན་ནོ། །བསྒོམ་པའི་ས་མི་རྙེད་ཕྱིར་བསྒོམ་པས་རྙེད་པར་མི་འགྱུར་ཏེ། སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་ལ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན་ཏེ། ཅིའི་ཕྱིར་མངོན་དུ་མི་བྱ་ཞེ་ན། བསྒོམ་པར་བྱ་བའི་ཆོས་ཉིད་དང་། སྒོམ་པར་བྱེད་པའི་སེམས་གཉི་ག་མ་གྲུབ་པས།
བསྒོམ་པར་བྱ་བའི་ས་འམ་གཞི་མི་རྙེད་དེ་མེད་པའི་ཕྱིར་སུ་ཞིག་གིས་གང་ཞིག་ལ་བསྒོམས་པས་འབྲས་བུ་ཅི་ཞིག་འཐོབ་པར་འགྱུར་ཏེ། དེ་བས་ན་མངོན་དུ་བྱར་མེད་དོ། །སེམས་ཀྱི་སྤྱོད་ཡུལ་དེ་ལ་དེ་དག་ཆོས་རྣམས་ཀྱི་ཆོས་ཉིད་ཡིན། ཡུལ་གྱི་རྣམ་པ་གང་སྣང་། སེམས་ཀྱི་རྟོག་པ་
ཅི་སྐྱེ་ཡང་ཆོས་ཉིད་ལས་མི་གཞན་པས། སྐྱོན་མེད་པར་སྟོན་པའི་ཕྱིར་སེམས་ཀྱི་སྤྱོད་ཡུལ་དེ་ལ་དམིགས་པའི་ཡུལ་གང་སྣང་བ་དེ་དག་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། དམིགས་པའི་ཡུལ་གང་ཡང་སྣང་ཡང་སྐྱོན་མེད་དོ། །སྐྱོན་མེད་ན་སེམས་ཅན་རྣམས་ཅིའི་ཕྱིར་འཁོར་ཞེ་ན། མཚན་མ་རྣམ་པ་སྣ་ཚོགས་
ལ་འཛིན་པའི་ཕྱིར་ཏེ། མཚན་མའི་རྣམ་པ་དང་བྲལ་བ་ནི་མི་འཁོར་བར་བསྟན་པའི་ཕྱིར། རྣམ་བྲལ་གང་ལའང་མཆོག་དང་ཐ་མའང་མེད་པར་ལམ་མཆོག་འདི་བསྒོམ་མོ། །རྣམ་པ་ཉིད་ཇི་ལྟ་བུ་ཞེ་ན། ཡུལ་འགགས་ན་ཡང་དེའི་རྣམ་པ་ཡིད་ལ་བཀྲ་བ་ལ་བྱ་སྟེ། ཡུལ་མངོན་སུམ་ན་ཡང་དེ་ལྟ་བུའི་རྣམ་པ་འབྱུང་བ་ལ་
འཛིན་ཅིང་ཤེས་པ་སྐྱེས་པས་རྣམ་པའི་ཤེས་པ་ཡིན་པས་རྣམ་པར་ཤེས་པ་ལ་བྱ་སྟེ། ཡང་དག་པའི་དོན་བསྒོམ་པ་ནི་ཇི་ལྟ་བུའི་རྣམ་པ་ལ་ཡང་མི་འཛིན་པའི་ཕྱིར་རྣམ་བྲལ་ཞེས་བྱའོ། །དེ་ལྟར་རྣམ་པ་ཅི་ལྟ་བུར་ཡང་མི་འཛིན་པ་ལ་ནི། མཆོག་དང་ཐ་མར་ཡང་མི་དམིགས་པས་དེ་ལྟར་བསྒོམས་པ་ནི་ལམ་གྱི་མཆོག་
ཡིན་ནོ། །སེམས་ཀྱི་རྟོག་པ་ཅི་སྐྱེ་ཡང་སྐྱོན་མེད་པ་ནི། འདུ་བྱེད་མ་སྐྱེས་ཆོས་ཀུན་འབྱུང་མེད་ཤིན་ཏུ་ཆོས་རྣམས་མྱ་ངན་འདས། །དངོས་མེད་དེ་ཚེ་ཀུན་ཀྱང་ཆོས་ཀྱི་དབྱིངས་ཞེས་དགྲ་བཅོམ་རབ་འབྱོར་ཡིན། །ཞེས་བྱ་བ་ཡིན་ཏེ། འདུ་བྱེད་ཀྱི་ཆོས་ཐམས་ཅད་ནི་རང་གི་ངོ་བོས་ཀྱང་མ་སྐྱེས། རྒྱུ་

རྐྱེན་གཞན་གྱིས་ཀྱང་མི་འབྱུང་བས་མྱ་ངན་ལས་འདས་པའི་མཚན་ཉིད་ཡིན་ནོ། །དེ་ལྟར་རིག་ཅིང་རྟོགས་པའི་ཚེ་ཤེས་པའམ་རྟོག་པ་ཇི་སྙེད་སྐྱེ་བ་ཀུན་ཀྱང་སྐྱོན་མེད་དེ། །ཆོས་ཀྱི་དབྱིངས་རྟོགས་ཤིང་ཤེས་པ་ལ། དགྲ་བཅོམ་རབ་འབྱོར་གྱི་ཡིན་ཞེས་བྱའོ། །ཡང་ནི་མི་ཤེས་པའི་རབ་རིབ་ཀྱི་དགྲ་བཅོམ་པ་
ཡིན་པས། དགྲ་བཅོམ་རབ་འབྱོར་ཡིན་ཞེས་བྱའོ། །ནམ་མཁའ་མི་དམིགས་མིང་ཙམ་དགེ་དང་མི་དགེར་དབྱེར་མེད་སྐྱེ་བ་མེད། །གོང་དུ་བསྟན་པ་རྣམས་ཀྱི་དོན་དཔེར་ན་ནམ་མཁའ་དང་འདྲ་སྟེ། ནམ་མཁའ་ཞེས་མིང་དུ་བརྗོད་པ་ཙམ་དུ་ཟད་ཀྱི་མིང་གིས་མཚོན་པའི་དོན་ནི་ཅི་ལྟ་བུའི་མཚན་ཉིད་དུ་ཡང་མི་
དམིགས་པས། དགེ་དང་མི་དགེ་ལ་སོགས་ཏེ། གཉིས་སུ་མི་འབྱེད་པ་ནི་སྐྱེ་བ་མེད་པའི་ཕྱིར་རོ། །གོང་དུ་བསྟན་པ་ལྟར་གཏན་ཚིགས་ཀྱིས་གྲུབ་པས་དེ་ལྟར་བསྒོམ་མོ་ཞེས་རྒྱས་པར་བསྟན་པ་ནི། རྩོལ་བར་ཡིད་ལ་མི་བྱེད་གང་ལའང་སེམས་མེད་ཤེས་དང་མི་ཤེས་བྲལ། །སྤོང་བའམ་
བསྒྲུབ་པར་བྱ་བའི་རྩོལ་བ་ཡང་ཡིད་ལ་མི་བྱེད། དམིགས་པའི་ཡུལ་གང་ལ་ཡང་སེམས་པ་མེད། སེམས་ཉིད་ཀྱང་མ་གྲུབ་པས་ཤེས་པ་དང་མི་ཤེས་པར་མི་རྟོག་པས་ཤེས་དང་མི་ཤེས་བྲལ་ཞེས་བྱའོ། །དྲན་དང་འབྱེད་མི་སྤོང་ལེན་གང་ལའང་དགའ་དང་མཚུངས་མེད་མི་དམིགས་ཤིང་། ཡང་
དག་པའི་དོན་དུ་མཐུན་པ་དང་། གཉེན་པོ་དབྱེར་མེད་པས། གཉེན་པོ་དྲན་པར་བྱ་བ་མེད་ཅིང་། སྤོང་ལ་དགའ་བའམ། ལེན་པ་ལ་དགའ་བ་ཡང་གང་ཟག་དེ་ལ་མེད་དོ། །མི་མཐུན་པ་དང་གཉེན་པོ་གཉི་ག་མཉམ་ཞིང་མཚུངས་པར་བཞག་པའང་མེད་དེ། ཅིར་ཡང་མི་དམིགས་ཤིང་
མཉམ་ན་གཉིས་སུ་བརྟག་མེད་བརྗོད་བྲལ་བྱ་དང་མི་བྱ་མེད་དེ་སོགས་འབྲི་མེད། འདོད་པ་མེད་མི་འདོད་པ་མེད་པས་མཉམ་པར་གནས་ལ། ཐ་དད་དུ་མི་འབྱེད་པས་གཉིས་སུ་བརྟགས་པ་ཡང་མེད། འདི་ལྟ་བུ་ཡིན་ཞེས་འཛིན་པ་མེད་པས་ཅིར་ཡང་མི་བརྗོད་པའི་ཕྱིར་བརྗོད་པ་དང་བྲལ། དོན་
དུ་གཉེར་བ་མེད་པས་བྱ་བ་མེད། སྒོ་གསུམ་གྱི་ལས་ལས་སྐྱོན་དུ་མི་ལྟ་བས་མི་བྱ་བ་ཡང་མེད་དེ། ཚོགས་རྣམ་གཉིས་རྫོགས་པར་བྱ་བ་ཡང་མེད་དེ། ཆོས་ཉིད་ལ་བྲི་བའམ་འཕེལ་བ་མེད་ཅེས་འབྱུང་བ་ལྟ་བུའོ། །ཚུལ་བཞིན་དུ་བསྒོམས་པའི་རྟགས་ཇི་ལྟ་བུ་དག་འབྱུང་ཞེ་ན། ཆེད་དུ་རྩོལ་

