Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 65

Văn bản gốc(Tây Tạng)

Trang 2 / 18 (50.000 ký tự/trang)
ིང་རྗེ་ཆེན་པོའི་བློ་དང་
ལྡན་པའི་གང་ཟག་གིས། སློབ་མ་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་རྫོགས་པར་བྱ་བའི་ཕྱིར་གྲོང་ཁྱེར་ལ་སོགས་པའི་གནས་སུ་ཉམ་ང་བ་དང་བག་ཚ་བ་སྤངས་ཏེ་ཐེ་ཚོམ་དང་དོགས་པ་ཐམས་ཅད་སྤངས་ནས་སྟན་བདེ་བ་ལ་འདུག་སྟེ། མཎྜལ་དང་མཆོད་པ་བཤམས་ནས་སྲུང་བའི་འཁོར་ལོ་སྔོན་དུ་འགྲོ་
བས་ཚོགས་བསགས་ལ་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་བལྟས་ཏེ། སེམས་ཀྱི་སྣང་བ་ཨཱ་ལི་དང་ཀཱ་ལིའི་ཕྲེང་བ་སྐར་མའི་རྣམ་པ་ལྟ་བུའི་འོད་ཟེར་ལྔ་ཡང་གློག་བཞིན་འགྱུ་བ་ལས་འབྱུང་བ་ཆེན་པོ་བཞིས་བཏེགས་པའི་ཁང་པའི་ནང་ན་རང་གི་གདན་ཡང་རྨ་བྱ་ལས་གྲུབ་པའི་སྟེང་དུ་རྫོགས་པའི་
སངས་རྒྱས་སྣང་བ་མཐའ་ཡས་ངེས་པར་ཧྲཱིཿལས་བྱུང་བའི་སྦྱོར་བ་ཡེ་ཤེས་སེམས་དཔའི་བར་དུ་རྫོགས་པ་དང་། དེའི་བྱིན་གྱིས་རླབས་ཀྱིས་དཀྱིལ་འཁོར་རྒྱལ་མཆོག་ཅེས་བྱ་བ་རང་གི་རིགས་དང་མཐུན་པའི་དཀྱིལ་འཁོར་རྫོགས་པ་དང་འདོད་ཆགས་ཅན་གྱི་གདུལ་བྱའི་ངོར་གང་ལ་སངས་རྒྱས་ཀྱི་སྐུ་ཕྲ་མོ་མང་པོ་ཡང་
མཚན་བརྗོད་པའི་བྱིན་རླབས་ལས་བྱུང་བའི་ལས་རྒྱལ་མཆོག་བསྒོམ་པར་བྱའོ། །དེ་ལྟར་པདྨའི་རིགས་ཀྱི་དཀྱིལ་འཁོར་དང་ཉེ་བར་གྱུར་ནས་འདོད་ཆགས་ཅན་གྱི་སེམས་ཅན་རྣམས་དཀྱིལ་འཁོར་དུ་གཞུག་པའི་ཕྱིར་དཀྱིལ་འཁོར་ཡང་རྩིག་པའམ་རྡུལ་ཚོན་ལས་བྲིས་ཏེ། ལྷ་དགོད་པ་ནི་དབུས་སུ་སངས་རྒྱས་སྣང་བ་མཐའ་
ཡས་དེ་ལ་རིགས་མཐུན་པའི་སེམས་དཔའ་བཞི་དགོད། གཞན་ཡང་སྒེག་མོ་ལ་སོགས་པ་བརྒྱད་ཀྱང་མཛེས་པར་དགྲམ་མོ། །ཁྱམས་སུ་ཡང་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་དགྲམ་མོ། །སྒོ་བཞིར་སྒོ་མ་བཞི་གཞག་གོ། །དེ་ལྟར་ལེགས་པར་བྲིས་ནས་དཀྱིལ་འཁོར་གྱི་ལྷ་ལ་སྣང་བ་ཐོབ་པ་དང་། སྐལ་

བ་དང་མཐུན་པའི་མེ་ཏོག་གིས་སྙིམ་པ་བཀང་བའི་སློབ་མ་དེར་བཅུག་ལ་ལྷ་རྣམས་བསྟན་ཅིང་དབང་བསྐུར་ནས། དེ་ནས་ཡོན་གྱི་མཆོག་བླངས་ཏེ་དཀྱིལ་འཁོར་ལ་ཕུལ་ལ་ལྷག་མ་རྡོ་རྗེ་སློབ་དཔོན་གྱིས་ལོངས་སྤྱད་པར་བྱའོ། །འདོད་ཆགས་སྣང་བ་མཐའ་ཡས་ཀྱི། །དཀྱིལ་འཁོར་ཆོ་ག་བསྡུས་པ་ལས། །དགེ་བ་
བསགས་པར་གྱུར་པ་དེས། །སྣང་བ་མཐའ་ཡས་ཉིད་དུ་ཤོག །སྣང་བ་མཐའ་ཡས་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སངྒཱི་ཏི་མཎྜ་ལ་བི་དྷི་ནཱ་མ།
བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཉོན་མོངས་ནད་ཀྱིས་གཟིར་བའི་འགྲོ་བ་ལ། །ཟུག་རྔུ་འབྱིན་མཛད་སྨན་པའི་རྒྱལ་པོ་མཆོག །འཇམ་དཔལ་ཡེ་ཤེས་སེམས་དཔའ་
དེ་བཏུད་ནས། །རིན་ཆེན་རིགས་ཀྱི་དཀྱིལ་འཁོར་ཆོ་ག་བཤད། དེ་ལ་འདིར་སེར་སྣའི་གཉེན་པོར་སངས་རྒྱས་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་བྱེད་པར་འདོད་པས། ཇི་ལྟར་སྨྲས་པ་དེ་བཞིན་བྱེད་པའི་སྐྱེས་བུ་དབང་བསྐུར་བ་ཐོབ་པས་རི་བོའམ་ཆུ་ཀླུང་དུ་འབྱོར་པ་དང་ལྡན་པར་བྱས་ཏེ། དུས་ཚོད་བཟང་པོ་
ལ་བསྙེན་པའི་ཁང་པར་ཞུགས་ལ་ཤེས་རབ་དང་སྙིང་རྗེ་དང་ལྡན་པའི་བློ་བསྐྱེད་དེ། །གདན་འབོལ་བ་ལ་འདུག་ཅིང་མདུན་གྱི་བྱ་བ་བྱས་ནས་དེ་ཐག་ཏུ་མ་རུངས་པ་འདུལ་བའི་རྒྱལ་པོ་དྲན་པར་བྱས་ལ་བར་ཆོད་བསལ་ཏེ། ནམ་མཁའི་དབྱིངས་སུ་དཀྱིལ་འཁོར་ལ་བལྟས་ལ། དེའི་མདུན་དུ་ལུས་ངག་གི་དྲི་མ་བསལ་ལ་
སེམས་བསྐྱེད་ཅིང་སྡོམ་པ་བླངས་ནས་སྟོང་པ་ཉིད་དྲན་པའི་དབྱིངས་སུ་སྐར་མ་ལྟ་བུའི་ཡི་གེའི་ཕྲེང་བ་བལྟས་ཏེ། དེ་ལས་བྱུང་བའི་ཁང་པ་དང་། གཞིའི་སངས་རྒྱས་རིན་ཆེན་འབྱུང་ལྡན་བསྐྱེད་པ་དང་། སྦྱོར་བ་དང་པོ་དང་། དེ་དང་ཆ་མཐུན་པའི་སེམས་དཔས་བསྐོར་བ་ནི་ཨ་ལས་ངེས་པར་བྱུང་བའི་དཀྱིལ་འཁོར་
རྒྱལ་མཆོག་དང་། དེ་རྣམས་ཀྱི་མཚན་བརྗོད་པའི་བྱིན་རླབས་ལས་བྱུང་བའི་སངས་རྒྱས་ཀྱི་སྐུ་སྤྲོ་བའི་ལས་རྒྱལ་མཆོག་བསྒོམ་པར་བྱའོ། །དེ་ལྟར་དཀྱིལ་འཁོར་ཉེ་བར་གྱུར་ནས་གཞན་གྱི་དོན་དུ་ཐུགས་རྗེ་ཤར་ཏེ། དཀྱིལ་འཁོར་བར་ཆད་མེད་པའི་གནས་སུ་བྱས་ལ། རྡུལ་ཚོན་ཡེ་ཤེས་ཀྱི་

རང་བཞིན་དུ་མོས་ལ། ལྷ་དགོད་པ་ནི་གཞིའི་སངས་རྒྱས་གཙོ་བོ་རིན་ཆེན་འབྱུང་ལྡན་ལས། དེ་དང་ཆ་མཐུན་པའི་སེམས་དཔའ་བཞི་དང་། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་བསྐོར་བ་བཀོད་ལ། ཁྱམས་སུ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་དགོད། སྒོ་མ་
བཞི་སྒོ་བཞིར་བྲིས་ཏེ། ལེགས་པར་ཟིན་པ་དང་མཆོད་པ་ཡང་རྒྱས་པར་ཕུལ་ཏེ། བསྟོད་པས་བསྟོད་ནས་བུམ་པ་གཞུག་ཅིང་ལྷ་རྣམས་དབང་བསྐུར་བས་བདག་ཉིད་བསྒྲུབས་ལ། གཞན་གྱི་དོན་དུ་སློབ་མ་མེ་ཏོག་ཐོགས་པས་སྡོམ་པ་འཛིན་པར་ནུས་པ་ལ་དཀྱིལ་འཁོར་བསྟན་ཏེ། དེ་ནས་དབང་བསྐུར་
ནས་སླར་ཡང་དཀྱིལ་འཁོར་ལ་མཆོད་དེ། བཟོད་པར་གསོལ་ཞིང་བཤགས་པ་བྱ་བ་དང་། ལྷ་རྣམས་བསྡུ་ཞིང་སྤྱོད་ལམ་ཅི་བདེར་བྱའོ། །སེར་སྣ་རྣམ་དག་རིན་ཆེན་འབྱུང་། །དཀྱིལ་འཁོར་ཆོ་ག་བསྡུས་པ་ལས། །དགེ་བ་བསགས་པར་གང་གྱུར་པ། །རིན་ཆེན་འབྱུང་ལྡན་ཉིད་ཐོབ་ཤོག། །
སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། རིན་ཆེན་འབྱུང་ལྡན་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སངྒཱི་ཏི་བི་དྷི་མཎྜ་ལ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་
མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དུག་གསུམ་ཞེན་པའི་འཁོར་བའི་གཅོད་རྙིང་ལ། །འཚོ་བྱེད་སྨན་པའི་རྒྱལ་པོ་ལས་ཀྱི་མཆོག །ཡེ་ཤེས་སྐུ་ཅན་འཇམ་དཔལ་དེ་བཏུད་ནས། །ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཆོ་ག་
བཤད། །དེ་ལ་སྤྱིར་ཕྲག་དོག་གི་གཉེན་པོར་སངས་རྒྱས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་གྱི་ཆོ་ག་བྱེད་པར་འདོད་པས། ཇི་ལྟར་འགྲོ་བའི་དོན་བྱེད་པའི་རྡོ་རྗེ་སློབ་དཔོན་གྱིས་སྲིད་པའི་གྲོང་ཁྱེར་ལས་བརྒལ་བའི་དགོན་པའི་གནས་སུ་རྫས་དང་མཁོ་བའི་ཡོ་བྱད་ཚོགས་པར་བྱས་ལ། སྟན་བདེ་བ་ལ་བྱམས་པའི་གོ་
བགོས་ལ་འདུག་སྟེ། མཎྜལ་དང་མཆོད་པ་བཤམས་ནས་སྙིང་རྗེའི་ཡ་ལད་བགོས་ཏེ། བདུད་བཞིའི་འཇིགས་པ་བསལ་ནས་བདུད་ཀྱི་དཔུང་རྣམས་ཕམ་པར་བྱས་ནས། རྫོགས་པའི་སངས་རྒྱས་མགྲོན་དུ་སྤྱན་དྲངས་ལ། ཕྱག་བྱ་བ་དང་། མཆོད་པ་དང་། ལུས་དབུལ་བ་དང་།

བསྟོད་པ་བྱས་ལ་རྣམ་པ་ཐམས་ཅད་དང་ལྡན་པའི་རྒྱུ་བ་ཐམས་ཅད་སྣང་བ་མེད་པར་མོས་པ་ལས། ནམ་མཁའི་ཁམས་སུ་ཡི་གེ་སྤྲོ་ཞིང་འདུས་པ་ལས་བྱུང་བའི་ཁང་པ་བརྩེགས་པའི་ནང་དུ། རྫོགས་པའི་སངས་རྒྱས་གདོན་མི་ཟ་བར་གྲུབ་པའི་ཡེ་ཤེས་སེམས་དཔའ་དང་། རྫོགས་པར་བྱུང་བའི་དང་
པོའི་སྦྱོར་བ་དང་། དེ་དང་ཆ་མཐུན་པའི་དཀྱིལ་འཁོར་བསྐྱེད་པའི་དཀྱིལ་འཁོར་རྒྱལ་མཆོག་དང་། མཚན་གྱི་བྱིན་རླབས་ལས་བྱུང་བའི་ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད་པའི་ལས་རྒྱལ་མཆོག་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་བྱེད་པར་འདོད་པས། བརྩིག་པ་འམ་བྲིས་ཏེ།
ལྷ་དགོད་པ་ནི་དབུས་སུ་བཅོམ་ལྡན་འདས་དོན་ཡོད་གྲུབ་པའོ། །དེ་ལ་སེམས་དཔའ་རིགས་དང་མཐུན་པ་བཞིས་བསྐོར་བ། སྒེག་མོ་ལ་སོགས་པ་བརྒྱད་དང་། བསྐལ་པ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་། སྒོ་བ་རྣམས་མཛེས་པར་བྲིས་ལ། དེ་རྣམས་ལ་ཡང་དག་པར་
མཆོད་དེ། ལྷའི་སྣང་བ་ཐོབ་པའི་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་སྐལ་པ་དང་ལྡན་པ་བཅུག་ལ་དབང་བསྐུར་ཏེ། ཡོན་གྱི་མཆོག་བླངས་ནས་ཚུལ་དང་མཐུན་པའི་གནང་བ་བྱིན་ཏེ། དཀྱིལ་འཁོར་ལྷ་ལ་ཡང་དག་པར་མཆོད་ནས་གཤེགས་སུ་གསོལ་ཏེ། དཀྱིལ་འཁོར་བསྡུའོ། །ཕྲག་དོག་དོན་
ཡོད་གྲུབ་པ་ཡི། །དཀྱིལ་འཁོར་ཆོ་ག་བྲིས་པ་ལས། །བསགས་པའི་དགེ་དེས་འགྲོ་བ་ཀུན། །དོན་ཡོད་གྲུབ་པ་ཉིད་འགྲུབ་ཤོག །དོན་ཡོད་གྲུབ་པ་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་སུ་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ།། །༄༅། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པའི་ཁྲུས་ཀྱི་ཆོ་ག་ནི་དང་པོར་བུམ་པ་བྷྲཱུཾ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་བསམས་ལ། དེའི་
ནང་དུ་བཾ་ལས་འོ་མ་ཅན་གྱི་རྒྱ་མཚོ་བསམས་ཏེ། དེའི་སྟེང་དུ་ཧྲཱིཿལས་པདྨ་དཀར་པོ་འདབ་མ་དང་བཅས་པར་བསམས་ལ། དེའི་སྟེང་དུ་མུྃ་བསམ། དེ་འོད་དུ་ཞུ་བར་གྱུར་པ་ལས་ཨུཏྤ་ལ་དཀར་པོ་ཅིག་བསམ། དེ་ཞུ་བ་ལས་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ།

