Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 65

Văn bản gốc(Tây Tạng)

Trang 13 / 18 (50.000 ký tự/trang)
་མཐེ་བོང་བསྙམས་པ་ནི་མར་མེའི་འོ། །རབ་ཏུ་བརྐྱང་ནས་བྱུག་པ་ནི་བྱུག་པའི་འོ། །གཟུགས་ཀྱི་ཕྱག་རྒྱ་ནི་སྟེང་དུ་ལག་པ་གཉིས་རབ་ཏུ་བརྐྱང་པའོ། །རྣ་བའི་ཐད་ཀར་བརྐྱང་པ་ནི་སྒྲའི་ཕྱག་རྒྱའོ། །དྲི་རྣམ་པར་བཀོད་པའི་ཚུལ་
ནི་དྲིའི་ཕྱག་རྒྱའོ། །ཁར་ཐལ་མོ་སྦྱར་བ་ནི་རོའི་ཕྱག་རྒྱའོ། །ནམ་མཁའ་ལ་རེག་པའི་ཚུལ་ནི་རེག་གི་ཕྱག་རྒྱའོ། །ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཛུབ་མོ་གཉིས་བཀུག་སྟེ། རིན་པོ་ཆེ་ལྟར་བྱས་པ་ནི་ཀུན་དུ་བཟང་པོའི་ཕྱག་རྒྱའོ། །ཐལ་མོ་ལེགས་པར་བརྐྱང་ནས་ཡིད་བཞིན་གྱི་ནོར་བུ་
འཛིན་པ་ལྟ་བུ་ནི་བློ་གྲོས་མི་ཟད་པའི་ཕྱག་རྒྱའོ། །ས་གནོན་གྱི་ཕྱག་རྒྱ་ཉིད་ནི་སའི་སྙིང་པོའི་འོ། །མཛུབ་མོ་གཉིས་ནང་དུ་བཅུག་ལ། རལ་གྲི་ལྟར་བྱས་པ་ནི་ནམ་མཁའི་སྙིང་པོའི་འོ། །གར་བརྡུང་བའི་ཚུལ་གྱིས་རིན་པོ་ཆེའི་རྡོ་རྗེ་སྙིང་གར་གཞག་པ་ནི། ནམ་མཁའི་མཛོད་ཀྱིའོ། །ལག་
པ་གཉིས་ལེགས་པར་བརྐྱང་པ་ནི་ཕྱག་ན་རིན་ཆེན་གྱིའོ། །ལག་པ་གཉིས་མཚོའི་རླབས་ལྟར་བྱ་བ་ནི་རྒྱ་མཚོའི་བློ་གྲོས་ཀྱིའོ། །རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་ནི་རྡོ་རྗེ་སྙིང་པོའི་འོ། །གར་བྱེད་པའི་ཚུལ་གྱིས་རྡོ་རྗེ་ཐལ་མོ་བརྐྱང་ལ་པདྨ་ལྟར་བྱ་བ་ནི་ཕྱག་ན་པདྨའི་འོ། །རལ་གྲི་འདེབས་པའི་ཚུལ་དུ་
ལག་པ་གཉིས་བརྐྱང་པ་ནི་མཐུ་ཆེན་ཐོབ་པའིའོ། །མཐེ་བོ་དང་མཛུབ་མོ་ཟླ་བ་འདྲ་བར་བྱས་པ་ནི་ཟླ་འོད་ཀྱིའོ། །འོད་འཕྲོ་བ་གཏོང་བ་ལྟ་བུ་ནི་དྲ་བ་ཅན་གྱི་འོད་ཀྱིའོ། །དབང་བསྐུར་བ་སྟེར་བའི་ཚུལ་ནི་འོད་དཔག་ཏུ་མེད་པའི་འོ། །སེ་གོལ་བརྡེབས་པའི་ཚུལ་དུ་བྱེད་པ་ནི་སྤོབས་པ་རྣམ་པར་
བརྩེགས་པའི་འོ། །ཐལ་མོ་སྦྱར་བ་འབྱེད་པ་ནི་མྱ་ངན་གྱི་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་ཀྱིའོ། །རལ་གྲི་བརྡེབས་པའི་ཚུལ་དུ་བྱེད་ཅིང་གནས་པ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་འོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་གཞིབས་ལ་སྲིན་ལག་གཉིས་ཀྱི་
གཡས་པའི་མཛུབ་མོས་གཡོན་པའི་སྲིན་ལག་དང་། གཡོན་པའི་མཛུབ་མོས་གཡས་པའི་སྲིན་ལག་བཟུང་ལ་ཟླུམ་པར་བྱ་སྟེ། མཐེ་བོང་གཉིས་མངོན་པར་ཕྱོགས་པར་བྱས་ལ། ཁའི་ཚུལ་དུ་གཞག་པ་ནི་གཤིན་རྗེ་གཤེད་ཀྱིའོ། །ལག་པ་གཡོན་པ་རྡོ་རྗེ་ཁུ་ཚུར་བཅངས་པ་

ལས་ཁྲོ་བོའི་མཛུབ་མོ་སྙིང་གར་བཞག་ལ། ལག་པ་གཡས་པ་ཐལ་ལྕག་གི་ཚུལ་དུ་བྱས་པ་ནི་གཞན་གྱིས་མི་ཐུབ་པའི་འོ། །རྡོ་རྗེ་ཁུ་ཚུར་གཉིས་ལས་མཐེའུ་ཆུང་ལུ་གུ་རྒྱུད་ལྟར་མདུད་ནས་མཛུབ་མོ་གཞིབས་ཏེ་བསྒྲེང་བ་ལས་ལྡོག་ནས་དཔྲལ་བར་གཞག་པ་ནི་
རྟ་མགྲིན་གྱི་ཕྱག་རྒྱའོ། །ལག་པ་གཉིས་ཀྱི་མཐེ་བོས་མཐེ་བོ་ཆུང་གི་སེན་མོ་མནན་ནས་དཔུང་མགོའི་དྲུང་དུ་རྡོ་རྗེ་བཅིང་བའི་ཚུལ་དུ་བྱས་ཏེ་གཞག་པ་ནི་བདུད་རྩི་ཐབ་སྦྱོར་གྱི་ཕྱག་རྒྱའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཉིད་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་
པ་ནང་དུ་བཅིངས་ལ་སོར་མོ་རྣམས་དབུས་སུ་འབར་བ་ལྟར་བྱས་ནས་མཐེ་བོ་གཉིས་བསྒྲེང་བ་ནི་རྡོ་རྗེ་ལྟར་མེ་འབར་བའི་འོ། །རྡོ་རྗེ་བཅིང་བ་ལས་མཛུབ་མོ་གཉིས་དམ་དུ་མདུད་ལ་མཐེ་བོང་གུང་མོ་རྡོ་རྗེ་ལྟར་དཔྲལ་བར་གཞག་པ་ནི་ཁྲག་འཐུང་གི་ཕྱག་རྒྱའོ། །སྣ་ཚོགས་རྡོ་རྗེ་བ་དན་གསུམ་
པ་བསྒྲེང་བ་ནི་རྟ་མཆོག་གི་ཕྱག་རྒྱའོ། །འཇིག་རྟེན་པ་རྣམས་ཀྱི་ཕྱག་རྒྱ་ནི་ལག་པ་གཅིག་མདུང་རྩེ་གསུམ་པ་ལྟར་བྱས་ལ། མཐེ་བོས་མཐེའུ་ཆུང་མནན་པ་དབང་ལྡན་གྱི་ཕྱག་རྒྱའོ། །དེ་ཉིད་ལས་ལག་པ་གཡས་པ་སྟེག་སྟེ། རྡོ་རྗེ་འདྲ་བར་བྱས་ལ་ནི་བརྒྱ་བྱིན་གྱི་ཕྱག་རྒྱའོ། །ཨོཾ་ཞེས་བྱ་
བའི་ལག་པ་ལ་མཐེ་བོས་དབུས་སུ་བཞག་པ་ནི་མེ་ལྷའི་འོ། །མཛུབ་མོ་དང་མཐེ་བོ་སྦྱར་ནས་དབྱིག་པར་བྱས་པ་ནི་གཤིན་རྗེའི་འོ། །དེ་ཉིད་ལས་འཁོར་ལོ་ལྟ་བུར་བྱས་ནས་གཞག་པ་ནི་ཁྱབ་འཇུག་གི་ཕྱག་རྒྱའོ། །ལག་པ་གཅིག་ན་ཐོད་པ་ཐོགས་པ་ལྟ་བུ་ནི་མ་མོ་རྣམས་ཀྱི་ཕྱག་རྒྱའོ། །
སོར་མོ་གཉིས་བསྒྲེང་བ་ནི་སྲིན་པོ་རྣམས་ཀྱིའོ། །མཛུབ་མོ་དང་མཐེ་བོ་སྦྱར་བ་ཞགས་པ་ལྟར་བྱ་བ་ནི་ཆུ་ལྷའི་འོ། །མཛུབ་མོ་དང་གུང་མོ་གཉིས་རྒྱལ་མཚན་ལྟར་བསྒྲེང་བ་ནི་རྒྱལ་མཚན་གྱི་ཕྱག་རྒྱ་སྟེ་རླུང་ལྷའི་འོ། །གུང་མོ་གཅིག་ཏུ་བསྒྲེངས་ནས་དབྱིག་པ་ལྟར་བྱ་བའི་ཕྱག་རྒྱ་ནི་ལུས་
ངན་པོའི་འོ། །མཆོད་སྦྱིན་ཐོགས་ཀྱི་ཕྱག་རྒྱ་ནི་ཚངས་པའི་འོ། །མདུང་གི་ཕྱག་རྒྱ་ནི་དྲག་པོའི་འོ། །གླང་པོའི་སྣ་ནི་ཚོགས་ཀྱི་བདག་པོའི་ཕྱག་རྒྱའོ། །བདུད་རྩིའི་དཀྱིལ་འཁོར་ལྟ་བུ་ནི་ཟླ་བའིའོ། །འོད་ཟེར་སྟོང་འགྱེད་པ་ལྟ་བུ་ལག་པ་གཉིས་ཀྱིས་བསྟན་པ་ནི་ཉི་མའི་ཕྱག་རྒྱའིའོ། །

པི་ཝང་བརྡུང་ཞིང་གླུ་ལེན་པ་ལྟ་བུ་ནི་དྲི་ཟ་རྣམས་ཀྱི་ཕྱག་རྒྱའོ། །རྫ་རྔ་བརྡུང་བ་ལྟ་བུ་ནི་དགའ་བྱེད་དབང་ཕྱུག་གི་ཕྱག་རྒྱའོ། །འཁར་དཀྲོལ་ཐོགས་པ་ལྟ་བུ་ནི་མིའམ་ཅིའི་ཕྱག་རྒྱའོ། །རྟག་པར་རྔ་བརྡུང་བ་ལྟ་བུ་ནི་རིག་པ་འཛིན་པ་རྣམས་ཀྱི་ཕྱག་རྒྱའོ། །ལག་པ་གཉིས་གདེངས་ཀ་ལྟར་
བྱ་བ་ནི་ཀླུ་རྣམས་ཀྱི་ཕྱག་རྒྱའོ། །གཞན་དག་ནི་ཕྱག་རྒྱ་ཆེན་པོ་ཉིད་དམ་ཚིག་གི་ཕྱག་རྒྱ་སྟེ། སྙིང་གར་ཟླ་བའི་དཀྱིལ་འཁོར་རྡོ་རྗེ་བསྒོམས་ནས་ཕྱག་རྒྱ་བཅིང་བར་བྱའོ། །ལྕེ་ལ་ཡི་གེ་ཧྲི་ལས་པདྨ་དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ། དེའི་དབུས་སུ་ཧྲཱིཿལས་
བྱུང་བའི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་སྐུ་མདོག་དཀར་པོ་བསམས་ལ། སྔགས་ཀྱི་ཡི་གེ་ཐམས་ཅད་བརྗོད་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །ཨ་ལས་སྣ་ཚོགས་རྡོ་རྗེ་སྤྱི་བོར་བསམས་ལ་གར་ལས་བྱུང་བ་ནི་ལས་ཀྱི་ཕྱག་རྒྱ་སྟེ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་ལ་
མཆོད་པ་ལ་འཇུག་པར་བྱེད་པ་རྡོ་རྗེ་ཁུ་ཚུར་བསྟན་པར་བྱའོ། །ཕྱག་རྒྱ་ཆེན་པོ་ཡང་ཇི་ལྟར་བྲིས་པའི་རྗེས་སུ་མཐུན་པར་ས་བོན་གྱི་ཡི་གེ་རྣམས་ལས་བྱུང་བར་བལྟ་བར་བྱའོ། །དེ་ལྟར་ཕྱག་རྒྱ་བཞིས་རྒྱས་བཏབ་པའི་ལྷའི་འཁོར་ལོ་རྣམས་རྣམ་པར་བསྒོམས་པ་ལ་བུམ་པ་གང་བ་ལ་སོགས་
པས་མངོན་པར་མཆོད་པར་བྱའོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པ་ཇི་སྐད་དུ་བཤད་པའི་མཚན་ཉིད་དང་ལྡན་པ། ཨོཾ་མ་ཧཱ་སུ་ཁ་བཛྲ་ཨ་མོ་གྷ་ས་མ་ཡོ་ད་ཀ་སིདྡྷྱ་ཨ་བྷིཥིཉྩ་སརྦ་སུ་ག་སོ་མན་སཱུ་ནི་ཨ་དད་ཏུ་ཀུ་རུ་ཀུ་རུ་ཛཿཧཱུཾ་བཾ་ཧོཿཨཿཞེས་བྱ་བས་འཇམ་དཔལ་དབྱངས་ཀྱི་དམ་ཚིག་ཕྱག་རྒྱ་
རྒྱས་བཟུང་ལ། མེ་ཏོག་གི་ཡལ་ག་ལས་ལན་ཉི་ཤུ་རྩ་གཅིག་བཟླས་ལ། མགོན་པོ་འཇམ་པའི་དབྱངས་ཀྱི་སྤྱན་སྔར་གཞག་པར་བྱའོ། །བུམ་པ་གཞན་དག་ཀྱང་མི་བསྐྱོད་པ་ལ་སོགས་པའི་མཚན་མ་དང་ལྡན་པ་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཨོཾ་བཛྲ་ཀྲོ་དྷ་ད་ཀ་ཧཱུཾ་ཞེས་ལན་བརྒྱ་རྩ་བརྒྱད་བཟླས་ལ།
གོས་སྣ་ཚོགས་ཀྱིས་བརྒྱན་པ་འབུམ་མམ་ཁྲིའམ། སྟོང་ངམ་བརྒྱའམ། སོ་སོ་ཞིང་རེ་རེ་ཞིག་གམ། སྤྱི་ལ་དེ་བཞིན་དུ་དབུལ་བར་བྱའོ། །དེ་ནས་རིམ་པ་འདིས་མེ་ཏོག་ལ་སོགས་པར་ཡང་དག་པར་མཆོད་པར་བྱ་སྟེ། མེ་ཏོག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་