བྲལ་ཡིད་ལ་མི་བྱེད་ཅེས་ཀྱང་མི་འཁྲུགས་མཉམ་ཤེས་དང་། དེ་ལྟར་གོང་དུ་བསྟན་པ་བཞིན་དུ་མ་ནོར་བར་བསྒོམས་ཏེ། མཉམ་པར་ཤེས་པ་དང་། རྟགས་འདི་ལྟ་བུ་དག་འབྱུང་བ་སྟེ། གང་ལ་ཆགས་དང་ཡུལ་གྱིས་མྱོས། །སྐྲག་མེད་མི་འབྲལ་མི་གནས་ཤིང་། །དངོས་
པོ་གང་ལ་ལང་ཆགས་ཤིང་འདོད། །ཡུལ་གྱི་དངོས་པོ་རྣམས་ཇི་ལྟ་བ་བཞིན་དུ་རིགས་པས་མྱོས་ཤིང་གཏི་མུག་པ་ཡང་མེད། རང་གི་ངོ་བོ་ཉིད་ཀྱང་མ་ཡིན་པས་གང་ལ་ཡང་མི་འདོད་པའང་སྐྲག་པ་མེད་དེ། དེའི་ཕྱིར་གང་དང་ཡང་བྲལ་བར་མི་བྱེད་པ་དང་། གང་ལ་ཡང་དགའ་ཞིང་ཆགས་པ་མེད་པས་
ཆོས་གང་ལ་ཡང་གནས་པར་མི་བྱེད་དོ། །མི་འཕྲོགས་མཉམ་ཤེས་བཞི་པོ་ཕྱོགས་དང་ཕ་རོལ་ཕྱིན་རྣམས་དེར་ཤེས་ཏེ། མི་མཐུན་པའི་ཕྱོགས་ཀྱིས་མི་འཕྲོགས་པའི་ཆོས་ཉིད་ཀྱི་དོན་མཉམ་པའི་ཤེས་པའི་ཡེ་ཤེས་བཞི་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ཕ་རོལ་ཏུ་
ཕྱིན་པ་བཅུ་ལ་སོགས་ཏེ་རྣམ་པར་དཀའ་བའི་ཕྱོགས་དང་། འབྲས་བུ་ཆེ་བའི་ཡོན་ཏན་ཅི་སྙེད་ཡོད་པ་མ་ལུས་པ་ཐམས་ཅད་ནི། བསྒོམ་པའི་དོན་ཇི་སྐད་དུ་བསྟན་པ་དེར་འདུས་ཤིང་འུབ་པར་རང་གི་རིག་པས་ཤེས་ཏེ། སེམས་ཀྱི་དབྱིངས་སུ་བསྒོམས་པས་ལམ་གྱི་གཞན་དུ་བསྒོམས་པས་འོད་
གསལ་མི་འགྱུར་རོ། །ཆོས་ཐམས་ཅད་ནི་སེམས་ཀྱི་ངང་དུ་འདུས་པས། སེམས་ཉིད་ལ་གོང་དུ་ཇི་སྐད་བསྟན་པའི་དོན་ལྟར་བསྒོམས་པས་མ་ནོར་བའི་ལམ་དུ་འགྱུར་གྱི་གཞན་ཞིག་ཏུ་བསྒོམས་ན་གང་ལྟར་བསྒོམས་ཀྱང་ཡང་དག་པའི་དོན་ལ་གསལ་ཞིང་རིག་པར་མི་འགྱུར་རོ། །བཅུ་གཉིས་
ལས་བརྒྱད་པ། བརྒྱུད་པའི་ཐབས་ཀྱིས་ངེས་པའི་དོན་རྟོགས་པར་བྱ་བའི་ཐབས་ཇི་ལྟ་བུ་ཞེ་ན། བརྡ་ཅན་ཡང་དག་ལེན་པའང་བྱང་ཆུབ་ཡིན་ཞེས་སྟོན་པས་རབ་གསུངས་ཕྱིར། །ཞེས་བྱ་བ་ཡིན་ཏེ། དཔེར་ན་ལག་པ་གཡས་པའི་ལག་བརྡས་ཚུར་འོང་བའི་བརྡ་མཚོན་པའི་དོན་སྟོན་ཅིང་ལེན་པ་
ལྟར། སེམས་རྩེ་གཅིག་པའི་བྱ་བས་བྱ་བ་མེད་པའི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ་དེ་ཡང་བྱང་ཆུབ་ཏུ་སྒྲུབ་པར་བྱེད་པ་ཡིན་པས། བྱང་ཆུབ་ཡིན་ཞེས་སྟོན་པ་སངས་རྒྱས་གསུངས་པའི་ཕྱིར། དེ་ལ་འདི་ནི་བྱང་ཆུབ་སེམས་ཉིད་བསྐྱེད་ཅིང་བསྒོམ་པའི་གནས་ཡིན་ཏེ། འོག་ནས་འབྱུང་བའི་ཏིང་

ངེ་འཛིན་དང་ཕྱག་རྒྱ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་བསྒོམ་པའི་རྒྱུའམ་གནས་ཡིན་ཏེ། ཏིང་ངེ་འཛིན་གསུམ་པོ་བརྟན་པོར་བྱས་ཤིང་རྟགས་ཀྱི་ཕྱག་རྒྱ་གསུམ་བཅིངས་ནས། བྱ་བ་མེད་པའི་དོན་ཉིད་ལ་མ་བབ་ཅིང་། རྩེ་གཅིག་ཏུ་རྣམ་པར་མི་རྟོག་པས་བསྒོམ་པ་དང་། ཀུན་དུ་
སྣང་བ་ནམ་མཁའ་ལྟར་བསྒོམ་པ་དང་། རྒྱུའི་ཏིང་ངེ་འཛིན་ཨ་འམ་ཨོཾ་ལ་སོགས་པ་བསྒོམ་པ་ལ་ཏིང་ངེ་འཛིན་གསུམ་ཞེས་བྱ། བརྟན་པ་ནི་ཏིང་འཛིན་གསུམ་གྱི་མཚན་ཉིད་གང་ཡིན་པ་ལྟར། མི་མཐུན་པའི་རྐྱེན་གྱི་དབང་དུ་མི་འགྲོ་བ་ལ་བྱ། རྟགས་ཞེས་བྱ་བ་ནི་དཔེར་ན་རྒྱལ་
པོའི་རྟགས་ནི་ཕྱག་རྒྱ་ཡིན་པས། རྒྱལ་པོའི་ལས་ཐམས་ཅད་ནི་ཕྱག་རྒྱས་བྱེད་པ་དང་འདྲ་བར་སངས་རྒྱས་ཀྱི་རྟགས་ཀྱི་ཕྱག་རྒྱས་ནི། སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་བྱེད་དེ། སྐུའི་རྟགས་ཀྱི་ཕྱག་རྒྱ་ཆེན་པོའོ། །ཐུགས་ཀྱི་རྟགས་ཀྱི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱའོ། །
ཕྲིན་ལས་ཀྱི་རྟགས་ཀྱི་ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱ་སྟེ། རྟགས་ཀྱི་ཕྱག་རྒྱ་དེ་གསུམ་བཅིངས་ཤིང་བསྒོམས་ནས། སངས་རྒྱས་ཀྱི་གསུང་གི་རྟགས་ཀྱི་ཕྱག་རྒྱ་ནི། ཆོས་ཀྱི་ཕྱག་རྒྱ་ཆེན་པོར་སེམས་ཉིད་བསྐྱེད་དེ་དེའི་སྙིང་པོ་བརྗོད་ཅིང་བསྒོམ་ཞེས་བྱ་བས་སྟོན་ཏེ། ཏིང་ངེ་འཛིན་དང་ཕྱག་རྒྱ་
རྣམས་ཆོས་ཉིད་ཡིན་ཏེ། ཐ་མི་དད་པར་སེམས་བསྐྱེད་ཅིང་ལྷ་གང་བསྒོམས་པའི་སྙིང་པོ་བརྗོད་ཅིང་བསྒོམ་པ་ཡང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར་ཏེ། ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། གོང་མ་ལྟར་ཡུན་རིང་དུ་བསྒོམས་ཏེ། ཇི་ལྟར་བསྒོམས་པ་བཞིན་དུ་མངོན་དུ་སྣང་བའི་ཚེ།
ཆོས་ཐམས་ཅད་ཀྱང་རང་གི་སེམས་ཁོ་ན་སྣང་བ་ལམ་གཏོགས་པ་གཞན་མེད་པ་ལྟ་ཞིག་ཅེས་རང་གི་རིག་པ་འབྱུང་ཞིང་། དོན་རྟོགས་པར་འགྱུར་བ་དང་། གོང་མ་ལྟར་བསྒོམ་པ་དང་། སྒྲིབ་པ་འབྱང་ཚོགས་སྐྱེ་བའི་སྒོ་ནས་ཀྱང་རྟོགས་པར་འབྱུང་ངོ་། །དོན་དགུ་པ་བྱང་ཆུབ་སེམས་
ཀྱིས་མ་ཟིན་ན། རྣམ་པར་གྲོལ་བ་མི་ཐོབ་ཅིང་དགེ་བ་ཆུང་ཟ་བར་བསྟན་པ་ནི། རྡོ་རྗེ་སེམས་དཔའ་བསྒོམས་པས་ལམ་ཀུན་མ་ནོར་བསྒོམས་པ་ཡིན། །གོང་དུ་བསྟན་པ་དང་འདྲ་སྟེ། །སེམས་ཀྱི་རང་བཞིན་ནི་ཆོས་ཉིད་ཡིན་པས་རྡོ་རྗེའོ། །དེ་ལ་མ་ནོར་བར་སེམས་དཔའ་རྡོ་རྗེ་སེམས་