གཡས་ན་ཨུཏྤལ་སྔོན་པོ་རལ་གྲིས་མཚན་པ། གཡོན་ན་ཨུཏྤལ་སྔོན་པོ་པོ་ཏིས་མཚན་པ་བསྒོམ། དེའི་སྙིང་གར་ཟླ་བ་ལ་མུཾ་བསམ། དེའི་འོད་ཟེར་གྱིས་དེ་དང་འདྲ་བ་སྤྱན་དྲངས་ལ་བསྟིམ། སྔགས་འདི་བརྗོད་པས་ཡེ་ཤེས་ཀྱི་ཆུར་ཞུ་བར་བསམ། ཨོཾ་སརྦ་དྷརྨཱ་ཨ་བྷཱ་བ་སྭ་
བྷཱ་བ་བི་ཤུདྡྷ་བཛྲ་ཙཀྵུ་ཨ་ཨཱ་ཨཾ་ཨཿ། ཞེས་བརྗོད་པས་ཡེ་ཤེས་ཀྱི་ཆུས་ཁྲུས་བྱས་པས་རང་གི་སྒོ་གསུམ་དག་པར་བྱའོ། །འདུད་ཀྱིས་བསྟོད་དོ། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཁྲུས་ཀྱི་ཆོ་ག །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་
རྫོགས་སོ།། ༄༅ །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པའི་ཆུ་སྦྱིན་བྱ་བར་འདོད་པས། ཁྲུས་ཆུའི་ལྷག་མ་དེ་ལ་རང་གི་སྙིང་གའི་འོད་ཟེར་གྱི་སྣང་བས་དག་པར་བྱས་ཏེ། མོས་པ་བསྒྱུར་ལ་ཡེ་ཤེས་སེམས་དཔའི་སྐུའི་ཕྲེང་སྔགས་
བརྗོད་ལ། དེའི་རྗེས་ལ་འདི་སྐད་དུ་ཆུ་སྦྱིན་ནོ། །ཨོཾ་ཛྭ་ལ་མི་དཾ་སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ། ཞེས་ཡི་དགས་རྣམས་ལ་སྦྱིན་པས་འཐུངས་ཏེ། ཉོན་མོངས་པ་བྱང་བར་གྱུར་ཅིག་ཅེས་བརྗོད་དོ། །དགེ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱའོ། །མཚན་ཡང་དག་པར་བརྗོད་པའི་ཆུ་སྦྱིན་སློབ་
དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ༄༅། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པའི་རྣལ་འབྱོར་པས་ཅི་ཟ་བའི་ཟས་ཀྱི་རྣལ་འབྱོར་འདི་ལྟར་བྱའོ། །གང་ཡང་ཟས་ཀྱི་དངོས་པོ་སྟོང་པར་
བསམས་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་སྭཱ་ཧཱ། ཞེས་པས་དག་པར་བསམས་ལ། ཨཱཿཡོངས་སུ་གྱུར་པ་ལས་བདུད་རྩི་དཀར་པོ་དྲི་མ་མེད་པ་དང་། ཨོཾ་ཡོངས་སུ་གྱུར་པ་ལས་མང་ཞིང་སྤེལ་བ་དང་། ཧཱུཾ་གིས་ཡེ་ཤེས་ཀྱི་བདུད་རྩི་དྲངས་ཏེ། བདག་གི་ལྕེ་རྡོ་རྗེར་བསམས་ལ།
ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་ཏེ། སྙིང་གར་ལྷ་ཚོགས་གསལ་བཏབ་ལ་དང་པོར་དཀོན་མཆོག་མཆོད། དེ་ནས་ལྷ་ཚོགས་ཅི་རིགས་པར་མཆོད་ལ། རང་གི་ལུས་ཀྱི་ལྷ་ཚོགས་ཚིམ་པར་བྱས་ལ། ལྷག་མ་འབྱུང་པོ་ཀུན་ལ་སྦྱིན་ནོ། །མཚན་ཡང་དག་པར་བརྗོད་པའི་ཟས་ཀྱི་

རྣལ་འབྱོར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ༄༅། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པའི་རྣལ་འབྱོར་པས་འབྱུང་པོའི་གཏོར་མ་སྦྱིན་པ་ནི་གཏོར་མའི་དངོས་པོ་དཔག་བསམ་གྱི་ཤིང་ཆེན་པོར་མོས་པ་བྱས་
ལ། དེ་ལས་འབྱུང་པོ་ཐམས་ཅད་ལ་ཅི་དང་ཅི་འདོད་པའི་མཁོ་བའི་ཡོ་བྱད་དང་། ཞལ་ཟས་དེ་དང་དེ་བྱུང་པར་བསམས་ཏེ། དགའ་སྟོན་ཆེན་པོས་ཁྱེད་པར་བྱས་ཏེ། འཇམ་དཔལ་སྐུའི་ཕྲེང་སྔགས་བརྗོད་དོ། །སྔགས་འདིས་སྦྱིན་ནོ། །ཨི་དཾ་ཏོ་ཏད་ཏྲཱ་མ་ཤཾ་སནྟཱི་ཏ་པྲེ་ཏ་སརྦ་ག་ཏི་མ་ག་
ཏ་དེ་ཤ་མ་ནི་ནེ་ན་ཧེ་ཏུ་མ་ནི་ཤ་ས་དྷུ་མཱཾ་བཱ་དྷཱ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས། འབྱུང་པོ་ཐམས་ཅད་ངོམས་ཤིང་ཚིམ་པར་གྱུར་པས་སྡུག་བསྔལ་ལས་དབུགས་འབྱིན་དགའ་སྟོན་ཆེན་པོར་གྱུར་པས་དུས་མ་ཡིན་པར་འཆི་བ་བཟློག་སྟེ། འབྱུང་པོའི་འཚེ་བ་ལས་ཤིན་ཏུ་གྲོལ་བར་
འགྱུར་ཞིང་སྦྱིན་པའི་འབྲས་བུ་ཡང་མངོན་དུ་འགྱུར་རོ། །མཚན་ཡང་དག་པར་བརྗོད་པའི་འབྱུང་པོའི་གཏོར་མ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ༄༅། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །མཚན་ཡང་
དག་པར་བརྗོད་པའི་མཎྜལ་གྱི་ཆོ་གའི་རིམ་པ། ས་འཇམ་པོ་ལ་རིན་པོ་ཆེ་སྣ་ལྔ་བདར་ཏེ་ཙནྡན་གྱི་ཆུས་སྤྲུས་པ་ལ་སྲོག་ཆགས་བསལ་ཏེ་འཐས་པར་བཅགས་ལ་ཁྲུ་གང་གི་ཚད་དུ་བརྐོས་ལ་དངུལ་ལམ་རྡོ་རྒྱུས་ལ་སོགས་པས་བྱུགས་ཏེ། དབྱིབས་མེ་ལོང་གི་གསལ་ངོས་ལྟར་བྱས་ལ། སྭ་རཏྣ་མཎྜ་
ལ་ཡེ་ཤེས་མེ་ཏོག་གི་ཚོམ་བུ་ཡང་ཚུལ་དང་མཐུན་པར་མཛེས་པར་བཀྲམ་སྟེ། དྲི་དང་ལྡན་པར་བྱས་ནས་གང་མཁོ་བའི་ཡོ་བྱད་དང་། མེ་ཏོག་གི་ཚོམ་བུ་དང་། པདྨའི་གདན་ལ་སོགས་པར་བྱིན་གྱིས་བརླབས་ཏེ། གདན་དང་བཅས་པར་དབུལ་བར་བྱའོ། །མཚན་ཡང་དག་པར་བརྗོད་
པའི་མཎྜལ་གྱི་ཆོ་ག །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ༄༅། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །སྒྲུབ་པ་པོ་དད་པ་དང་ལྡན་པའི་གང་ཟག་གིས་མཚན་ཡང་དག་པར་བརྗོད་པའི་སྒོ་ནས་བསྐོར་བ་བྱེད་པར་འདོད་

པས། བདག་ཉིད་འཇམ་དཔལ་གྱི་ང་རྒྱལ་དང་ལྡན་པས་ས་ཕྱོགས་དེ་སྐྱང་ནུལ་བྱས་ཏེ་དྲི་ཞིམ་པོས་ཆག་ཆག་བཏབ་ལ། སྐུ་གཟུགས་ལ་སོགས་པ་དམིགས་པའི་རྟེན་མངོན་པར་བཞག་སྟེ། ས་ཕྱོགས་དེ་ཉིད་དུ་ཡི་གེ་ཧྲཱིཿལས་ངེས་པར་བྱུང་བའི་པདྨ་དཀར་པོ་འདབ་མ་
སྣ་ཚོགས་པ་ཡལ་ག་དང་བཅས་པ་བསམས་ལ་དབུས་སུ་སེང་གེའི་ཁྲི་ལ་ཟླ་བའི་སྟེང་དུ་སྤྲུལ་པའི་སྐུ་རྣམ་པར་སྣང་མཛད་ཤཱཀྱ་ཐུབ་པ་ཆོས་འཆད་པའི་ཕྱག་རྒྱ་ཅན་གསེར་གྱི་ཁ་དོག་ཅན་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་བལྟས་ལ། དེའི་གཡས་ན་འཇམ་དཔལ་ཁ་དོག་ཁ་བ་ལ་གུར་གུམ་གཏོར་
བ་ལྟ་བུ། མཆོག་སྦྱིན་པའི་ཚུལ་གྱིས་གནས་པ། གཡོན་ན་སྤྱན་རས་གཟིགས་དབང་ཕྱུག་གངས་ལ་ཉི་མ་ཤར་བ་ལྟ་བུ། ངག་གི་དབང་ཕྱུག་འགྱིང་བའི་ཚུལ་དུ་གནས་ཏེ་སེམས་ཅན་ལ་བདུད་རྩི་སྦྱིན་པར་མཛད་པ་དང་། མདུན་དུ་ཕྱག་ན་རྡོ་རྗེ་བཻ་ཌཱུརྱའི་མདོག་ཅན་
གཡས་རྡོ་རྗེ་ཐུགས་ཀར་བསྟོད་དེ། གཡོན་པ་ཞི་བའི་ཕྱག་རྒྱ་ཅན། དེའི་ཕྱི་རོལ་ན་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ། དེའི་ཕྱི་རོལ་ན་བྱང་ཆུབ་སེམས་དཔའ་སྟོང་དུ་བཞིས་མ་ཚང་བས་བསྐོར་བ། དེ་ལ་ཕྱི་རིམ་ན་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་བསྐོར་
བ་བལྟས་ཏེ། དེ་ལ་དད་པ་བསྐྱེད་ཅིང་ཕྱག་འཚལ་ནས་བསྐོར་བ་བྱ་བ་ནི་མཚན་གདོན་པའམ་ཡེ་ཤེས་སེམས་དཔའི་སྐུའི་ཕྲེང་སྔགས་བརྗོད་པར་བྱའོ། །དེ་ལྟ་བུའི་བསྐོར་བ་ཇི་སྲིད་ནུས་པ་དེ་སྲིད་དུ་བྱས་ཏེ། བདེ་བར་གཤེགས་པ་དེ་རྣམས་ཀྱི་དྲུང་དུ་འདུག་ལ། སངས་རྒྱས་རྗེས་སུ་དྲན་པ་དང་། །
ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པར་བྱས་ལ། སྙིང་ག་ནས་སྤྲུལ་པའི་མཆོད་པས་མཆོད་དེ། འདུད་ཉི་ཤུས་ཡང་དག་པར་བསྟོད་ལ། སྡིག་པ་བཤགས་པ་དང་རྗེས་སུ་ཡི་རང་བ་ལ་སོགས་པའི་དགེ་བའི་རྩ་བ་ཆེར་བསྐྱེད་དོ། །དེ་ནས་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བྱུང་ནས་
བདག་ལ་གཡས་སུ་བསྐོར་ཏེ། བདག་གི་སྙིང་གར་ཐིམ་པར་བསམས་པའི་བྱིན་རླབས་ཀྱིས་ལས་དང་ཉོན་མོངས་པའི་སྒྲིབ་པ་དག་ནས་ལུས་ཀྱང་ཆུ་ཟླ་ལྟ་བུར་བསམ་མོ། །དེ་ལྟར་དགེ་བ་བྱས་པའི་བསོད་ནམས་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོས་ལ་དེ་རྣམས་ཀྱང་མི་སྣང་བར་བསྒོམ་

མོ། །མཚན་ཡང་དག་པར་བརྗོད་པའི་བསྐོར་བ་བྱ་བའི་ཐབས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ༄༅། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པའི་ཡན་ལག་བདུན་པས་ཚོགས་བསགས་པའི་
ཐབས་ལ། འཇམ་དཔལ་རྡོ་རྗེ་ལ་སོགས་པ། །རྒྱལ་བ་སྲས་དང་བཅས་པ་ལ། །ལུས་ངག་ཡིད་གསུམ་གུས་ལྡན་པས། །ཀུན་ནས་བཏུད་དེ་ཕྱག་འཚལ་ལོ། །སངས་རྒྱས་ཞིང་དུ་གང་བསྔགས་དང་། །འཇིག་རྟེན་དག་ན་མཆོག་གྱུར་པ། །རིན་ཆེན་མེ་ཏོག་བདུག་སྤོས་
སོགས། །ཀུན་ནས་སྤྲུལ་ཏེ་མཆོད་པར་བགྱི། །བདག་གིས་སྔོན་ཆད་བྱས་པའི་སྡིག །ཀུན་ནས་བསགས་པར་གང་གྱུར་པ། །རང་བཞིན་མེད་དང་ཡོད་ཚུལ་གྱིས། །རྒྱལ་བ་ཀུན་གྱི་སྤྱན་སྔར་བཤགས། །མགོན་པོ་རྣམས་ཀྱི་བསོད་ནམས་དང་། །དམན་པའི་དགེ་བ་ཐམས་ཅད་ལ། །
དེ་བཞིན་མཐུན་པར་ལྷག་སེམས་ཀྱིས། །དད་པས་རྗེས་སུ་ཡི་རང་ངོ་། །བདེ་གཤེགས་བྱང་ཆུབ་སེམས་བསྐྱེད་ནས། །འགྲོ་བ་ཐུགས་རྗེས་འདུལ་སླད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ལ། །ཚངས་པ་བཞིན་དུ་གསོལ་བ་འདེབས། །ཡོངས་སུ་མྱ་ངན་འདའ་བཞེད་ལ། །འགྲོ་བ་
ཡུན་དུ་བདེ་བའི་ཕྱིར། །ཇི་སྲིད་འཁོར་བ་དེ་སྲིད་དུ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །ཇི་སྲིད་འཁོར་བར་གནས་བར་དུ། །བདག་གི་དགེ་བའང་དེ་བཞིན་དུ། །ཀུན་ནས་ཟད་པར་མི་འགྱུར་བར། །སེམས་ཅན་ཡོངས་སུ་སྨིན་པར་ཤོག །དུས་འདི་ནས་ནི་བཟུང་ནས་སུ། །
བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །མགོན་པོའི་འབངས་སུ་འབུལ་ལགས་ཀྱིས། །ཐུགས་རྗེས་ཡོངས་སུ་གཟུང་བར་མཛོད། །དུས་འདི་ནས་ནི་བཟུང་ནས་སུ། །བདེ་གཤེགས་ཁྱེད་ཀྱི་བཀའ་བཞིན་དུ། །སེམས་ཅན་ཀུན་དོན་སྒྲུབ་ལགས་ཀྱིས། །བྱིན་གྱིས་བརླབ་
པར་མཛད་དུ་གསོལ། །རྒྱལ་བ་མཉེས་ཕྱིར་བཟླས་བརྗོད་རིན་པོ་ཆེ། །དད་པས་སྤྱན་སྔར་རྟག་ཏུ་མཆོད་བགྱིད་པས། །ལུས་ངག་དུབ་དང་བསམ་པ་ཡེངས་པ་ཡིས། །ཅུང་ཟད་བདེ་བར་གནས་འཚལ་བཟོད་པར་བཞེས། །དད་པས་བསྐྱེད་པའི་བསོད་ནམས་ཕྲ་མོ་