བྱའོ། །གང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་མེ་ཏོག་གི་བྱེ་བྲག་ཡིད་ལས་བྱུང་བའམ། ཆུ་ལས་སྐྱེས་པའམ། ཐང་ལས་སྐྱེས་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་
ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་
ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བདུག་པའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་འཇིག་རྟེན་གྱི་ཁམས་འདིའམ་གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་
བདུག་པའི་བྱེ་བྲག་ལྷན་ཅིག་སྐྱེས་པའམ། ཡང་དག་པར་སྦྱར་བའམ། ཡོངས་སུ་གྱུར་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། མར་མེའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་
བྱ་སྟེ། གང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་སྣང་བའི་བྱེ་བྲག་ཡིད་ལས་བྱུང་བའམ། རིན་པོ་ཆེའི་འོད་དམ་མར་མེའི་སྣང་བ་ལ་སོགས་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་
ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་ཕྱག་རྒྱ་དང་། གསང་སྔགས་དང་རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་

ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དྲིའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །གང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་དྲིའི་བྱེ་བྲག་
ལྷན་ཅིག་སྐྱེས་པའམ་ཡང་དག་པར་སྦྱར་བའམ། ཡོངས་སུ་གྱུར་པ་གང་དག་ཡོད་པ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་མཆོད་པའི་ལས་བྱས་པའི་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རིགས་
ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཐལ་མོ་ཁོང་སྟོང་དུ་སྦྱར་ལ་བཅིངས་ལ། འདི་སྐད་
བརྗོད་པར་བྱ་སྟེ། གང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་རིན་པོ་ཆེའི་རི་བོའམ། རྒྱ་མཚོ་རིན་པོ་ཆེའི་ཚོགས་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་
ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷྱཾ་ག་
རཏྣ་ནེ་ཨ་ལངྐཱ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བཞད་པའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དགོད་པ་དང་། སྒེག་པ་དང་། དགའ་བ་དང་། རྩེད་མོའི་བདེ་བའི་
བྱེ་བྲག་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་

ཐམས་ཅད་དང་སྙིང་པོ་དང་ཕྱག་རྒྱ་དང་། གསང་སྔགས་དང་རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཧཱ་སྱ་ལཱ་སྱ་ར་ཏི་ཀྲཱྀ་ཌ་སཽ་ཁྱ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བཞད་པའི་ཕྱག་རྒྱ་དེ་ཉིད་རྡོ་རྗེ་ཐལ་མོ་བསྐོར་བ་
འདི་སྤྱི་བོར་བཞག་ལ། ཡང་ཐལ་མོ་ཁོང་སྟོང་དུ་སྦྱར་བ་བཅིངས་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དཔག་བསམ་གྱི་ཤིང་ངམ། གོས་ཀྱི་ཤིང་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ།
མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་
སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་དྷི་ཨ་ལངྐཱ་ར་བསྟྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། སེམས་ཅན་ཐམས་ཅད་ཀྱི་འཁོར་
བའི་སྡུག་བསྔལ་རྗེས་སུ་དྲན་པར་བྱས་ལ། སྙིང་རྗེའི་དབང་གིས་སེམས་ཅན་ཐམས་ཅད་བསྒྲལ་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། མ་རྒལ་བ་རྣམས་བསྒྲལ་བར་བྱ་བའི་ཕྱིར་དང་། མ་གྲོལ་བ་རྣམས་དགྲོལ་བར་བྱ་བའི་ཕྱིར་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་
བྱ་བའི་ཕྱིར་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་དང་། སེམས་ཅན་གྱི་ཁམས་མ་ལུས་པ་འཁོར་བའི་རྒྱ་མཚོ་ལས་ཡང་དག་པར་བསྒྲལ་བར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷཾ་ཙིཏྟ་པཱུ་ཛ་མེ་གྷ་ས་
མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྒེག་མོའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཡོ་བྱད་ཐམས་ཅད་ཀྱིས་ཡང་དག་པར་འབྱོར་ཅིང་ཕུན་སུམ་ཚོགས་པ་ཐམས་ཅད་འདོད་པ་ཙམ་ལ་རག་ལུས་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཛྲོད་བྷ་བ་དཱ་ན་པཱ་ར་

མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་ཕྲེང་བའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་མི་དགེ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཐམས་ཅད་དང་བྲལ་བར་གྱུར་ཅིག །དགེ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་
ཐམས་ཅད་དང་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་བོ་དྷི་ཧ་ར་ཤཱི་ལ་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་གླུ་མཁན་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་ལུས་ཡང་དག་
པར་བརྒྱན་པར་བྱས་པ་དང་། རྟག་ཏུ་ཕན་ཚུན་འཇིགས་པ་མེད་པ་དང་། ཞེ་འགྲས་པ་མེད་པས་ཞུགས་ཤིང་མིག་དང་ཡིད་མངོན་པར་དགའ་བ་དང་། ཆོས་ཟབ་མོ་ལ་བཟོད་པ་དང་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་དྷརྨ་ཨ་བ་བྷོ་དྷི་ཀྵཱན་ཏི་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་
མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་གར་མཁན་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མངོན་པར་དགའ་བ་དང་ལྡན་པ་དང་། སངས་རྒྱས་ཉིད་ལ་ཡོངས་སུ་གཞོལ་ཞིང་འཁོར་བ་ཡོངས་སུ་སྤོང་བའི་བརྩོན་
འགྲུས་དང་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་སན་ས་རཱ་པ་རི་ཏྱཾ་ག་ཨ་ནུཏྟ་ར་མ་ཧཱ་བཱིརྱ་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། མེ་ཏོག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་
བྲལ་བར་གྱུར་ཅིག །བསམ་གཏན་དང་ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་རྣམས་དང་། རིག་པ་ཐམས་ཅད་དབང་དུ་གྱུར་པ་ཕུན་སུམ་ཚོགས་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་སཽ་ཁྱ་བི་ཧཱ་ར་དྷྱཱ་ན་པཱ་ར་མི་ཏཱ་པཱུ་ཛ་མེ་
གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བདུག་སྤོས་ཀྱི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་འཇིག་རྟེན་ལས་འདས་པའི་ཤེས་རབ་དང་། ཡེ་ཤེས་རྣམས་དང་ཡང་དག་པར་ལྡན་པར་གྱུར་ཅིག །སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་སྟེ། བཟོ་དང་

བསྟན་བཅོས་ཐམས་ཅད་ཤེས་ཤིང་སྒྱུ་རྩལ་དང་ལྡན་ལ། གསང་བའི་ཆོ་ག་ཤེས་དང་། དེ་ཁོ་ན་ཉིད་མཐོང་སྟེ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཡང་དག་པར་གཅོད་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་ཀླེ་ཤ་ཙྪེ་ད་སརྦ་དྷརྨྨཱ་ས་མནྟ་
ཛྙཱ་ན་མ་ཧཱ་པྲཛྙཱ་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ལུས་ཀྱི་བསྙེན་བཀུར་བྱ་བའི་ཕྱིར་བདག་ཉིད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་དྲུང་དུ་མོས་པ་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ཏ་ཀཱ་ཡ་
ནིཪྻཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་ཐལ་མོས་བསྐོར་བས་ཤིས་པར་བརྗོད་པའི་ཚུལ་དུ་བཅིངས་ལ། ཐམས་ཅད་དུ་ལྕེ་བརྒྱ་སྟོང་ཕྲག་སྙེད་ཀྱི་སྒོ་ནས་མཉམ་ཉིད་མི་གཡོ་ཞེས་བྱ་བ་ལ་སོགས་པའི་བསྟོད་པས་མཆོད་པར་ལྷག་པར་མོས་པར་བྱས་ལ་འདི་སྐད་ཅེས་
བརྗོད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱཀ་ནིཪྻཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བསམ་པ་གཅིག་པའི་སྦྱོར་བས་ཆོས་ཐམས་ཅད་མཉམ་པ་ཉིད་ལས་ལྷག་པར་མོས་པ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ནིཪྻཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་
མ་ཡེ་ཧཱུཾ། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམ་པར་ལྷག་པར་མོས་པ་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་གདུགས་དང་། རྒྱལ་
མཚན་དང་། བ་དན་སྣ་ཚོགས་པས་རྣམ་པར་བཀྲ་བ་བརྒྱ་སྟོང་ལ་སོགས་པའི་གྲངས་སྙེད་དམ། འབྱོར་པ་ཅི་ཡོད་པ་རྣམས་དབུལ་བར་བྱ་བ་དང་། རོ་བརྒྱ་བའི་ལྷའི་ཞལ་ཟས་དང་། སྭ་སྟི་ཀ་ལ་སོགས་པའི་བཟའ་བ་སྣ་ཚོགས་པ་འབུམ་མམ། བརྒྱ་སྟོང་སྙེད་དབུལ་བར་བྱ་སྟེ། ཨོཾ་ཨ་ཀཱ་
རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤ་ནན་ཏྭཱཏ་ཅེས་བརྗོད་ལ་དབུལ་བར་བྱའོ། །རོལ་མོ་བཅུ་ཕྲག་སྟོང་ངམ། རོལ་མོ་བརྒྱ་ཕྲག་སྟོང་ངམ། རོལ་མོ་བཅུ་འམ། ཨོཾ་ཧཱུཾ་ཧྲཱིཿཞེས་བྱ་བ་མངོན་པར་བཟླས་ལ་དབུལ་བར་བྱའོ། །རྣམ་པ་བཅུ་པོ་འདི་ལྟ་སྟེ། གླིང་བུ་དང་། པི་ཝང་དང་། རྫ་རྔ་དང་།

རྫ་རྔ་ཆུང་ངུ་དང་། ཆ་ལང་དང་། རྔ་བོ་ཆེ་དང་། མི་དང་ག་དང་། རྔ་རིངས་དང་། རྔ་སྐེད་ཉག་དང་། ཏི་མ་ལ་ཞེས་བྱ་བའོ། །ཤིན་ཏུ་བརྟགས་པའི་རྟ་དང་གླང་པོ་ཆེ་དང་། བ་ལང་གི་ཁྱུ་རྣམས་ཀྱང་། ཨོཾ་བཛྲ་སྥ་ར་ཎ་ཁཾ་ཞེས་བྱ་བས་མངོན་པར་བཟླས་ལ་དབུལ་བར་བྱའོ། །དེ་ལྟར་
དཀྱིལ་འཁོར་ཡང་དག་པར་མཆོད་ནས། སྒྲུབ་པའི་གྲོགས་མཆོག་དཀྱིལ་འཁོར་དུ་བཞག་ལ་ཕྱི་རོལ་དུ་གཏོར་མ་སྦྱིན་པར་བྱ་སྟེ། འབྲས་ཡོས་བཅས་ཤིང་ཏིལ་དང་བཅས། །འབྲས་ཆན་མེ་ཏོག་ཆུ་དང་བཅས། །སྲན་ཆན་བཅས་ཤིང་མང་དུ་བྱ། །མར་དང་ཙག་ཙེག་བཅས་
པ་ཡི། །ཞེས་བྱ་བ་ལ་སོགས་པའི་བཟའ་བ་རྣམས་ལ། ཨ་ཀཱ་རོ་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་བཟླས་ཏེ། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤན་ན་ཏྭཏ། ཨོཾ་བཛྲ་ཤི་ཁ་རེ་རུ་ཊ་མ་ཊ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿབྷ་ག་བཱན་བིདྱཱ་རཱ་
ཛ་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་ཀྱིས་ལན་བདུན་མངོན་པར་བསྔགས་ལ། ཤར་ཕྱོགས་ནས་བརྩམས་ཏེ། ལན་གསུམ་གསུམ་དབུལ་བ་དང་། མཆོད་ཡོན་དང་། དྲི་དང་མེ་ཏོག་དང་། སྤོས་དང་། མར་མེ་དང་ལྡན་པར་དབུལ་བར་བྱའོ། །དེ་ཡང་ཇི་སྲིད་དུ་དཀྱིལ་འཁོར་གྱི་རྣམ་པར་བསམ་པར་
བྱའོ། །དེ་ནས་སྤྱན་དྲང་ངོ་། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བསྟན་ལ་མཆོད་ཡོན་དབུལ་ཞིང་སྤོས་ལ་སོགས་པས་ཡང་དག་པར་མཆོད་དེ། གཏོར་མ་དབུལ་བར་བྱའོ། །དེ་ནས་གཤེགས་སུ་གསོལ་ལོ། །དེ་ལ་འདི་དག་གི་ཕྱག་རྒྱ་དང་སྔགས་ནི་འདི་ཡིན་ཏེ། ཤར་ཕྱོགས་སུ་ཁ་བལྟས་
ཏེ། རྐང་པ་གཡས་པ་བརྐྱང་བའི་ཚུལ་གྱིས་འདུག་ནས། ལག་པ་གཡོན་པའི་རྡོ་རྗེ་ཕྱག་རྒྱ་བསྟན་ལ། གཡས་པའི་རྡོ་རྗེ་ཕྱག་རྒྱ་སྟ་ཟུར་ཕྱོགས་སུ་གཞག་སྟེ། གཡས་པའི་རྡོ་རྗེ་མཛུབ་མོ་ལྕགས་ཀྱུས་སྤྱན་དྲང་བ་ནི་བརྒྱ་བྱིན་སྤྱན་དྲང་བའི་ཕྱག་རྒྱའོ། །དེ་ལས་མཛུབ་མོ་ལྕགས་ཀྱུར་བྱས་པ་ནི་
བརྒྱ་བྱིན་གྱི་དམ་ཚིག་གི་ཕྱག་རྒྱའོ། །རྐང་པ་གཡོན་པ་རྐྱང་བའི་ཚུལ་གྱིས་འདུག་ལ་སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི། སླར་བཏང་བའི་ཕྱག་རྒྱའོ། །ཡང་དེའི་སྔགས་ནི། ན་མོ་བཛྲ་སྱ་དེ་ཤི་དེ་ཤི་བཛྲ་པཱ་ཎི་རཀྵ་རཀྵ་སྭཱ་ཧཱ། མེའི་ཕྱོགས་སུ་བལྟས་ནས་ལག་