དཔའ་སྟེ། ལོག་པར་མཐོང་བའི་སེམས་ཉིད་ནི་ཀུན་ནས་ཉོན་མོངས་པ་རྣམས་སུ་སྣང་ལ། ཇི་ལྟ་བ་བཞིན་དུ་མཐོང་བའི་སེམས་ཉིད་ནི་རྣམ་པར་གྲོལ་བ་རྣམས་སུ་ཡང་སྣང་བའི་ཕྱིར། ལམ་ཀུན་མ་ནོར་བསྒོམས་པ་ཡིན་ཞེས་བསྟན་པ་ཡིན་ནོ། །ཀུན་ཏུ་བཟང་པོའི་སྤྱོད་
པས་མ་ཟིན་དགེ་བའི་ཆོས་ནི་གང་ཡང་རུང་། །གོང་དུ་ཇི་སྐད་བསྟན་པ་བཞིན་དུ་རིག་ཅིང་རྟོགས་ན། སྤྱོད་དོ་ཅོག་ཀུན་ཏུ་བཟང་བའི་ཕྱིར་ཀུན་ཏུ་བཟང་བ་དང་། ཅི་ལྟར་མ་ལས་བུ་འབྱུང་བ་བཞིན་དུ་ཡོན་ཏན་མ་ལུས་པ་ཐམས་ཅད་འབྱུང་བའི་གནས་ཡིན་པའི་ཕྱིར་མོ་སྟེ། གོང་མའི་
དོན་ཉིད་ལྷ་མོར་བྱིན་གྱིས་བརླབས་ཏེ། ཀུན་ཏུ་བཟང་མོ་ཞེས་བྱ་བར་ཡང་འདོགས་པ་ཡང་ཡོད་དེ། དངོས་སུ་ཤེས་རབ་ཀྱི་བདག་ཉིད་ལ་བྱས་ཏེ། ཤེས་རབ་ཀྱིས་མ་ཟིན་ན། ཀུན་ཏུ་བཟང་པོའི་སྤྱོད་པའང་བདུད་ཀྱི་ལས་དེ་ཟད་ཅིང་མཐར་ཐུག་འགྱུར། ཐེག་པ་ཆེན་པོའི་ཐབས་ཀྱི་སྤྱོད་པ་
ནི། །བདག་དང་གཞན་ཀུན་ལ་བཟང་བའི་ཕྱིར། ཀུན་ཏུ་བཟང་པོའི་ཞེས་བགྱི། ཡང་ན་གོང་མ་ལྟ་བུ་ཤེས་རབ་ཀྱིས་ཟིན་པའི་སྒོ་གསུམ་གྱི་སྤྱོད་པ་ཀུན་ཀྱང་བཟང་བས། ཀུན་ཏུ་བཟང་པོ་ཞེས་བྱ་བ་ཡིན་ན། གོང་མ་ལྟ་བུ་ཤེས་རབ་ཀྱིས་མ་ཟིན་ན། སྤྱོད་པ་ཐམས་ཅད་ཀྱང་ཀུན་ཏུ་བཟང་
བར་མི་འགྱུར་བ་དང་། བདག་དང་གཞན་གྱི་དོན་ཐབས་གྱི་སྤྱོད་པ་ཀུན་ཀྱང་། འཇིག་རྟེན་གྱི་འདོད་པའི་འབྲས་བུ་ཙམ་དུ་གྲུབ་པས་ཟད་ཅིང་མཐར་མེད་པར་འགྱུར་རོ། །དེ་དང་ལྡན་པའི་ལམ་ནི་བདུད་ཀྱི་ལས་ཀྱང་བྱང་ཆུབ་སྤྱོད་པར་གསུངས། ཕྱི་ནང་གི་དངོས་པོ་དང་སྒོ་གསུམ་གྱི་སྤྱོད་པ་ལ།
གཅིག་ཏུ་ཆད་ཅིང་ངེས་པ་མེད་དེ། ཤེས་པ་དང་མི་ཤེས་པ་ཁོ་ན་ལས། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་རྒྱུར་འགྱུར་བའི་ཕྱིར་རོ། །དོན་བཅུ་པ་མོས་པ་ཙམ་སྐྱེས་པས་ཀྱང་། ཡོན་ཏན་མང་པོ་ཐོབ་པར་བསྟན་པ་ནི། དོན་འདིར་མོས་པ་དེ་ཡང་བྱང་ཆུབ་ཆེན་པོ་ཞེས་རྒྱལ་
བས་རབ་ཏུ་བསྔགས། གོང་དུ་ཇི་སྐད་བསྟན་པའི་དོན་འདིར་མོས་ཤིང་ཡིད་ཆེས་པ་དེ་ཡང་བྱང་ཆུབ་ཆེན་པོ་ཡིན་པ་ལ། ཡིན་པ་ཁོ་ནར་ཤེས་ཤིང་མོས་པ་དེ་ཉིད་བྱང་ཆུབ་ཆེན་པོ་ཡིན་ཞེས་བཅོམ་ལྡན་འདས་ཀྱིས་བསྔགས་པ་མཛད་དོ། །གནས་འདིར་བསྐྱེད་པ་ཙམ་གྱིས་འཇིག་རྟེན་

གསུམ་པོ་བླ་མར་བཅས་པ་ཡི། །མཆོད་གནས་ཉན་ཐོས་བདུད་ཀྱི་སྡེ་རྣམས་ཟིལ་གྱིས་གནོན་ཞེས་སངས་རྒྱས་གསུངས། །ཡོན་ཏན་ཐམས་ཅད་སྐྱེ་བའི་གནས་བྱང་ཆུབ་ཀྱི་སེམས་འདི་བསྐྱེད་པ་ཙམ་གྱིས་འཇིག་རྟེན་གསུམ་གྱི་སེམས་ཅན་ཇི་སྙེད་པའི་གཙོ་བོའམ། །བླ་མ་བརྒྱ་བྱིན་ཚངས་པར་བཅས་
པའི་མཆོད་གནས་ནི་ཉན་ཐོས་རྣམས་ཡིན་པས། དེ་ལྟར་མཆོད་གནས་སུ་གྱུར་པའི་ཉན་ཐོས་རྣམས་དང་བདུད་ཀྱི་སྡེ་རྣམས་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ་ཞེས་གསུངས་སོ། །ཐབས་ཆེན་བྱང་ཆུབ་སེམས་དཔའ་གསང་བའི་སྤྱོད་པའང་འདི་ཉིད་དེ། །བླ་ན་མེད་པའི་བྱང་ཆུབ་ཏུ་འགྲུབ་པའི་
ཐབས་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རིག་ཅིང་སྤྱོད་ཀྱི་ཉན་ཐོས་ལ་སོགས་པས་རིག་པ་ཡིན་པའི་ཕྱིར། རང་བཞིན་གྱིས་གསང་བའི་ཡོན་ཡང་འདི་ཉིད་དོ། །འདི་མེད་རྒྱལ་བས་རྣམ་པར་སྣང་མཛད་ཐེག་པ་གསུམ་སྟོན་མི་སྲིད་དོ། །གོང་དུ་བསྟན་པའི་བྱང་ཆུབ་ཀྱི་སེམས་འདི་མ་རྟོགས་ཤིང་
མེད་ན་སངས་རྒྱས་སུ་མི་འགྲུབ། སངས་རྒྱས་མེད་ན་གཞན་གང་གིས་ཀྱང་ཐེག་པ་གསུམ་སྟོན་མི་སྲིད་དོ། །སྐད་ཅིག་ཙམ་དུ་དད་པའི་ཤུགས་ཀྱིས་དེ་ཡང་མྱུར་དུ་འཇམ་དཔལ་གཞོན་ནུར་འགྱུར། །འཇམ་དཔལ་གྱི་རང་བཞིན་ཡང་དེ་ཡིན་ལ། འདི་རྟོགས་པས་ཀྱང་འགྲུབ་པ་ཡིན་པའི་ཕྱིར་རོ། །
དཀྱིལ་འཁོར་གསང་བར་ཞུགས་ཤིང་ཐེག་ཆེན་དམ་ཚིག་མཆོག་ཀྱང་བསྲུངས་པ་ཡིན། །ཚུལ་ཁྲིམས་སྡོམ་པ་ཀུན་ཀྱང་བསྲུངས་ཤིང་སྦྱིན་གནས་དམ་པར་རབ་ཏུ་བསྔགས། །གོང་དུ་བསྟན་པ་ཡིན་ཏེ་ལེགས་པའི་ཡོན་ཏན་མ་ལུས་པ་རྣམས་བྱང་ཆུབ་ཀྱི་སེམས་ཀྱི་ནང་དུ་མ་འདུས་པ་མེད་པར་བསྟན་
པའི་ཕྱིར་རོ། །དེ་ལྟར་བྱང་ཆུབ་སེམས་ལས་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ཐོབ་སྟེ། ཅི་ལྟ་ཞེ་ན། དེ་ཅིའི་ཕྱིར། བྱང་ཆུབ་སེམས་ཀྱི་བསོད་ནམས་དེ་ལ་གལ་ཏེ་གཟུགས་ཡོད་ན། །ནམ་མཁའ་བར་སྣང་དེ་ཡང་སྣོད་དུ་ཆུང་ཞེས་རྒྱལ་བས་མཚུངས་པར་གསུངས། །ཞེས་བྱ་བ་ལྟ་བུའོ། །
དོན་བཅུ་གཅིག་པ་ལོག་པར་ཞུགས་པ་རྣམས་སྙིང་རྗེའི་གནས་སུ་བསྟན་པ་ནི། སྐྱེ་བོ་སྐྱེ་བ་སྣ་ཚོགས་པ་དག་སྐྱེ་ཞིང་སྐྱེ་དང་སྐྱེ་འགྱུར་སྐྱེ་བའི་རྒྱུན་གྱིས་དབང་སོང་བ། ལས་ཀྱི་དབང་གིས་སོ་སོར་སྐྱེ་བས་སོ་སོའི་སྐྱེ་བོ་སྟེ། །རྒྱུད་དྲུག་གི་སྐྱེ་བ་སྣ་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་སྔོན་ཡང་སྐྱེས།