ཡང་། །འགའ་ཡང་ཆུད་ཟོས་མི་འགྱུར་དོན་གྱི་ཕྱིར། །གསང་སྔགས་རིན་ཆེན་རྣམ་གྲངས་ཇི་ཙམ་ཞིག །མགོན་པོ་བདག་ཉིད་ལ་ནི་གདམས་པར་བགྱི། །ནད་དང་སྡུག་བསྔལ་ལ་སོགས་དགྲ་བགེགས་དང་། །འཁོར་བའི་རྒྱ་མཚོར་གནས་པ་སྣ་
ཚོགས་དག །འདི་དང་ཕ་རོལ་གཉི་གར་རྟག་ཏུ་འབྱུང་། །གསང་སྔགས་རིན་ཆེན་འབྲས་བུ་མཆིས་པར་མཛོད། །འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཡན་ལག་བདུན་པས་ཚོགས་བསགས་པའི་ཐབས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་
མཛད་པ་རྫོགས་སོ།། ༄༅། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ནི། དང་པོ་བདག་ཉིད་ཀྱིས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་ཞེས་བསམ།
དེ་ནས་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ཞེས་པས་སྟོང་པའི་རང་བཞིན་ལས་རང་གི་སེམས་ཀྱི་སྣང་བ་ཨཱ་ལི་ཀཱ་ལིར་བསམ་པའི་འོད་ཟེར་གྱིས་རྟེན་གྱི་དཀྱིལ་འཁོར་མངོན་པར་བསྒྲུབ་པར་བྱའོ། །དེའི་དབུས་སུ་སེང་གེའི་ཁྲི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བསམ་པ་ནི། སྠི་ཏོ་ཧྲྀ་དི་ཛྙཱ་
ན་མཱུརྟྟི་ར་ཧཾ་བུདྡྷོ་བུདྡྷཱ་ནཱཾ། ཏྲྱ་དྷཱ་བརྟྟི་ནཱཾ་ཞེས་བརྗོད་པས་རྣམ་སྣང་ཆེན་པོ་ཀུན་དུ་ཞལ་བསམ་མོ། །དེའི་ཐུགས་ཀར་དང་པོའི་སངས་རྒྱས་བསམ། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ་བསྒོམས་ཏེ། ཨོཾ་བཛྲ་ཏཱིཀྵྞ་ཡ་ཏེ་ན་མཿཨོཾ་དུཿཁཙྪེ་ད་ཡ་ཏེ་ན་མཿ། ཨོཾ་པྲ་ཛྙཱ་ཛྙཱ་ན་མཱུརྟྟཱ་ཡ་ཏེ་ན་མཿ
ཨོཾ་ཛྙཱ་ན་ཀཱ་ཡ་ཏེ་ན་མཿཨོཾ་ཝ་གཱི་ཤྭ་རཱ་ཡ་ཏེ་ན་མཱཿ། ཨོཾ་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿཞེས་བརྗོད་པས་ཤེས་རབ་འཁོར་ལོ་རྩིབས་དྲུག་པ་བསྒོམ། དེའི་སྟེང་དུ་ཡེ་ཤེས་སེམས་དཔའ་ཟླ་བ་དང་ཨ་བསྒོམ་པར་བྱའོ། །ཨའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་དྲུག་བདག་ལ་ཞུགས་པར་
བསམ་མོ། །དེ་ལ་མཚན་བརྗོད་པར་བྱའོ། །དེ་ལ་དང་པོར་བྱང་སེམས་རྡོ་རྗེའི་དཀྱིལ་འཁོར་གྱི་མཚན་བརྗོད་པར་བྱ་སྟེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ་ནས། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག། །ཅེས་པའི་བར་དུ་ཚིགས་བཅད་བཅུ་བཞི་བརྗོད་པས། ཡེ་ཤེས་སེམས་

དཔའི་ཡི་གེ་ཨ་ལས་མཚན་དོན་བྱུང་སྟེ། དེ་དག་གིས་བཅོམ་ལྡན་འདས་བྱང་སེམས་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གྱུར་ཏེ། སྤྲོས་ནས་འགྲོ་བ་སེམས་ཅན་གྱི་དོན་བྱས་ནས་སླར་འདུས་ཏེ། རྣམ་སྣང་ཆེན་པོའི་ཕྱི་རིམ་དུ་གནས་པར་བསམ་མོ། །དེ་ནས། སངས་རྒྱས་རྣམ་པར་མཛད་ཆེ། །ཞེས་པ་
ནས་རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་བྱ་བའི་བར་དུ་ཚིགས་བཅད་ཉི་ཤུ་རྩ་ལྔར་རྐང་པ་གཅིག་གིས་མ་ཚང་བ་བརྗོད་པས། ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཨ་ལས་མཚན་དོན་གྱི་ཡི་གེ་བརྒྱ་བརྒྱད་ཅུ་རྩ་གཅིག་འཕྲོས་ཏེ། དེ་དག་ཀྱང་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་ལྷ་
ཚོགས་སུ་གྱུར་ཏེ། འགྲོ་བའི་དོན་བྱས་རྣམ་པར་སྣང་མཛད་ཆེན་པོ་ལ་བསྐོར་བར་བསམ་མོ། །དེ་ནས། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པའི་བར་དུ་ཚིགས་བཅད་བཅུར་རྐང་པ་གཅིག་གིས་ལྷག་པ་བརྗོད་པས། ཡེ་ཤེས་
སེམས་དཔའི་ཐུགས་ཀའི་ཨ་ལས་མཚན་དོན་གྱི་ཡི་གེ་རྣམས་སྤྲོས་པས་འཇིག་རྟེན་གྱི་གདུག་པ་ཅན་རྣམས་བཏུལ་ནས་དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་སུ་འཁོར་པར་བཞུགས་པར་བསམ་མོ། །དེ་ནས། ཡང་དག་བདག་མེད་དེ་བཞིན་ཉིད་ནས། །ཡེ་ཤེས་མེ་ལྕེ་འོད་
རབ་གསལ། །ཞེས་པའི་བར་དུ་ཚིགས་བཅད་བཞི་བཅུ་རྩ་གཉིས་བརྗོད་པས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ཨ་ལས་མཚན་དོན་གྱི་ཡི་གེ་ཉིས་བརྒྱ་སུམ་ཅུ་རྩ་ལྔ་བྱུང་སྟེ་སྤྲོས་པས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་གྱི་སྤྲུལ་པས་འགྲོ་དོན་
བྱས་ནས་དཀྱིལ་འཁོར་ཆེན་པོའི་ནུབ་ཕྱོགས་སུ་བཞུགས་པར་བསམ་མོ། །དེ་ནས། འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་པ་ནས། ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་པའི་བར་གྱིས་ཚིགས་སུ་བཅད་པ་ཉི་ཤུ་རྩ་བཞི་བརྗོད་པས། ཡེ་ཤེས་སེམས་དཔའི་ཐུགས་
ཀའི་ཨ་ལས་མཚན་དོན་གྱི་ཡི་གེ་བརྒྱ་ཉི་ཤུ་རྩ་བཞི་སྤྲོས་ཏེ། སངས་རྒྱས་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་གྱི་སྤྲུལ་པས་འགྲོ་བའི་དོན་བྱས་ནས་དཀྱིལ་འཁོར་ཆེན་པོའི་ལྷོ་ཕྱོགས་སུ་བཞུགས་པར་བསམ་མོ། །དེ་ནས། སངས་རྒྱས་ཀུན་གྱི་རྟོགས་བྱ་བ། །ཞེས་པ་

ནས། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་པའི་བར་དུ་ཚིགས་སུ་བཅད་པ་བཅོ་ལྔ་བརྗོད་པས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨ་ལས་མཚན་དོན་དགུ་བཅུ་རྩ་དགུ་སྤྲོས་ཏེ། སངས་རྒྱས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་གྱི་སྤྲུལ་
པས་སེམས་ཅན་གྱི་བསམ་པ་ཡོངས་སུ་གྲུབ་པར་བྱས་ནས་སླར་འདུས་ཏེ་དཀྱིལ་འཁོར་ཆེན་པོའི་བྱང་ཕྱོགས་སུ་བཞུགས་པར་བསྒོམ་མོ། །དེ་ལྟར་དཀྱིལ་འཁོར་ཆེན་པོ་དྲུག་པོ་དེ་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །འཇམ་དཔལ་དཔལ་དང་ལྡན་
པའི་མཆོག །ཅེས་པ་ལ་སོགས་པས་བསྟོད་ཅིང་མཆོད་པར་བསམས་ལ་གདོན་ཏོ། །དེ་ལྟར་དཀྱིལ་འཁོར་ཆེན་པོ་དེ་ལ་སྤྱིར་འདུད་ཉི་ཤུས་ཡང་དག་པར་བསྟོད་དོ། །དེ་ནས་འདོད་པའི་དོན་ལ་གསོལ་བ་གདབ་སྟེ། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་
བསྔོས་ཏེ། ཨོཾ་སྭ་བྷཱ་བའི་སྔགས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་སྤྲོས་པ་དང་བྲལ་བར་འཇམ་པའི་དབྱངས་ཀྱི་ངོ་བོ་ནམ་མཁའ་ལྟར་དྲི་མ་མེད་པར་ཡོངས་སུ་དག་པར་བསྒོམས་ཏེ་སྤྱོད་ལམ་གྱི་བྱ་བ་གཞན་བྱའོ། །དེ་ལྟར་རིགས་བསྡུས་པའི་དབང་
དུ་བྱས་ནས་མཚན་བརྗོད་ཅིང་བསྡུས་པ་ལ་ཚིགས་བཅད་ཉིས་བརྒྱ་དྲུག་ཅུ་རྩ་གཉིས་ཀྱིས་བསྟན་ཏོ། །དེའི་ཡོན་ཏན་གྱི་གཞུང་ཚིགས་བཅད་བརྒྱ་ལྔ་བཅུའོ། །དེ་ལྟར་ན་སངས་རྒྱས་ཀྱི་མཚན་བརྗོད་པ་ཡོན་ཏན་དང་བཅས་པའོ། །འཇམ་དཔལ་གྱི་མཚན་གདོན་པའི་མན་ངག །
སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ༄༅། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དགེ་བའི་རྩ་བ་བསྔོ་བ། མཁས་པ་རང་གི་བསྔོ་བ་དང་། མི་མཁས་པ་
གཞན་གྱི་བསྔོ་བའོ། །དེ་ལ་མཁས་པ་རང་གི་བསྔོ་བ་ནི་མི་དམིགས་པ་གསུམ་གྱིས་ཟིན་པས་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བའོ། །མི་མཁས་པ་གཞན་གྱི་བསྔོ་བ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཇི་ལྟར་བསྔོ་བ་ལྟར་བདག་གིས་ཀྱང་བསྔོ་བའོ། །

མཚན་ཡང་དག་པར་བརྗོད་པའི་དགེ་བའི་རྩ་བ་བསྔོ་བ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ༄༅། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པའི་རྣལ་འབྱོར་པས་མི་རྟག་པ་ལ་
སོགས་པ་བསྒོམ་པ་སྟེ། ཀྱེ་མ་འདི་ལྟར་སྣང་བའི་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ཆེན་པོ་བཞིས་འདུས་བྱས་པ་འདི་རྡུལ་ཕྲ་མོ་འདུས་པ་ལས་གྲུབ་པས། རྡུལ་ཕྲ་མོ་དེ་ཡང་རང་བཞིན་མི་རྟག་པ། ཐེར་ཟུག་པ་དང་། གློ་བུར་བ་དང་། ཡིད་བརྟན་དུ་མི་རུང་བ་དང་། ཡང་
དག་པའི་དོན་བྱེད་མི་ནུས་པས་བརྟགས་ན་དབེན་པ་སླུ་བའི་ཆོས་ཅན། འགྱུར་བའི་རྣམ་པའོ། །ངེས་པ་མེད་པ་བདག་གི་མེད་པ། འཇིག་པའི་ཆོས་ཅན། སྒྱུ་མ་ལྟ་བུ། སྨིག་རྒྱུ་ལྟ་བུ། སྤྲུལ་པ་ལྟ་བུ། དྲི་ཟའི་གྲོང་ཁྱེར་ལྟ་བུ། ཆུ་ཟླ་ལྟ་བུ། གཟུགས་
བརྙན་ལྟ་བུ། ན་བུན་ལྟ་བུ། འཇའ་ཚོན་ལྟ་བུ་སྡུག་བསྔལ་བ་བདག་མེད་པ། སྟོང་པའོ། དེ་ལྟར་ན་ཕྱི་གཟུང་བའི་ཡུལ་ལ་བདག་མེད་པའོ། །མཚན་ཡང་དག་པར་བརྗོད་པའི་མི་རྟག་པ་བསྒོམ་པ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་
མཛད་པ་རྫོགས་སོ།། ༄༅། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། འཁོར་བ་ལས་ཡིད་བྱུང་བ་ནི་དེ་བཞིན་དུ་ནང་བཅུད་ཀྱི་སེམས་ཅན་དང་། བདག་གི་གཟུགས་ཀྱི་ཕུང་པོ་ཡང་སྤྱི་བོ་ནས་རྐང་པའི་མཐིལ་ཡན་ཆད་དུ་བརྟགས་
པས་མི་གཙང་བའི་ངོ་བོ་ཡིན་ཏེ། ཆུ་སེར་དང་། བད་ཀན་དང་། ཀླད་པ་དང་། བཤང་གཅི་དང་། རྣག་ཁྲག་དང་། སྣབས་ལུད་དང་། ཀེང་རུས་ལ་སོགས་པས་ཡོངས་སུ་གང་བ། དེ་ཡང་འགྱུར་བའི་ཆོས་ཅན། དེ་ཡང་ཡིད་བརྟན་དུ་མི་རུང་བ།
སྡུག་བསྔལ་བ། མི་རྟག་པ་བདག་མེད་པ། སྟོང་པའོ། །དེ་ལྟ་བུར་ཤེས་པར་བྱས་ནས་གཟུང་འཛིན་གཉིས་ལས་ལོག་སྟེ། སེམས་ཀྱི་མཚན་ཉིད་ཀྱང་གཟུགས་མེད་པ། ཁ་དོག་མེད་པ་ངོ་བོ་མེད་པ། རྣམ་པ་མེད་པ་བལྟར་མེད་པ། གཟུང་དུ་མེད་པ་རྟོག་པ་

མེད་པ། སྤྲོས་པ་མེད་པ། ཀུན་ནས་ཉོན་མོངས་པ་མེད་པ། རང་རིག་པ་རང་གསལ་བ་ཙམ་དུ་ཡང་གྲུབ་པ་ཡིན་ཏེ། དེ་ལྟར་ན་འཁོར་བ་ན་འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ་ནི་སླུ་བའི་ཆོས་ཅན་ཡིན་ནོ། །འཁོར་བ་ལས་ཡིད་བྱུང་བ་འདི་ཡང་རང་བཟོ་མ་ཡིན་ཏེ། ལུས་མེད་
ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །ཞེས་པ་དང་། འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པ་སྐམ་སར་གནས། །ཞེས་པའི་བཀའ་རྒྱུད་ལ་བརྟེན་ནས་བྱས་སོ། །མཚན་ཡང་དག་པར་བརྗོད་པའི་མི་རྟག་པ་འཁོར་བ་ལས་ཡིད་བྱུང་བ། སློབ་དཔོན་འཇམ་དཔལ་
བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ༄༅། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པའི་རྣལ་འབྱོར་པས་ཤེས་པ་དུག་གསུམ་ལས་བཟློག་པའི་མན་ངག་ནི། དེ་ཡང་རིག་པ་བྱང་ཆུབ་ཀྱི་སེམས་འོད་གསལ་སྟོང་པ་གཉིས་
མེད་དེ་མ་རིག་སྟེ་མ་ཤེས་པའོ། །སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པ་ལ་སངས་རྒྱས་ཀྱི་རྒྱུ་བོར་ཏེ་ངན་སོང་གི་རྒྱུ་བསགས་པ་ནི་གཏི་མུག་གོ། །དེ་ལྟར་ཁམས་གསུམ་གྱི་འཁོར་བ་སྡུག་བསྔལ་ཡིན་པར་མ་ཤེས་པས། སྡུག་བསྔལ་དེ་ལ་མངོན་པར་སྲེད་ཅིང་ཆགས་པ་ནི་
འདོད་ཆགས་སོ། །དེ་ལྟར་ཆགས་པའི་དབང་གིས་སེམས་ཅན་རྣམས་ཀྱི་ཉིང་སྲོག་ཉིང་གིས་བཅད་དེ་ཉིང་ཤ་ཉིང་གིས་ཟོས་ནས་གནོད་པ་བྱས་པ་ནི་ཞེ་སྡང་ངོ་། །དེ་ལྟར་རྒྱུ་དུག་གསུམ་ལས་འབྲས་བུ་ངན་སོང་གསུམ་དུ་སྨིན་ནོ། །དེའི་དབང་གིས་ཉོན་མོངས་པའི་ཆུ་བོ་བཞི་འཁོར་
བའི་རྒྱ་མཚོར་འབབ་པ་ནི་འདི་ལྟ་སྟེ། རྟོག་པའི་ཆུ་བོ་དང་། ལས་ཀྱི་ཆུ་བོ་དང་། འཁོར་བའི་ཆུ་བོ་དང་། སྡུག་བསྔལ་གྱི་ཆུ་བོའོ། །དེ་ལ་རྟོག་པའི་ཆུ་བོ་གང་ཞེ་ན། རྟོག་པའི་ཆུ་བོ་སྔ་མ་ལ་བརྟེན་ནས། ཕྱི་མ་བྱེད་པ་འཆད་པའོ། །ལས་ཀྱི་ཆུ་བོ་གང་ཞེ་ན། རྟོག་པ་སྔ་མ་
དེའི་དབང་གིས་ལས་དགེ་སྡིག་ཡོད་པས་སྡིག་པ་སྤྱད་པའི་དབང་གིས་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་ཟད་པ་མེད་པར་འབྱུང་བའོ། །འཁོར་བའི་ཆུ་བོ་གང་ཞེ་ན། ལས་དེ་མ་ཟད་པའི་བར་དུ་སྲེག་པ་ཡང་རྒྱུན་མི་ཆད་པར་འབྱུང་བས་སོ། །སྡུག་བསྔལ་གྱི་ཆུ་བོ་གང་ཞེ་ན། དེ་ལྟར་སྲིད་