གཡས་པའི་མཛུབ་མོ་ཟླུམ་པོར་བཀུག་སྟེ། གུང་མོའི་ཚིག་གསུམ་པར་བཙུགས་ལ་མཐེ་བོ་ལག་མཐིལ་དུ་བཞག་པ་ནི་མེ་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཐེ་བོའི་ངོས་ལ་མཛུབ་མོ་བཙུགས་པ་ནི་མེ་ལྷའི་དམ་ཚིག་གི་ཕྱག་
རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་མཐེ་བོའི་ངོས་ལ་བཙུགས་ཏེ། ཕྱིར་དྲག་ཏུ་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །དེའི་སྔགས་ནི་ཨགྣི་ཨེ་ཧི་ཀ་པི་ལཱ་ཀ་པི་ལཱ། ཛྭ་ལ་ཛྭ་ལ་ཧ་ཧ་ཤི་ཀི་ཏི་ལི་བི་རཱུ་པཀྵ་སྭཱ་ཧཱ། གཤིན་རྗེའི་ཕྱོགས་སུ་བལྟས་ནས་སྙིམ་པ་བདུན་དུ་
གཞག་སྟེ། སོར་མོ་ཕན་ཚུན་བསྣོལ་ལ་ཁུ་ཚུར་བཅངས་ནས་སྲིན་ལག་གཉིས་བསྒྲེངས་པ་གཞིབས་ལ་གཡབས་ཏེ། ཡང་ནང་དུ་བཞག་པ་ནི་གཤིན་རྗེ་སྤྱན་དྲང་བའི་ཕྱག་རྒྱའོ། །སྲིན་ལག་གཉིས་ཡང་ཕྱི་རོལ་དུ་དེ་བཞིན་དུ་གཤིབས་ཏེ་བསྒྲེངས་ལ་སྙིང་གར་གཞག་
པ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་ཉིད་ལས་སྲིན་ལག་སྦྱར་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་ས་མ་ཡེ་སྭཱ་ཧཱ། བདེན་བྲལ་གྱི་ཕྱོགས་སུ་རྐང་པ་མཉམ་པས་འདུག་ལ་ལག་པ་གཡས་པའི་ཁུ་ཚུར་བཅངས་པ་ལས་མཛུབ་མོ་དང་གུང་མོ་རལ་གྲི་དང་འདྲ་བར་གཞིབས་ལ་
བསྒྲེངས་ཏེ་བཞག །ལག་པ་གཡོན་པ་ཡང་དེ་ལྟར་བྱ་སྟེ། སྟ་ཟུར་ལོགས་སུ་བཞག་ལ་གཡོན་པའི་མཛུབ་མོ་བཀུག་སྟེ། གཡས་པ་ནི་བདེན་བྲལ་སྤྱན་དྲང་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་ལག་པ་གཡོན་པ་སྟ་ཟུར་ཕྱོགས་སུ་རལ་གྲི་དང་འདྲ་བར་གཞག་པ་ནི་བདེན་བྲལ་
གྱི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་པ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་སརྦ་བྷཱུ་ཏ་བྷ་ཡ་ཀ་ར། ཀུ་རུ་ཀུ་རུ་སྭཱ་ཧཱ། ཆུ་ལྷའི་ཕྱོགས་སུ་རྐང་པ་མཉམ་པས་འདུག་ལ་ལག་པ་གཡས་པ་ཁུ་ཚུར་བཅངས་ནས་མཐེ་བོ་དང་མཛུབ་མོ་གཅིག་ཏུ་
སྦྱར་ཏེ། ཞགས་མིག་ལྟར་བྱས་ལ། གཡོན་པའི་ཁུ་ཚུར་ཡང་དེ་ལྟར་བྱས་ཏེ། སྙིང་གར་བཞག་ལ་གཡོན་པའི་མཛུབ་མོ་ལྕགས་ཀྱུས་གཡབས་པ་ནི་ཆུ་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གཡོན་པའི་མཛུབ་མོ་ཁུ་ཚུར་གྱི་ཚུལ་དུ་བཞག་པ་ལས་ཞགས་མིག་

ལྟར་བྱས་པ་ནི་ཆུ་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །གཡོན་པའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ། །སྔགས་ནི་ཏྲི་ཏྲི་པུ་ཊ། ཏྲི་ཏྲི་ཤི་ཁོ་ཏི་བི་སུ་པཱཀྵ་སྭཱ་ཧཱ། རླུང་ལྷའི་ཕྱོགས་སུ་བལྟས་ཏེ་འདུག་ལ་ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ་གུང་མོ་བསྒྲེང་བའི་ཚིགས་
དང་པོར་མཛུབ་མོ་བཀུག་པའི་ཐོར་ཏོ་བཙུགས་ལ་ལག་པ་གཡས་པ་ཡང་དེ་བཞིན་དུ་བྱས་ཏེ་སྟ་ཟུར་ལོགས་སུ་བཞག་ཅིང་མཐེ་བོ་བསྐུལ་བ་ནི་རླུང་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོ་སྔ་མ་བཞིན་དུ་གཞག་པ་ནི་རླུང་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་
ལས་མཐེ་བོ་བརྐྱང་པ་ནི་སླར་གཏང་བའི་ཕྱག་རྒྱའོ། །སྔགས་ནི་ཨོཾ་སྭ་སཾ་ཁ་ཁུ་ཁུ་ཁ་སྭཱ་ཧཱ། ཀུ་བེ་ར་ལ་མངོན་དུ་བལྟས་ཏེ་འདུག་ནས་ལག་པ་གཉིས་ཐལ་མོ་སྦྱར་ལ་རྡོ་རྗེ་བཅིང་བ་ནང་དུ་ལྡོག་སྟེ། མཐེའུ་ཆུང་གཉིས་གཞིབས་ནས་བརྐྱང་ལ་དེའི་རྒྱབ་ཏུ་སྲིན་ལག་གཉིས་སོ་སོར་བཞག་
ནས་གུང་མོ་གཉིས་རྡོ་རྗེ་ལྟར་བཀུག་སྟེ། གཡབས་པ་ནི་ཀུ་བེ་ར་སྤྱན་དྲང་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་ནང་དུ་རྡོ་རྗེ་བཅིང་བའི་ཚུལ་དུ་གཞག་པ་ནི་ཀུ་བེ་རའི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་གུང་མོ་གཉིས་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ། །སྔགས་ནི་ཨོཾ་
ཀུ་བེ་ར་ཡེ་སྭཱ་ཧཱ། དབང་ལྡན་གྱི་ཕྱོགས་སུ་བལྟས་ཏེ་འདུག་ལ་ལག་པ་གཅིག་ཏུ་སྦྱར་ཏེ་ཐལ་མོ་སྦྱར་བ་བྱས་ལ་སྲིན་ལག་དང་མཐེའུ་ཆུང་ནང་དུ་བཀུག་སྟེ་བསྣོལ་ལ་གུང་མོ་གཉིས་གཞིབས་ཏེ་བསྒྲེང་བའི་རྒྱབ་ལོགས་སུ་མཛུབ་མོ་གཉིས་རྡོ་རྗེ་འདྲ་བར་བྱ། མཐེ་བོ་གཉིས་རབ་ཏུ་གཞིབས་ཏེ་
བཞག་ལ་དེ་ཉིད་ལ་མཛུབ་མོ་གཉིས་ཕན་ཚུན་སེན་མོ་སྤྲད་ནས་ནང་དུ་གཡབས་པ་ནི་དབང་ལྡན་གྱི་སྤྱན་དྲང་བའི་ཕྱག་རྒྱའོ། །དེ་ཉིད་ལས་སྔ་མ་ལྟར་མཛུབ་མོ་རྡོ་རྗེའི་ཚུལ་དུ་གཞག་པ་ནི་དབང་ལྡན་གྱི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སླར་གཏང་
བའི་ཕྱག་རྒྱའོ། །སྔགས་ནི་ཨོཾ་ཛུཾ་ཛུཾ་ཤཱི་བ་སྭཱ་ཧཱ། གཡོན་བརྐྱང་བའི་གནས་པས་འདུག་ལ་ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་བཞག་ལ་སྟེང་དུ་བལྟས་ཏེ། མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་ནི་ཚངས་པ་ལ་སོགས་པ་སྤྱན་དྲང་བར་བྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་སྔ་མ་ལྟར་

གཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ། །སྔགས་ནི་འདི་ཡིན་ཏེ། ཨུར་དྷཾ་བྲཧྨ་ཎེ་སྭཱ་ཧཱ། སཱུ་རྱཱ་གྲ་ཧ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ཙནྡྲ་ཡ་ནཀྵ་ཏྲ་ཨདྷི་པ་ཏ་ཡེ་སྭཱ་ཧཱ། རྐང་པ་མཉམ་པར་
གནས་པས་འདུག་ལ་ལག་པ་གཉིས་གཅིག་ཏུ་སྦྱར་ཏེ། སོར་མོ་རྣམས་བར་མཚམས་མེད་པར་རྩེ་མོ་ཕན་ཚུན་སྦྱར། མཐེ་བོ་ཟླུམ་པོ་བྱས་ལ་འོག་ཏུ་བལྟས་ཏེ། སའི་ལྷ་མོ་ལ་སོགས་པ་མཛུབ་མོའི་ལྕགས་ཀྱུས་སྤྱན་དྲང་བ་ནི་འོག་གི་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་
རྒྱ་ལས་སྔ་མ་བཞིན་དུ་མཛུབ་མོ་གཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །མཛུབ་མོ་གཉིས་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ། །སྔགས་ནི་ཨ་དྷྭ་པྲྀ་ཐྭི་བྷྱཿསྭཱ་ཧཱ། ཨ་སུ་རེ་བྷྱཿསྭཱ་ཧཱ། ནཱ་གེ་བྷྱཿསྭཱ་ཧཱ། དེ་ནས་སྔགས་དེ་ཉིད་ཀྱིས་ཐམས་ཅད་ལ་འཐོར་འཐུང་ཕུལ་ལ། ལས་འདིས་
རང་གི་སློབ་མའི་ཚོགས་དང་བདག་ལ་བགེགས་མེད་པར་མཛོད་ཅིག །དངོས་གྲུབ་དམ་པ་ཡང་སྩོལ་ཅིག་ཅེས་བྱས་ནས་ཐམས་ཅད་སླར་གཏང་བར་བྱའོ། །ཡང་ན་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ལས་བྱུང་བའི་ཚིགས་སུ་བཅད་པ་རྣམས་ཀྱིས་གཏོར་མ་དབུལ་བར་བྱ་སྟེ། ལྷ་དང་ལྷ་
མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟངས་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་ཚོགས་བཅས་གཡོག་འཁོར་བཅས་པ་ལ། བདག་གིས་པུས་མོ་ས་ལ་བཙུགས་ནས་སུ། །
ཐལ་མོ་སྦྱར་ཏེ་ཁྱེད་ལ་གསོལ་འདེབས་ཀྱིས། །གནས་ནས་ཕན་གདགས་སླད་དུ་འདིར་སྤྱོན་ཅིག །འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །
ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང་། །རིན་ཆེན་གནས་ན་ལྷག་པར་གནས་པ་དང་། །མཚོ་དང་རྫིང་དང་ལྟེང་ཀ་ཆུ་ངོགས་དང་། །གཡའ་ཆུ་སིལ་མ་ཅན་ན་གང་གནས་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་། །ཁང་སྟོང་དང་ནི་ལྷ་ཡི་ཁང་པ་དང་། །གཙུག་ལག་ཁང་

ངམ་གྲོང་ཁྱེར་གནས་དག་གམ། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་དང་ནི། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་། །ལམ་སྲང་བཞི་མདོ་དག་དང་སུམ་མདོ་དང་། །གང་དག་ལམ་ཆེན་དང་ནི་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོའམ་ནགས་ཚལ་ཆེན་པོ་དང་། །སེང་
གེ་དྲེད་དང་གཅན་ཟན་གནས་དག་དང་། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་། །གང་དག་གླིང་མཆོག་དག་ན་གནས་པ་དང་། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པ་དང་། །བསྟོད་
དང་གཏོར་མ་མར་མེ་གུས་ཕུལ་བ། །འདི་དག་བཞེས་ཏེ་བཏུང་ཞིང་བསྣམས་ནས་སུ། །ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་བྱ་བས་སོ། །དེ་ལྟར་གཏོར་མ་སྦྱིན་པ་ཐམས་ཅད་ནི་འཕགས་པ་གཤིན་རྗེ་གཤེད་ཀྱི་སྦྱོར་བའམ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་སྦྱོར་བས་
བྱའོ། །དེ་ནས་ཉེ་རེག་བྱས་ལ་ལྷག་དང་མ་ཚང་བའི་ཆོ་གའི་ཉེས་པ་ཉེ་བར་ཞི་བར་བྱ་བའི་ཕྱིར། སྤྱན་ལ་སོགས་པས་ཞི་བའི་སྦྱིན་སྲེག་བྱས་ལ། ཕྱག་རྒྱ་དང་ཕྱག་རྒྱའི་ལན་རྣམས་ཀྱི་རིགས་ཀྱི་དབྱེ་བས་དཀྱིལ་འཁོར་མཆོད་པར་བྱ་སྟེ། རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་ནི་ཕྱག་རྒྱའོ། །ལས་
ཀྱི་རིགས་ཀྱི་ཕྱག་རྒྱ་ནི་ཕྱག་རྒྱའི་ལན་ནོ། །རིན་པོ་ཆེའི་རིགས་ཀྱི་ཕྱག་རྒྱ་ནི་ཕྱག་རྒྱའོ། །པདྨའི་རིགས་ཀྱི་ཕྱག་རྒྱ་ནི་ཕྱག་རྒྱའི་ལན་ཏེ། ཤིན་ཏུ་བྱང་བར་བསླབས་པའི་སློབ་མ་དང་། རང་ཉིད་ཀྱིས་བཅིང་བར་བྱའོ། །གལ་ཏེ་དཀྱིལ་འཁོར་དུ་འཇུག་པའི་ཞག་འབྱོར་པ་ཡོད་ན་
དཀྱིལ་འཁོར་ལས་ཧ་ཅང་མི་རིང་བར་བསྙེན་བཀུར་དང་གུས་པ་སྔོན་དུ་འགྲོ་བས་ཤར་དུ་བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླག་པར་བྱའོ། །ལྷོར་ནི་རིན་པོ་ཆེ་ཏོག་གི་མདོ། ནུབ་ཏུ་སྡོང་པོས་བརྒྱན་པའོ། །བྱང་དུ་ཟླ་བའི་སྒྲོན་མའི་མདོ་བཀླག་པར་བྱ་ཞིང་། ཕྱི་
རོལ་དུ་གར་བྱེད་དུ་གཞུག་པ་ལ་སོགས་པ་ལྟད་མོ་པ་རྣམས་ཀྱང་ཕྱོགས་བཞིར་བྱེད་དུ་གཞུག་གོ། །དེ་ནས་ལུས་ཁྲུས་བྱས་ཤིང་དྲིས་བསྒོས་པ་མེ་ཏོག་གི་ཕྲེང་བས་བརྒྱན་པ་གདོང་དྲི་ཞིམ་པོས་བྱུགས་ཤིང་བདག་ཉིད་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་མགོ་བོ་འཇམ་པའི་དབྱངས་