དེ་ཡང་སྐྱེ་ཕྱིས་ཀྱང་སྐྱེ་བར་འགྱུར་ཏེ། སྐྱེ་བའི་རྒྱུན་མི་འཆད་པས་སྐྱེ་བའི་དབང་དུ་སོང་བའོ། །རྟོག་མཐའ་མི་ཤེས་རྟོག་པས་བསླུས་ཤིང་རྟོག་པའི་རྒྱུན་འབྲངས་འཁྲུལ་པའི་རྟོག་ལས་ཕྱིར་ལྡོག་མེད་གྱུར་པ། སེམས་ཀྱི་རྟོག་པ་འདི་ཉིད་ཀྱིས་ང་དག་པའི་མཐའ་མི་ཤེས་པས་ལོག་
པའི་རྟོག་པས་རང་ཉིད་ཀྱིས་རང་བསླུས་ཏེ། ལོག་པའི་རྟོག་པ་རྒྱུན་མི་འཆད་པས། འཁྲུལ་པའི་རྟོག་པ་ལས་ལྡོག་ཅིང་ཡང་དག་པའི་དོན་ཤེས་པའི་དུས་མེད་པར་འགྱུར་བ་ནི། དཔེར་ན་སྒྱུ་མས་བསླུས་པའི་ལྟད་མོ་བ་དང་། རྨི་ལམ་གྱིས་བསླུས་པའི་རྨི་ལམ་དང་འདྲ་བའི་ཕྱིར། སྒྱུ་མའི་སྒྱུ་ཤེས་
དག་གིས་སྒྱུ་མའི་གླང་པོ་འདྲ་བར་སྒྱུ་མས་རྨོངས་པའི་སྒྱུ་མ་རྣམས། རྨི་ལམ་གྱིས་བསླུས་བཞིན་དུ་རྨི་བའི་བདེ་བ་ཉམས་ཤིང་རྨི་ལམ་དབང་དུ་སོང་བར་རྨི་ལམ་འདྲ། ཞེས་སྨོས་པ་ཡིན་ནོ། །ལམ་འདི་སྤོང་ཞིང་ལམ་གཞན་དུ་བལྟས་པས་མ་ནོར་ལམ་ཞེས་སྟོན་པ་དེ། དེ་དག་རྡོ་ལ་གསེར་བཞིན་
ཐུགས་རྗེའི་ཐུགས་རྗེས་ཀྱེ་མའོ་འཕྲོགས་པ་ཡིན། གོང་དུ་ཇི་སྐད་བསྟན་པའི་ལམ་འདི་སྤོང་ཞིང་ཐེག་པ་ཆེན་པོའི་ལམ་ཇི་ལྟ་བ་བཞིན་མ་ལྕོགས་ཏེ། མཐར་ལྟུང་བའི་སྐྱོན་དང་ལྡན་པ་དང་། ཐེག་པ་ཆེན་པོའི་ལམ་ལས་གཞན་དུ་འགྱུར་བ་ལྟ་བ་སྣ་ཚོགས་ཀྱིས་ལམ་དུ་བལྟས་པས་མ་ནོར་བའི་ཞེས་སྟོན་པ་དེ་ནི་
དཔེར་ན་རྡོ་ལས་གསེར་ཞེས་ཟེར་བ་དང་འདྲ་སྟེ། ཐུགས་རྗེར་རུང་ཞིང་འཕགས་པ་ཐུགས་རྗེ་མངའ་བ་རྣམས་ཀྱི་ཐུགས་རྗེས་རང་དབང་མེད་པར་གདུང་བ་སྐྱེ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དཔེར་ན་ཡིད་དུ་འོང་བའི་ཡུལ་ལ་སེམས་ཡེངས་ཏེ། འཇུག་པ་ལ་རང་དབང་མེད་པ་ལས། ཡུལ་གྱིས་
ཡིད་འཕྲོགས་ཞེས་སམ། སེམས་འཕྲོགས་ཞེས་བརྗོད་པ་དང་འདྲ་བར་ཐུགས་རྗེ་མངའ་བ་རྣམས་ཐུགས་རྗེས་སེམས་འཕྲོགས་ཏེ། རང་དབང་མེད་པར་གདུང་བ་སྐྱེ་བ་ལ་ཐུགས་རྗེས་འཕྲོགས་པ་ཞེས་བྱའོ། །ཤིན་ཏུ་མ་སྦྱངས་པའི་དུས་ཀྱིས་མནར་བའི་སྐྱེ་བོ་ལྔ་བརྒྱ་ཐ་མ་ལ། གསུང་རབ་དྲི་མེད་
རྟོགས་དཀའ་དག་ལ་སྒྲ་བཞིན་སྤྱོད་དང་ཚུལ་བཞིན་མེད། །ཤེས་རབ་ཀྱི་བློ་མ་སྦྱངས་པས་དུས་ཀྱིས་མནར་ཏེ་ལྔ་བརྒྱ་ཐ་མ་ལ། ཆོས་ལ་དཔྱོད་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་གསུང་རབ་མ་ནོར་བ་དྲི་མ་མེད་པར་བསྟན་པའི་དོན་རྟོགས་པར་དཀའ་བ་རྣམས་ལ་ཅི་སྐད་བསྟན་པའི་སྒྲ་བཞིན་དུ་དཔྱོད་ཅིང་

འཛིན་གྱི། དོན་གྱི་ཚུལ་ཇི་ལྟ་བ་བཞིན་དཔྱོད་པར་མི་བྱེད་དེ། དོན་ནི་མུན་ཁུང་ན་གསེར་འདུག་པ་དང་འད་། ཚིག་ནི་སྒྲོན་མ་དང་མཚུངས་ཏེ། ཚིག་གི་སྒྲོན་མས་དོན་གྱི་གསེར་བཙལ་བ་ཡིན་གྱིས་ཀྱང་། ཇི་ལྟར་སྒྲོན་མ་དེ་གསེར་མ་ཡིན་པ་བཞིན་དུ་ཚིག་ནི་དོན་མ་ཡིན་པར་ཤེས་ཏེ། ཚིག་ལ་དོན་གྱི་ངོ་བོར་གཟུང་
བ་དང་། རབ་ཀྱི་བློ་སྟོབས་བཞིན་འཇུག་པ་ལ་སོགས་པ་ལྟ་བ་སྣ་ཚོགས་དག །མི་ཤེས་ཆུ་བསོ་གཡེངས་ཤིང་གསུང་གི་ཉིང་གུ་བདུད་རྩི་རྣལ་འབྱོར་བྲལ། །རང་གི་འཁྲུལ་བའི་བློ་གྲོས་ཀྱི་སྟོབས་ཀྱི་རང་དོན་སྤྱོད་པ་ལ་འཇུག་པ་རྣམས་ཀྱིས་ཕྱིན་ཅི་ལོག་གི་ལྟ་བ་སྣ་ཚོགས་བཟུང་བ་ནི་མི་ཤེས་པའི་ལྟ་
བའི་ཆུ་བོས་གཡེངས་ཏེ་ཁྱེར་བས་དེ་བཞིན་གཤེགས་པས་ངེས་པའི་དོན་དུ་གསུངས་པའི་གསུང་རབ་བདུད་རྩི་དང་འདྲ་བ་ལམ་ནོར་བར་རྣལ་འབྱོར་དུ་སྦྱོར་ཞིང་བསྒོམ་པ་དང་བྲལ་བ་ཡིན་ནོ། །དོན་བཅུ་གཉིས་པ་དགེ་བའི་རྩ་བ་བསྔོ་བ་ནི། དེའི་ཕྱིར་རྒྱལ་བས་གསུངས་པའི་ལམ་མཆོག་ཐུགས་
ཀྱི་གསང་བ་དམ་པ་ནི། །ཀུན་ཏུ་རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་ཐུན་མོང་མ་ཡིན་ཡང་། །སངས་རྒྱས་རྣམས་ཀྱིས་ཅི་ལྟར་མཁྱེན་པ་ལྟར། །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་ཀྱང་ཤེས་པ་མ་ཡིན་པས་ཐུན་མོང་མ་ཡིན་ཡང་། གོམས་པའི་མཐུ་ཡིས་མི་འགའ་ཚུལ་དུ་ཚད་མ་དག་ལས་རབ་
བསྒྲུབས་ཏེ། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་གསང་བ་ཡང་དག་པའི་དོན་ལ་སློབ་དཔོན་ཉིད་ཀྱིས་ཡུན་རིང་དུ་གོམས་པར་བྱས་ཏེ། བསྒོམས་པའི་མཐུ་དང་ལུང་དང་མན་ངག་གི་ཚད་མ་དག་གིས་གཏན་ལ་ཕབ་སྟེ། འགྲོ་བའི་དོན་དུ་མི་གཉིས་ལམ་མཆོག་འདི་ནི་རབ་བགྱིས་པས། །སྐྱེ་བའི་
སྐྱེ་གནས་ཐམས་ཅད་དུ་ཡང་སྐད་ཅིག་ཏུ། །མི་མཐུན་ཕྱོགས་ཀྱིས་མི་ཉམས་རྒྱལ་བ་ཀུན་གྱི་ཐུགས་འདིར་རབ་རྒྱས་ཤོག །འགྲོ་བའི་དོན་དུ་གཉིས་སུ་མེད་པ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ། ལམ་གྱི་མཆོག་འདི་མདོར་བསྟན་ཅིང་བགྱིས་པས་སེམས་ཅན་ཐམས་ཅད་ཀྱི་དུས་དང་གནས་
སྐབས་ཐམས་ཅད་དུ་མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱིས་ཡང་དག་པའི་བསམ་པ་མི་ཉམས་ཤིང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་སུ་ཆུད་པའི་དོན་གྱི་སྙིང་པོ་འདི། སེམས་ཅན་ཐམས་ཅད་ཀྱིས་རྟོགས་ཤིང་རྒྱས་པར་ཤོག་ཅིག་ཅེས་བསྔོ་བ་ཡིན་ནོ། །བྱམས་པའི་ཞལ་བཟང་མངོན་དུ་མ་མཐོང་ཡང་། ཐུགས་རྗེ་