པ་གསུམ་དུ་འཁོར་བས་འབྲས་བུ་སྡུག་བསྔལ་གསུམ་དང་རྒྱུན་མི་འཆད་པར་ཉམས་སུ་མྱོང་བའོ། །དེ་བས་ན་དེ་ལྟར་སྨིན་པར་བྱེད་པའི་རྒྱུ་དུག་གསུམ་ལས་བཟློག་ན་ཆུ་བོ་བཞི་ཡང་རང་ལོག་ཏུ་འགྱུར་རོ། །མཚན་ཡང་དག་པར་བརྗོད་པའི་ཤེས་པ་དུག་གསུམ་ལས་བཟློག་པའི་མན་ངག་སློབ་དཔོན་
འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ༄༅། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དེ་ལ་སྐྱབས་སུ་འགྲོ་བ་ནི་མཎྜལ་དང་མཆོད་པ་བཤམས་ཏེ། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རང་གི་མདུན་དུ་དམིགས་ལ་འདི་སྐད་
བརྗོད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དམ་པའི་ཆོས་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཀྱི་དགེ་
འདུན་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་པའི་ལས་བྱ་བའི་ཕྱིར་ཡོན་ཆབ་དང་། མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་ཆབ་དང་། བཤོས་གཙང་དང་། སིལ་སྙན་ལ་སོགས་པ་དངོས་སུ་འབྱོར་པ་དང་། ཡིད་ཀྱིས་སྤྲུལ་ཏེ་དབུལ་བར་བགྱིའོ། །དེ་ནས་
འདི་སྐད་བརྗོད་དོ། །བདག་མིང་འདི་ཞེས་བགྱི་བ་སངས་རྒྱས་ཀུན་གྱི་གདུང་རྒྱུན་མི་འཆད་པར་བགྱི་བའི་སླད་དུ་དུས་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་རྐང་གཉིས་རྣམས་ཀྱི་མཆོག་ལ་སྐྱབས་སུ་མཆི་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐམས་
ཅད་མཁྱེན་པ། གཟིགས་པ་སྐྱེས་བུའི་ཁྱུ་མཆོག་སྐུ་བསམ་གྱིས་མི་ཁྱབ་པ། བླ་ན་མེད་པའི་སྐུ་མངའ་བ་ལ་སྐྱབས་སུ་མཆིའོ། །ཆོས་འདོད་ཆགས་དང་བྲལ་བ་ལ་སྐྱབས་སུ་མཆི་སྟེ། བླ་ན་མེད་པ་དེ་བཞིན་གཤེགས་པ་ལ་མངའ་བ། ཞི་བ་ཆོས་ཀྱི་སྐུ་སོ་སོར་ཡང་དག་པར་རིག་པ་ལ་
སྐྱབས་སུ་མཆིའོ། །དགེ་འདུན་འདུས་པའི་གཙོ་བོ་ལ་སྐྱབས་སུ་མཆི་སྟེ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་དགེ་འདུན་ས་ཆེན་པོར་ཆུད་པའི་ཕྱིར་མི་ལྡོག་པ་རྣམས་ལ་སྐྱབས་སུ་མཆིའོ་ཞེས་ལན་གསུམ་བརྗོད་དོ། །སྐྱབས་སུ་འགྲོ་བའི་ཆོ་ག་རྫོགས་སོ།། །།

༄༅། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དེ་ལྟར་སྐྱབས་འགྲོ་ཁྱད་པར་ཅན་བྱས་ནས་སེམས་བསྐྱེད་པ་ནི། ཐལ་མོ་སྦྱར་ལ་ཕྱག་འཚལ་བ་དང་མཆོད་པའི་ལས་བྱས་ལ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་འདི་སྐད་བརྗོད་དོ། །ཇི་ལྟར་སྔོན་གྱི་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་རིན་པོ་ཆེར་བསྐྱེད་པ་ལྟར་བདག་མིང་འདི་ཞེས་བགྱི་བས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་
པའི་སྦྱིན་པ་རིན་པོ་ཆེར་གཟུང་དུ་གསོལ་ཞེས་ལན་གསུམ་དུ་གསོལ་བ་གདབ་པོ། །དེ་ནས་འདི་སྐད་བརྗོད་དོ། །ཕྱོགས་བཅུ་ན་བཞུག་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཐོག་མ་དང་། སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་
སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའི་དགེ་བའི་རྩ་བ་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་
དང་། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་བླ་ན་མེད་པའི་བྱང་ཆུབ་མཆོག་རིན་པོ་ཆེར་སེམས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་སེམས་ཅན་མ་སྨིན་པ་རྣམས་སྨིན་པར་བྱ་བ་དང་། མ་གྲོལ་བ་རྣམས་གྲོལ་བར་བགྱི་བ་དང་། དབུགས་མ་ཕྱུང་བ་
རྣམས་དབུགས་དབྱུང་བར་བྱ་བའི་ཕྱིར་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར། དུས་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ་ཞེས་གསོལ་བ་གདབ་པོ།
དེ་ནས་འདི་སྐད་བརྗོད་དེ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །རྒ་ནད་འཆི་བའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདྲེན་པར་ཤོག །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་

ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག །སའམ་ཆུའམ་མེའམ་རླུང་། །དགོན་པ་ཤིང་གི་སྨན་ལྟ་བུར། །བདག་ཉིད་སེམས་ཅན་ཐམས་ཅད་ཀྱི། །ནད་དོ་ཅོག་གི་གསོས་སུ་ཤོག །མཐོང་བ་དང་ནི་ཐོས་པ་དང་། །དྲན་པ་དང་ནི་རེག་པས་ཀྱང་། །བདག་
ནི་སེམས་ཅན་ཐམས་ཅད་ཀྱི། །གྲུ་དང་ཟམ་པ་ལྟ་བུར་ཤོག །བྱང་ཆུབ་སེམས་དཔའ་སུ་དག་གང་བཞུགས་པའི། །དེ་དག་ཀུན་གྱི་སྨོན་ལམ་གྲུབ་གྱུར་ནས། །སེམས་ཅན་ཐམས་ཅད་གཏན་དུ་བདེ་བ་དང་། །ངན་སོང་རྣམས་ནི་རྟག་ཏུ་སྟོངས་པར་ཤོག །སངས་རྒྱས་ཆོས་དང་ཚོགས་ཀྱི་
མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོའོ། །སེམས་བསྐྱེད་པའི་ཆོ་ག་སློབ་དཔོན་འཇམ་དཔལ་
བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ༄༅། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པའི་རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་རང་གི་ཡི་དམ་གང་ཡིན་པར་བསམས་ལ། དེའི་སྙིང་གར་ཟླ་བའི་དཀྱིལ་འཁོར་
འཇམ་ཀླས་པ་ཅིག་བསྒོམ། དེའི་ལྟེ་བ་ལ་ཨ་དཀར་པོ་ཅིག་བསམས་ལ་དེ་ལ་དམིགས་པ་གཏད་དེ་སྤྲོས་བྲལ་དུ་བསྒོམ་མོ། །བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་དང་ །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ༄༅། །འཇམ་དཔལ་གཞོན་ནུར་གྱུར་
པ་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པའི་རྣལ་འབྱོར་པས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་བཞི་བསྒོམ་པ་ནི། གོང་གི་སྙིང་གའི་ཟླ་བ་དང་རྡོ་རྗེའི་ཨ་དེ་ལས་འཇིག་རྟེན་གྱི་ཁམས་ཁེངས་པར་བྱེད་པའི་འོད་ཟེར་ཁ་དོག་དཀར་པོ་བྱུང་བ་དེས་སེམས་ཅན་ཐམས་ཅད་ལ་རེག་པ་དང་སྡུག་
བསྔལ་དང་བྲལ་ནས་བདེ་བ་དང་ལྡན་པ་དང་། བདེ་བ་ལ་ཡུན་རིང་བར་གནས་པ་དང་། ཆོས་མཉམ་པ་ཉིད་ཀྱི་དོན་དུ་ཡུན་རིང་དུ་བསྒོམ་མོ། །འོད་ཟེར་དེའི་ཕུང་པོ་སླར་སྙིང་གར་ཐིམ་པར་བྱའོ། །ཚད་མེད་པ་བཞི་བསྒོམ་པའི་མན་ངག་རྫོགས་སོ།། ༄༅། །འཇམ་དཔལ་གཞོན་

ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པའི་སྒོ་ནས་དུས་གསུམ་སངས་རྒྱས་ལ་བལྟ་བ་ནི། སྙིང་གའི་ཟླ་བའི་རྡོ་རྗེ་ལས་འོད་ཟེར་ཁ་དོག་ལྔ་འཇའ་ཚོན་ལྟ་བུ་ནམ་མཁའི་མཐར་ཐུག་པ་ཐམས་ཅད་སྣང་བས་ཁྱབ་པས་གསལ་བར་བྱས་ལ་བལྟ་བ་དང་།
འཇིག་རྟེན་གྱི་ཁམས་མང་ལ་རྒྱ་ཆེ་བའི་སངས་རྒྱས་ཀྱི་ཞིང་ཁམས་ན་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་མཛད་པ་བཅུ་གཉིས་མཛད་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མཉམ་པར་གཞག་པ་དང་། དེ་ལས་ལངས་པ་དང་། བྱང་ཆུབ་སེམས་དཔས་བསྐོར་བ་དང་། འཁོར་
རྣམ་བཞིས་བསྐོར་བ་དང་། དེ་བཞིན་གཤེགས་པའི་མཛད་སྤྱོད་དང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལ་སེམས་གཏད་ལ་བལྟ་བར་བྱའོ། །དུས་གསུམ་གྱི་སངས་རྒྱས་ལ་བལྟ་བ་རྫོགས་སོ།། ༄༅། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་
འཚལ་ལོ། །དབང་པོ་ཐ་མས་རྗེས་སུ་དྲན་པ་དྲུག་བསྒོམ་པ་ནི། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པའོ། །དེ་ཡང་འདི་ལྟ་སྟེ། དེ་རྣམས་
ཀྱི་ཡོན་ཏན་དྲན་པའི་སྒོ་ནས་གུས་པ་བསྐྱེད་ཅིང་བདག་གིས་ཀྱང་དེའི་སྒོ་ནས་འཇུག་པར་བྱའོ། །དེ་ཡང་སངས་རྒྱས་རྗེས་སུ་དྲན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་རིག་པ་དང་ཞབས་སུ་ལྡན་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ཡང་དག་པའི་
སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་བྱའོ། །དེ་ལྟ་བུའི་སྒོ་ནས་སངས་རྒྱས་ཀྱི་ཡོན་ཏན་རྟོགས་ཤིང་དྲན་པ་ཉིད་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཆོས་རྗེས་སུ་དྲན་པ་ནི་བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ་ཡང་དག་པར་མཐོང་བ། དུས་ཚོད་མཁྱེན་པ། འདི་མཐོང་བ་ལ་ཉེ་བར་
གཏོད་པ། མཁས་པ་སོ་སོར་ཡང་དག་པར་རིག་པ། དོན་བཟང་པོ་ཚིག་འབྲུ་བཟང་པོ། །ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། མ་འདྲེས་པ་ཡོངས་སུ་གསལ་བའོ། །དེ་ལྟ་བུ་ལ་དམིགས་ཤིང་ཡོན་ཏན་དྲན་པར་བྱའོ། །དགེ་འདུན་རྗེས་སུ་དྲན་པ་ནི་བཅོམ་ལྡན་འདས་ཀྱི་

ཉན་ཐོས་ཀྱི་དགེ་འདུན་ལེགས་པར་ཞུགས་པ། དྲང་པོར་ཞུགས་པ། རིགས་པར་ཞུགས་པ། མཐུན་པར་ཞུགས་པ། ཀུན་དུ་སྦྱིན་པའི་འོས་སུ་གྱུར་པ། རབ་ཏུ་སྦྱིན་པའི་འོས་སུ་གྱུར་པ། སྦྱོར་བའི་འོས་སུ་གྱུར་པ། འཇིག་རྟེན་པའི་བསོད་ནམས་ཀྱི་ཞིང་བླ་ན་མེད་པའོ། །དེའི་ཡོན་ཏན་རྗེས་སུ་དྲན་པར་བྱའོ། །གཏོང་བ་རྗེས་སུ་དྲན་པ་ནི་
ཀྱེ་མ་སྐྱེས་བུ་སེར་སྣའི་དྲི་མ་སྤངས་པའི་ནང་ནས་སེར་སྣ་དང་བྲལ་བའི་སེམས་ཀྱིས་ཆོས་སྦྱིན་འཁོར་མོར་བྱེད་པ། ལག་རྐྱོང་བ་རྣམས་གཏོང་བ་ལ་དགའ་བ། འདི་ནི་བདག་གིས་ལེགས་པར་རྙེད་པ་ཡིན་ནོ། །དེ་ལྟར་རྗེས་སུ་དྲན་པར་བྱའོ། །ཚུལ་ཁྲིམས་རྗེས་སུ་དྲན་པ་ནི་བཅོམ་ལྡན་འདས་ཀྱི་ཉན་
ཐོས་ཀྱི་དགེ་འདུན་ནི་ཚུལ་ཁྲིམས་མ་ཉམས་པ། སྐྱོན་མེད་པ་མ་འདྲེས་པ་མ་གོས་པ། རང་གཙང་ཡོད་པ། མཁས་པས་བསྔགས་པ། ཏིང་ངེ་འཛིན་ཤེས་པའོ་ཞེས་དེ་ལྟ་བུར་དྲན་པར་བྱའོ། །ལྷ་རྗེས་སུ་དྲན་པ་ནི་ལྷ་རྣམས་ནི་ཆེ་བའི་ཡོན་ཏན་དང་ལྡན་པ། ལྷར་སྐྱེ་བའི་རྒྱུར་གྱུར་པ།
ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་། ཤེས་རབ་དང་། བདག་ཉིད་དང་། ལྷའི་ཡོན་ཏན་མཚུངས་པར་བྱས་ནས་ལྷའི་ཡོན་ཏན་དང་སྦྱར་ནས་རྗེས་སུ་དྲན་པར་བྱའོ། །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་མཚན་ཡང་དག་པར་བརྗོད་པའི་རྗེས་སུ་དྲན་པ་དྲུག་བསྒོམ་པའི་
མན་ངག་རྫོགས་སོ།། ༄༅། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པའི་སྒོ་ནས་དབང་པོ་འབྲིང་གིས། རྟེན་འབྲེལ་བཅུ་གཉིས་བསྒོམ་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྟེན་འབྲེལ་བཅུ་གཉིས་གསུངས་ཏེ། ཕྱི་
རྟེན་ཅིང་འབྲེལ་པའི་འབྱུང་བ་ས་བོན་སྐྱེ་བོ་ནད་མེད་པས་འབྲས་བུའི་བར་དུ་ཡན་ལག་བརྒྱད་ཀྱི་ཚུལ་དུ་འབྱུང་བ་འབྲས་བུ་ལྗང་བུ་ལ་གཟིགས་ནས། ནང་རྟེན་ཅིང་འབྲེལ་པར་འབྱུང་བས་མ་རིག་པ་ནས་རྒ་ཤིའི་བར་དུ་ཡན་ལག་བཅུ་གཉིས་གསུངས་ཏེ། ནང་གི་ཆོས་རྣམས་ཇི་ལྟར་སྐྱེ་བའི་རྒྱུ་དང་འབྲས་
བུ་རྣམས་བསྟན་པའོ། །དེ་ལ་མ་རིག་པ་ནི་མི་ཤེས་པ་ལས་བྱུང་སྟེ། དེ་ཁོ་ན་ཉིད་ལ་གཏི་མུག་པ་དང་། ལས་རྒྱུ་དང་འབྲས་བུ་ལ་གཏི་མུག་པའོ། །དེའི་རྐྱེན་གྱིས་མ་རིག་པ་འབྱུང་སྟེ། དེ་ལ་ཅིའི་ཕྱིར་མ་རིག་པ་ཞེས་བྱ་ཞེ་ན། མུན་པ་ཆེན་པོའི་ཕྱིར་ན་མ་རིག་པ་སྟེ། དཔེར་ན་མུན་པས་