ཀྱི་ཕྱག་རྒྱའི་མཆོག་གིས་མེ་ཏོག་གི་ཕྲེང་བ་བཟུང་ལ་དཀྱིལ་འཁོར་དུ་འཇུག་པར་བྱ་བ་ནི། བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་སྡོམ་པ་གཟུང་བ་ལ་སོགས་པ་བྱས་ནས་འཇུག་པར་བྱའོ། །འཇུག་པའི་ཚེ་སློབ་མ་ལ་སོགས་པས་འདི་ལྟར་གླུ་བླང་ངོ་། །ཨོཾ་པྲ་བི་ཤ་བྷ་ག་བཱན་
མ་ཧཱ་སུ་ཁ་མོ་ཀྵ་བུ་རཾ། སརྦ་སིདྡྷི་མ་ཧཱ་སུ་ཁཱ་ར་མྱ་པ་ར་སུ་ཁོཏྟ་མ་སི་དྡྷྱ་ཛཿཧཱུཾ་བཾ་ཧོཿཔྲ་སིདྡྷེ་སྭཱ་ཧཱ། ཞུགས་ནས་རོལ་ཅིང་དགའ་བ་དང་། །སྒེག་པས་མགོན་ལ་ཕྱག་བྱའོ། །ཕྱག་བྱས་ནས་ནི་དཀྱིལ་འཁོར་དེར། །ལན་གསུམ་བར་དུ་བསྐོར་བར་བྱ། །མ་ཧཱ་ར་ཏ་སུ་ཊི་དྷ་སུ་སུ་ཏོ་ཥྱ། སུ་ཁུ་ཁོ་
མཉྫུ་ན་ཐ་བྱ་སིདྡྷ་མཱ་མ་ཞེས་ཀྱང་བརྗོད་དོ། །དེ་ནས་ཡང་མདུན་དུ་འདུག་ལ་དེ་ཁོ་ན་ཉིད་འདི་ལན་ཅིག་བརྗོད་དོ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་རིན་ཆེ་བ། །ཡེ་ཤེས་ཆེན་པོ་ལས་ཆེ་བ། །འཇམ་པའི་རྡོ་རྗེ་དེ་དག་གྲུབ། །དེ་ནས་རྡོ་རྗེ་ཆུ་འཐུངས་ལ། ཁྲོ་བོའི་ཁུ་ཚུར་རྡོ་རྗེ་
སེམས་མའི་ཁུ་ཚུར་གྱིས་ཕྱེ་ལ་བདག་ཉིད་ལ་དབབ་པར་བྱའོ། །བཛྲ་ཨཱ་བེ་ཤ་ཨཿཞེས་བྱས་ལ་བཅོམ་ལྡན་འདས་འཇམ་པའི་དབྱངས་དང་མི་བསྐྱོད་པ་ལ་སོགས་པས་བདག་ཉིད་གང་བར་བསམས་ལ། ཡི་གེ་བརྒྱ་པ་བརྗོད་ན་བབས་པར་འགྱུར་རོ། །དེ་ནས་དབབ་པའི་ཕྱག་རྒྱ་སྙིང་
པོ་འདིས་སྙིང་གར་དགྲོལ་ལོ། །ཨོཾ་ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ། ཤཱ་ཤྭ་ཏོ་མེ་བྷ་བ་ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཧྲྀ་ད་ཡ་མེ། ཨ་དྷི་ཏིཥྛ། སརྦ་སིདྡྷིཾ་མེ་པྲ་ཡཙྪ། སརྦ་ཀརྨྨ་སུ་ཙ་མེ་ཅིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ དེ་ནས་ཕྲེང་བ་དེ་དཀྱིལ་འཁོར་ཆེན་པོར་སྙིང་པོ་འདིས་དོར་བར་བྱའོ། །
ཨོཾ་པ་ར་མ་སུ་ཁཱ་ཤཱ་ཡ་སུ་ལ་ལི་ཏི་བི་ལཱ་ས་ན་མི་ཏེ་ན་མ་མི་བྷ་ག་བཱན་ཛཿཧཱུཾ་བཾ་ཧོཿཧི་ཧི་ཧི་ཧི་པྲ་ཏཱིཙྪ་བཛྲ་ཀུ་སུ་མ་ཨཉྫ་ལིན་ནཱ་ཐ་ཧོ། དེ་ནས་ཕྲེང་བ་བཅིང་བ་ལ་སོགས་པ་དང་། དངོས་གྲུབ་གྱི་རྡོ་རྗེ་བླང་བའི་བར་དུ་བྱས་ལ། རྡོ་རྗེ་ཐལ་མོ་བསྐོར་བས་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་འོག་ནས་
བཤད་པའི་ཆོ་གས་སྡོམ་པ་འཛིན་པའི་བར་དུ་བྱས་པ་ཁོ་ནར་ཡང་ལྷག་པར་མོས་པར་བྱའོ། །དེ་ནས་བཟླས་པ་དང་བསྒོམ་པ་ལ་སོགས་པ་ཆོ་ག་རྣམས་བྱས་ནས། ཕྱིར་བྱུང་ལ་སློབ་མ་གཞུག་པར་བྱ་སྟེ། སློབ་དཔོན་དུ་འོས་པའི་སློབ་མ་ལས་ཐམས་ཅད་པའི་ཆུས་བསངས་ལ། རྡོ་རྗེ་

སེམས་དཔར་བྱིན་གྱིས་བརླབ་ཅིང་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ། རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་གོས་དམར་པོས་སྟོད་གཡོགས་དང་སྨད་གཡོགས་བསྐོན་ལ། ཨོཾ་བཛྲ་ཏིཥྛ་ཧཱུཾ་ཕཊ་ཅེས་མངོན་པར་བསྔགས་པ་གོས་དམར་པོ་ལས་བྱས་པའི་གཙུག་ཏོར་དང་། སྒོ་
སྲུང་བཞིའི་སྙིང་པོ་ཡོངས་སུ་བཟླས་པའི་གོས་དམར་པོའི་གདོང་གཡོགས་བཅིངས་ལ། ཡོན་གྱི་དམ་པ་དག་ཕུལ་བ་ཡོངས་སུ་གཟུང་སྟེ། དེའི་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོ་རྣམས་སུ་རྡོ་རྗེ་དང་། རིན་པོ་ཆེ་དང་པདྨ་དང་། སྣ་ཚོགས་རྡོ་རྗེ་ཟླ་བའི་སྟེང་དུ་དེའི་ས་བོན་
གྱིས་རྣམ་པར་བཀོད་ལ། ཤར་གྱི་སྒོར་རྡོ་རྗེ་ཐལ་མོ་བརྐྱང་ནས་ལུས་ཐམས་ཅད་ཕབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠཱ་ནཱ་ཡ་ཨཱཏྨ་ནཾ་ནིཪྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ། ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བརྗོད་ལ་ཕྱག་བྱེད་དུ་གཞུག་གོ། །དེ་ནས་རང་གི་བདག་པོ་ལས་གནང་བ་ཐོབ་ཅིང་རྡོ་
རྗེ་སེམས་དཔས་རང་གི་རིགས་ཀྱི་བདག་ཉིད་ཅན་དང་འདྲ་བར་སྤྲུལ་ལ། དེའི་སྙིང་གར་བཅུག་ནས་བྱིན་གྱིས་བརླབ་པར་རྣམ་པར་བསམ་མོ། དེ་ནས་ཕྱོགས་ཀྱི་སྒོར་འདུག་ལ་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ནས། དཔྲལ་བ་ས་ལ་རེག་པར་ཕྱག་བྱེད་དུ་གཞུག་གོ །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་
བྷི་ཥེ་ཀ་ཡ། ཨཱཏྨ་ནཾ་ནིཪྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། དེ་ནས་རྡོ་རྗེ་རིན་པོ་ཆེས་དེ་བཞིན་དུ་རིན་པོ་ཆེའི་འཁོར་ལོས་སྒྱུར་བའི་ནུས་པ་བསྐྱེད་པ་ཉིད་དུ་དེ་བྱས་པར་བསམ་མོ། །དེ་ནས་ནུབ་ཕྱོགས་ཀྱི་སྒོར་འདུག་ལ་རྡོ་རྗེ་ཐལ་མོ་སྤྱི་བོར་སྦྱོར་དུ་གཅུག་སྟེ། ཁ་ས་ལ་རེག་པའི་ཕྱག་བྱེད་
དུ་གཞུག་གོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བྲ་བར་ཏ་ན་ཡ། ཨཱཏྨ་ནཾ་ནིཪྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨྨ་བྲ་བར་ཏ་ཡ་མཱཾ། དེས་ཀྱང་དེ་བཞིན་དུ་རྡོ་རྗེ་ཆོས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་ནུས་པ་བསྐྱེད་པར་བསམ་མོ། །དེ་ནས་བྱང་ཕྱོགས་ཀྱི་སྒོར་འདུག་ལ་རྡོ་རྗེ་ཐལ་མོ་སྙིང་གར་སྦྱོར་དུ་བཅུག་
ལ། མགོ་བོ་ས་ལ་རེག་པར་ཕྱག་བྱེད་དུ་གཞུག་གོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨྨ་ཎི་ཨཱཏྨ་ནཾ་ནིཪྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་གཱ་ཏ་བཛྲ་ཀརྨྨ་ཀུ་རུ་མཱཾ། དེས་ཀྱང་དེ་བཞིན་དུ་རྡོ་རྗེ་ལས་ཀྱིས་བྱིན་གྱིས་བརླབས་པས། ཕྱི་དང་ནང་དང་གསང་བའི་མཆོད་པ་བྱེད་ནུས་པར་བྱིན་གྱིས་བརླབས་པར་

བསམ་མོ། །དེ་ནས་ཤར་ཕྱོགས་ཀྱི་སྒོར་བཞག་ལ་དེ་བཞིན་དུ་སྡོམ་པ་སྦྱིན་ནོ། །ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བརྗོད་དོ། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་དག་གིས་བསྐྱེད་ནས་སུ། །དེ་ཡི་སྙིང་གར་རྡོ་རྗེ་ནི། །སྙིང་པོས་རབ་ཏུ་གཞག་པར་བྱའོ། །དེ་
ནས་སུ་ར་ཏ་ས་མ་ཡ་སྟྭཾ་ཧོ། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བསྐུལ་ལོ། །དེ་ནས་ས་མ་ཡ་སྟྭཾ་ཞེས་པའི་སྔགས་ཀྱིས་འཇམ་པའི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱ་འཆིང་དུ་གཞུག་ཅིང་། དེ་བཞིན་དུ་ཕྲེང་བ་འཛིན་དུ་གཞུག་གོ། །དེ་ནས་སྔ་མ་བཞིན་དུ་རང་ཉིད་འཇུག་པས་ཞུགས་པ་ལ་ཡང་ལན་
གསུམ་བསྐོར་བ་བྱས་ནས། འདོད་ཆགས་ཆེན་པོའི་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་རིན་ཆེ་བ། །ཡེ་ཤེས་ཆེན་པོ་ལས་ཆེ་བ། །འགྲོ་ཀུན་བདག་ཉིད་གྲུབ་པར་མཛོད། །ཅེས་བརྗོད་དོ། །དེ་ནས་མདུན་དུ་འདུག་སྟེ། བསྐུལ་བས་མེ་ཏོག་དོར་བ་ལ་སོགས་པ་ཆོ་ག་ཐམས་ཅད་རྗེས་སུ་བསྒྲུབས་
ལ། ཕྱི་ནང་གསང་བའི་མཆོད་པ་རྣམས་ཀྱིས་མངོན་པར་མཆོད་དེ། འདིས་བདེན་པའི་བྱིན་གྱིས་བརླབ་པ་བྱའོ། །སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང་། །སེམས་ཅན་ཀུན་གྱི་སྙིང་ལ་ཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་ཆགས་དམ་ཚིག་མཆོག་གྱུར་པའོ། །མགོན་
པོ་བདེན་པ་འདི་ཡིས་ནི། །བདག་ལ་ཁྱེད་ཀྱིས་འདོད་རྫོགས་ཤོག །ཅེས་བྱའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང་། །དམ་ཚིག་ཀྱང་ནི་དགོངས་པ་ཡིས། །དངོས་གྲུབ་ཐམས་ཅད་ཐོབ་པའི་ཕྱིར། །ཐུགས་རྗེས་འགྲོ་ཀུན་དོན་མཛོད་ཅིག །ཅེས་བྱ་བ་འདིས་བཅོམ་ལྡན་འདས་
ལ་གསོལ་བ་བཏབ་ནས། སློབ་མ་གཞུག་པའི་ཕྱིར་བཀའ་ནོད་པར་བྱ་སྟེ། བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་སློབ་དཔོན་བརྟུལ་ཞུགས་ཆེ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་འདི་ནི་གཞུག་པར་བགྱི། །རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི། །ཕོ་བྲང་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་བརྗོད་པ་ལ། ས་མ་ཡ་ཧཱུཾ་ཞེས་བརྗོད་དེ་སློབ་མ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མ་ཧཱ་ར་ཏ་པུ་ཊི་དྷ་སུ་ཏོ་ཥྱ་སུ་སུ་ཁོ་བཛྲ་སཏྭ་དྱ་སིདྡྷྱ་མྃ་ཞེས་སྨྲོས་ཤིག །དེ་ནས་

འདི་སྐད་ཅེས་ཀྱང་བསྒོའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་འགྲུབ་པའང་ཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས་
ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཤིག །དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་རྡོ་རྗེ་སེམས་མའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་རྡོ་རྗེ་སློབ་མའི་སྤྱི་བོར་བཞག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་རྡོ་རྗེ་དམ་ཚིག་ཡིན་གྱིས། གལ་ཏེ་འགའ་ཞིག་
ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱང་མནའི་ཆུའི་སྙིང་པོས་ལན་ཅིག་བསྔགས་ལ་སློབ་མ་འཐུང་དུ་གཞུག་གོ། །དེ་ལ་མནའི་སྙིང་པོ་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་ཉིད་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་མཛད་ཀྱིས། །གལ་
ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་བཛྲོད་ཀ་ཋ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་ཡིས་འགྲུབ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །གལ་ཏེ་དཀྱིལ་འཁོར་མ་
མཐོང་སྨྲས། །སྐྱེ་བོའི་ཚོགས་ན་འདུག་པའམ། །དད་པ་མེད་ལ་རྟེན་ལ་བསྟན། །དེ་ནས་སློབ་མ་ལ་འདི་སྐད་བསྒོ་ཞིང་། དེང་ཕྱིད་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཡང་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་
བ་མ་སྤངས་པས་ཁྱོད་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། འདི་སྐད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག་ཅེས་སྨྲོས་ཤིག་ཅེས་བསྒོའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར་བ་ཉིད་དུ་
སེམས་མ་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་འདི་སྐད་བརྗོད་དུ་གཞུག་གོ། །འདི་ནི་རྡོ་རྗེ་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དེ་རིང་ཉིད་དུ་འབབ་པར་ཤོག །ཨོཾ་བཛྲ་ཨཱ་བེ་ཤ་ཨཿཞེས་བརྗོད་དོ། །དེ་ནས་ཕྱག་རྒྱ་བཅིངས་པ་ལས་བྱུང་ནས་དེའི་