མན་ངག་བརྒྱུད་པའི་སེར་བུ་ཡིས། །འཁྲུལ་གདོང་གཏིང་ནས་བདག་བློ་ཟེར་བསྐྱེད་པ། །འཇམ་དཔལ་འཇམ་དཔལ་བཤེས་གཉེན་བཅས་ལ་འདུད། །ལོང་བ་ལ་ཡང་དམིགས་སུ་ཚོལ། །མི་མཐོང་བཞིན་དུའང་མཚོན་པར་སྩོལ། །མཐུ་ཆུང་ནན་ལ་བཏབ་པ་བཞིན། །རང་
དབང་མེད་པར་བཙལ་བྱས་པ། །གང་ཡང་འདི་ལ་རྟེན་པར་མི་བྱེད་ངེས་ན་སྒྲིབ་པ་ཉིད་དུའང་མི་འགྱུར་གྲང་། །འོན་ཀྱང་རྒྱུ་མེད་ཕན་པའི་སེམས་ཀྱིས་མི་ཤེས་སྐྱོན་ཡང་ཡང་དུ་བླངས་ནས་སུ། །ལེགས་འདོད་ཕན་སེམས་ཙམ་གྱིས་སྩོལ་བའི་དོན་ངོར་བྱས་པ་ལྟར་ཡང་བརྩམས་པ་ཡིན། །འགྲོ་བ་
ཀུན་ཀྱང་གཞན་དོན་སེམས་ཤིང་དོན་ཡོད་མྱུར་དུ་མཐུ་དང་ལྡན་པར་ཤོག །བྱང་ཆུབ་ཀྱི་སེམས་བསྒོམ་པ་དོན་བཅུ་གཉིས་བསྟན་པ་ལུང་གི་རྗེས་སུ་འབྲངས་པའི་སེང་གེ་གླིང་གི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་ཚིགས་བཅད་བཞི་བཅུ་པ་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་ནོ་པི་ཀ །བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་འདི་སྐུ་གསུང་ཐུགས་ལྡན་པའི། །འཇམ་དཔལ་དེ་ལ་
སྤྱི་བོ་ཡིས། །ཀུན་ནས་ལུས་ངག་དང་བའི་ཡིད། །དེ་ལ་བདག་ནི་ཕྱག་འཚལ་ལོ། །ཟབ་ཅིང་རྒྱ་ཆེའི་མཚན་བསྟན་པ། །རྣལ་འབྱོར་རྒྱུད་རྒྱལ་དག་ལ་སྟེ། །སྙིང་རྗེ་དགའ་བའི་སེམས་ཀྱིས་སུ། །ཀུན་ལ་ཕན་ཕྱིར་བཤད་པར་བྱ། །ཐིག་ལེ་བཅུ་དྲུག་མི་ཤིགས་དབུས། །ཡན་
ལག་མེད་ཅིང་རྩིས་ལས་འདས། །དེ་ཉིད་ལྡན་ཞིང་མི་རྟོག་འདས། །ངེས་འབྱུང་ཀུན་གྱི་ལམ་གང་ཡིན། །དོན་གསུམ་ཐེ་ཚོམ་མེད་པའི་བློས། །ལུས་ཀྱི་མཐའ་ནི་ངེས་རྟོག་བྱ། །བྱང་ཆུབ་བླ་ན་མེད་པ་པོ། །གསང་སྔགས་དོན་ཀུན་བསྐྱེད་པ་པོ། །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་
མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །མཆོད་འོས་བསྟོད་འོས་རིམ་གྲོའི་གནས། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ལྡན། །ལག་ན་རྡོ་རྗེ་མཐུ་བོ་ཆེས། །ཉིད་ལ་སྙན་པའི་ཚིག་དག་གིས། །བསྟོད་ནས་མཚན་གྱི་རིམ་པ་ཞུས། །བློ་གཞན་དོན་ཕྱིར་རིམ་པར་གསུངས། །དང་པོར་རྡོ་རྗེ་

འཆང་ཆེན་པོས། །སློབ་དཔོན་ཆ་ལུགས་ལྡན་བྱས་ཏེ། །བསམ་གཏན་དང་ནི་རྗེས་མཐུན་པའི། །རི་ཡི་ཕུག་གམ་ཆུ་ཡི་འགྲམ། །རྫིང་ངམ་རང་དགའི་གནས་དག་གམ། །ལྷ་ཁང་མཆོད་རྟེན་ལ་སོགས་པར། །བདེ་བའི་སྟན་ལ་འདུག་བྱས་ཏེ། །གྲོགས་བཟང་བཙལ་ནས་བསྙེན་པ་བརྩམ། །བདག་
དང་ས་གཞི་ཡོངས་བསྲུང་ཕྱིར། །དྲ་བ་ར་བ་མཚམས་བཅད་དང་། །ཕྱོགས་དང་སྟེང་འོག་བཅིངས་སོགས་པ། །རབ་ཏུ་འབད་པས་བསྒོམ་པར་བྱ། །དེ་ནས་ཤིན་ཏུ་བརྩེར་ལྡན་པས། །སྦྱིན་སྲེག་གིས་ནི་མཉེས་པར་བྱ། །སྔོན་དུ་བསྙེན་པ་རབ་འབད་དེ། །དགྱེས་པ་བསྐྱེད་ཅིང་འཁོར་ལོ་ནི། །ནམ་
མཁར་བསྒོམ་པར་བྱ་བ་ནི། །མཁའ་ལ་འདུས་པ་འཁོར་དང་བཅས། །ལག་པའི་འདུ་བྱེད་བསྒོམ་ཅིང་བྱ། །འབྲུ་ལྔར་ལྡན་པའི་སོར་མོ་ལ། །མཛུབ་མོ་ཆུང་ངུ་མདུད་བྱས་པ། །འདི་ནི་དཀྱིལ་འཁོར་སྒྲུབ་པ་སྟེ། །ཐམས་ཅད་འདུ་བའི་སྦྱོར་བ་ཡིས། །ལྔ་དང་གཅིག་དང་དྲུག་དང་གསུམ། །འཁོར་
ལོའི་གསང་སྔགས་ལས་བསྐྱེད་པ། །བླ་མ་དང་མཉམ་སྦྱོར་བསྡུས་པས། །མཉམ་པ་ཤིན་ཏུ་བསྟོད་པར་བྱ། །ཨེ་མ་ཧོ་ཡན་ལག་འདུས་པ་ཡི། །སྦྱོར་བ་འདི་ནི་གསུམ་ལས་བྱུང་། །དེ་ལྟར་མཁའ་ལ་གསལ་བཀོད་དེ། །དབང་པོའི་མངོན་སུམ་འདྲ་མཐོང་ནས། །དགའ་བ་མཆོད་པ་གླུ་
ཡིས་བསྟོད། །དང་པོར་མཆོད་ཅིང་རྗེས་ཡི་རང་། །བཤགས་དང་གསོལ་གདབ་ཕྱག་འཚལ་སོགས། །བཅུ་ཡི་ཡན་ལག་ཀུན་འདུས་པ། །བདག་ཉིད་རུང་བར་གྱུར་པ་ན། །ཚིགས་བཅད་གླུ་ཡིས་བསྟོད་པར་བྱ། །དགྱེས་ནས་བདག་ལ་ལྷ་རྣམས་ཀྱིས། །སྙན་པའི་ཚིག་གིས་བསྟོད་པར་བསམ། །
དྲིན་གྱི་ཚུལ་གྱིས་སླར་བསྟོད་པ། །བྱང་ཆུབ་སེམས་ནི་རང་བྱུང་བའི། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །དོན་ཆེན་ཡི་གེ་དམ་པ་ཡིན། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །སངས་རྒྱས་རྣམ་པར་སྣང་མཛད་དེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །
རྡོ་རྗེ་ཆགས་པ་ཁྱོད་ལ་འདུད། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །གདོང་དྲུག་མིག་དྲུག་ལག་དྲུག་པོ། །མཆེ་གཙིགས་གདོང་བརྒྱ་ཀུན་འདུལ་བ། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཡང་དག་བདག་མེད་དེ་བཞིན་ཉིད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །སུམ་ཅུ་རྩ་གཉིས་མཚན་