བསྒྲིབས་ནས་རྫས་ཀྱི་དངོས་པོ་མི་མཐོང་བ་དང་འདྲ་བར་མ་རིག་པས་ཀྱང་ལས་དང་ལས་ཀྱི་འབྲས་བུ་ཡོད་པ་དང་། བདེན་པ་དང་དཀོན་མཆོག་ཡོན་ཏན་ཅན་དང་། ཆོས་རྣམས་ཀྱི་ཆོས་ཉིད་སྟོང་པ་ཉིད་དུ་མཐོང་བར་བྱ་བ་བསྒྲིབས་ཏེ་མ་མཐོང་བས་མུན་པ་ཞེས་བྱ་སྟེ། ཁ་ཅིག་
གིས་དགེ་སྡིག་ངོ་མ་ཤེས། ཁ་ཅིག་གིས་དགེ་སྡིག་ཡོད་པར་ཡིད་ཆེས་ཀྱང་དོན་ལ་རྨོངས་པས་མ་རིག་པ་ཞེས་བྱའོ། །དེའི་རྐྱེན་གྱིས་འདུ་བྱེད་འབྱུང་སྟེ། བསོད་ནམས་དང་། བསོད་ནམས་མ་ཡིན་ད་དང་། མི་གཡོ་བ་གསུམ་གྱིས་འདུ་བྱེད་པའོ། །མངོན་པར་འདུ་བྱེད་པའི་ཕྱིར་
ན་འདུ་བྱེད་རྣམས་ཞེས་བྱ་སྟེ། ལས་སུ་མ་བསྟན་པ་རྣམས་པ་སྣ་ཚོགས་པ་འདུ་བྱེད་དོ། །དེས་བྱས་པས་ཀུན་གཞི་ལ་བག་ཆགས་སོགས་ཏེ། རྒྱུ་དེས་རྣམ་པར་ཤེས་པ་འབྱུང་ངོ་། །དེས་ཁམས་གསུམ་དུ་ལས་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ལས་ཀྱི་འདུ་
བྱེད་དོ། །མ་རིག་པ་དང་འདུ་བྱེད་གཉིས་ནི་ཚེ་སྔ་མ་དང་སྦྱར་རོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་འབྱུང་སྟེ། ཅིའི་ཕྱིར་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། ཕྱི་ནང་གི་ཆོས་གཟུགས་དང་སྒྲ་དང་དྲི་ལ་སོགས་པ་ཡུལ་ཐ་དད་པ་རྣམས་ལ་མིག་ལ་སོགས་པའི་རྣམ་པར་ཤེས་པས་སོ་སོར་རིག་
ཅིང་ཤེས་པས་ན་རྣམ་པར་ཤེས་པ་ཞེས་བྱ་སྟེ། ཀུན་གཞི་ལ་བག་ཆགས་གཞག་པའི་བག་ཆགས་ཀྱི་རྒྱུ་དེས་འཕངས་ནས། ཕ་རོལ་དུ་སྐད་ཅིག་མའི་ཚུལ་གྱིས་མའི་མངལ་དུ་ཆགས་པ་ལས་མིང་དང་གཟུགས་སུ་གྱུར་བའོ། །རྣམ་པར་ཤེས་པ་མན་ཆད་ད་ལྟའི་ཚེ་སྟེ། དེ་ཡན་ཆད་གསུམ་ནི་
འཕེན་པའི་ཡན་ལག་གོ། །དེའི་རྐྱེན་གྱིས་མིང་དང་གཟུགས་ཏེ་ཅིའི་ཕྱིར་ན། བརྟེན་པས་ན་མིང་དང་གཟུགས་ཞེས་བྱ་སྟེ། དཔེར་ན་ཤིང་གསུམ་རྩེ་སྤྲད་ན་མདུད་ཁྱིམ་དུ་རུང་བ་དང་འདྲ་བའི་མིང་བཞིའི་ཕུང་པོ་དང་གཟུགས་ཀྱི་ཕུང་པོ་གཉིས་ཀྱང་གཅིག་ལ་གཅིག་བརྟེན་པས་ན་མིང་དང་གཟུགས་ཞེས་བྱ་སྟེ།
རྣམ་པར་ཤེས་པ་མའི་མངལ་དུ་འོངས་ནས་མིང་བཞིའི་ཕུང་པོ་དང་གཟུགས་ཀྱི་ཕུང་པོ་མེར་མེར་པོ་དང་། ནུར་ནུར་པོ་དང་། གོར་གོར་པོ་དང་། ཡན་ལག་ཏུ་གྱུར། འཕྲང་འགྱུར་ལ་སོགས་པ་མངལ་གྱི་ཆོས་དྲུག་དང་ལྡན་ནོ། །དེའི་རྐྱེན་གྱིས་སྐྱེ་མཆེད་དྲུག་འབྱུང་སྟེ། སེམས་དང་སེམས་

ལས་བྱུང་བ་རྣམས་སྐྱེ་བའམ་འབྱུང་བའི་སྒོ་བྱེད་པས་སྒོ་ཞེས་བྱ་སྟེ། དངོས་སུ་ན་མིང་དང་གཟུགས་མེར་མེར་པོ་ལ་སོགས་པ་བརྟན་ནས་དེའི་རྐྱེན་གྱིས་ནང་གི་དབང་པོ་དྲུག་དོད་པ་ལས་ཡུལ་དྲུག་ལ་རྣམ་ཤེས་སྐྱེ་ཤིང་མཆེད་པས་སོ། །རྣམ་པར་ཤེས་པའི་རྐྱེན་གྱིས་རེག་པ་ཞེས་བྱ་སྟེ། ཡུལ་དང་དབང་
པོ་དང་རྣམ་པར་ཤེས་པ་འདུས་པས་ཡུལ་ཡིད་དུ་འོང་བ་དང་། མི་འོང་བ་དང་། གཉི་ག་མ་ཡིན་པ་དང་གང་དང་གང་ལ་རེག་པའི་རྒྱུ་ཚོར་བ་ཞེས་བྱ་སྟེ། རེག་པ་འབྱུང་བའི་རྒྱུ་ཚོར་བ་སྟེ་ཉམས་སུ་མྱོང་བའོ། །འདི་མན་ཆད་བཞི་ནི་འཕངས་པའི་ལམ་གྱི་ཡན་ལག་གོ། །ཚོར་བའི་རྐྱེན་གྱིས་
སྲེད་པ་འབྱུང་སྟེ། ཅིའི་ཕྱིར་ན་སྐོམ་པའི་ཕྱིར་ན་སྲེད་པ་ཞེས་བྱ་སྟེ། སྐོམ་གྱིས་གདུངས་པ་དང་འདྲ་བར་ཚོར་བ་སྡུག་བསྔལ་དང་བྲལ་ནས་བདེ་བ་དང་ཕྲད་པར་འདོད་པས་སྲེད་པའོ། །བདེ་བ་ཚོར་བའི་རྐྱེན་གྱིས་སྲེད་པ་ཆང་འཐུང་སྟེ། ཡང་དང་ཡང་དུ་འདོད་པའི་ཕྱིར་སྲེད་པའོ། །འདི་ཀུན་
གྱི་རྩ་བ་ནི་མ་རིག་པ་ལས་བྱུང་བའོ། །སྲིད་པ་སྲེད་པ་ལེན་པ་གསུམ་ད་ལྟར་གྱི་ཚེ་དང་སྦྱར་རོ། །སྲེད་པའི་རྐྱེན་གྱིས་ལེན་པ་འབྱུང་སྟེ། ཅིའི་ཕྱིར་ཞེ་ན། ཉེ་བར་ལེན་པའི་ཕྱིར་ལེན་པ་ཞེས་བྱ་སྟེ། ལེན་པ་ལ་བཞི་སྟེ་འདོད་པའི་ལེན་པ་དང་། ལྟ་བའི་ལེན་པ་དང་ཚུལ་ཁྲིམས་དང་བརྟུལ་
ཞུགས་བསྙེམས་པའི་ལེན་པ་དང་། བདག་ཏུ་ལྟ་བའི་ལེན་པའོ། །སྲིད་པའི་རྒྱུ་ཡང་དང་ཡང་དུ་ལེན་པར་བྱེད་དེ། འདི་ཡང་རྩ་བ་མ་རིག་པའོ། །ལེན་པའི་རྐྱེན་གྱིས་སྲིད་པ་འབྱུང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྲིད་པར་སྐྱེ་བའི་ཕྱིར་སྲིད་པ་ཞེས་བྱ་སྟེ། ཁམས་གསུམ་དུ་སྐྱེ་བའི་ཕྱིར་རོ། །
དེར་སྐྱེ་བའི་རྒྱུ་ལས་དང་ཉོན་མོངས་པའི་བག་ཆགས་བརྟས་ནས་ཚེ་ཕྱི་མའི་སྐྱེ་བ་ནི་སྲེད་པ་ཞེས་བྱ་སྟེ། ལེན་པའི་རྒྱུ་ལས་དགེ་བ་དང་། མི་དགེ་བ་བསགས་པས་ཚེ་ཕྱི་མ་ལེན་པས་སྲིད་པའོ། །འདི་མན་ཆད་གསུམ་ནི་གྲུབ་པའི་ཡན་ལག་གོ། །སྲིད་པའི་རྐྱེན་གྱིས་སྐྱེ་བ་སྟེ། ཅིའི་ཕྱིར་ཞེ་ན། ཕུང་པོ་
འབྱུང་བའི་ཕྱིར་སྐྱེ་བ་ཞེས་བྱ་སྟེ། ལམ་རྒྱུད་ལྔ་ཉིད་དུ་ལྷ་དང་མི་ལ་སོགས་པའི་ལུས་ཀྱི་ཕུང་པོ་སྔོན་མེད་པ་འབྱུང་བས་ན་སྐྱེ་བའོ། །དེ་ཡང་སྲིད་པར་སྐྱེ་བའི་ལས་བྱས་པའི་རྒྱུས་སྐྱེ་བའོ། །སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་སྟེ། ཅིའི་ཕྱིར་རྒས་པ་ཞེ་ན། ཕུང་པོ་སྨིན་པའི་ཕྱིར་རྒས་པ་ཞེས་བྱ་སྟེ།

དཔེར་ན་ཤིང་ཐོག་སྨིན་པ་དེ་རྒས་པ་དང་འདྲ་བར་སྐྲ་དཀར་དང་གཉེར་མ་ཅན་དུ་གྱུར་ཏེ། ལུས་ནི་བཤང་ཁུང་བཞིན་དུ་སོང་། །ཁ་བྲག་ཕུག་སྟོང་པ་དང་འདྲ། སྐྲ་སྤྲ་བའི་མེ་ཏོག་དང་འདྲ། དཔྲལ་བ་དྲས་སྟན་རྙིང་པ་དང་འདྲ་བར་སོང་བ་ནི་རྒས་པའོ། །རྒས་པའི་རྐྱེན་གྱིས་འཆི་བ་འབྱུང་སྟེ། ཅིའི་
ཕྱིར་ཞེ་ན། འཇིག་པའི་ཕྱིར་འཆི་བ་ཞེས་བྱ་སྟེ། ལུས་ཀྱི་ཕུང་པོ་གནས་པའི་དུས་ཟད་དེ་དྲོད་དང་རྣམ་པར་ཤེས་པས་བཏང་བའི་ཕྱིར་ཤི་བའོ། །སྐྱེ་བ་ཡོང་ན་རྒ་ཤི་འབྱུང་ངོ་། །སྐྱེ་བ་དང་རྒ་ཤི་གཉིས་ཏེ་གསུམ་ནི་ཚེ་ཕྱི་མ་དང་སྦྱར་རོ། །རྒས་པ་དང་ཤི་བ་གཉིས་ནི་ཉེས་དམིགས་ཀྱི་ཡན་ལག་
གོ། །རྟེན་འབྲེལ་བཅུ་གཉིས་དུམ་བུ་ལྔས་འཆད་དེ། ཚེ་སྔ་མའི་རྒྱུའི་སྒོ་ནས་གཞག་གོ། །ད་ལྟར་གྱི་ཚེ་ནི་རྒྱུ་དང་འབྲས་བུ་གཉིས་ཀའི་སྒོ་ནས་གཞག་གོ། །དེ་ལྟར་ཅིའི་ཕྱིར་བསྟན་ཅེ་ན། དེ་ཡང་ཚེ་སྔ་མའི་རྒྱུས་འདི་བསྐྱེད། འདིའི་རྒྱུས་ཕྱི་མ་སྐྱེད་པའོ། །དེ་ལྟར་ཡན་ལག་བཅུ་
གཉིས་ལུགས་སུ་འབྱུང་བ་ནི་མཇུག་རྒ་ཤི་འབྱུང་། ཅི་ལས་བྱུང་རྩད་བཅད་པས་སྐྱེ་བ་ལས་བྱུང་། དེ་ནས་ཁད་ཀྱིས་གཅིག་གི་རྐྱེན་གྱིས་གཅིག་བསྐྱེད་དེ། མཇུག་མ་རིག་པ་ལ་རྩ་བ་ཐུག་པ་དང་། མ་རིག་པ་དེ་ཡང་མེད་པར་འགགས་པ་མ་ཡིན་ཏེ། མ་ཡིན་པའམ་མི་དམིགས་པར་
འགགས་པས་འདུ་བྱེད་ནས་རྒ་ཤིའི་བར་དུ་འགགས་ཏེ། ལུགས་ལས་བཟློག་པར་ཤེས་པར་བསྒོམ་པར་བྱའོ། །དེ་ལྟར་བདག་གིས་འདི་བྱས་པ་རང་བཟོ་ལྟ་བུ་མ་ཡིན་ཏེ། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །ཞེས་གསུངས་
པ་ལ་བརྟེན་ནས་བྱས་པའོ། །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། མཚན་ཡང་དག་པར་བརྗོད་པའི་སྒོ་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་བསྒོམ་པའི་མན་ངག་རྫོགས་སོ།། ༄༅། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་
ལོ། །མཚན་ཡང་དག་པར་བརྗོད་པའི་སྒོ་ནས་དབང་པོ་རབ་ཀྱིས་དེ་ཁོ་ན་ཉིད་བསྒོམ་པ་ནི། ལྷར་བསྐྱེད་པ་སྟོང་པ་ཉིད་བཅུག་ནས་སེམས་རང་བཞིན་གྱིས་རྣམ་པར་དག་པ་འོད་གསལ་བ་རྒྱུ་གང་གིས་ཀྱང་མ་བསྐྱེད་པས། རྐྱེན་གང་གིས་ཀྱང་མི་འཇིག །ཞེ་འདོད་ཐམས་ཅད་དང་