སྙིང་གར་ཞུགས་ཏེ། རྡོ་རྗེ་སེམས་མ་བབས་པར་གྱུར་པར་བསམས་ན་བབས་པར་འགྱུར་རོ། །ཡང་ན་ཧོ་ཨ་ཧོ་ཞེས་བྱ་བར་ཡང་རང་གི་སྙིང་གའི་ཟླ་བ་ལ་བཀོད་དེ། སེའུ་འབྲུའི་མེ་ཏོག་དང་འདྲ་བའི་རྡོ་རྗེ་སེམས་དཔའ་རང་གི་དམ་ཚིག་དང་བཅས་པ་རང་གི་སྙིང་
པོ་ལས་ངེས་པར་ཕྱུང་ལ། བཛྲ་བནྡྷ་ཏྲཊ། ཞེས་བྱ་བས་དེའི་སྙིང་ག་ཕྱེ་ལ་དེར་བཅུག་སྟེ། རྡོ་རྗེ་དབབ་པའི་ཕྱག་རྒྱ་བཅིངས་ལ་སྔགས་བརྗོད་དེ། བཅོམ་ལྡན་འདས་ཀྱིས་གང་བར་གྱུར་བར་བསམས་ན་ཡང་བབས་པར་འགྱུར་རོ། །ཁྲོ་བོའི་ཁུ་ཚུར་བཅིངས་ལ་རྡོ་རྗེ་སེམས་མས་ཕྱེ་ན་ཡང་
བབས་པར་འགྱུར་རོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྡོ་རྗེའི་ཚིག་བདུན་ནམ་བརྒྱད་བརྗོད་པས་ཀྱང་བབས་པར་འགྱུར་རོ། །སློབ་མའི་གཙོ་བོའི་སྙིང་གར་རྡོ་རྗེ་བྱ། །ཡི་གེ་བརྒྱ་པས་མཉམ་གཞག་སྟན་བྱས་ནས། །བདག་ལུས་གང་ཡིན་སྣོད་ཀྱི་སྒོ་དབྱེ་ཞིང་། །སྙིང་ལ་གནས་པའི་
རྡོ་རྗེའི་དབུས་སུ་བལྟ། །སྔགས་ཀྱི་བདག་པོ་ཡི་གེ་ཨ་དམར་གཟུགས། །བརྗོད་པས་ཡང་དག་ཆགས་པས་གཡོ་བར་བལྟ། །སློབ་མའི་ལུས་འདིར་སྒོ་ནི་དབྱེ་བྱས་པར། །ཞུགས་ནས་རྡོ་རྗེ་བྱས་པའི་སྙིང་ལ་གནས། །མ་ལུས་ལུས་ལ་ཀུན་དུ་བཀང་ནས་སུ། །རྐང་པ་གཡོན་པས་
གཡས་པ་མནན་ནས་ནི། །སྔགས་པས་སློབ་མའི་རྐང་པ་དེ་ལ་དབབ། །ཀུན་དུ་དྲིལ་བུའི་སྒྲ་ནི་ཡང་དག་དཀྲོལ། །ལག་པའི་པདྨ་འབབ་པའི་ཕྱག་རྒྱ་བྱས། །མི་བསྐྱོད་རིན་ཆེན་ལ་སོགས་བདེ་གཤེགས་རྣམས། །རང་གི་ཕྱོགས་རྟོགས་ལས་བྱོན་འོད་བབས་པས། །ལེགས་བབས་
གྱུར་པས་རང་གི་བུ་ལ་བལྟ། །གང་ཞིག་དེས་ཀྱང་བབས་པར་མ་གྱུར་ན། །ལག་པ་གཡས་པས་ཏིལ་གྱི་ས་བོན་གཞག །དབུས་སུ་ཡི་གེ་ཧཱུཾ་ཡང་རབ་བཀོད་དེ། །རྡོ་རྗེ་འོད་འབར་བ་ནི་རྣམ་པར་བསམ། །གཡོན་པའི་མཐེབ་མཛུབ་ཕྱག་རྒྱར་བྱས་པ་ཡིས། །བླངས་པར་བསམས་ལ་
མེ་ལ་སྦྱིན་སྲེག་བྱ། །ལུས་ནི་ཐལ་བར་བྱས་པས་རྣམ་དག་པའི། །བསོད་ནམས་ལུས་ལའང་སྔགས་ཀྱི་འོད་ཀྱིས་དགང་། །ཡེ་ཤེས་བབས་པ་ཉིད་དུ་བསམས་ནས་ནི། །རྫས་བཞིན་འབབ་པ་ཉིད་དུ་རབ་ཏུ་འགྱུར། །ལ་ལ་དག་གིས་བཤད་པ་མཆེ་བའི་མྱུ་གུ་ཅུང་ཟད་

གཙིགས་པའི་རྩེ་མོའི་འོད་དཀར་གཡོ་ཞིང་དགོད་པའི་ཞལ། སྨིན་མ་འདེབས་པས་རོལ་ཅིང་མ་ལུས་འབྲུག་སྒྲ་ལྟ་བུར་ཧཱུཾ་ནི་འཇིགས་པའི་སྒྲ། །སངས་རྒྱས་མེ་ཏོག་ཆུ་ཕྲེང་གཉིས་བཏགས་འོད་ཆེན་ཚོགས་ལྡན་རང་གི་ལུས་བསྒོམས་ལ། །དེ་ཡིས་རང་གི་སློབ་མའི་རྙོག་པ་རྣམས་སྦྱང་
སྔགས་པའི་མཆོག་གིས་བསྐྱོད་པར་བྱའོ། །དེའི་འོག་ཏུ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅིངས་ལ། གསང་སྔགས་འདི་གདོན་པར་བྱའོ། །ཨོཾ་ཏ་ཊ་ཏ་ཊ། དྷ་མ་དྷ་མ། བཛྲ་ཧཱུཾ་ཀ་ར། ཀྲྀ་ཏ་བི་ཀྲྀ་ཏ་བི་དྷུ་ཛི་ཧྭ་དུར་དནྟ་ད་མ་ཀ །ས་དྲཱ་ཧ་སི་ཊ་ལཾ་བོ་དྷ་ར་ཀ་ཧ་ཀ་ཧ། ཙུ་ལ་ཙུ་ལ། མུཉྫ་མུཉྫ། ཨཊྚ་ཧ་
ས། དྷ་ར་བི་དྷ་ར། བཛྲ་བཛྲ་ཨཾ་ག །བཛྲ་ནེ་ཏྲ། བཛྲ་ཤྲོ་ཏྲ། བཛྲ་གྷཱ་ཎ། བཛྲ་ཛི་ཧྭཱ། བཛྲ་དནྟ། ཀིཉྩ་ར་ཡ། སི་པྲ་བི་ཤ །བཛྲ་ནེ་ཧྲྀ་ད་ཡཾ། ཨ་བི་ཤ་གྷཱུརྞ་གྷཱུརྞ། གྷཱུརྞཱ་པ་ཡ་གྷཱུརྞཱ་པ་ཡ། བྷྲ་མ་བྷྲ་མ། བྷྲ་མ་ཡ། པ་ཊ་ཡ་མོ་ཊ་ཡ། ཨཱ་བེ་ཤ་ཡ། ཛྭ་ལ་པཱ་པ་ཡ། ལ་གྷུ་ལ་གྷུ། སརྦ་ཏ་ཐཱ་ག་ཏ་
ཨཱ་ཛྙཱ་ཀ་ར། པྲ་བ་ར་དྷརྨྨ་བ་ལ་ཏ། བི་ཛ་ལ་ཧེ་ཧེ་བྷ་ག་བཱན། བཛྲ་ཧཱུཾ་ཀ་ར། ཧཱུཾ་ཀྲི་ཏ་ཡ་སྭཱ་ཧཱ། སྦྱོར་བ་འདི་ཉིད་ཀྱིས་སྔགས་འདི་ཡང་གདོན་པར་བྱ་སྟེ། བཛྲ་ཧཱུཾ་ཀ་ར་མ་ཧཱ་བ་ལ་པ་ར་ཀྲ་མ། སརྦ་ཡཛྙོ་པ་བི་ཏ། ཨ་ལི་ཏ། ཨཱ་ཀྲནྟ་ཧ་ར་ཤི་ར་ཀ་པཱ་ལ་མཱ་ལཱ་དྷ་ར། མ་ཧཱ་རཽ་དྲ་ཨཊྚ་ཧ་ས་
བི་ཀྲྀ་ཏཱ་ནཱ་ཡ། མོ་ན་ད་ནུ་དྷ་ར། ཀ་ར་ཧ་དྷ་ནཱ་ཧཱུཾ། བྷི་མ་ཧཱུཾ་ཀ་ར། པྲ་ཙ་ལི་ཏ་ནཱ་ཡ་ན། ཀྲོ་དྷ་རཱ་ཛ། ཨ་གྷ་མུག་ཁྱ་ཏི། བྷུ་བ་ན་བྷུ་བ་ན། ཀཾ་པ་ཀཾ་པ་ཀཾ་པ་ཡ་ཧི། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བ་ར་སྱེ་དེ་ཧེ། ཨཱ་བེ་ཤ་ཡ། སརྦཾ་ཀིན་ནི་བ་ར་ཤབྡ། སུམྦྷ་ནི་སུམྦྷ། བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཏྲཱ་ཊ་ཏྲཱ་ཊ་ཏྲཱ་ཊ།
ཨོཾ་ཨོཾ་ཨོཾ་ཨོཾ། བྷྲཱུཾ་བྷྲཱུཾ་བྷྲཱུཾ་བྷྲཱུཾ། ཨེ་ཧི་བྷ་ག་བཱན། མ་ཧཱ་བཛྲ་ཧཱུཾ་ཀ་ར། ཀ་ཧ་ཀ་ཧ། ཤབྡ། ན་ད་ཧཱུཾ་ཀ་ར། ཀི་ལི་ཀི་ལི་ཤབྡ་ནར་ཏྭ་བ་ཡ། ཧེ་བྷ་ག་བཱན། ཏྲཻ་ལོ་ཀྱ་བི་ཛ་ཡ། ཨ་ཛི་ཏ་ན་ཛ་ཡ། ནིར་ཛི་ཏ་ཛ་ཡ། ནིར་ཛི་ཏ་ཛ་ཡ། ཧ་ན་ཧ་ན། ཧྲི་ཧྲི། ད་ཧ་ད་ཧ། པ་ཙ་པ་ཙ།
ཧུ་ལུ་ཧུ་ལུ། ཧེ་ཧེ། ཨ། ཨོཾ་ཨོཾ་ཨོཾ། བྷ་ག་བཱན། ཏྲཻ་ལོ་ཀྱ་བི་ཛ་ཡ། ཨ་སྨིན་མན་རཱ་མ་དྷྱེ། སརྦ་ཏ་ཐཱ་ག་ཏ་ནཱཾ། ཨཱ་ཀ་ར་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། ཏོ་ཥ་ཡ། བ་ཤི་ཀུ་རུ་ཛཿཧཱུཾ་བཾ་ཧོཿཙ་ཏུར་ཧཱུཾ་ཀ་ར་མ་ཧཱ་བ་ལ། པ་རཱ་ཀྲ་མ་སྭཱ་ཧཱ། མ་ལས་མིག་ནི་ཉི་ཟླར་བྱས་པ་དང་། དཔྲལ་

བའི་ཕྱོགས་སུ་མཛེས་པའི་ར་གནས་པ། །སྔགས་པས་རང་གི་བུ་ཡི་མིག་ཕྱེ་སྟེ། །འཁོར་ལོ་འདི་དག་མ་ལུས་བསྟན་པར་བྱ། །གང་ཚེ་དེས་དེར་ཅི་ཡང་མ་མཐོང་ན། །ར་ལས་བྱུང་བའི་འོད་ཀྱི་ཕྲེང་བ་ཡིས། །དེ་སྙིང་སྣང་བར་བྱས་ལ་དེ་ནས་ནི། །དེ་ནི་ཉིས་འགྱུར་
མིག་ཏུ་ཞུགས་པར་བསམ། དེ་ཡི་འོད་ཀྱིས་མིག་གཉིས་བསྐུལ་བས་ན། །དེ་ཚེ་ཅུང་ཟད་དེ་ཡིས་མཐོང་བར་འགྱུར། །དེས་ཀྱང་དེ་བཞིན་མཚན་མ་མ་མཐོང་ན། །རྗེས་མཐུན་གནས་ལས་བདེན་པའི་བྱིན་རླབས་བྱ། །འགྲོ་བའི་དོན་ལ་ཆགས་བྲལ་མ་མཛད་ཅེས། །བརྟུལ་
ཞུགས་ཅན་གྱིས་དེ་སོགས་ཀྱིས་བསྐུལ་ཞིང་། །པུས་མོ་གཉིས་ཀ་ས་ལ་བཙུགས་ནས་ནི། །གཟུགས་མཐོང་ཕྱིར་ན་མཆོད་ཡོན་དབུལ་བར་བྱ། །དེ་ནས་བབས་ཏེ་བབས་མ་ཐག་ཏུ་ལྷའི་ཡེ་ཤེས་སྐྱེ་བར་འགྱུར། ཡེ་ཤེས་དེས་ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་
པ་རྒྱ་ཆེར་སྦྱར་རོ། །དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་དེའི་སྙིང་གའི་ཕྱག་རྒྱ་དགྲོལ་ལ། ཚིགས་སུ་བཅད་པ་འདིས་བདེན་པའི་བྱིན་གྱིས་བརླབས་བརྗོད་པར་བྱའོ། །འདི་ལྟར་བདག་གི་སློབ་མ་འདི། །དཀྱིལ་འཁོར་དུ་ནི་ལེགས་བཅུག་ན། །ལྷ་ཡི་རིགས་ཀྱི་རིམ་པ་དག །
འདི་ཡི་བསོད་ནམས་ཅི་འདྲ་ལས། །དེ་བཞིན་དུ་ནི་འབབ་པར་འགྱུར། །འདི་ནི་དངོས་གྲུབ་གང་འགྲུབ་དང་། །རིགས་ནི་གང་གི་སྣོད་འགྱུར་དང་། །བསོད་ནམས་མཐུ་ནི་གང་ཡོད་པ། །དཀྱིལ་འཁོར་འདི་ནི་དེ་བཞིན་གྱུར། །དེ་ནས་ཨོཾ་པ་ར་མ་སུ་ཁཱ་ཤཱ་ཡ་སུ་ལ་ལ་ཏི་བི་ལ་སཱ་ན་མི་ཏི་ན་མཱ་
མི་བྷ་ག་ཝཱན། ཛཿཧཱུཾ་བཾ་ཧོཿཧི་ཧི་ཧི་ཧི། པྲ་ཏཱིཙྪ་བཛྲ་ཀུ་སུ་མ་ཨཉྫ་ལི་ནཱ་ཐ་ཧོཿ། ཞེས་བྱ་བའི་སྔགས་འདིས་ཕྲེང་བ་དེ་དཀྱིལ་འཁོར་དུ་དོར་རོ། །དེ་ནས་དངོས་གྲུབ་རབ་འབྲིང་མེ་ཏོག་བབས་པ་ལས་བརྟག་པར་བྱ་སྟེ། ལྷ་རྣམས་ཀྱི་ཁྱད་པར་དང་གནས་ཀྱི་ཁྱད་པར་ལས་བརྟག་སྟེ། གང་
ཚེ་སངས་རྒྱས་བཅོམ་ལྡན་གྱི། །དབུ་ལ་མེ་ཏོག་བབས་གྱུར་ན། །དེ་ཚེ་གཙུག་ཏོར་མཛོད་སྤུ་དག །འགྲུབ་པར་འགྱུར་བ་གདོན་མི་ཟ། །སྤྱན་ལ་སོགས་པའི་སྔགས་རྣམས་ཀྱང་། །ཞལ་དུ་བབས་ན་འགྲུབ་པར་འགྱུར། །སྟོད་དུ་བབས་ན་ཕྱོགས་རྣམས་འགྲུབ། །རྐེད་དུ་བབས་ན་འབྲིང་རྣམས་འགྲུབ། །རོ་སྨད་ཕྱོགས་སུ་