འཆང་བ། །མེད་པ་ལས་བྱུང་ཁྱོད་ལ་འདུད། །འདོད་པའི་དོན་གྲུབ་ངན་སོང་སྦྱོང་། །མགོན་པོ་ཉོན་མོངས་དྲ་བ་འཇོམས། །ས་གཞི་ཚངས་ནས་རྐང་པས་གནོན། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་ཀུན་གྱི་རྟོགས་བྱ་བ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །ལོངས་སྤྱོད་
རྫོགས་སྐུ་ཀུན་གྱི་རྒྱལ། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁོང་ནས་འབྱུང་བ་སྐྱེ་བ་མེད། །སེམས་མ་རྡོ་རྗེ་མཆོག་ཁྱོད་འདུད། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །ཨ་ནི་འབྱུང་བ་འགོག་པ་སྟེ། །ཚིག་ཏུ་བརྗོད་
པ་རྣམ་སྤངས་པ། །རིན་ཆེན་འབྱུང་བ་ཁྱོད་ལ་འདུད། །སོ་སོར་ཀུན་རྟོག་ངོ་བོ་ཉིད། །ཨ་ནི་བརྗོད་པའི་རྒྱུ་ཡིན་ཏེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཆོས་ཀྱི་རྡོ་རྗེ་འཛུམ་ཁྱོད་འདུད། །བྱ་བ་ནན་ཏན་ངོ་བོ་ཉིད། །ཨ་ནི་ཚིག་འབྱུང་གསལ་བར་བྱེད། །ཚིག་ཀུན་གསལ་
བར་བྱེད་པ་ཡི། །རྡོ་རྗེ་དྲ་བ་ལས་ཁྱོད་འདུད། །སྟོང་པའི་རང་བཞིན་འདོད་ཆགས་ཆེ། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །ཕྱི་ཉིད་མ་གྲུབ་བདེ་བ་ཆེ། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །གཉི་ག་མེད་པས་དགའ་བ་ཆེ། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །བསྟོད་པའི་དོན་ལྡན་མགུ་བ་ཆེ། །
སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །གཟུགས་ཆེན་ལུས་ཀྱང་ཆེ་བ་སྟེ། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །ཁ་དོག་ཆེ་ལ་གཟི་བྱིན་ལྡན། །མེད་པ་ལས་བྱུང་ཁྱོད་ལ་འདུད། །མིང་ཆེ་མཚན་བཟང་རྒྱ་ཆེ་བ། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །བཞད་ཅིང་དཀྱིལ་འཁོར་ཡོངས་ཁྱབ་པ། །
སངས་རྒྱས་བཞད་པ་ཁྱོད་ལ་འདུད། །ཆོས་ཀྱི་ཤེས་རབ་མཚན་འཆང་བ། །སངས་རྒྱས་གསུང་ལ་ཕྱག་འཚལ་འདུད། །ཉོན་མོངས་དྲ་བ་གཅོད་པའི་མཆོག །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །གྲགས་པ་རྡོ་རྗེ་རྒྱུ་ཡི་བདག །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །སྣང་བ་ཆེན་པོ་གསལ་བ་ཆེ། །
ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །མཁས་ཤིང་སྤྲུལ་འཆང་རྡོ་རྗེ་ལས། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སྒྱུ་འཕྲུལ་ཆེན་པོ་གོ་ཆ་སྲ། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །སྒྱུ་འཕྲུལ་བདག་ཉིད་གནོད་སྦྱིན་གཙོ། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །སྒྱུ་འཕྲུལ་ཁུ་ཚུར་བསྟན་ཞིང་སྡུད། །ཡེ་ཤེས་སྐུ་

ཉིད་ཁྱོད་ལ་འདུད། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །རྡོ་རྗེ་སྒེག་མོ་ཁྱོད་ལ་འདུད། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །རྡོ་རྗེ་དཔལ་ཕྲེང་ཁྱོད་ལ་འདུད། །བཟོད་ཆེན་འཆང་བ་བརྟན་པ་པོ། །རྡོ་རྗེ་དབྱངས་མཁན་ཁྱོད་ལ་འདུད། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡི། །རྡོ་རྗེ་གར་མཁན་ཁྱོད་ལ་
འདུད། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། །རྡོ་རྗེ་མེ་ཏོག་ཁྱོད་ལ་འདུད། །ཤེས་རབ་ཆེན་པོ་ལུས་འཆང་བ། །རྡོ་རྗེ་བདུག་པ་ཁྱོད་ལ་འདུད། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །རྡོ་རྗེ་མར་མེ་གསལ་ལ་འདུད། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །རྡོ་རྗེ་དག་བྱེད་ཁྱོད་ལ་འདུད། །རྡོ་རྗེ་ལྕགས་ཀྱུ་
འདྲེན་པ་ཆེ། །རྡོ་རྗེ་འགུགས་བྱེད་ཁྱོད་ལ་འདུད། །རྡོ་རྗེ་ཞགས་པ་རྣམ་པར་རྒྱལ། །རྡོ་རྗེ་འདྲེན་བྱེད་ཁྱོད་ལ་འདུད། །རྡོ་རྗེ་ལྕགས་སྒྲོག་འཛིན་པ་ཆེ། །རྡོ་རྗེ་སྡོམ་བྱེད་ཁྱོད་ལ་འདུད། །རྡོ་རྗེ་འབེབས་པ་རྣམ་རྒྱལ་ཞགས། །རྡོ་རྗེ་འབེབས་པ་ཁྱོད་ལ་འདུད། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་
རྗེ་ཆེན་པོ་བློ་ཡི་མཆོག །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །མཁས་པ་ཆེན་པོ་ཐབས་ཆེ་བ། །ཡེ་ཤེས་ཆ་གྲུབ་སེམས་དཔའི་ཚོགས། །སྟོང་པ་ཉིད་ཀྱི་སྒོར་གནས་པ། །བག་ལ་ཉལ་བ་བྱང་སེམས་ལྡན། །ཤེས་རབ་སྙིང་རྗེར་ལྡན་ལ་འདུད། །རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཤུགས་ཆེན་
མགྱོགས་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྟོབས་བཅུ་རྫུ་འཕྲུལ་བཞིར་ལྡན་པའི། །གོམས་ཤུགས་ཡེ་ཤེས་བཞིར་གྲགས་པ། །སྟོབས་པོ་ཆེ་ལ་བདུད་དཔུང་འཇོམས། །ཚོགས་གཉིས་རྫོགས་པ་ཁྱོད་ལ་འདུད། །སྲིད་པའི་
རི་བོ་ཆེན་པོ་འཇོམས། །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཇོམས། །དྲག་པོ་ཆེན་པོ་མུན་པ་འཇོམས། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །ཕུང་པོ་ལྔ་དག་ལྷ་ཆེན་འདུལ། །མི་ཤེས་རི་འཇོམས་སྲ་བ་པོ། །མྱ་ངན་ཀུན་སེལ་དྲག་པོ་སྟེ། །ཆེ་བས་ཆེ་བ་ཁྱོད་ལ་འདུད། །མགོན་པོ་རིགས་མཆོག་
ཆེན་པོ་ཆེ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །འཁོར་བ་མྱ་ངན་སྐྱོབ་པའི་མཆོག །ཐེག་པ་ཚུལ་མཆོག་ལམ་གནས་པའི། །ཕྱག་རྒྱ་མཆོག་ཏུ་གྲུབ་བྱེད་པའི། །ཕ་རོལ་ས་བཅུ་གཙོ་ལ་འདུད། །དེ་ལྟར་