བྲལ་བའི་སྟོང་པའི་རྒྱས་ཐེབས་པའི་ཤེས་པ་དེ་ཁོ་ན་ལ་གནས་པ་ནི་ཆོས་ཀྱི་སྐུའོ། །ཤེས་པའི་ངོ་བོ་མ་གྲུབ་ཅིང་རིག་པ་རང་གསལ་གྱི་ཉམས་མྱོང་དང་མ་བྲལ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཤེས་པ་གསལ་བ་དེ་ཉིད་སྣང་ལ་རང་བཞིན་མེད་པས་སྤྲུལ་པའི་སྐུའོ། །རྒྱུའི་གནས་སྐབས་སུ་སྐུ་གསུམ་དབྱེར་
མེད་བསྒོམས་པས་འབྲས་བུ་སྐུ་གསུམ་ཐོབ་སྟེ། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུ། ས་བཅུའི་བྱང་ཆུབ་སེམས་དཔའ་ལ་མཚན་དང་དཔེ་བྱད་དུ་ལྡན་པ་ལོངས་སྤྱོད་རྫོགས་པའི་སྐུ། རིགས་དྲུག་གི་སེམས་ཅན་གྱི་སྣང་བ་སྤྲུལ་པའི་སྐུ་ཡིན་ཏེ། འབྲས་བུ་སྐུ་གསུམ་ཐོབ་པའོ། །དབང་པོ་རབ་ཀྱིས་
དེ་ཁོ་ན་ཉིད་བསྒོམ་པ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མཉྫུ་ཤྲཱི་ནཱ་མ་སངྒཱི་ཏི་བོ་དྷི་མ་ཧཱ་ཤ་རཱི་རཾ་བི་དྷི་ནཱ་མ། བོད་སྐད་དུ། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་བྱང་ཆུབ་ཆེན་པོའི་སྐུ་གདུང་གི་ཆོ་ག་ཞེས་བྱ་བ། སངས་
རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དད་པ་ཅན་གང་ཞིག་གིས་མཆོད་རྟེན་བྱེད་པར་འདོད་པས་ས་ཆོག་ཚུལ་དང་མཐུན་པར་བྱ། སྲོག་ཆགས་མེད་པའི་ས་ལེགས་པར་བླངས་ཏེ། རིན་པོ་ཆེའི་ཕྱེ་མ་ཡང་མང་དུ་བཏབ་ནས། དྲི་ཞིམ་པོའི་
ཆུས་བྲན་ཏེ། བདག་ཉིད་སངས་རྒྱས་ཀྱི་ང་རྒྱལ་དང་ལྡན་པས་འཇིམ་པའི་གོང་བུ་དེ་འོད་ཀྱི་ཕུང་པོར་བྱས་ཏེ། འོད་ཕུང་དེ་ཉིད་དྷཱིཿསེར་པོ་ལས་དང་པོའི་སངས་རྒྱས་ཞལ་ལྔ་ཕྱག་བརྒྱད་པར་བསམས་ཏེ། ཡེ་ཤེས་སེམས་དཔའི་སྐུའི་ཕྲེང་བའི་སྔགས་ལ་རྡོ་རྗེ་བསྡུ་བ་དང་བཅས་པས་རིག་སྔགས་ཀྱིས་སངས་
རྒྱས་འཁོར་དང་བཅས་པ་བསྡུས་ཏེ། བྱོན་པ་ཐམས་ཅད་དང་པོའི་སངས་རྒྱས་ཀྱི་ཞལ་ལྔ་པོ་དེ་ཉིད་དུ་ཐམས་ཅད་ཐིམ་པར་བྱས་ཏེ། དེ་ལ་ཐུགས་ཀ་ནས་སྤྲུལ་པའི་མཆོད་པས་ཡང་དག་པར་མཆོད་ལ། འོད་ཁ་དོག་ལྔའི་ཕུང་པོ་འཇའ་ཚོན་ལྟ་བུར་མོས་པ་བྱས་ལ། དེ་ལ་འབི་འབི་བྱ་ཞིང་སྐོལ་ཕོར་ཆོས་
ཀྱི་འབྱུང་གནས་སུ་བསམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་འགྲུབ་པར་བྱེད་པའི་ཡེ་ཤེས་སེམས་དཔའི་སྐུའི་ཕྲེང་བའི་སྔགས་འདི་ཟློས་ཤིང་གདབ་བོ། །ཨོཾ་ཨ་ཨཱཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿབྷ་ག་ཝཱན་ཛྙཱ་ན་མཱུརྟྟི། ཝཱ་གཱི་ཤྭ་ར་མ་ཧཱ་ཝ་ཙ། སརྦ་དྷརྨཱ་ག་ག་ན། ཨ་མ་ལ་

སུ་པ་རི་ཤུདྡྷ་དྷརྨྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ ཞེས་བཟླས་ཤིང་སྐོལ་ཕོར་ནས་གདོན་པ་དང་། ཕྱི་གཞལ་ཡས་ཁང་དུ་རྫོགས་པ་ལ་ནང་དཀྱིལ་འཁོར་གྱི་འཁོར་ལོ་རིགས་ཐམས་ཅད་བསྡུས་པ་ལ་ལྷ་དྲུག་ཅུ་རྩ་གསུམ་གྲུབ་པར་བྱས་ལ་བཞུགས་པར་བསམས་ཏེ། སྙིང་གའི་འོད་ཟེར་གྱིས་དེ་
དང་མཐུན་པའི་སངས་རྒྱས་སྤྱན་དྲངས་ཏེ་བཅུག་ལ་ཡང་དག་པར་མཆོད་དེ། ལྷག་པ་དང་མ་ཚང་བ་ཁ་བསྐང་བའི་ཕྱིར་ཡི་གེ་བརྒྱ་པ་གདོན་པར་བྱའོ། །སྔགས་འདིས་རབ་ཏུ་གནས་པར་བྱས་ཏེ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་བ་ཧེ་ཏུནྟེ་ཥཱན་ཏཱ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ །དེ་ཡང་
བཀྲ་ཤིས་པར་བྱ་བའི་ཕྱིར་སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སརྦ་ཨརྠ་སིདྡྷ་ལོ་ཙ་ན་ཡེ་སྭཱ་ཧཱ་ཞེས་བཟླས་སོ། །སྔགས་འདིས་ས་དཀར་བྱུག་པར་བྱའོ། །ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཞེས་བརྗོད་དོ་ཨོཾ་ཨརྱ་ཡེ་སྭཱ་ཧཱ། ཞེས་པས་བྲེ་གཟུགས་སོ། །ཨོཾ་ཙཀྲ་བཪྟ་ན་ཡེ་སྭཱ་ཧཱ། ཞེས་པས་འཁོར་
ལོ་གཟུགས་སོ། །ཨོཾཙྪ་ཏྲ་ནེ་ར་ཡ་སྭཱ་ཧཱ་ཞེས་པས་གདུགས་དབུལ་ལོ། །ཨོཾ་ཀུཾ་བི་ར་དྷྭ་ཛ་ཡེ་སྭཱ་ཧཱ་ཞེས་པས་རྒྱལ་མཚན་ནམ་ཏོག་གཞག་གོ། །ཨོཾ་བཱ་ཏ་ཀ་ཏ་ཛ་ཡེ་སྭཱ་ཧཱ་ཞེས་པས་བ་དན་ཕྱར་རོ། །ཨོཾ་པ་ཊ་དཱ་མ་ཡེ་སྭཱ་ཧཱཿཞེས་པས་དར་དཔྱངས་གདགས་སོ། །ཨོཾ་པུཥྤ་མཱ་ལ་ཡེ་སྭཱ་ཧཱ་ཞེས་པས་མེ་ཏོག་གི་ཕྲེང་བ་
གདགས་སོ། །དེ་ལྟར་རྫོགས་པར་བྱས་ནས་སླར་ཡང་མཆོད་པས་ཡང་དག་པར་མཆོད་དོ། །བཀྲ་ཤིས་བརྗོད་ལ་བརྟན་པར་བཞུགས་སུ་གསོལ་ལོ། །དད་ཅན་རྣམས་ལ་ཕན་པའི་ཕྱིར། །ཚ་ཚའི་ཆོ་ག་འདི་བྱས་པས། །དེ་ལས་བྱུང་བའི་དགེ་བ་དེས། །འགྲོ་བ་རྫོགས་པའི་སངས་རྒྱས་ཤོག །སློབ་དཔོན་
འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། མཚན་ཡང་དག་པར་བརྗོད་པའི་ཚ་ཚའི་ཆོ་ག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སངྒཱི་ཏི་ཧོ་མ་བི་དྷི་སཾ་གྲ་ཧ་ཏ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྦྱིན་སྲེག་གི་ཆོ་ག་བསྡུས་
པ་ཞེས་བྱ་བ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ལ་དང་པོ་སྔགས་པ་ནི། །རང་ལུས་འཇིག་ཀྱང་གཞན་ཕན་བརྩོན། །རྙེད་དང་བཀུར་སྟི་ལ་མ་ཆགས། །སེམས་ཅན་དོན་དུ་སྦྱིན་སྲེག་བྱ། །དང་པོ་སའི་ཆོ་ག་དང་སྟ་གོན་གྱི་ཆོ་ག་བྱས་ལ། ཡིད་དུ་

འོང་བའི་སའི་ཆར་ཐིག་བཏབ་ལ། དཀྱིལ་འཁོར་གྱི་དབུས་སུ་ཐབ་ཁུང་ཁྲུ་གང་བ། ཟབས་སུ་དེའི་ཕྱེད་ལ། ཁ་ཁྱེར་སོར་བཞི་ཕྱིར་དོར་བ། དེའི་སྟེང་དུ་སོར་བཞི་པའི་ཁ་ཁྱེར་གྱིས་བསྐོར་བ། ནང་དུ་པདྨ་དང་རྡོ་རྗེས་མཚན་པ། བྱུག་པ་དྲི་ཞིམ་པོ་དང་། མེ་ཏོག་དཀར་པོས་བརྒྱན་པ། མཚམས་
སུ་རྡོ་རྗེ་རྩེ་གསུམ་པ་དང་། ཁ་ཁྱེར་ལ་ཀུ་ཤ་དགྲམ་པར་བྱའོ། །ཤིན་ཏུ་སར་པའི་རས་ཀྱིས་གཡོགས་པར་བྱའོ། །དེ་ནས་མཆོད་རྫས་དང་སྲེག་རྫས་དང་། ཡམ་ཤིང་དང་བུད་ཤིང་དང་། དགང་གཟར་དང་བླུགས་གཟར་རྣམས་བཤམས་ཏེ། མཆོད་རྫས་ནི་གཡོན་དུ་གཞག། །སྲེག་རྫས་ནི་
གཡས་སུ་གཞག་གོ། །དེ་ནས་ཁྲུས་དང་བྱུག་པ་བྱས་ལ་སྟོད་གཡོགས་དང་སྨད་གཡོགས་དང་། རྒྱན་ཐམས་ཅད་གོན་ཏེ། སྲོད་ལ་པདྨའི་འདུག་སྟངས་ཀྱིས་ཁ་ཤར་དུ་བལྟས་ཏེ་བློས་བསྒྲུབ་པར་བྱ་བ་དེ་དམིགས་ཏེ། ལས་རྣམས་བརྩམ་པར་བྱའོ། །དེ་ནས་ལྕེ་ལག་བྱིན་གྱིས་བརླབས་ཏེ།
སྐད་ཅིག་མའི་ཏིང་ངེ་འཛིན་གྱི་ཧཱུཾ་མཛད་ཀྱི་སྦྱོར་བས་ར་བ་དང་དྲཱ་བ་དང་བགེགས་བསྐྲད་པར་བྱའོ། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་དང་བཛྲ་ཙཀྲ་བྱ་བ་འདིས་དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་ལྟ་བུར་དམིགས་ཏེ། ཕྱག་རྒྱ་བཞི་བྱས་ལ་རང་རང་གི་སྔགས་དང་ཕྱག་རྒྱས་མཆོད་པ་བྱིན་གྱིས་བརླབས་ཏེ། ཐུན་
མོང་གི་མཆོད་པ་ལྔ་དང་། ཁྱད་པར་སྒེག་མོ་ལ་སོགས་པའི་མཆོད་པ་བརྒྱད་དང་། མཆོད་པ་ཉི་ཤུས་ཀྱང་ཡང་དག་པར་མཆོད་དེ། སྡོམ་པ་གཟུང་བའི་བར་དུ་རྫོགས་པར་བྱའོ། །དེ་ནས་གཤེགས་སུ་གསོལ་ལོ། །དེ་ནས་བདག་ཉིད་ཀྱིས་རྡོ་རྗེ་གནོད་སྦྱིན་གྱི་སྔགས། ཨོཾ་
བཛྲ་ཡཀྵ་ཧཱུཾ། ཞེས་བྱ་བས་བགེགས་བསལ་བར་བྱའོ། །བཛྲ་ཤི་ཁ་རེ་རུ་ཊ་མ་ཊ་ཞེས་བྱ་བས་རྡོ་རྗེ་རྩེ་མོའི་སྔགས་ཀྱིས་བདག་དང་ཐབ་དང་རྫས་དང་མཆོད་པ་རྣམས་བསང་བར་བྱའོ། །དེ་ནས་བདག་ཉིད་འདོད་པའི་ལྷར་བསྐྱེད་དེ། སྙིང་གའི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་རང་དང་འདྲ་བ་མདུན་དུ་
སྤྱན་དྲངས་ལ་ཕྱག་དང་མཆོད་པ་བྱས་ཏེ། སྙིང་གའི་འོད་ཟེར་གྱིས་བདག་ཉིད་གཉིས་སུ་མེད་པར་བྱས་ཏེ་ཕྱག་རྒྱ་ཆེན་པོ་བཞིས་རྒྱས་བཏབ་ལ་དབང་བསྐུར་བ་ཡང་བླང་ངོ་། །དེ་ནས་སྙིང་གའི་འོད་ཟེར་གྱིས་ཐབ་ཁུང་མི་དམིགས་པར་བྱས་ལ་མུཾ་ལས་དཀར་བ་དང་འཚེར་བ་དང་རྣམ་པ་ཐམས་