བབས་ན་ནི། །དངོས་གྲུབ་ཕལ་རྣམས་འགྲུབ་པར་འགྱུར། །བར་གྱི་སྐུ་ལ་བབས་ན་ནི། །སྙིང་པོ་ལ་སོགས་འགྲུབ་པར་འགྱུར། །སྨད་དུ་བབས་པར་གྱུར་ན་ནི། །མངག་གཞུག་ལ་སོགས་འགྲུབ་པར་འགྱུར། །རིམ་པ་དེ་དག་ཐམས་ཅད་ནི། །རིགས་བཞི་རྣམས་ལས་ཤེས་པར་བྱ། །དེ་བཞིན་
ལྷ་རྣམས་གཞན་ལ་ཡང་། །དངོས་གྲུབ་རྣམ་པ་གསུམ་དུ་བཤད། །གལ་ཏེ་ལྷ་ཡི་གཟུགས་དག་ལས། །མེ་ཏོག་རིང་དུ་ལྷུང་གྱུར་ན། །དེ་ཡི་དངོས་གྲུབ་ཡུན་རིང་འགྱུར། །ཉེ་ན་དངོས་གྲུབ་མྱུར་དུ་འགྲུབ། །གསང་སྔགས་རྣམས་ཀྱི་མཆོད་པ་དག །གང་དུ་བཀྲམ་པ་ཚུན་ཆད་ནི། །དེ་ཡིས་
ས་རིས་དེ་ཡིན་ཏེ། །མེ་ཏོག་དེར་ལྷུང་དེ་ཡི་རིགས། །ལྷ་གཉིས་ཀྱི་ནི་བར་དག་ཏུ། །གལ་ཏེ་མེ་ཏོག་བབས་གྱུར་ན། །གང་དུ་ཉེ་བར་གྱུར་པ་ནི། །དེ་ནི་དེ་ཡི་རིགས་སུ་བཤད། །གལ་ཏེ་ལ་ལའི་མེ་ཏོག་ནི། །དཀྱིལ་འཁོར་མང་པོ་འདས་ནས་བབས། །དེ་ལ་དངོས་གྲུབ་ཕལ་འགྲུབ་ཅིང་། །
ད་ནི་དད་པའང་རབ་ཏུ་ཆུང་། །གལ་ཏེ་མེ་ཏོག་དོར་བ་དག །ར་བའི་རི་མོ་ལ་བབས་ན། །ཞི་བར་བྱས་ནས་དེ་ནས་གདོད། །ནན་ཏན་བསྐྱེད་དེ་འདོར་དུ་གཞུག །དེ་སྟེ་ཐེ་ཚོམ་གྱུར་ན་ནི། །མཁས་པས་བཟླས་ཏེ་འདོར་མི་གཞུག །དེ་ནི་གར་ཡང་ངེས་མེད་པས། །དེས་ནི་དངོས་གྲུབ་
འཐོབ་མི་འགྱུར། །གཉིས་ཀྱི་བར་དུ་མཉམ་པ་དང་། །དོན་མེད་ཕྱི་རོལ་ལྷུང་ན་ནི། །ཞི་བའི་སྦྱིན་སྲེག་བྱས་ནས་སུ། །དེ་ནས་མེ་ཏོག་འདོར་དུ་གཞུག །སྙིང་པོར་མེ་ཏོག་བབས་ན་ནི། །རྟག་ཏུ་དོན་མེད་མི་འགྱུར་བཤད། །སྲད་བུ་དག་གི་ཆོ་ག་བཞིན། །དེ་ཡི་ཉེ་འཁོར་ཤེས་པར་བྱ། །དེ་ལ་
སོགས་པའི་རྣམ་པ་ཡིས། །མེ་ཏོག་རྣམས་ནི་བོར་བ་ལ། །བདག་གི་མདུན་དུ་གང་ལྷུང་བ། །དེ་ལ་ཞི་བ་བརྩམ་པར་བྱ། །སྦྱིན་སྲེག་གིས་ནི་ཞི་བྱས་ནས། །དེ་ནི་སླར་ཡང་འདོར་དུ་གཞུག །ལན་གསུམ་སྤོགས་ཏེ་བོར་ན་ཡང་། །གལ་ཏེ་ལེགས་པར་མ་བབས་ན། །རེ་ཐག་བཅད་དེ་སླར་གཏད་
དོ། །དེ་ནས་མེ་ཏོག་བབས་པ་ལས། ལྷ་ཡང་དག་པར་ཤེས་པར་བྱས་ནས། ཕྲེང་བ་བླངས་ཏེ། ཨོཾ་པྲ་ཏི་གྲྀཧྞ་ཏ་མི་མཾ་སཏྭ་མ་ཧཱ་བ་ལ་ཞེས་བརྗོད་ནས་དེའི་མགོ་ལ་བཅིང་ངོ་། །ཡེ་ཤེས་བབས་པའི་མཚན་མ་ལས་ཉེ་བར་མཚོན་ནས། དེ་ལ་མིག་གིས་ཇི་ལྟར་མཐོང་བ་ཞེས་དྲིས་ཏེ།

དེས་ཇི་ལྟར་མཐོང་བ་དེ་བཞིན་དུ་འགྲུབ་པར་འགྱུར་རོ། །གལ་ཏེ་དཀར་པོ་རྣམ་པར་མཐོང་ན་ནི། །དེ་ལ་དངོས་གྲུབ་མཆོག་བསླབ་བོ། །གལ་ཏེ་སེར་པོ་མཐོང་ན་དེ་ལ་དོན་འབྱུང་བའི་ཡེ་ཤེས་བསླབ་བོ། །གལ་ཏེ་དམར་པོ་མཐོང་ན་དེ་ལ་རྗེས་སུ་ཆགས་པའི་ཡེ་ཤེས་བསླབ་
བོ། །འོན་ཏེ་ནག་པོར་མཐོང་ན་དེ་ལ་མངོན་སྤྱོད་ཀྱི་ཡེ་ཤེས་བསླབ་བོ། །གལ་ཏེ་སྣ་ཚོགས་པར་མཐོང་ན་དེ་ལ་དངོས་གྲུབ་ཐམས་ཅད་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་རྒྱ་ཆེར་སྦྱར་རོ། །དེ་ནས་སྙིང་པོ་འདིས་གདོང་གཡོགས་བཀྲོལ་ཏེ། ཨོཾ་བཛྲ་སཏྭ་ས་མ་ཡཾ་ཏེདྱ་ཙཀྵཱུདྒྷ་ཊ་ཏཏྤ་ར།
ཨུདྒྷ་ཊ་ཡ་ཏི་སརྦཱ་ཀྵོ་བཛྲ་ཙཀྵུ་ར་ནུཏྟ་རཾ། དེ་ནས་ཧེ་བཛྲ་པ་ཤྱ་ཞེས་བརྗོད་དོ། །དེ་ནས་གདོང་གཡོགས་དགྲོལ་ནས་ནི། །དཀྱིལ་འཁོར་བཟང་པོ་བསྟན་པར་བྱའོ། །དེ་ནས་བླ་མ་དགར་གྱུར་ནས། །སློབ་མ་དེ་ལ་འདི་སྐད་ཅེས་བསྒོའོ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་
དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་རིག་པས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་དངོས་གྲུབ་ཀྱང་། །ཐམས་ཅད་ཁྱོད་ལ་མངོན་དུ་འགྱུར། །དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྐྱོངས། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །དེ་ནས་དཀྱིལ་
འཁོར་གྱི་དེ་ཁོ་ན་ཉིད་བཤད་པར་བྱ་སྟེ། མི་མཉམ་མེད་པས་ཟུར་བཞི་སྙོམས། །དྲན་དང་དབང་པོས་སྒོ་བཞི་སྟེ། །བསམ་གཏན་རྣམས་ཀྱི་རྟ་བབས་བཞི། །ཏིང་འཛིན་ཁྱམས་སུ་ཤེས་པར་བྱ། །ཁྱམས་ལ་བརྟེན་པའི་རྡོ་རྗེ་དག །གཟུགས་རྣམས་ལྷ་མོས་མཆོད་པ་ཡིན། །རྒྱན་
རྣམས་ཀུན་གྱིས་བཀྲ་བ་ཡིན། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །གདུལ་བྱས་བསྐྱོད་པ་སྣ་ཚོགས་མཆོག །དར་འཕན་དྲིལ་བུ་སྒྲོགས་པ་ཡིན། །མེ་ལོང་ཡེ་ཤེས་རྟག་མེ་ཏོག །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་། །དྲ་བ་དྲ་ཕྱེད་རིན་ཆེན་མཆོག །ཉི་མ་ཟླ་བར་ཡང་དག་ལྡན། །
ཀུན་གྲུབ་མི་ཟད་བདེ་བ་སྟེ། །བདེ་བ་ཆེན་པོ་ཞེས་གྲགས་པའོ། །དེ་ནི་ནང་གི་དཀྱིལ་འཁོར་གྱི། །ཀ་བ་དཀྱིལ་འཁོར་འདྲ་བ་ནི། །དངོས་གྲུབ་བདེ་བ་ཀུན་སྟེར་བའི། །རྣམ་ཐར་བརྒྱད་པོ་དེ་ཉིད་ཡིན། །ཐེག་པ་ཆེན་པོའི་བྱང་ཆུབ་སེམས། །མདོ་སྡེའི་འཁོར་ལོ་བསྐོར་བས་ན། །རྡོ་རྗེ་

ཐིག་གིས་ཡོངས་བཏབ་ཅིང་། །ཐམས་ཅད་དུ་ཡང་ཡོངས་སུ་རྫོགས། །གང་དུ་འཇུག་པ་ཙམ་གྱིས་ནི། །མི་ཚུགས་པ་དང་མི་ལྡོག་དང་། །བདེ་བ་ཆེན་པོར་རབ་གྲུབ་ཕྱིར། །དེ་དག་དག་པར་ཡང་དག་འགྱུར། །དེ་ནས་ཕྱག་རྒྱ་དང་སྙིང་པོ་ཡང་བཤད་པར་བྱའོ། །དེ་ནས་རྡོ་རྗེ་
ལྕགས་ཀྱུ་ནས་བརྩམས་ཏེ། མགོན་པོ་འཇམ་པའི་དབྱངས་ཀྱི་བར་དུ་བསྟན་པར་བྱའོ། །དེ་ནས་ཡོན་བླངས་ལ་གང་དུ་མེ་ཏོག་བབས་པར་གྱུར་པ་དེའི་རིགས་དང་། གཟུགས་སུ་དེ་བསྐྱེད་ལ། དེའི་ཕྱག་རྒྱ་དང་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། སྙིང་པོ་འདི་དང་རྡོ་
རྗེས་བྱིན་གྱིས་བརླབས་པའི་བུམ་པའི་ཆུས་དབང་བསྐུར་རོ། །ཨོཾ་བཛྲ་ཨ་བྷི་ཥིཉྩ། དེ་ནས་དེ་དང་རྗེས་སུ་མཐུན་པའི་ཅོད་པན་དང་དར་དཔྱངས་ཀྱིས་དབང་བསྐུར་ལ། གང་གི་མཚན་མའི་དབང་བསྐུར་བ་ལག་ཏུ་བྱིན་ཏེ། མཚན་མ་དང་རྗེས་སུ་མཐུན་པར་སྔགས་འདི་བརྗོད་པར་
བྱའོ། །སངས་རྒྱས་རྣམས་ཀྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །རང་གི་མཚན་མས་བདག་པོའི་དབང་། །སྙིང་པོ་འདིས་སྦྱིན་པར་བྱ་སྟེ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་
སྟྭཾ། དེ་ནས་སྙིང་པོ་འདིས་དྲིལ་བུ་སྦྱིན་ནོ། །ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱཏ། དེ་ནས་སྙིང་པོ་འདིས་རྡོ་རྗེ་མིང་གི་དབང་བསྐུར་རོ། །ཨོཾ་བཛྲ་ས་ཏྭ་སྟྭཾ་ཨ་བྷི་ཥིཉྩཱ་མི། བཛྲ་ནཱ་མ་ཨ་བྷེ་ཥེ་ཀ་ཏ། ཀྱེ་རྡོ་རྗེ་ཞེས་གང་གི་མིང་གང་བརྗོད་བ་དེ་ལ་དེར་སྐྱེ་ཞེས་བརྗོད་པར་བྱའོ། །དེ་ནས་
ཕྱག་རྒྱ་ཆེན་པོའི་ཚུལ་དུ་བཞག་ལ། སྤོས་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། སྔགས་བསྐུལ་བའི་ཚིག་བརྒྱ་རྩ་བརྒྱད་བཟླས་པའི་སྔགས་བྱིན་ལ། ཕྱག་རྒྱ་བཞིའི་ཡེ་ཤེས་རིག་པའི་དབང་བསྐུར་བས། བསླབ་པར་བྱ་བ་ནི་རིག་པའི་དབང་བསྐུར་བའོ། །སློབ་མས་
ཀྱང་རྡོ་རྗེ་ཐལ་མོ་བསྐོར་བ་བྱས་ལ་ཕྱག་བྱ་སྟེ། ཕྲེང་བ་བཅིང་བ་ལ་སོགས་པ་དེ་དག་ཐམས་ཅད་གཟུང་བར་བྱའོ། །རིག་པའི་དབང་བསྐུར་བའི་ཆོ་གའོ། །དེ་ནས་སློབ་དཔོན་དུ་འོས་པའི་སློབ་མས་ཡོན་བཟང་པོ་ཕུལ་ལ་གསོལ་བ་གདབ་པར་བྱ་སྟེ། ཨོཾ་སརྦ་བུདྡྷ་པ་ར་རཏྣ་སཾ་ཛ་ཡ་