བསྟོད་པར་བྱེད་པ་དེའི། །འཁོར་ལོ་འདུས་པའི་གཙོ་མཆོག་གྲུབ། །དེ་དག་མཆོག་གི་རྒྱལ་པོའི་སྦྱོར་བའི་འཁོར་ལོ་དང་པོའི་ཏིང་ངེ་འཛིན་ཏོ། །དེ་ནས་རིམ་པ་འདིར་ལྡན་པས། །ཐམས་ཅད་ནམ་མཁའི་འཁོར་ལོའི་ཚོགས། །མ་ལུས་མཉེས་པར་བྱ་བའི་ཕྱིར། །ཕྱག་ལྔས་ཚོམ་བུ་ལྔ་
མཉེས་བྱ། །དེ་ལྟར་མཉེས་བྱས་འོག་ཏུ་ནི། །ཡེ་ཤེས་སེམས་དཔའ་མངོན་འདོད་པས། །སེམས་ཅན་ཡོངས་བསྒྲལ་བསམ་པ་དང་། །བྱང་ཆུབ་དམ་པར་སྨོན་པར་བྱ། །དེ་ནས་འདི་དག་ཚིག་ཏུ་བརྗོད། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཇི་ཙམ་དུ་ནི་གཟུང་ནས་སུ། །མ་ལུས་བདག་ལ་དགོངས་སུ་
གསོལ། །ནམ་ཞིག་བྱང་ཆུབ་སྙིང་པོ་ལ། །ཡོངས་སུ་གནས་གྱི་བར་དག་ཏུ། །བདག་གིས་བྱང་ཆུབ་མཆོག་གི་སེམས། །མ་ལུས་པར་ནི་བསྐྱེད་པར་བྱ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པའི། །དམ་པ་བདག་གིས་བསྐྱེད་པར་བགྱི། །
སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་
བར་བགྱི། །ནམ་དུ་ཡང་ནི་མི་སྤོང་ངོ་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡིས། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་དུ་དུས་དྲུག་ཏུ། །སྦྱིན་
པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ཡི། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་
ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་གྲོལ་བ་ནི་དགྲོལ་བར་བགྱི། །མ་བསྒྲལ་བ་ནི་བསྒྲལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །

སེམས་ཅན་མྱ་ངན་འདས་ལ་དགོད། །དེ་ལྟར་སྡོམ་པ་འཛིན་བྱེད་པ། །ཀུན་རྫོགས་རིམ་པར་དབང་བསྐུར་ནས། །ཐབས་དང་ཤེས་རབ་གཉིས་མེད་པར། །སྤྱི་གཙུག་དོན་དམ་ལྷ་བསྙེན་བྱ། །དེ་ནས་ནམ་མཁའི་འཁོར་ལོའི་ཚོགས། །མ་ལུས་བདག་ལ་བསྡུ་བར་བྱ། །བདག་གི་སྙིང་གའི་དཀྱིལ་ཉིད་
དུ། །ཐིམ་པའི་ཡེ་ཤེས་མེ་འབར་ཏེ། །རྣམ་སྨིན་ཕུང་པོ་བསྲེགས་བྱས་ནས། །སླར་སོས་ཡེ་ཤེས་ལུས་སུ་བྱ། །དེ་ནས་བྱང་ཆུབ་ལྔ་བསྒོམ་པ། །ཇི་ལྟར་ཡོངས་སུ་དག་པ་ཡི། །མེ་ལོང་གསལ་བའི་དཀྱིལ་འཁོར་ལ། །ཡུལ་དང་དངོས་པོའི་རིག་རྣམས་ཀུན། །མ་ལུས་སོ་སོར་སྣང་བ་
བཞིན། །ཐམས་ཅད་ཡོངས་སུ་དག་པ་ཡི། །མེ་ལོང་ལྟ་བུའི་ཡེ་ཤེས་ལ། །འདྲིས་པར་དེ་ལ་བལྟ་བར་བྱ། །དེ་ནས་སྙིང་རྗེ་བསྐྱེད་བྱ་བ། །སེམས་ཅན་རྣམས་ནི་མགོན་སྐྱབས་བྲལ། །དཔུང་གཉེན་མེད་ཅིང་སྡུག་བསྔལ་བ། །འཁོར་བའི་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ཀྱི་
དོན་དག་ཏུ། །ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བསམ། །ཇི་ལྟར་ཆོས་རྣམས་སྟོང་པ་དང་། །མཉམ་པ་ཉིད་དུ་རབ་སྦྱོར་བས། །བདག་ཀྱང་སྟོང་པ་བདག་མེད་ཅིང་། །སེམས་ཅན་རྣམས་ཀྱང་དེ་འདྲ་བར། །ཆོས་རྣམས་ཀུན་ཀྱང་རབ་ཏུ་ཤེས། །ཆོས་ལ་དམིགས་པའི་སྙིང་རྗེ་ཡང་། །
བདག་མེད་རང་བཞིན་རིག་པ་ལས། །མཉམ་ཉིད་ཡེ་ཤེས་བསྐྱེད་པར་བྱ། །དེ་ནས་སྔགས་འདི་ཆེད་དུ་བརྗོད། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ། ཨཱདྱ་ནུཏ་པནྣ་ཏྭཱཏ། སྔགས་འདི་ཚིག་ཏུ་བརྗོད་བྱས་ནས། །སྔགས་པས་སྔགས་དོན་བསྒོམས་ནས་སུ། །ལྷན་ཅིག་དམིགས་པ་མེད་པ་
དང་། །གཉིས་མེད་ཆོས་ལ་རབ་གཟུང་ཕྱིར། །དེ་ཉིད་ཡུལ་དུ་བྱ་བའི་ཕྱིར། །ཆོས་བདག་མེད་པ་བསྒོམ་པར་བྱ། །དམིགས་མེད་སྙིང་རྗེ་སོ་སོར་བརྟག །དེ་ནས་སྙིང་རྗེའི་རྗེས་འགྲོ་བ། །གཟུང་འཛིན་ཀུན་དང་ཡོངས་བྲལ་བའི། །ངོ་བོ་ཉིད་ཀྱིས་འོད་གསལ་བའི། །ཡན་ལག་ཀུན་
དང་ཡོངས་བྲལ་བའི། །རང་བཞིན་ཡོངས་སུ་དག་པ་ཡི། །ཆོས་དབྱིངས་རྒྱུ་མཐུན་དངོས་བྲལ་དོན། །སྟོང་ཉིད་ངང་ལ་དེ་གནས་ནས། །ཆོས་དབྱིངས་ཡེ་ཤེས་བསྒོམ་པར་བྱ། །དེ་ལྟར་སེམས་ཅན་ཐམས་ཅད་ཀྱི། །དོན་བྱེད་བྲལ་བའི་རྣལ་འབྱོར་པས། །སྔོན་གྱི་སྨོན་ལམ་དབང་ཐོབ་ཅིང་། །སེམས་

ཀྱི་རྒྱུན་གྱི་དབང་སྒྱུར་བས། །སེམས་ཅན་དོན་ནི་རབ་རྫོགས་ཕྱིར། །ཁམས་གསུམ་འབྱུང་གནས་ཁྱད་པར་གྱིས། །དོན་དམ་ཀུན་རྫོབ་མྱ་ངན་འདས། །ནན་ཏན་ཡེ་ཤེས་མངོན་གསལ་བྱ། །དེ་ལྟར་རྣམ་ལྔའི་ངོ་བོ་ཡི། །སྙིང་རྗེ་ནམ་མཁའི་རང་བཞིན་གྱིས། །ཐམས་ཅད་རང་བཞིན་མེད་
ཤེས་ནས། །འགྲོ་བའི་དོན་ལ་འཇུག་བརྩོན་བྱ། །དེ་དག་ནི་ཡོངས་སུ་དག་པའི་ཏིང་ངེ་འཛིན་ཏོ། །དེ་ནས་དེ་ལ་དངོས་འབྱུང་གཟུགས། །འཕྲུལ་པའི་ཚུལ་གྱིས་ནམ་མཁའ་ལས། །རང་བཞིན་གྱིས་ནི་འོད་གསལ་བའི། །སྐར་མའི་ཚོགས་ནི་རབ་བསྒོམས་ཏེ། །དེ་ལས་བྱུང་བའི་ཁྲོ་ཕྲེང་ཚོགས། །སྔོན་པོའི་
མདོག་ཅན་འོད་ཟེར་ནི། །བརྒྱ་ཕྲག་སྟོང་གིས་ཡོངས་བསྐོར་བའི། །ཧཱུྃ་ཞེས་གྲགས་པ་བསྒོམ་པར་བྱ། །དེ་ལས་འོད་ཟེར་རབ་བྱུང་བས། །འོད་ཀྱི་རྩེ་ལྔ་སངས་རྒྱས་སོགས། །རྡུལ་སྙེད་གྲངས་ནི་རབ་སྤྲུལ་ནས། །སྤྲུལ་པ་དེ་དག་ཐམས་ཅད་ཀྱིས། །སངས་རྒྱས་ཞིང་དུ་རབ་གཤེགས་ཏེ། །སེམས་ཅན་
ཁམས་རྣམས་དག་བྱས་ཤིང་། །བྱང་ཆུབ་སེམས་ནི་རབ་བསྐྱེད་དང་། །སྡོམ་པ་གཟུང་དང་རྗེས་ཡི་རང་། །གསོལ་བཏབ་བསྐུལ་བ་སོགས་བྱས་ནས། །སངས་རྒྱས་རྫུ་འཕྲུལ་རབ་བསྟན་ཏེ། །ཕྱིར་ལ་ཧཱུྃ་དེར་འདུ་བྱས་ནས། །ཧཱུྃ་དེ་ཉིད་ལ་ཞུགས་པར་བསམ། །དེ་ལས་ཡོངས་འགྱུར་ཁ་དོག་ནི། །
སྔོན་པོ་ལ་སོགས་དྲུག་ལྡན་ཞིང་། །དེ་ཡི་འོད་ཀྱིས་ཞིང་ཁམས་དྲུག །ཁྱབ་པར་བྱས་ནས་འབར་བ་ཡིས། །བདུད་འཇིགས་མི་ཐུབ་ཞལ་དྲུག་པ། །ཡེ་ཤེས་རྡོ་རྗེ་རྩེ་ལྔ་བསྒོམ། །ཡེ་ཤེས་རྡོ་རྗེའི་བུམ་ནང་དུ། །དཀར་པོའི་ཡི་གེ་བྷྲཱུཾ་བསམས་ཏེ། །དེ་ལས་གྱུར་པས་རིན་པོ་ཆེའི། །སྟོང་གསུམ་ཙམ་གྱི་མཆོད་རྟེན་
བསྒོམ། །དེ་ནང་ཧྲཱིཿཡི་ཡི་གེ་ལས། །གྲུ་གསུམ་ཆོས་འབྱུང་བསམ་པར་བྱ། །དེ་ནང་ཡི་གེ་རྫོགས་པ་ལས། །སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱ། །དེ་ལས་ཡང་ནི་བྷྲཱུཾ་ལས་ནི། །རྫོགས་པའི་གཞལ་ཡས་རྣམ་པར་བསྒོམ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཏྭ་ར་རྣམ་བཞིས་རྣམ་བརྒྱན་ཅིང་། །དྲིལ་
བུ་དར་དང་འཕན་ལ་སོགས། །མེ་ཏོག་ཕྲེང་དང་རྔ་ཡབ་ཀླུབས། །གྲྭ་རྣམས་དང་ནི་ཐམས་ཅད་དང་། །སྒོ་རྣམས་དང་ནི་ཁྱམས་སུ་ཡང་། །རྡོ་རྗེ་རིན་ཆེན་རྣམས་དང་ནི། །ཟླ་གམ་ཆུན་འཕྱང་རྣམས་ཀྱིས་བརྒྱན། །དྲ་བ་དྲ་ཕྱེད་བཀོད་པ་ལ། །སྣ་ཚོགས་རྒྱན་གྱིས་ཀླུབས་པའོ། །རྡུལ་ཚོན་ཁ་དོག་རྣམ་

ལྔ་ཡིས། །ཕྱིའི་དཀྱིལ་འཁོར་བྲི་བར་བྱ། །དཀྱིལ་འཁོར་དེ་དང་འདྲ་བ་རུ། །ཞུགས་ནས་ནང་གི་གཞལ་ཡས་ཁང་། །འཁོར་ལོའི་ཚོགས་ཞེས་རབ་བསྟན་ཅིང་། །ཕྲེང་བ་བཞི་དང་ལྡན་པ་ཡི། །རྡོ་རྗེ་དབྱིངས་ཞེས་བརྗོད་པ་ནི། །དེ་ནས་ཕྱི་རོལ་དགོད་པར་བྱ། །རྡོ་རྗེ་ཕྲེང་བས་ཡོངས་བསྐོར་བ། །ཀ་བ་
བརྒྱད་དང་ལྡན་པ་ལ། །རྡུལ་ཚོན་ལྔ་པོ་ཉིད་ཀྱིས་ནི། །དྲ་བ་དྲ་ཕྱེད་ཉིད་ཀྱིས་ཀླུབས། །དཀྱིལ་འཁོར་གྱི་ནི་ཕྱི་རོལ་དུ། །ཇི་ལྟར་གསུངས་པའི་རྟགས་ཐམས་ཅད། །ཁྱད་པར་དུ་ནི་མདོར་གསུངས་ནས། །དེ་ཡི་དེ་ཡིས་ཐམས་ཅད་བྱ། །སྒོ་ཡི་མཚམས་དང་ཏྭ་ར་ན། །ཤིན་ཏུ་གཅིག་ཉིད་མི་བྱའོ། །དེ་
ཕྱིར་དེ་ཡི་སྒོ་རྣམས་ནི། །ཏྭ་ར་ན་རྣམས་གདགས་པ་ཡིན། །གོ་རིམས་བཞིན་དུ་ལྷ་རྣམས་ཀྱི། །གདན་ནི་ཕྱི་ནས་དགོད་པར་བྱ། །དེ་ནས་དབུས་སུ་དགོད་པ་ཉིད། །གཙོ་བོ་ཡི་ནི་གདན་ཡིན་ནོ། །ཤར་ལ་སོགས་པའི་ཕྱོགས་ཀུན་ཏུ། །མི་བསྐྱོད་པ་ལ་སོགས་པའི་གདན། །རང་གི་ས་བོན་
གྱིས་བསྐྱེད་པ། །དེ་ནི་སྦྱོར་བས་རིག་པར་བྱ། །གདན་གྱི་ངོ་བོ་བསམ་པ་ནི། །དབུས་སུ་སཾ་ལས་སེང་གེའོ། །ཧཾ་ལས་ཤར་དུ་གླང་པོ་ཆེ། །ལྷོ་རུ་རྟ་ནི་ཨཾ་ལས་སོ། །རྨ་བྱ་ནུབ་ཏུ་ཡཾ་ལས་བསམ། །ཁཾ་ལས་མཁའ་ལྡིང་བྱང་དུ་བསྒོམ། །དེ་སྟེང་པཾ་ལས་པདྨ་དང་། །དར་གྱི་གློད་སྟན་དག་དང་ལྡན། །རྡོ་རྗེ་སེམས་
དཔའ་ནས་བརྩམས་ཏེ། །རྡོ་རྗེ་འབེབས་པའི་མཐར་ཐུག་པར། །གདན་ནི་ཨ་ལས་བསྐྱེད་པ་ཡི། །ཟླ་བའི་དཀྱིལ་འཁོར་ལྟ་བུ་ཡི། །སྟེང་ན་སེམས་དཔའི་སྟབས་སུ་ཞུགས། །དེ་ལྟར་བསྒོམ་པའི་བྱ་བ་ནི། །ཡིད་ཀྱི་ཡུལ་ཏེ་གོམས་པར་བྱ། །དེ་དག་ནི་གཞིའི་ཏིང་ངེ་འཛིན་ཏོ། །དེ་ནས་རྐྱེན་གྱིས་སློང་བ་ནི། །
དེ་དབུས་འཁོར་ལོའི་བདག་པོ་སྟེ། །པདྨ་སེང་གེའི་ཟླ་སྟེང་དུ། །ཨ་ལས་བསྐྱེད་པའི་རྟག་པ་ནི། །གཙོ་བོ་རྣམ་པར་སྣང་མཛད་ཆེ། །རྣམ་ཐར་བཞིར་ལྡན་ཀུན་དུ་ཞལ། །མདོག་དཀར་རལ་པའི་དབུ་རྒྱན་ཅན། །བྱང་ཆུབ་མཆོག་གི་ཕྱག་རྒྱར་ལྡན། །བྱིས་པའི་རྒྱན་གྱིས་མི་བཞུགས་ཤིང་། །འཁོར་ལོ་
བསྐྱེད་པ་རྒྱུ་བསྒོམ་མོ། །རྟག་པའི་སངས་རྒྱས་བསྒོམ་པ་ནི། །ཏིང་འཛིན་འདི་ནི་མཆོག་ཏུའོ། །དེ་ནས་སྣང་མཛད་ཆེན་པོ་ཡི། །ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི། །དཀྱིལ་དུ་ཡི་གེ་དྷཱིཿདཀར་ལས། །དང་པོའི་སངས་རྒྱས་ཞལ་ལྔ་པ། །བྱིས་པའི་རྒྱན་གྱིས་རྣམ་བརྒྱན་ཅིང་། །རིན་ཆེན་སྣ་ཚོགས་ན་

བཟའ་ཅན། །ཕྱག་བརྒྱད་མངའ་བའི་ཕྱག་མཚན་ནི། །གཡས་པ་བཞི་ནི་གོ་རིམས་བཞིན། །ཤེས་རབ་ཀྱི་ནི་རལ་གྲི་བསྣམས། །དེ་བཞིན་གཡོན་པའི་ཕྱག་བཞི་ན། །ཤེས་རབ་ཕ་རོལ་ཕྱིན་པ་ཡི། །པོ་ཏི་རེ་རེ་བསྣམས་པའོ། །དང་པོའི་སངས་རྒྱས་བསྒོམ་པའི་ཏིང་ངེ་འཛིན་ནོ། །དང་པོའི་
སངས་རྒྱས་ཐུགས་ཀ་རུ། །ཤེས་རབ་འཁོར་ལོ་རྣམ་བསྒོམ་པ། །ས་མཆོག་བཅུ་གཉིས་དང་ལྡན་པའི། །འཁོར་ལོ་ལྟེ་བའི་རྩིབས་དང་ལྡན། །རྩིབས་རྣམས་ལྟེ་བ་ལ་གནས་པ། །རྟེན་ཅིང་འབྲེལ་པར་འབྱུང་སྦྱོར་བས། །བཅུ་གཉིས་པ་དང་ལྡན་པ་ཡིན། །འཁོར་ལོ་འདིར་ནི་གྱུར་པའོ། །དེ་ཡང་འཁོར་ལོ་
བསྒོམ་བྱ་བ། །ཡི་གེ་ཨ་ལས་ཡོངས་བསྐྱེད་པའི། །ལྕེ་དྲུག་ཁ་དོག་དྲུག་དང་ལྡན། །མུ་ཁྱུད་བཞི་ཡིས་བསྐོར་བ་ཡི། །འཁོར་ལོ་དེ་ཡི་དབུས་ཉིད་དུ། །ཡི་གེ་ཨ་དཀར་བསམ་བྱ་སྟེ། །དེ་ཉིད་འཕྲོས་པས་ཕྱོགས་བཅུ་ཡི། །དོན་བྱས་སླར་འདུས་གཞི་ལ་ཐིམ།