ཅད་དང་ལྡན་པའི་ཤིན་ཏུ་ཆེ་བའི་ཐབ་བསྐྱེད་དོ། །དེ་ཡང་ཕྱི་རོལ་གཞལ་ཡས་ཁང་རྒྱན་དང་ལྡན་པའི་ནང་དུ་ཆུད་པའོ། །དེ་ཡང་འོ་མ་ཅན་གྱི་ཤིང་གི་བུད་ཤིང་ངམ། དགོན་པའི་བ་ལང་གི་ལྕི་བས་ཐབ་བས་ཅུང་ཟད་དམའ་བ་ཙམ་གྱི་བུད་ཤིང་བརྩིགས་ལ་རྒྱུན་བཞག་གི་མེ་འམ།
ཡོན་བདག་དཀའ་ཐུབ་ལ་དགའ་བའི་ཁྱིམ་ནས་བླངས་པའི་མེ་ཡམ་ཤིང་གིས་སྤར་ཏེ། རླུང་ཡབ་ཀྱིས་གཡབ་ཅིང་། བཛྲ་ཛྭ་ལ་རཾ་ཞེས་མེའི་སྙིང་པོ་ཡང་བརྗོད་དོ། དེ་ནས་མེའི་སྤྲ་བརྟག་སྟེ། དགང་གཟར་དང་བླུགས་གཟར་ལ་རང་གི་ཆོས་ཀྱི་ཡི་གེར་བཀོད་དེ། ཨོཾ་ཝཱ་གཱི་ཤྭ་རི་མུཾ། ཞེས་སྙིང་པོ་བཟླས་
ཏེ། ཤིན་ཏུ་གང་བའི་མར་གྱིས་དགང་བླུགས་དང་སྲེག་བླུགས་སྦྱིན་ནོ། །དེ་ནས་རྟགས་བཟང་པོ་མཐོང་བ་དང་། དེ་ནས་མེ་ཐབ་ཏུ་རཾ་སུམ་མདོ་རིས་མཚན་ཅན་ལ། ཨ་ལས་པདྨའི་གདན། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར། ཨ་ལས་འོད་ཀྱི་དཀྱིལ་འཁོར། དེའི་སྟེང་དུ་རཾ་དཀར་པོ་ལས་མེ་ལྷ་ཞི་བ་
དུང་དང་ཀུ་མུ་ད་ལྟར་དཀར་བ། མིག་གཉིས་པ་རལ་བའི་ཐོར་ཚུགས་དང་བཅས་པ་ཕྱག་བཞི་པ་སྐྱབས་སྦྱིན་དང་། དབྱུག་ཏོ་དང་། བགྲང་ཕྲེང་དང་། གུནྡྷེ་རྣམས་གཡས་དང་གཡོན་ན་འཛིན་པའོ། །མཆོད་ཕྱིར་ཐོགས་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ།
རིན་པོ་ཆེས་དབུ་བརྒྱན་པ། བ་སྤུའི་བུ་ག་ཐམས་ཅད་ནས་བདུད་རྩིའི་ཆུ་རྒྱུན་འཛག་ཅིང་ཤིན་ཏུ་ཞི་བའོ། །དེ་ནས་ཕྱོགས་སྐྱོང་དང་། སྤྲུལ་པའི་མེ་བདེ་བར་བྱས་ཏེ། ལག་པ་གཡས་སྐྱབས་སྦྱིན་དུ་བཞག་ལ། མཐེ་བོ་སྲིན་ལག་གི་རྩར་གཡབ་ཅིང་། ཨེ་ཧྱེ་ཧི་བྷ་ག་བཱན་ཨགྣི་བྷ་བ་ཨཾ་ཀུ་ཤ་ཛཿ
སྙིང་གའི་འོད་ཟེར་གྱིས་སྤྱན་དྲངས་ལ་ཕྱག་བཙལ་བ་དང་། མཆོད་པ་དང་བསྟོད་པ་བྱ་སྟེ། སྙིང་གའི་འོད་ཟེར་གྱིས་གཉིས་སུ་མེད་པར་བྱའོ། །དེ་ནས་ཕྱག་རྒྱ་བཞིས་གདབ་པར་བྱ་སྟེ། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་དང་། བཛྲ་རཏྣ་ཨ་བྷི་ཥིཉྩ་ཞེས་བྱ་བས་དབང་བསྐུར་བར་བྱའོ། །དེ་ནས་རྫས་ཐམས་ཅད་
བསགས་ནས་སྙིང་གའི་འོད་ཟེར་དང་ཡེ་ཤེས་ཀྱི་བདུད་རྩིས་རྫས་ཐམས་ཅད་བྱིན་གྱིས་བརླབས་ཏེ། དགང་གཟར་དང་བླུགས་གཟར་ཐོགས་ཏེ། བྱམས་པའི་སེམས་ཀྱིས་ཨགྣ་ཡེ་བྷ་བ་ཆེ་གེ་མོའི་སྡིག་པ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ་ཞེས་པས་ཡམ་ཤིང་ནི་འོད་ཀྱི་དཀྱིལ་

འཁོར་དུའོ། །མར་མེ་ལ་སོགས་པ་ཞུ་བའི་རྫས་ཐམས་ཅད་ནི་ཞལ་ཅུང་ཟད་གདངས་པར་དབུལ་ལོ། །དེ་ནས་ཏིལ་དང་འབྲས་ཆན་ལ་སོགས་པ་ནི་ཕྱག་ཏུའོ། །མེ་ཏོག་ནི་དབུ་ལའོ། །དྲི་དང་བྱུག་པ་ནི་ཐུགས་ཀར་རོ། །ཀུ་ཤ་དང་དཱུར་བའི་མྱུ་གུ་ནི་འོད་ཀྱི་དཀྱིལ་དུའོ། །མཆོད་ཡོན་ནི་མདུན་དུའོ། །
ཞལ་བསིལ་ནི་ཕྱག་ཏུའོ། །དེ་ནས་སྡིག་པ་སྦྱང་བར་འདོད་ན་ལག་པ་གཡོན་པའི་མཐིལ་དུ་ཏིལ་ནག་པོ་ལ་སྡིག་པའི་གཟུགས་སུ་བྱ་སྟེ། འོད་ཟེར་གྱིས་སྡིག་པ་བསྡུས་ཏེ། བསྐུལ་ཚིག་དང་བཅས་པས་ཇི་སྲིད་བདེ་བ་ཐ་མཐོང་གི་བར་དུ་བསྲེག་པར་བྱའོ། །ནད་ཞི་བར་བྱེད་པ་རྣམས་ཀྱིས་ནི་སྙིང་
གའི་བྱ་ནག་པོ་ལ་འོད་ཟེར་བསྡུས་པའི་སྦྱོར་བ་བྱས་ནས་བསྡུས་ཏེ། བསྐུལ་ཚིག་དང་བཅས་པས་བསྲེགས་ན་ཞི་བར་འགྱུར་རོ། །ཡང་ན་སྙིང་གའི་འོད་ཟེར་གྱིས་བསྲེག་བྱ་ལེགས་པར་བསྐུལ་ཏེ། དེའི་འོད་ཟེར་གྱིས་ནད་བླངས་ལ་བདུད་རྩིའི་ཆུས་བཀྲུས་ཏེ་བསྐུལ་ཚིག་དང་བཅས་པས་བསྲེག་གོ། །ཚེ་སྤེལ་
བ་ལ་སོགས་པ་ཡང་ཚུལ་འདི་ཉིད་ཀྱིས་འགྲུབ་པར་བྱའོ། །དེ་ནས་ཞབས་བསིལ་ཕུལ་ལ་བསྟོད་དེ། ལས་དང་རྗེས་སུ་མཐུན་པའི་ཕྲིན་ལས་བཅོལ་ལ། མེ་རང་གི་གཟུགས་ཀྱིས་དེ་ཉིད་དུ་བཞུགས་སུ་གསོལ་ལོ། །དེ་ནས་ལས་ཐམས་ཅད་པའི་སྔགས་ཀྱིས་ཐབ་དང་རྫས་བསངས་ཏེ། མེ་
ཏོག་ཐབ་ཏུ་བོར་ལ་དེ་ལྟ་བུའི་ཐུགས་ཀར་པདྨ་དང་ཟླ་བའི་གདན་བསྐྱེད་ལ། དེའི་སྟེང་དུ་མུཾ་དམར་སྐྱ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲོ་འདུ་དང་བཅས་པ། དེ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་འཇམ་དཔལ་སྐུ་མདོག་ཟླ་བ་ཉ་བ་ལྟ་བུ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའོ། །གཡས་
རལ་གྲི་དང་མདའ་བསྣམས་པ། །གཡོན་པོ་ཏི་དང་གཞུ་བསྣམས་པའོ། །སངས་རྒྱས་ལྔ་ཡིས་དབུ་བརྒྱན་པ། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་ཁྲོ་མོའི་ཚོགས་རྣམས་འདུས་ཤིང་འཕྲོ་བ་སྟེ། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་། སྣ་ཚོགས་རྡོ་རྗེ་དང་
སྙིང་ག་དང་། མགྲིན་པ་དང་། དཔྲལ་བ་དང་། སྤྱི་བོ་རྣམས་སུ་བཀོད་པའི་ཡུམ་བཞིའི་ཕྱག་རྒྱས་བྱིན་གྱིས་བརླབ་པོ། །མཉྫུ་ཤྲཱི་ས་མ་ཡ་སྟྭཾ་ཧཾ། ཞེས་བརྗོད་དོ། །དེ་ནས་མདུན་གྱི་ནམ་མཁའི་ཕྱོགས་སུ་ཧྲཱིཿདང་ཨ་ལས་ཟླ་བའི་གདན་བསྐྱེད་དེ། སྙིང་གའི་འོད་ཟེར་

གྱིས་ཡེ་ཤེས་སེམས་དཔའ་དགུག་པ་དང་དབང་དུ་བྱ་བའི་བར་དུ་བྱའོ། །དེ་ནས་མངོན་སུམ་དང་འདྲ་བར་བལྟས་ཏེ། ཕྱག་བྱ་བ་སྔོན་དུ་འགྲོ་བས་མཆོད་པ་དང་བསྟོད་པ་བྱས་ཏེ། སྙིང་གའི་འོད་ཟེར་གྱིས་ཐབ་ཀྱི་གཟུགས་དང་གཉིས་སུ་མེད་པར་བསྲེ། དེ་ནས་རྡོ་རྗེ་བསྡུ་བའི་ཕྱག་
རྒྱ་བཅས་ཏེ། ས་མ་ཡ་ཛཿབསྡུ་བར་བྱའོ། །དེ་ནས་ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱའོ། །དེ་ནས་ཨོཾ་ཝཱ་གཱི་ཤྭ་རི་མུཾ་མཉྫུ་ཤྲཱི་ཧཱུཾ། སརྦ་པཱ་བཾ་དཱ་ཧ་ན་བཛྲཱ་ཡ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བྱ་བས་ཡམ་ཤིང་དང་མར་ལ་སོགས་པ་ཐམས་ཅད་དང་ཆོ་ག་གོང་མས་དབུལ་ལོ། །སྡིག་པ་སྦྱང་བ་
དང་ནད་སྦྱང་པ་ཡང་ཆོ་ག་གོང་མས་སོ། །དེ་ནས་གཟི་བརྗིད་བསྐྱེད་པའི་ཕྱིར་མར་གྱི་སྲེག་བླུགས་སྦྱིན་པར་བྱའོ། །ཚུལ་དེས་བརྒྱ་རྩ་ལ་སོགས་པ་དབུལ་བར་བྱའོ། །དེ་ནས་ཞལ་བསིལ་ཏེ། ཡང་དག་པར་མཆོད་པ་དང་། འདུད་ཉི་ཤུས་བསྟོད་དོ། །དེ་ནས་དགེ་བ་བསྔོ་སྟེ། ལས་དང་རྗེས་
སུ་མཐུན་པའི་སྨོན་ལམ་བཏབ་སྟེ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་པ་ལ་སོགས་པས་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། །དམ་ཚིག་སེམས་དཔའ་བདག་ལ་བསྡུའོ། །དེ་ནས་རྫས་ཐམས་ཅད་བསངས་ཏེ་མེ་རང་གི་གཟུགས་སུ་བསམ་པར་བྱས་ཏེ།
ཆོ་ག་གོང་མ་ཉིད་ཀྱིས་སྲེག་བླུགས་ལྷག་མ་སྦྱིན་ནོ། །དེ་ནས་མཆོད་པ་དང་བསྟོད་པ་དང་། བསྔོ་བ་དང་། སྨོན་ལམ་བྱ་སྟེ། ཨོཾ་ཨེ་ཧྱེ་ཧི་ཞེས་གཤེགས་སུ་གསོལ། །དམ་ཚིག་པ་བདག་ལ་བསྡུའོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པས་སྲེག་རྫས་ཀྱི་ལྷག་མ་བསྡུས་ཏེ།
འབྱུང་པོ་ཐམས་ཅད་ལ་གཏོར་མ་སྦྱིན་ནོ། །ཆོ་ག་ཉམས་པ་དང་མ་ཚང་བ་ཁ་བསྐང་བའི་ཕྱིར་ཡི་གེ་བརྒྱ་པ་བརྗོད་པར་བྱའོ། །སྦྱིན་སྲེག་ལས་རྣམས་གསལ་བསྡུས་པས། །བདག་གིས་དགེ་བ་གང་ཐོབ་དེས། །མ་ལུས་སྡུག་བསྔལ་གྲོལ་གྱུར་ཏེ། །འགྲོ་ཀུན་འཇམ་དཔལ་ཐོབ་པར་
ཤོག །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། རྣལ་འབྱོར་སྤྱོད་པའི་ཚུལ་གྱི་སྤྱོད་པ་བསྡུས་པ་ལས། མཚན་ཡང་དག་པར་བརྗོད་པའི་སྦྱིན་སྲེག་གི་ཆོ་ག་བསྡུས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་

གཏན་ལ་ཕབ་པའོ།། ༄། །མཉམ་པར་བཞག་པའི་རིམ་པའི་མན་ངག་བཞུགས།། ༄༅། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པའི་རྣལ་འབྱོར་པས། ནམ་གྱི་ཆ་སྨད་རང་གི་རྒྱུད་ལ་བརྟག་པ་ནི་རང་ཉིད་ལྷའི་ཕྱག་རྒྱ་ཆེན་པོར་
གསལ་བར་བྱས་ལ། སྣང་བ་ཐམས་ཅད་དཀྱིལ་འཁོར་ལ་བསྡུས་ཏེ། དཀྱིལ་འཁོར་ཡང་རིགས་ཀྱི་དཀྱིལ་འཁོར་རྣམས་གཙོ་བོ་ལ་བསྡུས་ཏེ། གཙོ་བོ་ཡང་དང་པོའི་སངས་རྒྱས་ལ་བསྡུ། དེ་ཡང་ཤེས་རབ་འཁོར་ལོ་ལ་བསྡུ། དེ་ཡང་ཟླ་བ་ལ་དེ་ཡང་ཨ་ལ་བསྡུ། ཨ་ཡང་ནམ་མཁའི་ཁམས་སུ་འཕེལ་ཏེ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ། ཨེ་ཨཻ་
ཨོ་ཨཽ་ཨཾ་ཨཿཧཱུྃ་ཨོཾ་ཧྲཱིཿཨཿདེ་རྣམས་སུ་གྱུར་ཏེ། སྐར་མ་ལྟ་བུར་གསལ་བ་དང་། དེ་རྣམས་ཀྱང་གཅིག་ལ་གཅིག་ཐིམ་སྟེ། སྟོང་པ་ཆེན་པོ་ཡི་གེ་ལྔར་གནས་པ་དང་། དེའི་ངང་ལས་སྟོང་པ་ཆེན་པོ་ཡི་གེ་བརྒྱར་ལངས་པ་དང་། དེའི་ངང་ལས་ཡི་གེའི་ཕྲེང་བ་བཅུ་དྲུག་ཏུ་གྱུར་ཏེ་གནས། དེའི་ངང་ལས་
བརྒྱད་དུ་གནས། དེའི་ངང་ལས་ཡི་གེ་བཞིར་གྱུར་ཏེ་གནས་པ་ལས། བདག་གི་ལུས་སྒྱུ་མ་ལྟ་བུར་ལངས་ཏེ་འཁོར་ལོ་བཞི་དྲན་པར་བྱས་ལ། སྤྱི་བོར་ཨོཾ་དཀར་པོ་ཁ་ཐུར་དུ་འཕྱང་བ་དང་མགྲིན་པར་ཧྲཱིཿདམར་པོ་ཁ་གྱེན་དུ་གདེངས་པ་དང་། སྙིང་གར་ཧཱུཾ་སྔོན་པོ་མགོ་ཐུར་དུ་འཛག་པ་དང་།
ལྟེ་བར་ཨ་དཀར་པོ་ཐིག་ལེ་དམར་པོ་འོད་ཟེར་གྱེན་དུ་འཕྲོ་བ་ལ་བལྟས་ལ། ཨ་དཀར་པོ་དེ་ལས་འོད་ཟེར་རྣོ་ལ་མྱུར་བ། དྲག་ལ་གྲིམས་པ། ཕྲ་ཞིང་རིང་བ་ཅིག་ལངས་པས་ཁྲག་གི་ཐིག་ལེ་ལ་འོད་ཟེར་ཕོག་པ་དང་། ཐིག་ལེ་ལས་འོད་ཟེར་ཕྲ་ལ་རིང་བ། རྣོ་ལ་མྱུར་བ། དམར་ལ་དང་བ།
དྲང་ལ་གསལ་བ་ཅིག་སྤྱི་བོའི་ཨོཾ་གྱི་ཐིག་ལེ་དཀར་པོ་ལ་རེག་པར་གསལ་བ་དང་། ཨོཾ་དེ་ལས་ཡི་གེ་བརྒྱ་བའི་ཚུལ་དུ་བྱང་ཆུབ་ཀྱི་སེམས་བདེ་བའི་རང་བཞིན་ཐིག་ལེ་དཀར་པོའི་ཚུལ་དུ་ཁུ་འཕང་ལྟ་བུ་དཀར་ཙ་ར་ར་འབབ་པར་བསམས་ལ་རང་གི་ཁྲག་གི་ཐིག་ལེ་ལ་ཕོག་པ་དང་ལུས་ཐམས་ཅད་བདེ་བས་རྒྱས་
ཏེ་ཤིན་ཏུ་བདེ་བས་གང་བར་གྱུར་པ་དང་། དེ་ལ་སེམས་གཏད་པ་ནི་བདེ་བའི་ཏིང་ངེ་འཛིན་ཏེ། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཞེས་བྱའོ། །དེ་ཡང་སྟོང་པ་ཉིད་དུ་ཤེས་པར་བྱས་ནས་བདེ་སྟོང་དབྱེར་མེད་དུ་བསྒོམ་མོ། །ཡན་ལག་མེད་པའི་རྩིས་ལས་འདས། །ཞེས་པ་དང་། ཐིག་ལེ་