དྷཱུ་པ་དཱི་པྱ་མ་ཀུ་ཊ་ཡ་ནཱ་མ། ཨ་བྷི་ཥིཉྩ་པྲ་བ་ར་བཛྲ་དྷ་ར་ཤྲཱི་བཛྲ་སཏྭ་ས་མ་ཡ་སྟྭཾ་ཨ་ཧཾ། ཞེས་བྱ་བ་འདིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ཡོན་གྱི་མཆོག་བླངས་ལ། སློབ་དཔོན་རྗེ་བཙུན་འཇམ་དཔལ་ཉིད་རྣམ་པར་སྣང་མཛད་ཆེན་པོ་ཉིད་དུ་གྱུར་
པས། ཤར་ཕྱོགས་ཀྱི་སྒོའི་མཐར་སྣ་ཚོགས་པདྨ་བྲིས་ལ། སློབ་དཔོན་རྡོ་རྗེ་འཛིན་ཆེན་པོའི་སྐུར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པར་བསམས་ལ། རྡོ་རྗེ་སེམས་མ་ལ་སོགས་པས་བྱིན་གྱིས་བརླབས་ཏེ་དབང་བསྐུར་བར་བྱའོ། །ཡང་ན་དཀྱིལ་འཁོར་ལས་ཁྲུ་གསུམ་ཙམ་
ཡོངས་སུ་དོར་བར་དབང་བསྐུར་བའི་སྒོ་ལ་མངོན་པར་བྱས་པར་ནང་གི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཙམ་ལ་ཟུར་བཞི་པ་སྒོ་ནུབ་ཕྱོགས་སུ་བལྟས་པའི་དཀྱིལ་འཁོར་ཚོན་སྣ་ལྔས་བྲིས་ལ། དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་བྲི། དེའི་སྟེང་དུ་སེང་གེའི་གདན་ལ་ཟླ་བའི་དཀྱིལ་འཁོར་རས་ཀྱི་བཀབ་པ་
དང་། སེང་གེའི་གདན་གྱི་སྟེང་དུ་བླ་རེ་བྲེ་ཞིང་གཡས་ལོགས་སུ་དར་དང་མེ་ཏོག་གི་ཕྲེང་བས་བརྒྱན་པའི་གདུགས་རྩེ་མོ་དཀར་བ་དང་། དམར་བ་ལ་གཙུག་ཏོར་གདུགས་དཀར་པོ་ཡོངས་སུ་བཟླས་པ། གཡོན་དུ་དར་དང་རས་སྣ་ཚོགས་པས་བཀྲ་བའི་རྒྱལ་མཚན་དང་བ་དན་ཨོཾ་
ཡོངས་སུ་བཟླས་པའི་ལེགས་པར་བཞག་ལ་མཆོད་ཡོན་ཕུལ་ཏེ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། རྔ་བོ་ཆེ་དང་། རྔ་རིངས་དང་། རུ་དུད་ལ་སོགས་པའི་རོལ་མོ་ཕྱག་རྒྱས་བྱིན་གྱིས་བརླབས་པ་དང་། ཕྱི་རོལ་དུ་གར་དང་གླུ་ལ་སོགས་པ་དང་། སྒེག་མོ་ལ་
སོགས་པ་རྣམས་ཀྱིས་མཆོད་ཅིང་། བཀྲ་ཤིས་ཀྱི་གླུ་ལེན་ཅིང་དྲིལ་བུ་དཀྲོལ་བཞིན་དུ་རྡོ་རྗེ་འབེབས་པ་ལ་སོགས་པའི་བུམ་པའི་ཆུ་རྣམས་ཀྱིས་དེའི་སྔགས་གདོན་པ་སྔོན་དུ་འགྲོ་བ་ཉིད་དང་། རྡོ་རྗེ་སློབ་དཔོན་ཆེན་པོ་ཉིད་དུ་དབང་བསྐུར་བར་བྱ་སྟེ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བ་དང་། ཇི་
སྲིད་རྣམ་པར་རྒྱལ་བའི་བུམ་པའི་བར་དུ་དབང་བསྐུར་རོ། །དེ་ནས་དེའི་མགོར་ཡང་འཇམ་པའི་སྐུ་གཟུགས་དེའི་དམ་ཚིག་གི་ཕྱག་རྒྱས་བཟུང་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭཾ་ཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ་ཞེས་བྱ་བའི་སྔགས་བཟླས་ལ་རྡོ་རྗེ་འཛིན་པ་ཆེན་པོའི་སློབ་དཔོན་དུ་འགྱུར་རོ། །ཤེས་རབ་

ཡན་ལག་འདུས་པའི་རྡོ་རྗེ་ལས་བྱུང་བའི། །བྱང་ཆུབ་སེམས་ཀྱིས་འཇམ་དབྱངས་བྱང་ཆུབ་དེ་དབང་བསྐུར། །རྒྱལ་མཆོག་སྲས་བཅས་རྣམས་ཀྱིས་ལེགས་གསུངས་བཀྲ་ཤིས་གང་། །དེས་ནི་ཁྱེད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །དཔལ་ལྡན་རྡོ་རྗེ་སེམས་ཚོགས་དཀྱིལ་
འཁོར་ལ་འཇུག་ཅིང་། །སྲིད་པའི་སྙིང་པོར་རྣམ་རོལ་སྒེག་མོ་ལ་སོགས་པས། །བདེ་བྱེད་རབ་མཆོག་ལེགས་པར་གླུར་བླངས་བཀྲ་ཤིས་གང་། །དེས་ནི་ཁྱེད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཤིན་ཏུ་ཞི་བའི་མཛད་པ་ཕུལ་བྱུང་མ་ལུས་པས། །སེམས་ཅན་བདེ་གཤེགས་རྟོགས་
མཛད་བཅོམ་ལྡན་དབང་བསྐུར་ལ། །དཔག་མེད་ལྷ་ཡི་མཆོག་གིས་ལེགས་གསུངས་བཀྲ་ཤིས་གང་། །དེས་ནི་ཁྱོད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །དཔལ་ལྡན་ཁམས་གསུམ་རྣམ་རྒྱལ་དཀྱིལ་འཁོར་རབ་མཆོག་ལ། །འཇིག་རྟེན་གསུམ་གྱི་རྒྱལ་པོར་རྒྱལ་མཆོག་
དབང་བསྐུར་བ། །ལྷ་ཡི་མཆོག་གིས་བཏུད་དེ་རབ་བཤད་བཀྲ་ཤིས་གང་། །དེས་ནི་ཁྱོད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །འགྲོ་བ་སྣ་ཚོགས་འདུལ་ཕྱིར་ཕྱག་ན་པདྨོ་ཡིས། །རྫོགས་སངས་རིན་ཆེན་ཅོད་པན་བདུད་རྩིའི་ཆུས་དབང་བསྐུར། །པདྨའི་འདོད་ཆགས་
རྣམས་ལེགས་པ་ཡི་བཀྲ་ཤིས་གང་། །དེས་ནི་ཁྱོད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ནམ་མཁའི་སྙིང་པོ་ནོར་བུ་རིན་ཆེན་འབྱོར་པས་ཉམས་དགའ་ཞིང་། །དོན་རྣམས་ཀུན་གྲུབ་བདེ་སྦྱིན་དབང་བསྐུར་ཆེན་པོ་ལ། །དགེ་བ་ཕུན་ཚོགས་མཛད་པས་ལེགས་གསུངས་བཀྲ་ཤིས་
གང་། །དེས་ནི་ཁྱེད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །འཁོར་ལོས་སྒྱུར་དྲུག་དགེ་བའི་བཀྲ་ཤིས་གླུ་བླངས་ལས། །བསོད་ནམས་རིན་ཆེན་དྲི་མེད་མི་མཉམ་གང་ཐོབ་པ། །དེས་ནི་ཀུན་སོན་འབྱོར་པའི་དབང་བསྐུར་ཆེན་པོ་ལ། །འཇམ་དཔལ་གྲགས་བཅས་འཇིག་རྟེན་
རྣམ་པར་དག་གྱུར་ཅིག །དེ་ནས་གོས་ལ་སོགས་པས་བརྒྱན་ཏེ། སངས་རྒྱས་ཀྱི་ཅོད་པན་དང་དར་དཔྱངས་ལ་སོགས་པའི་དབང་བསྐུར་བས་དབང་བསྐུར་ལ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། རྡོ་རྗེའི་དབང་བསྐུར་བ་བྱིན་ལ་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། ཐོག་

མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཐམས་ཅད་བདག །རྡོ་རྗེའི་སྙེམས་ཚུལ་བདག་པོའི་བདག །ཅེས་བྱ་བ་ནི་འཇམ་དཔལ་ལ་བྱ་བར་བཤད་དེ། མིང་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ནས་ཧི་
ཞེས་བརྗོད་ལ་དེ་བཞིན་དུ་བདག་པོ་ཉིད་དུ་དབང་བསྐུར་རོ། །ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཅེས་བརྗོད་ལ་དྲིལ་བུ་བྱིན་ཏེ་ཆོས་བསྟན་པར་བྱའོ། །དངོས་རྣམས་རང་བཞིན་དག་པའི་ཕྱིར། །ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་ཡིས། །དམ་
པའི་དངོས་པོ་བྱེད་པར་འགྱུར། །དེ་ནས་ཡི་གེ་དྷཱིཿབརྗོད་ལ། །མིང་གི་དབང་བསྐུར་བ་སྦྱིན་པར་བྱ་སྟེ། ཕྱག་རྒྱ་ཆེན་པོའི་ཚུལ་དུ་བཞག་ལ། དམ་ཚིག་བསྒྲག་པར་བྱའོ། །སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་མང་པོ་ཞི་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དེ་བས་དམ་
ཚིག་བསྲུང་བར་གྱིས། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པ་ནི་བསྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་གྱུར་པའི་ཚེ། །དེ་སྲིད་མཚུངས་མེད་སེམས་ཅན་
དོན། །མྱ་ངན་མི་འདའ་བྱེད་པར་ནུས། །གསང་བའི་མཆོག་གི་དམ་ཚིག་ཐབས། །བསོད་ནམས་བྱིན་རློབ་སྒྲུབ་བྱེད་པ། །དངོས་གྲུབ་ཀུན་གྱི་དབང་ཕྱུག་གྲུབ། །སེམས་ཅན་དོན་ནི་སྟོན་པར་བྱེད། །ཅེས་བྱ་བ་དང་། ཡིད་ཀྱི་གཟུགས་ནི་བརྟན་པའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཡིན་
པར་གྲགས། །གང་གིས་ལུས་ཀུན་བརྟན་པས་ན། །ཕྱག་རྒྱ་ཡིན་པར་རབ་ཏུ་བསྒྲགས། །ཞེས་བྱའོ། །དེ་ནས་ཤྲཱི་བརྗོད་པར་བྱའོ། །དེ་ནས་སྤོས་ལ་སོགས་པས་ཡང་དག་པར་མཆོད་ནས་ལན་སྟོང་རྩ་བརྒྱད་བཟླས་པ་བྱས་པའི་སྔགས་དང་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་
བྱའོ། །སློབ་དཔོན་དུ་དབང་བསྐུར་བའི་ཆོ་གའོ། །དེ་ནས་རྡོ་རྗེ་སློབ་དཔོན་ནི། །རྗེས་སུ་གནང་བའི་སྦྱིན་བརྩོན་པས། །སློབ་མ་རྫོགས་པར་ཤེས་ནས་ནི། །གོ་འཕང་འདི་ནི་ཐོབ་པར་བྱ། །ཤིན་ཏུ་གསང་བའི་གཞུང་འདི་ཉིད། །རྡོ་རྗེ་སློབ་མས་གསོལ་བྱས་ཏེ། །དེ་ཉིད་ལ་ནི་ཡོན་གྱི་

མཆོག །དམ་པ་ཕུལ་ནས་གསོལ་བ་གདབ། །འདི་ཞེས་བྱ་བའི་རྡོ་རྗེ་ཅན། །བྱང་ཆུབ་སེམས་ནི་རྣམ་བསྒོམས་པ། །སློབ་དཔོན་ཞབས་ཀྱི་པདྨ་ལ། །དབང་བསྐུར་ཕྱིར་ནི་གསོལ་བ་འཚལ། །སློབ་དཔོན་རབ་ཏུ་རྨད་བྱུང་བ། །རྒྱལ་བ་རྣམས་ཀྱི་དབང་བསྐུར་ཉིད། །སངས་རྒྱས་བྱང་
ཆུབ་ཐོབ་བྱེད་པ། །སྐལ་བ་ཆེན་པོས་བདག་ལ་སྩོལ། །གང་གིས་སེམས་ཅན་ཐམས་ཅད་ཀྱི། །རྙོག་མེད་དོན་ནི་བདག་བགྱིད་ཅིང་། །བརྟུལ་ཞུགས་བཟང་ཁྱོད་དྲིན་གྱིས་ནི། །སངས་རྒྱས་ཀུན་དོན་མཛད་པའང་བགྱིད། །སློབ་དཔོན་ཕན་པར་འདོད་པ་ཡིས། །དབང་བསྐུར་
བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་བྱས་པ། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་ཤིང་། །ཁམས་གསུམ་ཡེ་ཤེས་ལས་བྱུང་བ། །སངས་རྒྱས་ཀུན་གྱི་ང་ཡིས་སྦྱིན། །སངས་རྒྱས་ཀུན་གྱིས་ནམ་མཁའི་
ཁམས། །ཡོངས་སུ་གང་བར་རྣམ་པར་བསྒོམ། །ཕྱི་རོལ་དྲི་སོགས་དམ་ཚིག་གི །སྤྲིན་ལྟར་བརྟུལ་ཞུགས་ཅན་གྱིས་བསྒོམ། །ཡང་ན་རྡོ་རྗེ་དབྱིངས་ཀྱི་ནི། །ཏིང་ངེ་འཛིན་གྱིས་རྡོ་རྗེ་བསྒོམ། །དམ་ཚིག་མཆོག་གི་བུམ་པ་ཡང་། །འཛིན་པར་མཁས་པས་བསྒོམ་པར་བྱ། །རྡོ་
རྗེ་སློབ་དཔོན་བཀའ་དྲིན་གྱིས། །དེ་ཚེ་དེ་ལ་དབང་བསྐུར་བ། །རྫོགས་སངས་རྡོ་རྗེ་ལྷ་མོ་རྣམས། །རང་ཉིད་གསོལ་བར་མཛད་པར་འགྱུར། །དེ་ནས་རྣམ་པར་རྒྱལ་བའི་བུམ་པ་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ནས་དབང་བསྐུར་བར་བྱ་སྟེ། ཨོཾ་ཛཿཧཱུཾ་བཾ་ཧོཿམ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥེ་ཀ་སྟྭཾ།
ཨ་བྷི་ཥིཉྩ་མི། སརྦ་བཛྲ་ཨ་དྷི་པ་ཏི་སྟྭཾ། དྲྀ་ཌྷོ་མེ་བྷ་བ་སིདྡྷྱ་ན་མཿཏེ་བྷ་ག་ཝཱན་མ་ཧཱ་བཛྲ་ཧ་ར་སུ་ར་ཏ་སྟྭཾ། མ་ཧཱ་བཛྲ་སྭཱ་ཧཱ། ཨོཾ་བྷུར་བྷུ་བ་སྭཿཞེས་བྱ་བ་འདིས་ལག་པ་གཉིས་སུ་རྡོ་རྗེ་བྱིན་ལ་ཕྱི་ནང་གསང་བའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་སྔགས་བརྗོད་པར་བྱའོ། །མེ་
ཏོག་མའི་གཟུགས་ཅན་གྱིས་མེ་ཏོག་གིས་གཏོར་ལ། དེང་ཚུན་ཆད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཅེས་པས་མཆོད་ན་ཁྱོད་མཆོད་པའི་ཡན་ལག་བརྩམས་ཀྱིས། སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་རྣམས་ཀྱིས་བརྒྱན་པ་བྱས་པའི་སྐུར་མཐོང་བར་