སྟོང་པ་ཡི་གེ་བརྒྱ། །ཞེས་བྱ་སྟེ། དེ་ལྟ་བུའི་ངང་ལས་སྟོང་པ་འོད་གསལ་ཆོས་ཀྱི་སྐུར་ཐིམ་པ་ནི་མཉམ་གཞག་གི་ཚེ་རྣམ་རྟོག་གི་དབའ་རླབས་ཀྱིས་ཀྱང་བསྐྱོད་པ་མེད་པར་ནམ་མཁའ་ལ་སྤྲིན་དེངས་པའམ། མར་མེ་ལ་རླུང་གིས་མ་བསྐྱོད་པའམ་རྒྱ་མཚོ་དང་བ་ལ་རླུང་གིས་མ་བསྐྱོད་པ་
བཞིན་དུ་ཞེ་འདོད་ཐམས་ཅད་དང་བྲལ་བ། སྟོང་པའི་རྒྱས་ཐེབས་པ། འོད་གསལ་ཆོས་ཀྱི་སྐུ་ལ་ཙེན་ནེ་ཡེར་རེ་ཝ་རེ་ཁྱུག་གེ་ལྡེམ་མེ་མེར་རེ་ཧ་རེ་ཕྱལ་ལེ། ཡིད་ལ་མི་བྱེད་ཐོམ་མེ། ཡོར་རེ་སིམ་མེ་ཏིང་ངེ་མུགས་སེ་ཐིབས་སེ། ཡིད་ལ་མི་བྱེད་སྤྲོས་བྲལ་མི་རྟོག་པ་གང་ཡིན་པ་དེ་འདིའོ་སྙམ་པ་མེད་པ་
ལྟ་བུ་མི་འགྱུར་བ་སོ་མ་རང་ཐག་ལྷུག་པ་ལྟ་བུ་ཡིན་ལ། སེམས་གསལ་ལ་རྟོག་པ་མེད་པ་འདིའོ་སྙམ་པ་དང་བྲལ་བའོ། །གཉིས་འཛིན་དང་གཉིས་འཛིན་མ་ཡིན་པའི་ཤེས་པ་གང་དང་ཡང་བྲལ་བའོ། །ཉོན་མོངས་པ་མཐའ་དག་འཇོམས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་གོ། །དེ་
ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་ཞུགས་པར་གྱུར་ཏེ། རྫོགས་པའི་སངས་རྒྱས་མངོན་སུམ་དུ་འགྱུར་རོ། །རྗེས་ཐོབ་ཀྱི་ཤེས་པ་ལ་ནི་སྟོང་པ་ཆེན་པོ་ཡི་གེ་ལྔར་གྱུར་པ་དང་། དེའི་ངང་ལས་སྟོང་པ་ཆེན་པོ་ཡི་གེ་བརྒྱར་ལངས་པ་དང་། དེའི་ངང་ལས་
ཡི་གེའི་ཕྲེང་བ་བཅུ་དྲུག་ཏུ་འགྱུར་ཏེ། གནས་པ་ལས་ནི་བར་སྣང་གི་ཁམས་སུ་ཨཱ་ལི་ཀཱ་ལིའི་ཕྲེང་བར་བལྟས་ལ། དེ་ལ་སྒྱུ་མ་ལྟ་བུའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་པར་བྱའོ། །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི། འཕགས་པ་འཇམ་དཔལ་གྱི་མཚན་ཡང་
དག་པར་བརྗོད་པའི་མཉམ་པར་གཞག་པའི་རིམ་པའི་མན་ངག་རྫོགས་སོ། །རྒྱ་གར་གྱི་མཁན་པོ་སུ་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ།། ༄། །འཇམ་དཔལ་དཔའ་བོ་གཅིག་པའི་སྒྲུབ་ཐབས་བཞུགས། ༄༅། །འཕགས་པ་འཇམ་དཔལ་
ལ་ཕྱག་འཚལ་ལོ། །སྐྱེ་བ་མི་ལུས་ཐོབ་པ་རྣམས། །མི་ལུས་ཐོབ་པ་ཤིན་ཏུ་དཀའ། །དེ་བས་དམ་ཆོས་རྙེད་པར་དཀའ། །དེས་ན་སྒྲུབ་ལ་བརྩོན་པར་བྱ། །སང་ཙམ་འཆི་འམ་སུས་ཤེས་ན། །ད་ལྟ་ཉིད་དུ་བསྣུན་ཏེ་བྱ། །ཡིད་དགའ་བ་ཡི་གནས་དག་ཏུ། །བདེ་བའི་སྟན་ལ་འདུག་ནས་ནི། །

སྐད་ཅིག་ཙམ་གྱིས་ལྷ་རུ་དམིགས། །སྙིང་གའི་མུཾ་ལས་འོད་ཟེར་འཕྲོས། །བླ་མ་དང་ནི་ཡི་དམ་ལྷ། །མདུན་དུ་བསམ་པར་བྱས་པ་ལས། །དངོས་པོ་ཀུན་གྱིས་ཕྱག་བྱས་པས། །ཕྱི་དང་ནང་གི་མཆོད་པས་མཆོད། །སྡིག་པ་བཤགས་དང་རྗེས་ཡི་རང་། །སྐྱབས་སུ་འགྲོ་དང་སེམས་བསྐྱེད་བྱ། །དགེ་
བ་བསྔོ་དང་གཤེགས་སུ་གསོལ། །དེ་དག་ཡིད་ཀྱིས་བྱ་བར་བཤད། །དེ་ནས་ཚད་མེད་བཞི་བསྒོམས་ལ། །སྟོང་པ་ཉིད་ལ་གོམས་པར་བྱ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྟོང་ཉིད་བརྟན་པར་བྱ་བའོ། །དེ་ནས་མུཾ་དང་ཨུཏྤལ་ལས། །འཇམ་དཔལ་ཡེ་ཤེས་སེམས་དཔའ་
བསམ། །སྐུ་མདོག་གསེར་མདོག་ལྡེམ་བག་ཅན། །རིན་པོ་ཆེ་ཡི་དབུ་རྒྱན་དང་། །སྙན་ཆ་གདུ་བུ་དཔུང་རྒྱན་དང་། །འོག་བག་དང་ནི་ཞབས་གདུབ་དང་། །རིན་ཆེན་རྣམས་ཀྱིས་མཛེས་པར་བརྒྱན། །སེམས་དཔའི་སྐྱིལ་ཀྲུང་བཞིན་དུ་བཞུགས། །གཡས་ན་ཨུཏྤལ་སྔོན་པོ་བསྣམས། །གཡོན་ནི་
ཆོས་འཆད་ཕྱག་རྒྱའོ། །སྤྱན་དྲངས་བཞུགས་སུ་གསོལ་བ་ལ། །ཕྱི་དང་ནང་གི་མཆོད་པ་བྱ། །གཉིས་སུ་མེད་པར་བདག་ལ་བསྟིམ། །མི་ཕྱེད་པ་རུ་རྒྱས་པར་བསྒོམ། །དེ་ནས་བཟླས་པ་བྱ་བ་ནི། །རང་འདྲའི་ཡེ་ཤེས་སེམས་དཔའ་བསམ། །དེ་ནས་ཏིང་འཛིན་སེམས་དཔའ་སྟེ། །པདྨའི་གདན་ལ་
རབ་བཞུགས་པ། །ཡི་གེ་དྲུག་གིས་བསྐོར་བ་སྟེ། །ཨོཾ་ཝཱ་གཱི་ཤྭ་རི་མུཾ། །དམིགས་པ་གཏད་ལ་བཟླས་པ་བྱ། །སྐྱོ་ཞིང་གཏོང་བར་འདོད་པ་ན། །སྤྱན་དྲངས་གཤེགས་སུ་གསོལ་བ་དང་། །བདག་ཉིད་ལྷ་ཡི་རྣལ་འབྱོར་བྱ། །རྣམ་པ་ཀུན་དང་དུས་ཀུན་དུ། །ལྷ་རུ་གསལ་བས་འགྲུབ་
པར་འགྱུར། །རྫོགས་པའི་རིམ་པ་བསྒོམ་པར་བྱ། །དཀར་ནག་དམར་དང་སེར་དང་ལྗང་། །གསལ་བ་དག་ཏུ་དམིགས་པ་ལས། །ཐུགས་ཀར་ཡི་གེ་ལྔ་བཀོད་དེ། །འོད་ཟེར་འཕྲོས་པས་དགུག་པར་བྱ། །ཕྱི་དང་ནང་གི་མཆོད་པས་མཆོད། །མཚན་གྱི་བསྟོད་པ་དག་བྱའོ། །ཡང་ན་མདུན་
དུ་དམིགས་པར་བྱ། །བསྟོད་པ་རང་བཞིན་མེད་པར་བསམ། །བསྟོད་པ་ཟིན་ནས་གཤེགས་སུ་གསོལ། །དེ་ནས་མཚན་མེད་བསྒོམ་པ་ལ། །ཐ་མ་ནས་བསྡུ་དང་པོར་བསྡུ། །བདག་བསྡུ་ཡེ་ཤེས་སེམས་དཔའ་ལ། །ཡེ་ཤེས་སེམས་དཔའ་ཨ་ལ་བསྡུ། །དེ་ཡང་རང་བཞིན་དམིགས་མེད་དེ། །

དེ་ལ་བརྟན་པ་ཐོབ་པ་ནི། །ཆོས་སྐུ་སྐྱེ་མེད་ཐོབ་ཅེས་བྱ། །ཚིགས་བཅད་བཅུ་དྲུག་ལྡན་པ་འདི། །ཡེ་ཤེས་ཞལ་མཐོང་གཉིས་མེད་རྟོགས། །འཇམ་མགོན་སྒྲུབ་ཐབས་འདི་བརྩམས་ཏེ། །མཁས་རྣམས་གུས་པར་བླང་བར་བགྱི། །བདག་གིས་སྒྲུབ་ཐབས་འདི་བྱས་པས། །
བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྣོད་བཅུད་སྒྲིབ་པ་བྱང་ནས་སུ། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །དཔའ་བོ་གཅིག་པའི་སྒྲུབ་ཐབས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་སུ་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་
རབ་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་བི་དྷི་སཱུ་ཏྲ་པི་ཏྲི་ཏྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཆོ་ག་མདོ་དང་བསྲེས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡེ་ཤེས་
ལུས་ཅན་གཙུག་གི་ནོར་བུས་མཚན། །དུས་གསུམ་སངས་རྒྱས་གཟུགས་གནས་ཀུན་ལ་ཁྱབ། །ལམ་མཆོག་དམ་པ་སྟོན་པ་སྨན་པའི་མཆོག །སྡུག་བསྔལ་བདུད་འདུལ་འཇམ་མགོན་ཕྱག་འཚལ་ཏེ། །མཚན་བརྗོད་བདུད་རྩི་གསང་སྤྱོད་རྟོགས་དཀའ་བ། །བདག་བློ་མུན་པས་དགྲོལ་བར་
མི་ནུས་ཀྱང་། །དད་པས་ཕྱོགས་བཟུང་ཐིགས་པར་ནོར་བུ་ཅིག །ལུང་དང་མན་ངག་དག་ལ་བརྟེན་ནས་བཤད། །ཐེག་མཆོག་རྣམས་ཀྱི་གཞིར་གྱུར་པ། །དུས་གསུམ་རྣམས་ཀྱི་ལམ་མཆོག་འདི། །དཀྱིལ་འཁོར་ཆེན་པོའི་ཚུལ་དང་ནི། །སློབ་དཔོན་རྣམས་ཀྱི་དགོངས་པ་ཡིས། །ཐེག་པ་སྣ་ཚོགས་
ཐབས་ཚུལ་གྱིས། །དཔག་བསམ་ཤིང་ཆེན་ཕྱོགས་འདི་བརྩམ། །ཡེ་ཤེས་ལུས་ཅན་འཇམ་དཔལ་གཅིག་པུ་སྒྲུབ། །མདོ་དང་བསྲེས་པའི་ཆོ་གའི་རིམ་པ་སྟེ། །དེ་ལ་དང་པོ་སྒྲུབ་པ་པོ་རིགས་དང་མཐུན་པའི་མཚན་ཉིད་བསྟན་པའི་ཕྱིར་ཡོན་ཏན་ལས། གཞན་ཡང་དམ་ཚིག་ཇི་ལྟ་བ་བཞིན་ཞེས་པས་
མཚན་ཉིད་དང་དབང་ཐོབ་པ་སྟོན་ཏོ། །གཞན་ཡང་། གསང་སྔགས་རིག་སྔགས་འཆང་བའི་རིགས། །ཞེས་པ་དང་། བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ཅེས་པས་སྒྲུབ་པ་པོ་སྣོད་དུ་རུང་བར་སྟོན་ཏོ། །ཡོན་ཏན་ལས་རི་དང་ཀླུང་ནགས་ཚལ་ཚང་ཚིང་ནང་ན་འདུག་

ཀྱང་རུང་ཞེས་པས་གནས་རིགས་དང་མཐུན་པའམ་ཡིད་དགའ་བ་སྟོན་ཏོ། །བཟང་ངན་ཤེས་ཤིང་དུས་ཤེས་པ། །ཞེས་པས། གཟའ་དང་རྒྱུ་སྐར་དང་ཉི་མ་ཤིས་པ་ལ་བྱ་བའི་རིམ་པ་སྟོན་ཏོ། །དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །ཞེས་པ་སྒྲུབ་པ་པོའི་རྫས་དོན་རབ་ཏུ་གནས་པར་བྱ་བ་དང་། མཎྜལ་
གསུམ་དང་། མེ་ཏོག་དང་དྲི་དང་བྱུག་པ་དང་། མཆོད་པའི་ཁྱད་པར་མང་པོ་དང་། གློད་གདན་དང་། ཡོ་བྱད་ཀྱི་ཚོགས་བྱ་བའི་རིམ་པ་སྟོན་ཏོ། །ཡོན་ཏན་ལས་མ་རུངས་པ་འདུལ་བའི་རྒྱལ་པོ་ཞེས་པ་དང་། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །ཞེས་པས་མཚམས་ཀྱི་རིམ་པ་ཧཱུཾ་གིས་
མཚན་པ་ལས་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ་དབྱུག་ཏོ་དང་སྡིགས་མཛུབ་བྱེད་པ། སྦྲུལ་དང་ཐོད་པས་བརྒྱན་པ་བསྐྱེད་ལ། ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་པས་མིག་ཏུ་མ་དང་ཊ་བཀོད་དེ། འོད་ཟེར་གྱིས་རྡོ་རྗེའི་ར་བ་དང་དྲ་བ་བྱ་བར་བསྟན་ཏོ། །
སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཅེས་པ་དང་། ཕན་འདོགས་སེམས་ཅན་མཉེས་གཤིན་པ། །ཞེས་པས་སེམས་ཅན་གྱི་དོན་དུ་བདག་གིས་འཇམ་དཔལ་ཐོབ་པར་བྱའོ་ཞེས་སེམས་བསྐྱེད་པ་བསྟན་ཏོ། །གཉིས་མེད་གཉིས་སུ་མེད་པར་སྟོན། །ཞེས་པ་དང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །
ཅེས་པས་ཐོགས་པ་མེད་པའི་བྱང་ཆུབ་ཀྱི་སེམས་ཐབས་དང་ཤེས་རབ་ཀྱི་བརྡར་གྱུར་པའམ་སྙིང་གར་