འགྱུར་རོ་ཞེས་བརྗོད་དོ། །དེ་ནས་བདུག་པ་མའི་གཟུགས་ཀྱིས་བདུག་པས་བདུགས་ལ་འདི་སྐད་ཅེས་བརྗོད་དོ། །གང་གིས་སེམས་ཅན་ཐམས་ཅད་ཚིམ་པར་གྱུར་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཁྱེད་ལ་འཇུག་པར་མཛད་པར་འགྱུར་རོ། །དེ་ནས་མར་མེ་
མའི་གཟུགས་སུ་མར་མེ་ཉེ་བར་བསྟན་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་རྡོ་རྗེ་ཆོས་དང་འདྲ་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ཡང་དག་པར་འབར་བས། མ་རིག་པས་ཁེབས་པའི་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་སྣང་བས་སྣང་བར་བྱེད་པར་འགྱུར་
རོ། །དེ་ནས་བྱུག་པ་མའི་གཟུགས་ཅན་གྱིས་བྱུག་པས་བྱུགས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ཚུན་ཆད་ཁྱོད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཇིག་རྟེན་ཐམས་ཅད་དུ་ཡང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པའི་དྲིའི་རྒྱུན་
སྟེར་བར་འགྱུར་རོ། །དེ་ནས་ལྷ་མོ་སྒེག་མོའི་གཟུགས་ཅན་གྱིས་མེ་ཏོག་ཅིག་སྒེག་པ་དང་བཅས་པས་འཕངས་ལ་འདི་སྐད་ཅེས་བརྗོད་དེ། དེང་ནས་བརྩམས་ཏེ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་དང་བཅས་པ་ཐམས་ཅད་འདོད་པས་མཆོད་ཅིང་། དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་བླ་ན་མེད་པའི་དགའ་བ་དང་མགུ་བ་དང་རངས་པའི་རོལ་པས་སྔགས་ཀྱི་སྤྱོད་པའི་རྗེས་སུ་འགྲོ་བས་རོལ་བར་གྱིས་ཤིག །དེ་ནས་ལྷ་མོ་ཕྲེང་བ་མའི་གཟུགས་ཅན་གྱིས་ཕྲེང་བ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་དང་
བཅས་པ་འདི་དག་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲེང་བས་རྒྱུན་དུ་མཆོད་པ་ལ་སྐྱོ་བ་མེད་པར་གྱིས་ཤིག་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲེང་བ་འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲེང་བརྒྱན་རྣམས་ཀྱི་མཆོག་ནི་འདི་ཡིན་ནོ། །དེ་ནས་ལྷ་མོ་གླུ་
མའི་གཟུགས་ཅན་དང་། ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧཏ་ཅེས་བྱ་བ་ལ་སོགས་པ་དང་། གླུ་བླངས་ལ་འདི་སྐད་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་ཆོས་ཐམས་ཅད་སྒྲོགས་ཤིང་། རིང་པོར་མི་ཐོགས་པར་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་

སྡུད་པ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ནས་ལྷ་མོ་གར་མཁན་མའི་གཟུགས་ཀྱི་གར་གྱི་ལག་པས་སད་པར་བྱས་ལ་འདི་སྐད་ཅེས་བརྗོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གར་ལ་རབ་ཏུ་འཇུག་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་གར་གྱི་རྗེས་སུ་དགྱེས་པར་གྱིས་ཤིག །
དེ་ནས་རིན་པོ་ཆེའམ་གསེར་གྱི་ཐུར་མ་ཐོགས་ལ་མདུན་དུ་འདུག་སྟེ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །དེ་ནས་མིག་ཏུ་པྲ་བཀོད་ལ་མེ་ལོང་
བླངས་ནས། ཆོས་ཀྱི་མཚན་ཉིད་བསྟན་པར་བྱ་སྟེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་དྲི་མ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་ནས་སུ། །སེམས་ཅན་
དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །དེ་ནས་ཧོཿཞེས་བྱ་བས་གཞུ་བྱིན་ལ། །དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱིས་ཤིག་ཅེས་བརྗོད་དོ། །ཕྱོགས་བཞིར་མདའ་བཞི་འཕན་དུ་གཞུག་ཅིང་། སྟེང་དང་འོག་ཏུ་ཡང་རེ་རེ་འཕེན་དུ་གཞུག་གོ། །དེ་ནས་
ཤ་དྷ་བན་ཛྫ་ཀ་བྱིན་ལ་འདིས་དངོས་གྲུབ་ཐམས་ཅད་དང་ཉེ་བར་སྤྱོད་པ་ཐམས་ཅད་སྤྲུལ་ལ་ཉེ་བར་ལོངས་སྤྱོད་ཅིང་། གཞན་དག་ལ་ཡང་བྱིན་ཅིག །དེ་ནས་རྒྱལ་མཚན་བྱིན་ལ་འདིས་ནི་དགྲ་ཐམས་ཅད་དང་འཐབ་པ་ལས་ཉེ་བར་རྒྱལ་བ་འཐོབ་པར་འགྱུར་རོ་ཞེས་བརྗོད་དོ། །དེ་ནས་
རྡོ་རྗེ་སྙེམས་མའི་ཕྱག་རྒྱ་བྱིན་ལ། འདིས་མ་རུངས་པ་ཐམས་ཅད་སྒྲུབས་ཤིག་ཅེས་བརྗོད་དོ། །གཞན་ཡང་ཨ་བཛྲ་སཏྭ་ཞེས་བྱ་བས་མེ་ལོང་བླངས་ལ་འདི་སྐད་ཅེས་བརྗོད་དོ། །རྡོ་རྗེ་སེམས་དཔའི་རང་བཞིན་ཉིད། །དག་ཅིང་གསལ་ལ་དྲི་མ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་གནས། །
སངས་རྒྱས་ཀུན་བདག་རང་ཉིད་ཡིན། །ཞེས་བྱ་བ་དང་། འདི་སྐད་ཅེས་ཀྱང་བསྒོ་སྟེ། གང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནི་འདི་ཉིད་ཡིན་པར་རྟོགས་ཤིང་། དེ་ནས་ཆོས་ཀྱི་འཁོར་ལོ་རྐང་པ་གཉིས་ཀྱི་དབུས་སུ་བཞག་ཅིང་། དུང་ཡང་

ལག་པ་གཡས་པར་བྱིན་ཏེ། ཆོས་ཀྱི་འཁོར་ལོ་དང་སྨྲ་བ་གཉིས་ཀྱི་ཆོས་ཀྱི་ཡི་གེ་དང་ལྷན་ཅིག་བྱིན་ལ་འདི་སྐད་ཅེས་བརྗོད་དེ། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ་ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཅིག །དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱི་
འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་པས། །ཀུན་དུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང་། །དོགས་པ་མེད་པའི་ཚུལ་གྱིས་སུ། །གསང་སྔགས་སྤྱོད་པ་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་
འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང་། །ཀུན་དུ་ཁྱོད་ལ་སྲུང་བར་བྱེད། །རང་གི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། དམ་ཚིག་གི་ཕྱག་རྒྱ་བསྟན་ནས། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བ། །
ཁྱོད་ཀྱིས་ཀྱང་ནི་མ་བྱེད་ཅིག །གསང་བ་བསྒྲགས་ནས་ཐལ་མོ་དང་བཅས་པས་དང་པོར་འདི་སྐད་བརྗོད་དོ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་མགོན་པོ་རབ་སྒྲུབ་མཛད། །རྡོ་རྗེ་དབང་བསྐུར་རྡོ་རྗེ་འོད། །རྡོ་རྗེ་དཔལ་ཁྱོད་ཕྱག་འཚལ་ལོ། །རྡོ་རྗེ་བཞད་པ་ཆོས་ཆེན་པོ། །
དཔལ་ཀུན་གྱི་ནི་རྒྱལ་པོ་མཆོག །སྤྲོས་མེད་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལས་དང་རྡུང་བ་ཆེ། །གནོད་སྦྱིན་གཏུམ་པོ་གདོན་ཆེན་པོ། །རྡོ་རྗེ་ཁུ་ཚུར་ཕྱག་རྒྱ་ཆེ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་ཆེ། །སངས་རྒྱས་ཐམས་ཅད་
དེ་བཞིན་གཤེགས། །རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ། །ཐེག་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །དོན་ཀུན་གྱི་ནི་དེ་ཉིད་དོན། །སེམས་ཅན་དོན་ཆེན་ཀུན་རིག་པ། །ཀུན་མཁྱེན་ཀུན་བྱས་ཐམས་ཅད་དེ། །ཀུན་གཟིགས་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་བདག་རབ་རྡོ་རྗེ་མཆོག །རྡོ་རྗེ་
བརྩོན་རབ་རྡོ་རྗེ་འཆང་། །དམ་ཚིག་ཆེན་པོའི་དེ་ཉིད་དོན། །སེམས་ཅན་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལྕགས་ཀྱུ་འདོད་པ་ཆེ། །རབ་ཏུ་དགའ་བ་འོད་ཆེན་པོ། །རྡོ་རྗེ་འོད་དང་འོད་ཆེན་པོ། །སངས་རྒྱས་འོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་རྒྱལ་མཆོག་རྡོ་རྗེ་དགུ། །རིག་མཆོག་

མཆོག་དང་མི་ཡི་མཆོག །རྡོ་རྗེ་དམ་པ་མཆོག་ཆེན་པོ། །རིག་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་དབྱིངས་དང་གསལ་བ་ཆེ། །རྡོ་རྗེ་གསང་བ་རང་གསང་འཆང་། །རྡོ་རྗེ་ཕྲེང་བ་བསམ་གཏན་ཆེ། །རྡོ་རྗེ་དགོས་ལ་ཕྱག་འཚལ་ལོ། །སངས་རྒྱས་མཆོག་
གསང་རྡོ་རྗེ་མཆོག །སངས་རྒྱས་བྱང་ཆུབ་མཁས་པ་ཆེ། །སངས་རྒྱས་ཡེ་ཤེས་སངས་རྒྱས་ཆེ། །སངས་རྒྱས་སངས་རྒྱས་ཁྱོད་ཕྱག་འཚལ། །སངས་རྒྱས་མཆོད་པ་མཆོད་པ་ཆེ། །སེམས་དཔའ་མཆོད་པ་རབ་མཆོག་པ། །ཐབས་ཆེན་དང་ནི་དངོས་གྲུབ་ཆེ། །རྡོ་རྗེ་གྲུབ་ཁྱོད་
ཕྱག་འཚལ་ལོ། །ཏ་ཐཱ་ག་ཏའི་གླུ་ཆེན་པོ། །ཏ་ཐཱ་ག་ཏའི་གསུང་དབྱངས་ཏེ། །ཏ་ཐཱ་ག་ཏ་སེམས་ཆེན་པོ། །རྡོ་རྗེ་རྡོ་རྗེ་ཕྱག་འཚལ་ཁྱོད། །སངས་རྒྱས་གཙོ་བོ་རྒྱལ་བཀའ་ཉན། །སངས་རྒྱས་བཤེས་གཉེན་རྒྱལ་མཆོག་སྐྱེས། །རྣམ་པར་སྣང་མཛད་ཆེ་དང་ཁྱབ། །
ཞི་ཁྲོ་སྟོན་ལ་ཕྱག་འཚལ་ལོ། །ཏ་ཐཱ་ག་ཏ་དེ་ཉིད་ཆེ། །ཡང་དག་མཐའ་དང་ཆེ་བའི་ཚུལ། །ཕ་རོལ་ཕྱིན་པའི་ཀུན་མཁྱེན་པ། །དོན་དམ་ཁྱོད་ལ་ཕྱག་འཚལ་ལོ། །ཀུན་དུ་བཟང་དང་སྤྱོད་པ་མཆོག །བདུད་དང་བདུད་ནི་རབ་འདུལ་བ། །ཀུན་གྱི་མཆོག་དང་མཉམ་ཉིད་
མཁྱེན། །ཀུན་དུ་འགྲོ་ཁྱོད་ཕྱག་འཚལ་ལོ། །སངས་རྒྱས་ཧཱུཾ་སྟེ་ཧཱུཾ་ཞེས་པ། །རྡོ་རྗེ་ཧཱུཾ་ཞེས་འདུལ་བའོ། །ཕྱག་ན་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྱག་རྒྱ་བརྗོད་ཅིང་བརྗོད་པ་དང་། །རིམ་གྲོར་ཏ་ཐཱ་ག་ཏས་ཁྱབ། །གང་ཕྱིར་རྡོ་རྗེ་སེམས་བསྟན་པ། །རྡོ་རྗེ་སེམས་དཔའ་ཞེས་བྱ་ཁྱོད། །
རྫོགས་པའི་བྱང་ཆུབ་ཁྱོད་རག་ལུས། །ཀུན་གཟིགས་ཡབ་ནི་ཁྱོད་ཡིན་ཏེ། །འབྱུང་པོ་དང་ནི་འབྱུང་འགྱུར་བའི། །ཏ་ཐཱ་ག་ཏ་ཁྱོད་ཀྱིས་བསྒྲུབས། །བསྟོད་པའི་རྒྱལ་པོ་འདི་ཡིས་ནི། །གླུ་བླངས་གང་ཞིག་སྟོད་བྱེད་ཅིང་། །དེ་ནི་རྡོ་རྗེ་འཛིན་འདྲར་འགྱུར། །མགོན་པོ་ཁྱོད་ལ་གསོལ་
བ་ནི། །སེམས་ཅན་དོན་ཀུན་མཛད་པའི་ཕྱིར། །རང་གི་རིགས་ནི་སྐྱེད་པར་མཛོད། །མཚན་བརྒྱ་རྩ་བརྒྱད་འདི་དག་གིས། །མགོན་པོ་ཁྱོད་ལ་བསྟོད་བགྱིས་པས། །ཐེག་པ་ཆེན་པོ་རྟོགས་པ་ཡིས། །ཚུལ་ཆེན་ཡང་ནི་རྒྱས་པར་མ