Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 65
Văn bản gốc(Tây Tạng)
Trang 16 / 18 (50.000 ký tự/trang)
་བྱུང་། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །དེ་ནས་དབང་བསྐུར་བ་དེ་ཕྱག་རྒྱ་འདི་དག་གིས་བརྟན་པར་བྱའོ། །རྡོ་རྗེའི་ ཐལ་མོ་ལས། མཐེ་བོ་གཉིས་ནི་བསྣོལ་བྱས་ལ། །མཛུབ་མོའི་རྩེ་མོ་བཀུག་པས་ནི། །གུང་མོ་མཉམ་པའི་ཚིགས་སུ་སྦྱར། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །སྔགས་ནི་ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུཾ། བཛྲི་ཎི་ཨ་བྷི་ཥིཉྩ་མཱཾ། དེ་ཉིད་གུང་མོ་རྡོ་རྗེར་བྱ། །ཨོཾ་བཛྲི་བཛྲི་ཎི་ཧཱུཾ། གུང་མོ་གཉིས་ ནི་ནོར་བུར་བྱ། །ཨོཾ་རཏྣ་བཛྲི་ཎི་ཧཱུཾ། པདྨ་སྲིན་ལག་མཐེའུ་ཆུང་གུང་། ཨོཾ་དྷརྨྨ་བཛྲི་ཎི་ཧཱུཾ། ལག་པའི་སོར་མོ་རབ་ཏུ་བརྐྱང་། །ཨོཾ་ཀརྨྨ་བཛྲི་ཎི་ཧཱུཾ། ཨ་བྷི་ཥིཉྩ་མཱཾ་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་བར་བྱའོ། །ཕྱག་རྒྱ་འདི་དག་ཀྱང་སྤྱི་བོ་དང་། དཔྲལ་བ་དང་། རྣ་བ་གཡས་པའི་ལྟག་ དང་མགོའི་རྒྱབ་དང་། རྣ་བ་གཡོན་པའི་ལྟག་གི་གནས་རྣམས་སུ་རིམ་པ་བཞིན་དུ་སྦྱར་ཏེ། དཔག་ཏུ་མེད་པའི་དེ་བཞིན་གཤེགས་པ་ལྔ་པོ་བསྡུས་པའི་ངོ་བོ་ཉིད་བྱང་ཆུབ་ཀྱི་སེམས་དམ་པ་རྣམ་པར་དག་པའི་རང་བཞིན་བཅོམ་ལྡན་འདས་མི་བསྐྱོད་པ་ཉིད་ཅོད་པན་དུ་བསམ་པར་ བྱའོ། །ལ་ལ་ནི་རྡོ་རྗེ་སེམས་མ་ལ་སོགས་པའི་སྔགས་དང་ཕྱག་རྒྱ་དག་གིས་དབང་བསྐུར་བར་འདོད་དོ། །དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་མདུན་དུ་མདུད་པ་ལྟ་བུས་བཅིང་བར་བྱ་ཞིང་རྒྱབ་ཏུ་ཡང་དེ་བཞིན་དུ་མདུད་ལ། བསྒྱིངས་པ་དང་བཅས་པས་མཐའ་མ་ལ་སོགས་པ་ནས་དགྲོལ་བས། རྣ་བ་གཉིས་ཀྱི་དར་དཔྱངས་འཕྱང་བ་བྱས་ལ། མཐར་ཐལ་མོ་མཉམ་པས་མཉེས་པར་བྱའོ། །བཛྲ་ཏུ་ཥྱཧོཿ། ཡང་ཅོད་པན་གྱི་སྟེང་དུ་ཀཾ་ཧཾ་ཀཾ་ཞེས་བྱ་བ་བཀོད་ལ། ཨོཾ་ཊུཾ་ཞེས་བྱ་བས་གོ་བགོས་ཏེ། རྡོ་རྗེ་ཁ་ཚུར་སྙིང་གར་མདུད་པའི་ཚུལ་གྱིས་ཡོངས་སུ་བསྐོར་ལ། མགྲིན་པ་ དང་རྒྱབ་དང་། ཡང་དེ་བཞིན་དུ་སྙིང་གར་རོ། །དེ་ནས་ནུ་མའི་བར་དང་ཡང་སྙིང་གར་རོ། །ཡང་མགྲིན་པ་དང་། ལྟག་པ་དང་། མགོ་བོར་དེ་བཞིན་དུ་དབང་བསྐུར་བའི་ཕྲེང་བ་བཅིངས་པའི་མདུད་པའི་སྦྱོར་བ་མཐའ་མ་ལ་སོགས་པ་སོར་མོ་ཐམས་ཅད་བཀྲོལ་ལ། དར་དཔྱངས་ ཀྱི་ཚུལ་དུ་བྱས་ལ་མཐར་མཉམ་པའི་ཐལ་མོས་མཉེས་པར་བྱའོ། །དེ་ནས་རང་གི་དམ་ཚིག་གི་ཕྱག་རྒྱ་ཉིད་སྙིང་ག་ལ་སོགས་པར་བཀྲོལ་བས་རང་གི་སྙིང་པོ་ནི་སྙིང་གར་དགོད་པར་བྱའོ། །ཉེ་བའི་སྙིང་པོ་ལ་སོགས་པར་བསམ་པས་ནི་སྙིང་གའི་གོང་དུའོ། །སྤྱི་བོར་བསམ་པས་ནི་ མགོ་བོར་རོ། །སྤྱི་གཙུག་ལ་སོགས་པར་བསམ་པས་ནི་སྤྱི་གཙུག་ཏུའོ། །གོ་ཆ་ལ་སོགས་པར་བསམ་པས་ནི་ནུ་མའི་བར་དུའོ། །མཚོན་ཆ་ལ་སོགས་པར་བསམ་པས་ནི་ལག་པ་གཡས་པར་རོ། །ཉེ་བའི་སྙིང་པོ་ལ་སོགས་པར་བསམ་པས་ནི་ལག་པ་གཡོན་དུའོ། ། ལྕགས་མདའ་ལ་སོགས་པར་བསམ་པས་ནི་ཕྲག་པ་གཡས་སུའོ། །མདའི་དྲ་བ་ལ་སོགས་པར་བསམ་པས་ནི་ཕྲག་པ་གཡོན་དུའོ། །མཚོན་ཆ་ཐམས་ཅད་དུ་བསམ་པས་ནི་ལུས་ཐམས་ཅད་དུ་དགོད་པར་བྱའོ། །དེ་ནས་སྒེག་མོ་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་ དེ། རྡོ་རྗེའི་དབང་བསྐུར་བ་དང་། བདག་པོའི་དབང་བསྐུར་བ་དང་། མིང་གི་དབང་བསྐུར་བ་དང་། དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་རྣམས་དེའི་སྔགས་ཉིད་ཀྱིས་བླང་བར་བྱ་སྟེ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་བདག་གི་སློབ་དཔོན་དུ་གྱུར་ནས། ཐམས་ཅད་མཛད་ དོ་ཞེས་ལྷག་པར་མོས་པར་བྱའོ། །སངས་རྒྱས་རྡོ་རྗེའི་དབང་བསྐུར་བས། །དེང་ཁྱོད་བདག་ནི་བསྐུར་བར་འགྱུར། །འདི་ནི་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ལོང་། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི། ཏིཥྛ་བཛྲ་ས་མ་ཡ་སྟྭཾ། དེ་ནས་རྡོ་རྗེ་དྲིལ་བུ་དང་ བཅས་པར་སྤྱི་བོར་བཞག་ལ། མིང་གི་དབང་གིས་དབང་བསྐུར་ཏེ། ཨོཾ་བཛྲ་སཏྭ་སྟྭཾ། ཨ་བྷི་ཥིཉྩ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་མཆོག་སྦྱིན་རྡོ་རྗེ་ཞེས་བྱ་བ། དེ་ནས་རྡོ་རྗེའི་བརྟུལ་ཞུགས་ནི། །འདི་ནི་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ལག་ན་གནས། ། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ། དྷ་ར་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བྱ་བའི་གླུ་བླང་བར་བྱའོ། །དེའི་འོག་ཏུ་དམ་ཚིག་གསུམ་སྦྱིན་པ་བྱ་སྟེ། ཧཱུཾ་ལས་རྡོ་རྗེ་མི་བསྐྱོད་པའི་ངོ་བོ་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་མི་ཕྱེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་རྣམ་པར་བསམས་ལ། དེ་ཁོ་ན་ཉིད་ཀྱིས་གཟུང་བར་བྱ་སྟེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ པ་བདག་པོའི་བདག །དང་པོའི་མཆོག་གི་སྐྱེས་བུ་ནི། །བཅོམ་ལྡན་འདས་སོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱིས་ནི་རྡོ་རྗེའོ། །འདི་ནི་སངས་རྒྱས་དེ་ཀུན་གྱི། །ཤེས་རབ་སྒྲ་ཡིས་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། ། ཅེས་བྱ་བ་དང་། ཨཿའི་ས་བོན་ལས་བྱུང་བ་དྲིལ་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དབྱངས་ཀྱི་བདག་ཉིད་ཅན། ཤེས་རབ་ཀྱི་ངོ་བོ་ཉིད་ཀྱི་དྲིལ་བུ་ཡང་དག་པར་བླངས་ལ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །ངོ་བོ་ཉིད་དག་སེམས་ དཔའ་མཆོག །སྲིད་པ་མཆོག་ནི་བྱེད་པར་འགྱུར། །ཞེས་བྱ་བ་དང་། དེ་དཀྲོལ་བར་བྱའོ། །དེ་ནས་སྲིད་པ་ཡོངས་སུ་དག་པའི་ཐབས་རྟོག་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་རྟག་ཏུ་བསྟེན་པར་བྱ་སྟེ། སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། ། ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་རྟག་ཏུ་སྲུངས། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པར་ནི་བསྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་ པར་གྱུར་པའི་ཚེ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་མདའ་བྱེད་པར་ནུས། །ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །བསོད་ནམས་བྱིན་རླབས་ཀྱིས་བསྒྲུབས་པ། །དངོས་གྲུབ་ཀུན་གྱི་དབང་ཕྱུག་གྲུབ། །སེམས་ཅན་དོན་རྣམས་བརྟན་པར་བྱེད། །ཡིད་ཀྱི་ གཟུགས་ནི་བརྟན་ཕྱིར་རོ། །ཕྱག་རྒྱ་དམ་ཚིག་ཡིན་པར་བཤད། །གང་གིས་གཟུགས་ཀུན་བརྟན་གྱུར་པ། །དེས་ན་ཕྱག་རྒྱ་རབ་ཏུ་བསྒྲགས། །ཞེས་བྱ་བ་དང་། དམ་ཚིག་གིས་སྐུ་ལ་སོགས་པའི་གསང་བའི་བདག་ཉིད་ཅན་གྱི་ཕྱག་རྒྱར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ དམ་ཚིག་གསུམ་གྱི་གླུའི་མཆོད་པ་བྱ་སྟེ། ཨོཾ་ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔར་བདག་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པའང་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་སུ་བརྙེས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་ བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོའི་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེ་སོགས་ཕྱག་རྒྱ་ཡིས། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པས། །རྡོ་རྗེ་བསྙེམས་བདག་བདག་མཛོད་ཅིག །དེ་ནས་ བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཨོཾ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་སརྦྦ་ས་མོ྅ཧཾ་ཞེས་བྱ་བ་དང་། ང་རྒྱལ་བསྐྱེད་ལ། རང་གི་སྙིང་གར་གནས་པའི་རྡོ་རྗེ་ཨུཏྤ་ལའི་དབུས་སུ་རང་གི་སྔགས་རྣམ་པར་བསམས་ལ། དེ་ཉིད་ཡིད་ལ་ཟློས་ཤིང་བསམ་པར་བྱའོ། ། དེ་ནས་དེ་བཞིན་དུ་ཕྱག་རྒྱ་ཆེན་པོས་གནས་ལ་གཡོན་པའི་མིག་ཏུ་ཊ་ལས་ཟླ་བ་བྱ། གཡས་པར་མ་བཀོད་ཉི་མའི་དཀྱིལ་འཁོར་བསྐྱེད། །ཧཱུཾ་གིས་མིག་འབྲས་བསྐལ་པའི་མེ་ལྟ་བུ། །ཡིད་ཀྱིས་ནམ་མཁའི་ཕྱོགས་སུ་གནས་པར་བྱའོ། །སྣོད་ཀྱི་འཇིག་རྟེན་གྱི་འོག་ཏུ་ཡི་གེ་ཧཱུཾ་དེ་ ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་ཡི་གེ་བཾ་དབུས་སུ་བཀོད་པ་རྡོ་རྗེ་མེའི་འོད་དང་མཉམ་པས་དུས་མཐའི་རླུང་གིས་སྦར་བའི་བསྐལ་པ་སྲེག་པའི་གཟུགས་ཅན་ལྟ་བུའི་རྡོ་རྗེ་དེས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཐལ་བར་བྱས་པར་བསམ་པར་བྱའོ། །དེ་ནས་ནམ་མཁའི་ཕྱོགས་སུ་སྟོང་གསུམ་ གྱི་སངས་རྒྱས་ཀྱི་ཞིང་གི་ཚད་ཙམ་གྱི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཁཾ་གནས་པ་དེ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་ཀུན་དུ་འཁྱུད་པ་བྱུང་བས། རྡོ་རྗེ་བདུད་རྩིའི་རྒྱུན་རྣམས་ཀྱིས་ཀུན་དུ་བསྲེག་པའི་སངས་རྒྱས་ཀྱི་ཞིང་བཀྲུས་ནས། དབའ་ རླབས་འཁྲུག་པ་འོ་མའི་རྒྱ་མཚོ་ལྟ་བུར་ཀུན་དུ་བཀང་ནས་གནས་སོ། །དེ་ནས་དེའི་དབུས་སུ་ཡི་གེ་རས་རང་གི་འོད་ཀྱིས་འོ་མའི་རྒྱ་མཚོ་བསྐོལ་བ་དང་། པདྨ་ཆེན་པོའི་གཟུགས་ལ་པདྨ་མཐའ་ཡས་པས་ཡོངས་སུ་བསྐོར་བར་བསམས་ནས། དེའི་ལྟེ་བར་གསེར་གྱི་ མདོག་ཅན་གྱི་ར་བ་བསམས་ལ། དེར་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནམ་མཁའི་ཕྱོགས་ནས་བྱོན་ཏེ་བཞུགས་སོ། །དེ་ནས་ཧཱུཾ་སུཾ་ཧཱུཾ་ཞེས་བྱ་བ་སྟེ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་རིའི་རྒྱལ་པོ་རི་རབ་ཟུར་བཞི་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན། གླིང་དང་ གླིང་ཕྲན་དང་། རོལ་མཚོ་དང་། གསེར་གྱི་རི་བདུན་ལ་སོགས་པས་ཡོངས་སུ་བསྐོར་བར་བསམས་ལ། ༀ་བཛྲ་དྲྀ་ཌྷོ་མེ་བྷ་བ་རཀྵ་སརྦཾ་སྭཱ་ཧཱ་ཞེས་བྱ་བ་དང་། རྡོ་རྗེ་བསྡམས་པ་བརྐྱང་སྟེ། ས་ལ་བཞག་པས་བྱིན་གྱིས་བརླབས་ལ། དེ་ལྟ་བུ་གཙང་མའི་གནས་ཀྱི་གནས་རྣམ་པ་ ཀུན་དུ་རབ་ཏུ་གནས་པ་སངས་རྒྱས་ཐམས་ཅད་ཀྱིས་ངེས་པར་བསྟེན་པ། དེ་ཡང་། ཡི་གེ་བྷྲཱུཾ་ལས་གཞལ་ཡས་ཁང་། །ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །དྲིལ་བུ་དང་ནི་བ་དན་སོགས། །སྒོ་ཁྱུད་ཀྱིས་ནི་ཉེ་བར་མཛེས། །གྲྭ་དང་མཚམས་རྣམས་ཐམས་ ཅད་དུ། །རྡོ་རྗེ་རིན་ཆེན་དག་གིས་སྤྲས། །དྲ་བ་དྲ་ཕྱེད་ཡང་དག་ལྡན། །ཟླ་བ་ཉི་མ་སོགས་ཀྱིས་བརྒྱན། །སྣ་ཚོགས་པ་ཡི་བླ་རེ་བྲེས། །གོས་དང་ཕྲེང་བ་སྣ་ཚོགས་ལྡན། །མཚམས་སུ་ཟླ་ཕྱེད་རིན་ཆེན་མཆོག །རྡོ་རྗེ་མཛེས་པས་རྣམ་པར་བརྒྱན། །ཐིག་བཞི་ཡོངས་སུ་ བཏབ་པ་དང་། །ཁ་ཁྱེར་གྱིས་ནི་ཡོངས་སུ་བསྐོར། །དེ་ཡི་དབུས་སུ་འཁོར་ལོ་གཞན། །དེ་བཞིན་དེ་ཡི་དབུས་སུའང་གཞན། །རྡོ་རྗེ་ཕྲེང་བས་ཡོངས་བསྐོར་ཅིང་། །རྡོ་རྗེ་ཀ་བ་བརྒྱད་ཀྱིས་བརྒྱན། །རྩིག་པ་རིན་ཆེན་སྣ་ལྔ་འབར། །ཡེ་ཤེས་ཀྱིས་སྤྲུལ་གཞལ་ཡས་ཁང་། ། ནམ་མཁའི་གྲངས་མེད་ལྟར་རྒྱ་ཆེ། །འཁོར་ལོ་ཡོངས་རྫོགས་འདི་ལྟ་བུ། །ཁ་བ་ཅན་གྱི་རི་ལྟར་དཀར། །མཆོད་རྟེན་ཆེན་པོའི་ནང་དུ་ཆུད། །ཐུབ་དབང་འོད་ནི་རྣམ་འཕྲོ་བས། །ཕྱོགས་ཀྱི་ཚོགས་རྣམས་ཁྱབ་གྱུར་པ། །ཡིད་ཀྱི་རང་བཞིན་མཆོད་ཆེན་འདི། །ཁྱད་ པར་འཕགས་པ་རྣམས་ཀྱིས་བརྒྱན། །དེ་ལྟར་བསམ་གྱིས་མི་ཁྱབ་པའི། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་སྒྱུ་མ་ལྟ་བུ་དང་། མིག་ཡོར་ཙམ་གྱི་ཁང་པ་བརྩེགས་མ་རྣམ་པར་བསྒོམས་ལ། དེའི་དབུས་སུ་ཡང་ཧཱུཾ་སཾ་ཧཱུཾ་ཞེས་བྱ་བ་ ལས་སེང་གེའི་གདན་ཟླ་བའི་དཀྱིལ་འཁོར་གྱིས་མནན་པ་དེར་བབས་ནས་འདུག་སྟེ། རང་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་བདག་ཉིད་བསྒོམ་པར་བྱའོ། །བཟླས་བརྗོད་བྱེད་པར་འདོད་པས་རང་གི་སྙིང་ག་ལས་བདག་པོ་རང་གི་སྔགས་ཀྱིས་བཏོན་ལ། དགུག་ པ་དང་། དབང་བསྐུར་བ་དང་། མཆོད་པ་ལ་སོགས་པ་བྱས་ནས། ཟུང་དུ་གནས་པའི་སྦྱོར་བའམ། གཉིས་སུ་མེད་པའི་སྦྱོར་བས་འོག་ནས་བཤད་པའི་ཚུལ་གྱིས་བཟླས་བརྗོད་དང་གཤེགས་སུ་གསོལ་བ་ལ་སོགས་པ་བྱ་སྟེ། འདི་ནི་རིམ་པ་བར་མའོ། །མདོར་བསྡུས་ པའི་རིམ་པ་ནི། བྱང་ཆུབ་ཀྱི་སེམས་བསྒོམ་པ་སྔོན་དུ་འགྲོ་བ་ཉིད་ཀྱིས་སྤྲོས་པ་དང་། བསྡུ་བ་བྱས་པ་ལས། རྣམ་པའི་མཆོག་རྣམས་ཀུན་ལྡན་པར། །སྐད་ཅིག་ཡེ་ཤེས་ཀྱིས་རྫོགས་པ། །རྫོགས་པའི་རྣལ་འབྱོར་ཞེས་བཤད་དོ། །ཞེས་བྱ་བ་ཡིན་ནོ། །ཡང་ན་རྣལ་འབྱོར་རྒྱ་ཆེན་ པོ་བྱེད་པར་འདོད་ན། དེའི་ཚེ་ལྷ་ཐམས་ཅད་ཀྱི་གནས་སུ་ཡང་པཾ་ལས་སྣ་ཚོགས་པདྨའི་གདན་ལ། ཨ་དང་ཨཾ་ལས་ཟླ་བ་དང་ཉི་མའི་དཀྱིལ་འཁོར་ཅི་རིགས་པར་རྣམ་པར་བསམས་ལ། དེ་བཞིན་དུ་དབུས་མའི་སེང་གེའི་གདན་ལ་དུས་ཡུན་རིང་པོ་ནས་གོམས་པར་བྱས་པའི་ཐུགས་རྗེ་ཆེན་ པོ་མངོན་དུ་བསྒོམས་ལ། འགྲོ་བ་མ་ལུས་པ་འདི་དག་ཐབས་དང་ཤེས་རབ་དང་བྲལ་བས་སྡུག་བསྔལ་གྱིས་གདུངས་པ་ལ་བལྟ་སྟེ། ཐབས་འདིས་དེ་རྣམས་ཀྱི་དོན་བྱའོ་ཞེས་བསམས་ལ། རང་གི་སྙིང་གར་གནས་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དྲི་མ་མེད་པ་ཇི་སྲིད་མདུན་ དུ་སྤྲོས་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་རྗེས་སུ་མཉེས་པར་བྱས་ལ། ཨོཾ་བཛྲ་ཀོ་ཥ་གུ་ཧྱ་ཧཱུཾ་ཞེས་བྱ་བས་བསྐུལ་བ་དང་། བྱང་ཆུབ་ཀྱི་སེམས་དམ་པ་བསྐྱེད་པ་དེ་ཉིད་ཀྱིས་འགྲོ་བ་མ་ལུས་པའི་དོན་བྱེད་པར་དགའ་བས་མཆོག་ཏུ་དགའ་བ་ ཐོབ་པར་བདག་ཉིད་ཤེས་ནས་སེམས་ཅན་གྱི་ཁམས་མ་ལུས་པ་དང་། རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་དག་པར་གང་བའི་རང་གི་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་དུ་ཞུ་བར་གྱུར་ཅིང་། ནང་ དུ་ཆུད་པར་བྱས་ལ། ལྷའི་འཁོར་ལོ་དབྱུང་བར་བྱའོ། །ཡི་གེ་ཨོཾ་ལས་བྱུང་བ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞི་བ་རལ་པ་དང་ཐོར་ཚུགས་འཆང་བ། རིན་པོ་ཆེ་རྣམས་ཀྱིས་བརྒྱན་པ། སྔོ་བ་དང་། སེར་བ་དང་། དཀར་པོ་ཆེན་པོ་ སྟེ། ཞལ་གསུམ་གྱིས་མཛེས་པ། སྐུ་མདོག་སེར་པོ་ཕྱག་དྲུག་པ། ཕྱག་དང་པོ་གཉིས་ཀྱིས་བསམ་གཏན་གྱི་ཕྱག་རྒྱ་མཛད་པ། གཡས་ན་བགྲང་ཕྲེང་དང་མདའ་བསྣམས་པ། གཡོན་གྱིས་ལྷ་མོའི་ནུ་མ་དང་། རྡོ་རྗེའི་གཞུ་བསྣམས་པ། ལྷ་རྣམས་འཇིགས་ཤིང་སྐྲག་ པར་མཛད་པས་ཞབས་ཀྱི་པདྨ་ལ་ཕྱག་འཚལ་བ། སངས་རྒྱས་ཀྱི་སྤྲིན་ཆེན་པོ་འཕྲོ་བ། ཨོཾ་ཨཱཿཞེས་བྱ་བའི་སྔགས་ཀྱིས་ཡང་དག་པར་སྤྲོས་ལ། ནམ་མཁའི་དཀྱིལ་འཁོར་མ་ལུས་པར་ཁྱབ་སྟེ། འགྲོ་བ་མ་ལུས་པའི་དོན་མཛད་ནས། སྔགས་འདི་ཉིད་ཀྱིས་བདག་ཉིད་ལ་ གཞུག་པ་དང་བརྟན་པར་བྱའོ། །ཧཱུཾ་ལས་མི་བསྐྱོད་པ་སྐུ་མདོག་ཨིནྡྲ་ནཱི་ལའི་འོད་དང་མཉམ་པ། ཞལ་གསུམ་པ། སྤྱན་གསུམ་པ་ཅུང་ཟད་བཞད་ཅིང་སྒེག་པ། ཞལ་གཡོན་དམར་བ། ཞལ་གཡས་པ་དཀར་བ། ཞལ་དབུས་མ་སྐུ་དང་འདྲ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་བརྒྱད་པ་གཡས་ཀྱིས་བ་དན་གསུམ་པའི་གུང་མོའི་དབུས་སུ་རྡོ་རྗེ་ཐུགས་ཀར་འདེགས་པར་བརྩོན་པ། གཡོན་གྱི་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་པས་དྲིལ་བུ་བསྣམས་པ། ཡང་གཡས་ན་རལ་གྲི་དང་། ལྕགས་ཀྱུ་དང་། མདའ་བསྣམས་པ། གཡོན་ན་ལྷ་མོའི་ནུ་མ་དང་། ཞགས་ པ་དང་། གཞུ་བསྣམས་པ། དཔལ་རྡོ་རྗེ་སེམས་དཔའ་རྣམ་པར་གྱུར་པའི་མི་བསྐྱོད་པའི་ཅོད་པན་ཅན་རོལ་པའི་སྟང་སྟབས་ཀྱིས་ལེགས་པར་བཞུགས་པ། ཨོཾ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་སྤྲོས་ལ། སྔ་མ་བཞིན་དུ་འགྲོ་བའི་དོན་བྱས་ནས་སླར་བྱོན་ཏེ། རང་གི་སྔགས་ཉིད་ཀྱིས་ཤར་ཕྱོགས་ཀྱི་རེའུ་ཆ་ ལ་དགོད་པར་བྱ་ཞིང་བརྟན་པར་བྱའོ། །དེ་བཞིན་དུ་གཞན་དག་ཀྱང་རང་རང་གི་ས་བོན་ལས་བྱུང་བ། རང་རང་གི་སྔགས་ཀྱིས་ཡང་དག་པར་སྤྲོས་ཏེ། རང་རང་གི་སྔགས་ཉིད་ཀྱིས་རང་རང་གི་གནས་སུ་གཞག་པར་བྱ་ཞིང་བརྟན་པར་བྱའོ། །ཞལ་གསུམ་གྱི་དབུས་མ་ནི་སྐུ་དང་འདྲ་བར་བལྟ་བར་བྱའོ། །ཏཾ་ལས་རིན་ ཆེན་འབྱུང་ལྡན་སྤྱན་གསུམ་པ། རིན་པོ་ཆེའི་ཅོད་པན་གྱིས་བརྒྱན་པ། སྐུ་མདོག་དམར་པོ་ཞལ་གཡས་སྔོ། གཡོན་དཀར་བ་ཕྱག་དང་པོ་གཉིས་ཀྱིས་དམ་ཚིག་གི་ཕྱག་རྒྱ་མཛད་པ། གཡས་ན་རྡོ་རྗེ་བསྣམས་པ། གཡོན་ན་རིན་པོ་ཆེ་བསྣམས་པ། སྔ་མ་བཞིན་དུ་ལྷོ་ཕྱོགས་ ཀྱི་རེའུ་ཆ་ལ་དགོད་དོ། །ཨཱཿལས་བྱུང་བའི་འོད་དཔག་ཏུ་མེད་པ་འཇིག་རྟེན་དབང་ཕྱུག་སྐུ་རྣམ་པར་བྱུང་བ། རལ་པ་དང་ཐོར་ཚུགས་འཆང་བ། ཞི་བ་ཐམས་ཅད་མཁྱེན་པས་དབུ་རྒྱན་བྱས་པ། སྤྱན་གསུམ་པ། སྟོན་ཀའི་ཟླ་བའི་མདོག་ཅན། ཞལ་གཡས་སྔོན་པོ། གཡོན་དམར་ པོ། ཕྱག་གཡོན་པས་པདྨའི་རྩ་བ་བཟུང་ནས་དཀུར་བརྟེན་པ། གཡས་པས་རང་གི་ཐུགས་ཀར་པདྨ་རྣམ་པར་འབྱེད་པ། ཡང་གཡས་གཉིས་ན་བགྲང་ཕྲེང་དང་རྡོ་རྗེ་བསྣམས་པ། གཡོན་གཉིས་ན་ནུ་མ་དང་། རིལ་བ་སྤྱི་བླུགས་བསྣམས་པ། ལྷ་མོ་བཞི་དང་། གདན་གཅིག་ པ་ནུབ་ཀྱི་རེའུ་ཆ་ལའོ། །ཁཾ་ལས་བྱུང་བའི་དོན་ཡོད་གྲུབ་པ་མརྐཏ་གྱི་མདོག་ཅན། ཞལ་གཡས་སྔོན་པོ། གཡོན་དཀར་པོ། ཕྱག་དང་པོ་གཉིས་ཀྱིས་བསམ་གཏན་གྱི་ཕྱག་རྒྱ་བཅས་པ། ཡང་གཡས་དང་གཡོན་གཉིས་ཀྱིས་རལ་གྲི་དང་། ལྕགས་ཀྱུ་བསྣམས་པ། རིན་པོ་ཆེའི་ཅོད་པན་ཅན་བྱང་དུའོ། །འདི་དག་ནི་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ཨོཾ་ཏྲཱཾ་ༀ་ཧྲཱིཿཨོཾ་ཁཾ་ཞེས་བྱ་བས་ནི་རིམ་བཞིན་དུ་འདི་རྣམས་ཀྱི་སྔགས་ཡིན་ནོ། །ལཱཾ་མཱཾ་པཱཾ་ཏཱཾ། ཧཱུཾ་ཏྲཱཾ་ཧྲཱིཿ། ཁཾ་ཙུཾ་རཾ་བྷྲྀཾ་ཧཱུཾ་ཞེས་བྱ་བས་ས་བོན་གྱི་ཡི་གེ་འདི་རྣམས་ལས་སྤྱན་ལ་ སོགས་པའི་ལྷ་མོའི་འཁོར་ལོ་རྣམས་རིམ་བཞིན་དུ་བསྐྱེད་ལ། གནས་ཇི་ལྟ་བ་བཞིན་དུ་བཀོད་པར་བྱའོ། །དེ་ལ་དབང་ལྡན་གྱི་ཕྱོགས་སུ་ལྷ་མོ་སྤྱན་སྐུ་མདོག་སེར་བ། ཕྱག་གཡས་ན་མཆོག་སྦྱིན་དང་། མི་འཇིགས་པ་དང་། རྡོ་རྗེ་དང་། མདའ་བསྣམས་པ། གཡོན་ན་སྡིགས་ མཛུབ་དང་ལྡན་པའི་ཞགས་པ་དང་། རིན་པོ་ཆེའི་སྙེ་མ་དང་། བགྲང་ཕྲེང་དང་། གཞུ་བསྣམས་པའོ། །མེའི་ཕྱོགས་སུ་མཱ་མ་ཀཱི་ཨུཏྤ་ལ་སྔོན་པོའི་མདོག་ཅན་ཁྲོ་བ་དང་བཅས་པ་བཞད་པའི་ཞལ་དང་ལྡན་པ། ཕྱག་གཡས་མི་འཇིགས་པ་དང་། རྡོ་རྗེ་དང་མདའ་ བསྣམས་པའོ། །གཡོན་ན་སྡིགས་མཛུབ་དང་། ཞགས་པ་དང་། གཞུ་བསྣམས་པའོ། །བདེན་བྲལ་གྱི་ཕྱོགས་སུ་གོས་དཀར་ཅན། ཟླ་བའི་མདོག་ཅན་གཡས་ན་མི་འཇིགས་པ་དང་རྡོ་རྗེ་དང་མདས་བརྒྱན་པ། གཡོན་ན་པདྨ་དང་། བགྲང་ཕྲེང་དང་གཞུ་བསྣམས་པ། རོལ་པའི་སྟང་ སྟབས་ཅན་ནོ། །རླུང་གི་ཕྱོགས་སུ་སྒྲོལ་མ་མརྐཏ་ཀྱི་མདོག་ཅན་གཡས་ན་མི་འཇིགས་པ་དང་རྡོ་རྗེ་དང་མདའ་བསྣམས་པ། གཡོན་ན་སྡིགས་མཛུབ་དང་། ཨུཏྤ་ལ་དང་། གཞུ་བསྣམས་པའོ། །གསུམ་པོ་འདི་དག་ནི་སེམས་དཔའི་སྐྱིལ་མོ་ཀྲུང་ཅན་ནོ། །དཀྱིལ་འཁོར་གཉིས་ པར་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་རྡོ་རྗེ་སེམས་མ་དང་། རིན་ཆེན་སེམས་མ་དང་། ཆོས་ཀྱི་སེམས་མ་དང་། ལས་ཀྱི་སེམས་མ་རིམ་བཞིན་དུ་མི་བསྐྱོད་པ་ལ་སོགས་པ་དང་། སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་འདྲ་བ་ཡིན་མོད་ཀྱི། གཞན་དུ་ན་གཡོན་པའི་ གཉིས་པས་ནུ་མ་བསྣམས་པ་མེད་པའི་ཕྱིར། ཅི་རིགས་པར་སྡིགས་མཛུབ་དང་ལྡན་པའི་ཞགས་པ་བསྣམས་པར་ཤེས་པར་བྱའོ། །བྱང་ཤར་མཚམས་སུ་ལྷ་མོ་སྐུལ་བྱེད་མ། ཟླ་བའི་མདོག་ཅན་ཕྱག་དང་པོ་གཉིས་ཀྱིས་འོག་ནས་བཤད་པའི་རྩ་བའི་ཕྱག་རྒྱ་བཅིངས་པས། ཐུགས་ཀའི་གནས་རྣམ་པར་བརྒྱན་པ། གཡས་རྣམས་ན་མི་འཇིགས་པ་དང་། རལ་གྲི་དང་། རིན་པོ་ཆེའི་ཆུན་འཕྱང་དང་། བི་ཛ་པཱུ་ར་དང་། མདའ་དང་། དགྲ་སྟ་དང་། དབྱུག་པ་དང་། ཐོ་བ་དང་། ལྕགས་ཀྱུ་དང་། རྡོ་རྗེ་དང་། བ་དན་གསུམ་པའི་ཚུལ་དང་། བགྲང་ཕྲེང་ བསྣམས་པའོ། །གཡོན་རྣམས་ན་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། པདྨ་དང་། སྤྱི་བླུགས་དང་། ཞགས་པ་དང་། གཞུ་དང་། མདུང་ཐུང་དང་། འཁོར་ལོ་དང་། དུང་དང་། སྡིགས་མཛུབ་དང་། བུམ་པ་བཟང་པོ་དང་། ཐག་མདུང་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའི་གླེགས་བམ་བསྣམས་པའོ། །ཤིན་ཏུ་དང་བའི་དར་ལའི་ཞེང་ཆུང་ངུའི་སྟོད་གཡོགས་ལེགས་པར་བགོས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་ལ་བབ་ཅིང་སྐལ་བ་བཟང་པ། སྒེག་པ་དང་། དཔའ་བ་དང་། འཇིགས་སུ་རུང་བ་དང་། དྲག་པོ་དང་། དགོད་ པ་དང་། རྔམ་པ་དང་། སྙིང་རྗེ་དང་། རྨད་དུ་བྱུང་བ་དང་། ཞི་བ་ཞེས་བྱ་བའི་ཉམས་དགུ་དང་ལྡན་པས་སྤྱི་བོ་དང་། དཔྲལ་བ་དང་། ལྐོག་མ་དང་། དཔུང་མགོ་གཡས་དང་། གཡོན་དང་། ཐུགས་ཀ་དང་། ལྟེ་བ་དང་། པུས་མོའི་ལྷ་ང་དང་། ཞབས་རྣམས་སུ་དེ་བཞིན་ གཤེགས་པ་རྣམ་པར་སྣང་མཛད་དང་། འཁོར་ལོས་སྒྱུར་བ་དང་། མི་གཡོ་བ་དང་། ཡིད་བཞིན་གྱི་ནོར་བུ་དང་། དོན་ཡོད་ཞགས་པ་དང་། རང་གི་གཟུགས་དང་། ཕྱག་ན་རྡོ་རྗེ་དང་། རལ་པ་གཅིག་མ་དང་། རྡོ་རྗེ་སེན་མོ་ཅན་གྱིས་གནས་སུ་བྱས་པ། འདིའི་ཞལ་དང་པོ་ ཅུང་ཟད་བཞད་པ། སྐུའི་མདོག་ཅན་ཞལ་གཡས་པ་གདེངས་པ། ཨུཏྤ་ལ་སྔོན་པོའི་མདོག་ཅན། མཆེ་བ་ཅུང་ཟད་གཙིགས་པས་རྣམ་པར་བརྒྱན་པ། ལྗགས་བསྐྱོད་པ། ཞལ་གཡོན་པ་སེར་པོ་ཚེམ་གྱིས་སྒྲོས་གནོན་པའོ། །ཤར་ལྷོ་མཚམས་སུ་རིན་ཆེན་སྒྲོལ་མ་སྐུ་མདོག་ སེར་པོ། ཕྱག་དང་པོ་གཉིས་ཀྱིས་ཐུགས་ཀར་རིན་པོ་ཆེའི་ཐལ་མོ་སྦྱར་ཏེ་འཇོག་པ། ཡང་གཡས་ཀྱི་གཉིས་པས་མི་འཇིགས་པ་དང་། མདའ་བསྣམས་པ། གཡོན་གྱི་གཉིས་ཀྱིས་སྡིགས་མཛུབ་དང་། ལྕེ་བླུགས་དང་། གཞུ་བསྣམས་པའོ། །ལྷོ་ནུབ་མཚམས་སུ་ཁྲོ་གཉེར་ ཅན་ཟླ་བའི་མདོག་ཅན་གཡས་ན་རྡོ་རྗེ་དང་། དབྱུག་པ་དང་། མདའ་བསམས་པ། གཡོན་ན་སྡིགས་མཛུབ་དང་། སྤྱི་བླུགས་དང་། གཞུ་བསྣམས་པའོ། །ནུབ་བྱང་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་སྐུ་མདོག་ལྗང་གུ། གཡས་ན་རྡོ་རྗེ་ལྕགས་སྒྲོག་དང་། མདའ་བསྣམས་པ། གཡོན་ ན་སྡིགས་མཛུབ་དང་། ཞགས་པ་དང་། གཞུ་བསྣམས་པ། ཞལ་ཅུང་ཟད་བཞད་པ། གདུག་པ་ཐམས་ཅད་ངེས་པར་འདུལ་བ་སྟེ། འདི་དག་ནི་རོལ་པའི་སྟང་སྟབས་དང་ལྡན་པ་ཡིན་ནོ། །སྤྱན་ལ་སོགས་པའི་ལྷ་མོ་འདི་དག་ཐམས་ཅད་ནི་ཟླ་བའི་གདན་དང་། འོད་ཀྱི་དཀྱིལ་ འཁོར་དམར་པོ་དང་སྤྱན་གསུམ་དང་རང་གི་ཕྱོགས་ཀྱི་བདག་པོ་དང་འདྲ་བའི་ཞལ་གསུམ་དང་། རང་གི་བདག་པོ་རིན་པོ་ཆེའི་ཅོད་པན་དང་ལྡན་པ། གོས་དང་རྒྱན་ཚོགས་པ་མངའ་བ་ཡིན་ནོ། །ༀ་ག་ག་ན་ལོ་ཙ་ནེ་སྭཱ་ཧཱ། ཨོཾ་ཀི་རི་ཀི་རི་མཱ་མ་ཀཱི་ཧཱུཾ། ཨོཾ་ཀ་ཊེ་བི་ཀ་ཊེ་ ནི་ཀ་ཊེ་ཀ་ཊཾ་ཀ་ཊེ་ཀ་རོ་ཊ་བིདྱེ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་སཏྭ་བཛྲི་ཧཱུཾ། ཨོཾ་རཏྣ་བཛྲི་ཧཱུཾ། ཨོཾ་དྷརྨྨ་བཛྲི་ཧཱུཾ། ཨོཾ་ཀརྨྨ་བཛྲི་ཧཱུཾ། ཨོཾ་ཙ་ལེ་ཙུ་ལེ་ཙུནྡ་སྭཱ་ཧཱ། ཨོཾ་རཏྣོལ་ཀེ་རཏྣ་ཛྭ་ལི་ནི་སྭཱ་ཧཱ། ཨོཾ་བྷྲྀ་ཀུ་ཊེ་བྷྲྀཾ། ཨོཾ་བཛྲ་ཤྲཱིཾ་ཁ་ལ་ཧཱུཾ་ཕཊ་སྭཱ་ཧཱ། འདི་དག་ནི་ཅི་རིགས་པར་འདི་རྣམས་ཀྱི་ སྔགས་ཡིན་ནོ། །དེ་ནས་དཀྱིལ་འཁོར་གསུམ་པར་རིམ་པ་བཞིན་དུ་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་བྱམས་པ་ལ་སོགས་པ་རང་རང་གི་ས་བོན་ལས་བྱུང་བ་དགོད་པར་བྱའོ། །དེ་ལ་ཤར་ཕྱོགས་སུ་ཡི་གེ་མཻཾ་ལས་བྱུང་བའི་བྱམས་པ་གསེར་གྱི་མདོག་ཅན་ཕྱག་བཞི་པ། ཕྱག་དང་པོ་གཉིས་ ཀྱིས་ཆོས་འཆད་པའི་ཕྱག་རྒྱར་བྱས་པ། ཡང་གཡས་ཀྱིས་མཆོག་སྦྱིན། གཡོན་གྱིས་མེ་ཏོག་དང་བཅས་པའི་ནཱ་ག་གེ་སར་གྱི་སྙེ་མ་བསྣམས་པའོ། །འཕགས་པ་འཇམ་དཔལ་ནི་སྔར་ཇི་སྐད་བསྟན་པའི་རང་བཞིན་ཅན་ནོ། །གཾ་ལས་བྱུང་བའི་སྤོས་ཀྱི་གླང་པོ་ནི་མདོག་ལྗང་གུ་གཡོན་ ན་བུམ་པ་བསྣམས་པ། གཡས་ཀྱིས་གླང་པོ་ཆེའི་མཆུ་འཛིན་པའོ། །ཛཾ་ལས་བྱུང་བའི་ཡེ་ཤེས་ཏོག་སྐུ་མདོག་སེར་པོ་གཡོན་ན་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་བསྣམས་པའོ། །ཨོཾ་མེ། ཨོཾ་མུ། ཨོཾ་གནྡྷ་ཧསྟི་ནེ་ཧཱུཾ། ཨོཾ་ཛྙཱ་ན་ཀེ་ཏུ་ཛྙཱ་ན་བ་ཏི་ཨོཾ། འདི་དག་ནི་རིམ་པ་བཞིན་དུ་འདི་ རྣམས་ཀྱི་སྤྲོ་བ་ལ་སོགས་པའི་སྔགས་ཡིན་ནོ། །ཡང་ལྷོ་ཕྱོགས་སུ་བྷ་ལས་བྱུང་བའི་བཟང་སྐྱོང་སྐུ་མདོག་དམར་པོ་ཕྱག་ཐལ་མོ་སྦྱར་བའོ། །ས་ལས་བྱུང་བའི་རྒྱ་མཚོའི་བློ་གྲོས་ཀྱང་། དུང་དང་ཀུནྡ་ལྟར་དཀར་བ། ཕྱག་གཉིས་བརྐྱང་བའི་སོར་མོ་ཐམས་ཅད་ཀྱིས་རླབས་ལྟར་མཛད་ པའོ། །ཨ་ལས་བྱུང་བའི་བློ་གྲོས་མི་ཟད་པ་ནི་གསེར་གྱི་མདོག་ཅན་ཁུ་ཚུར་ཡོད་པ། ཐུགས་ཀར་འཇོག་པ་གཡས་པས་མཆོག་སྦྱིན་ནོ། །པྲ་ལས་བྱུང་བའི་སྤོབས་པ་བརྩེགས་པ་ནི་སྐུ་མདོག་ལྗང་གུ་གཡོན་གྱི་ཁུ་ཚུར་པང་པར་འཇོག་པ། གཡས་ཀྱི་ཁུ་ཚུར་སེ་གོལ་བརྡེབས་པའོ། ། ཨོཾ་བྷ་དྲ་བ་ཏི་བྷ་དྲ་བཱ་ལེ་སྭཱ་ཧཱ། ཨོཾ་སྭ་ག་རེ་མ་ཧཱ་སཱ་ག་རེ་ཧཱུཾ། ཨོཾ་ཨཀྵ་ཡ་ཕུ་ཕུ། ཨཀྵ་ཡ་ཀརྨྨ་ཨ་བ་ར་ཎ་བི་ཤོ་དྷ་ནི་སྭཱ་ཧཱ། ཨོཾ་པྲ་ཏི་བྷཱ་ནེ་པྲ་ཏེ་བྷཱ་ན་ཀཱུ་ཊེ་ཧཱུཾ། འདི་དག་ནི་རིམ་བཞིན་དུ་འདི་རྣམས་ཀྱི་སྔགས་ཡིན་ནོ། །ནུབ་ཕྱོགས་སུ་མ་ལས་བྱུང་བའི་མཐུ་ཆེན་ཐོབ་སྐུ་མདོག་དཀར་པོ་གཡོན་ པས་པདྨ་ཅུང་ཟད་ཁ་ཕྱེ་བ་བསྣམས་པའོ། །ས་ལས་བྱུང་བའི་ངན་སོང་ཀུན་འདྲེན་སྐུ་མདོག་དཀར་པོ་ཕྱག་གཉིས་སྡིག་པ་འཐོར་བ་ལྟར་མཛད་པའོ། །ས་ཉིད་ལས་བྱུང་བའི་མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་གསེར་གྱི་མདོག་ཅན། ཕྱག་གཉིས་ཐལ་མོ་ སྦྱར་བ་འཕྱར་བའི་ཚུལ་མཛད་པའོ། །ཛ་ལས་བྱུང་བའི་དྲ་བ་ཅན་གྱི་འོད་སྐུ་མདོག་དཀར་པོ། གཡོན་ན་ཨུཏྤ་ལ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་བསྣམས་པའོ། །ཨོཾ་སྠཱ་མེ་སྠཱ་མེ་མ་ཧཱ་སྠཱ་མེ་བ་ཏི་སྭཱ་ཧཱ། ཨོཾ་སརྦྦ་ཨཱ་བཱ་ཡཱ་ཛ་ཧེ་སརྦྦ་ཨ་བ་ཛ་ཡེ་སརྦྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཧཱུཾ། ཨོཾ་ ཨོཾ་སརྦྦ་ཤོ་ཀ་ཏ་མོ་ནིར་གྷ་ཏེ་ན་མ་ཏི་ཧཱུཾ། ཨོཾ་ཛ་ལི་ནི་མ་ཧཱ་ཛ་ལི་ནི་ཧཱུཾ་ཞེས་བྱ་བ་ནི་འདི་དག་གི་སྔགས་སོ། །བྱང་ཕྱོགས་སུ་ཙ་ལས་བྱུང་བའི་ཟླ་བའི་འོད། ཟླ་བའི་མདོག་ཅན་ཨུཏྤལ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་བསྣམས་པའོ། །ཨ་ལས་བྱུང་བའི་འོད་དཔག་ཏུ་མེད་པ་སྐུ་ མདོག་དམར་པོ་ཕྱག་གཉིས་ཀྱིས་དབང་བསྐུར་བའི་བུམ་པ་བསྣམས་པའོ། །ག་ལས་བྱུང་བའི་ནམ་མཁའ་མཛོད་གསེར་གྱི་མདོག་ཅན། གཞོན་ནུའི་གཟུགས་ཅན། གཡོན་གྱི་རྡོ་རྗེའི་ཁུ་ཚུར་བསྙེམས་པའི་ཚུལ་གྱིས་རྐེད་པར་འཇོག་པ། གཡས་པ་ནམ་མཁར་ཡོངས་སུ་ བསྐོར་བའོ། །སྐཾ་ལས་བྱུང་བའི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྐུ་མདོག་སྔོན་པོའམ་དཀར་པོ། གཡོན་ས་ལ་རེག་པ། གཡས་པའི་ཁུ་ཚུར་གྱིས་མཐེ་བོང་དང་། མཛུབ་མོ་སྦྱར་ནས་འདྲི་བའི་ཚུལ་དུ་འཇོག་པའོ། །ཨོཾ་ཙནྡྲ་སུ་ཙནྡྲ་བྱ་བ་ལོ་ཀི་ཏེ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ པྲ་བྷེ་ཨ་མི་ཏ་བ་ཏི་ཧཱུཾ། ཨོཾ་ག་ག་ན་པ་ར་ལོ་ཙ་ནེ་ཧཱུཾ། ཨོཾ་སརྦྦ་ནི་བ་ར་ཎ་བིསྐཾ་བི་ནི་ཧཱུཾ་ཞེས་བྱ་བ་ནི་འདི་རྣམས་ཀྱི་སྤྲོ་བ་ལ་སོགས་པའི་སྔགས་སོ། །བྱང་ཆུབ་སེམས་དཔའ་འདི་དག་ཐམས་ཅད་ཀྱང་པདྨའི་གདན་ཅན་ཟླ་བའི་འོད་མངའ་བ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་གནས་པ། སྤྱན་ གསུམ་པ་ཞལ་གསུམ་པ་རང་གི་ཕྱོགས་ཀྱི་བདག་པོ་དང་འདྲ་བ་མངའ་ཞིང་དེའི་ཅོད་པན་ཅན། རྒྱན་དང་ན་བཟའ་སྣ་ཚོགས་འཆང་བ། ཕྱག་དང་པོ་གཉིས་ཀྱིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅིངས་པ་ཁྱད་པར་གྱི་ཚིག་ཏུ་སྨོས་པ་མ་གཏོགས་པ་གཡས་ན་མཆོག་ སྦྱིན་དང་མདའ་དང་། གཞུ་བསྣམས་པ། ཤར་ལ་སོགས་པའི་སྒོ་རྣམས་ཀྱི་ངོས་གཉིས་གཉིས་ཀྱི་སྣམ་བུ་ལ་གཉིས་གཉིས་བདག་པོ་ལ་མངོན་པར་ཕྱོགས་ནས་བཞུགས་པར་རིམ་པ་བཞིན་བསམ་པར་བྱའོ། །དེ་ནས་ཧཱུཾ་ལས་འཕགས་པ་གཤིན་རྗེ་གཤེད་དུས་མཐའི་སྤྲིན་ལྟ་བུ། ཕྱག་གཡས་ན་རལ་གྲི་དང་། རྡོ་རྗེ་དང་། མདའ་བསྣམས་པ། གཡོན་ན་སྡིགས་མཛུབ་བསྒྲེང་བ། ཞགས་པ་དང་བཅས་པས་བསྡིགས་པར་མཛད་པ། གཡོན་གྱི་གཉིས་པས་པདྨ་དཀར་པོ་ཐོགས་པའི་ལྷ་མོས་གཡས་ཀྱིས་འཁྱུད་པ་ལ་བརྩོན་པའི་ཟླ་བའི་མདོག་ཅན་གྱི་ནུ་མ་ འཛིན་པ། གསུམ་པ་ནི་གཞུ་བདུངས་པ་བསྣམས་པ། གཡས་ལོགས་སུ་ལྷ་མོ་མརྐཏ་ལྟར་ལྗང་བ། ལག་པ་གཡས་ན་ཨུཏྤལ་སྔོན་པོ་ཐོགས་ཤིང་། ལག་པ་གཡོན་པས་མགུལ་ནས་འཁྱུད་པས་ཉེ་བར་མཛེས་པ་བྱས་པ། ཞབས་དྲུག་པ། གསུས་ཁྱིམ་ཆེ་བ། ཞལ་དྲུག་པ། ཞལ་ དང་པོ་ཧ་ཧ་ཞེས་རྣམ་པར་བཞད་པ། གཉིས་པས་འཇིགས་པ་བསྐྱེད་པ། གསུམ་པ་གདངས་པ། བཞི་པ་མི་བཟད་པ་ཆེན་པོ། ལྔ་པ་རྡོ་རྗེ་མཆེ་བ་ཅན། དྲུག་པ་ལྗགས་རྣམ་པར་བསྐྱོད་པ། སྤྱན་དམར་བ་ཁྲོ་བོའི་ལྟ་བ་འཇིགས་སུ་རུང་བ། འཕགས་པ་འཇམ་དཔལ་གྱིས་ ཡང་དག་པར་བརྒྱན་པ། ལྷ་དང་བགེགས་འཇིགས་པས་ཀུན་དུ་ཁྱབ་པར་དུ་མ་འོག་ན་གནས་ཤིང་འདུད་པར་བྱེད་པ་རོལ་པའི་སྟང་སྟབས་ཀྱིས་མ་ཧེའི་སྟེང་ན་བཞུགས་པ་སྔ་མ་བཞིན་དུ་གདུག་པ་འདུལ་བ་ལ་སོགས་པ་མཛད་པའི་ཕྱིར། ཀུན་དུ་སྤྲོས་ལ་ཡང་དག་པར་བསྡུས་ ཏེ། རང་གི་སྔགས་ཀྱིས་རྩ་བའི་ཤར་སྒོར་དགོད་པར་བྱའོ། །དེ་བཞིན་དུ་ལྷོའི་སྒོར་པྲ་ལས་བྱུང་བའི་གཞན་གྱིས་མ་ཐུབ་པ་སྐུ་མདོག་སེར་པོ་ཕྱག་གཡས་པས་རྡོ་རྗེ་དང་། དབྱུག་པ་དང་མདའ་བསྣམས་པ། གཡོན་ན་སྡིགས་མཛུབ་ཞགས་པ་ཅན་དང་། ནུ་མ་དང་གཞུ་ བསྣམས་པ། མིའུ་ཐུང་གི་གཟུགས་ཅན་ནོ། །ནུབ་ཀྱི་སྒོར་ཧ་ལས་བྱུང་བའི་རྟ་མགྲིན་སྐུ་མདོག་དམར་པོ་ཕྱག་གཡས་ན་རྡོ་རྗེ་དང་དབྱུག་པ་དང་། མཚོན་རྩེ་གཅིག་པ་དང་མདའ་བསྣམས་པ། གཡོན་པས་སྡིགས་མཛུབ་ཞགས་པ་ཅན་དང་། ནུ་མ་དང་། པདྨ་དང་ གཞུ་བསྣམས་པའོ། །བྱང་གི་སྒོར་ཧཱུཾ་ལས་བྱུང་བའི་བདུད་རྩི་ཐབ་སྦྱོར་སྔོན་པོ་ཞབས་ཀྱིས་བགེགས་རྣམས་གནོན་པ། གཡས་ན་རལ་གྲི་དང་། དགྲ་སྟ་དང་མདའ་གསོར་བ་བསྣམས་པ། གཡོན་ན་སྡིགས་མཛུབ་ཞགས་པ་ཅན་དང་། ནུ་མ་དང་གཞུ་བསྣམས་པའོ། ། དབང་ལྡན་གྱི་ཕྱོགས་སུ་ཧཱུཾ་ལས་བྱུང་བའི་མི་གཡོ་བ་སྐུ་མདོག་སྔོན་པོ། མི་གཡོ་བ་བྱིས་པའི་གཟུགས་ཅན། གཞོན་ནུའི་རྒྱན་གྱིས་བརྒྱན་པ། གཡས་ན་རལ་གྲི་དང་། རྡོ་རྗེ་དང་། མདའ་བསྣམས་པ། གཡོན་ན་སྡིགས་མཛུབ་ཞགས་པ་ཅན་དང་། ནུ་མ་དང་གཞུ་ བསྣམས་པ། བུང་བ་ལྟར་གནག་པའི་ཟུར་ཕུད་གཅིག་གཡོན་དུ་འཕྱང་བ་མངའ་བ། ཞལ་གཡས་པའི་ལྗགས་ཁྲག་གིས་བརླན་པ་བསྒྲིལ་བ། རིན་པོ་ཆེའི་རིའི་སྟེང་ན་པདྨ་ལ་བཞུགས་པའོ། །མེའི་ཕྱོགས་སུ་ཧཱུཾ་ལས་བྱུང་བའི་འདོད་པའི་རྒྱལ་པོ་སྐུ་མདོག་སྔོན་ པོ། ཕྱག་དང་པོ་གཉིས་ཀྱིས་རང་གི་དམ་ཚིག་གི་ཕྱག་རྒྱ་བཅས་པ་ཡང་གཡས་གཉིས་ན་རྡོ་རྗེ་དང་མདའ་བསྣམས་པ། གཡོན་གཉིས་ན་ནུ་མ་དང་གཞུ་བསྣམས་པའོ། །བདེན་བྲལ་གྱི་ཕྱོགས་སུ་ཧཱུཾ་ལས་བྱུང་བའི་དབྱུག་སྔོན་ཅན་སྐུ་མདོག་སྔོན་པོ། གཡས་ན་རྡོ་རྗེ་ དང་། དབྱུག་པ་དང་མདའ་བསྣམས་པ། གཡོན་ན་སྡིགས་མཛུབ་ཞགས་པ་ཅན་དང་། ནུ་མ་དང་གཞུ་བསྣམས་པའོ། །རླུང་གི་ཕྱོགས་སུ་ཧཱུཾ་ལས་བྱུང་བའི་སྟོབས་པོ་ཆེ་སྐུ་མདོག་སྔོན་པོ། གཡས་ན་རྡོ་རྗེ་དང་བེ་ཅོན་དང་། རལ་གྲི་དང་མདའ་བསྣམས་པ། གཡོན་ ན་སྡིགས་མཛུབ་ཞགས་པ་ཅན་དང་། ནུ་མ་དང་ཐོ་བ་དང་། གཞུ་བསྣམས་པའོ། །སྟེང་དུ་ཧཱུཾ་ལས་བྱུང་བའི་གནོད་མཛེས་རྒྱལ་པོ་སྐུ་མདོག་སྔོན་པོ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་པ། ཡང་གཡས་གཉིས་ན་རལ་གྲི་དང་མདའ་བསྣམས་པ། གཡོན་ གཉིས་ན་ནུ་མ་དང་གཞུ་བསྣམས་པ། ཁམས་གསུམ་མ་ལུས་པ་ལས་རྣམ་པར་རྒྱལ་བར་མཛད་པའོ། །འོག་ཏུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ས་འོག་ཆར་སྤྲིན་སྔོན་པོ་ལྟ་བུ། ཕྱག་གཡས་རྣམས་ཀྱིས་རྡོ་རྗེ་དང་། ལྕགས་ཀྱུ་དང་མདའ་བསྣམས་པ། གཡོན་སྡིགས་མཛུབ་ ཞགས་པ་ཅན་དང་། ནུ་མ་དང་གཞུ་བསྣམས་པ། ས་འོག་ན་གནས་པའི་ལྷ་མ་ཡིན་མ་ལུས་པའི་ཚོགས་རབ་ཏུ་འཇོམས་པར་བསམ་པར་བྱའོ། །ཁྲོ་བོ་འདི་དག་ཐམས་ཅད་ཀྱང་སྤྱན་གསུམ་པ། སྤྱན་མིག་འབར་བ། ཁྲོ་བོའི་ལྟ་བ་འཇིགས་སུ་རུང་བ། མཐའ་ཡས་དང་རིགས་ལྡན་ ནག་པོས་དབུ་སྐྲ་བཅིངས་པ། འཇོག་པོ་གསེར་གྱི་མདོག་ཅན་གྱིས་རྣ་རྒྱན་དུ་བྱས་པ། པདྨ་ཆེན་པོ་གསེར་བཙོ་མའི་ཁ་དོག་ཅན་གྱིས་གདུ་བུར་བྱས་པ། ཀརྐོ་ཊ་ཁ་དོག་དཀར་པོས་མཆོད་ཕྱིར་ཐོགས་སུ་བྱས་པ། ནོར་རྒྱས་ཁ་དོག་དམར་པོས་འོག་པག་བྱས་པ། དུང་སྐྱོང་དང་ པདྨ་དམར་བ་དང་། དཀར་བས་ཞབས་གདུབ་བྱས་པ། འདི་དག་ཐམས་ཅད་ཀྱང་གདེངས་ཀ་འཇིགས་སུ་རུང་བ་དང་ལྡན་པའོ། །ན་བཟའ་སྟག་གི་པགས་པ་བསྣམས་པ། ཐོད་པའི་ཕྲེང་བ་ཅན། དབུ་སྐྲ་འཁྱིལ་པ་གྱེན་དུ་བསྒྲེང་བ་བཅིངས་པ། མི་བསྐྱོད་པའི་ཅོད་པན་ཅན་ཨག་ཚོམ་དམར་སེར་ ཅན། ཉི་མའི་དཀྱིལ་འཁོར་གྱི་འོད་དང་། གདན་མངའ་བ། ཞལ་དང་པོ་ཅུང་ཟད་བཞད་པ། ཞལ་གཡས་པ་རྣམ་པར་གདངས་པ། གཡོན་གྱི་ཚེམས་ཀྱིས་སྒྲོས་གནོན་པ་དང་། མཆེ་བ་རྣམ་པར་གཙིགས་པ། སྨིན་མ་བསྡུས་པ། རོལ་པའི་སྟང་སྟབས་ཀྱིས་བཞུགས་པར་ཤེས་ པར་བྱའོ། །ཨོཾ་ཡ་མཱནྟ་ཀ་ཧཱུཾ། ཨོཾ་པྲཛྙཱནྟ་ཀ་ཧཱུཾ། ཨོཾ་པདྨཱནྟ་ཀ་ཧཱུཾ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་བིགྷྣཱནྟ་ཀ་ཧཱུཾ། ཨོཾ་ཨ་ཙ་ལ་ཧཱུཾ་ཧཾ། ཨོཾ་ཊཀྐི་ཧཱུཾ་ཛཿ ཨོཾ་ནཱི་ལ་དཎྜ་མ་ཧཱ་དཎྜ་ཧཱུཾ། ཨོཾ་ཀྲོ་དྷ་ན་ཧཱུཾ་ཛཿ ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿབྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ ཕཊ། ཨོཾ་བཛྲ་པཱ་ཏཱ་ལ་བྷཉྫ་བྷཉྫ་ཧཱུཾ་ཞེས་བྱ་བ་ནི་རིམ་བཞིན་དུ་འདི་དག་གི་སྤྲོ་བ་ལ་སོགས་པའི་སྔགས་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ནི་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱས་སོ། །རྡོ་རྗེ་སེམས་མ་ལ་སོགས་པ་བཞི་ནི་སྤྱན་ལ་སོགས་པའི་རིགས་ཀྱི་ཡུམ་གྱི་ཕྱག་རྒྱས་སོ། །སྤྱན་ ལ་སོགས་པ་ནི་རང་གི་ཕྱག་རྒྱས་སོ། །སྐུལ་བྱེད་མ་ལ་སོགས་པའི་ཕོ་ཉ་མོ་རྣམས་ནི་ལྕགས་ཀྱུའི་ཕྱག་རྒྱས་སོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ནི་རྡོ་རྗེའི་ཕྱག་རྒྱས་སོ། །གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་རྣམས་ནི་ཞལ་གྱི་ཕྱག་རྒྱས་སོ། །འཕགས་པ་མི་གཡོ་བ་ལ་ སོགས་པའི་བྲན་རྣམས་ནི་ཞགས་པའི་ཕྱག་རྒྱས་སྤྱན་དྲང་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་སོགས་པ་དེ་རྣམས་ཀྱང་འཁོར་ལོའི་ཚོགས་དང་བཅས་པ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་སྤྱན་དྲངས་པ་ན་འོད་ཟེར་གྱི་ཚོགས་རྣམས་འགྱེད་པར་མཛད་པས། སེམས་ཅན་ ཐམས་ཅད་ལ་སངས་རྒྱས་ཉིད་ལ་སོགས་པས་དངོས་གྲུབ་ཐམས་ཅད་སྩོལ་བར་མཛད་ཅིང་ཞལ་འཛུམ་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་ལ་མངོན་པར་ཕྱོགས་ཏེ། བྱོན་ནས་སྟེང་དུ་བཞུགས་པར་བསམ་པར་བྱའོ། །དེ་ལ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཉིད་ལས་གཡས་ པའི་མཛུབ་མོ་ལྕགས་ཀྱུར་བྱ་བ་ནི་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱའོ། །ཨོཾ་བཛྲ་ཨཾ་ཀུ་ཤ །ཨཱ་ཀཪྵ་ཡ་ཧཱུཾ་ཛཿཞེས་བྱ་བ་ནི་སྔགས་སོ། །སྤྱན་ལ་སོགས་པའི་ཕྱག་རྒྱ་ནི་འོག་ནས་འཆད་དོ། །ལྕགས་ཀྱུའི་ཕྱག་རྒྱ་ནི་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ཉིད་དོ། །ཐལ་མོ་ཁོང་སྟོང་དུ་སྦྱར་ནས་སྲིན་ལག་ གཉིས་ནང་དུ་བཅུག་སྟེ། གུང་མོ་གཉིས་གཤིབས་པའི་ཚིགས་གསུམ་པར་མཛུབ་མོ་གཉིས་རྡོ་རྗེ་ལྟ་བུར་གཞག་པ་ནི་རྡོ་རྗེའི་ཕྱག་རྒྱའོ། །ཧཱུཾ་ཛཿཞེས་བྱ་བ་འདི་དག་ཐམས་ཅད་ཀྱི་སྔགས་སོ། །རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ཉིད་ལས་མཛུབ་མོ་གཉིས་ཞགས་པར་བྱ་བ་ནི་ཞགས་པའི་ ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཐེའུ་ཆུང་གཉིས་མཆེ་བ་ལྟ་བུར་རྣམ་པར་བཟློག་ནས། མཁུར་བ་གཉིས་སུ་བཞག་ལ། ལྕེ་བསྐྱོད་ཅིང་ཁྲོ་བོའི་ལྟ་བས་བལྟ་བ་ནི་ཞལ་གྱི་ཕྱག་རྒྱའོ། །ལ་ལ་ནི་འཕགས་པ་གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་ཉིད་ཞལ་གྱི་ཕྱག་རྒྱ་ཉིད་ཡིན་ཏེ། དེ་ནི་ ཁ་དང་འདྲ་བའི་ཕྱིར་རོ་ཞེས་ཟེར་རོ། །ཛཿཧཱུཾ་བཾ་ཧོཿཞེས་བྱ་བ་ནི་ཐམས་ཅད་ཀྱི་སྔགས་ཡིན་ནོ། །དེ་ནས་སྔ་མ་བཞིན་དུ་ཤར་སྒོར་འཕགས་པ་གཤིན་རྗེ་གཤེད་ཀྱི་ང་རྒྱལ་དང་ལྡན་པས་རྡོ་རྗེ་ལྕགས་ཀྱུས་བཀུག་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་རང་གི་སྙིང་ག་དང་དེ་ལས་ གཞན་པ་ནས་རང་རང་གི་རྣམ་པ་ལའོ། །འཕགས་པ་གཞན་གྱིས་མི་ཐུབ་པའི་ང་རྒྱལ་གྱིས་ལྷོ་སྒོར་རྡོ་རྗེ་ཞགས་པས་བཅུག་ལ། འཕགས་པ་རྟ་མགྲིན་གྱི་ང་རྒྱལ་གྱིས་ནུབ་སྒོ་ནས་རྡོ་རྗེ་ལྕགས་སྒྲོག་གིས་བཅིངས་ལ། འཕགས་པ་བདུད་རྩི་ཐབ་སྦྱོར་དུ་ང་རྒྱལ་ བྱས་པའི་རྡོ་རྗེ་འབེབས་པས་བྱང་སྒོ་ནས་དབང་དུ་བྱས་ལ། འཕགས་པ་བདུད་རྩི་ཐབ་སྦྱོར་ཉིད་ཀྱིས་བགེགས་བསྐྲད་པ་ལ་སོགས་པ་བྱས་ཏེ། པདྨའི་གདན་དང་། མཆོད་ཡོན་དང་། ཞབས་བསིལ་ལ་སོགས་པ་ཕུལ་ལ། རང་གི་སྔགས་དང་ཕྱག་རྒྱ་རྣམས་ཀྱིས་སྐུ་བྱིན་གྱིས་བརླབ་ པ་ལ་སོགས་པས་བྱིན་གྱིས་བརླབས་ཏེ། རང་གི་སྙིང་གར་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསམས་ལ། དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱའོ། །དེ་ལ་དམ་ཚིག་ནི་འདི་ཡིན་ཏེ། གཡོན་པའི་ཁུ་ཚུར་གྱི་མཛུབ་མོ་བརྐྱང་ལ་གཡས་པའི་ཁུ་ཚུར་གྱིས་བཟུང་བ་ནི་བཅོམ་ལྡན་འདས་དཔལ་རྣམ་ པར་སྣང་མཛད་ཀྱིའོ། །སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ནས། ལག་པ་གཡོན་པ་རང་གི་པང་པར་བཞག་སྟེ། གཡས་པ་ས་གནོན་པ་ལྟ་བུ་ནི་མི་བསྐྱོད་པའི་འོ། །དེ་ལས་གཡས་མཆོག་སྦྱིན་པར་བྱ་བ་ནི། རིན་ཆེན་འབྱུང་ལྡན་གྱིའོ། །དེ་ཉིད་ལས་ལག་པ་གཉིས་བསམ་གཏན་གྱི་ ཚུལ་དུ་བྱ་བ་ནི་འོད་དཔག་ཏུ་མེད་པའི་འོ། །དེ་ཉིད་ལས་ལག་པ་གཡས་པ་མི་འཇིགས་པ་སྦྱིན་པར་བྱེད་པ་ནི་དོན་ཡོད་པར་གྲུབ་པའི་འོ། །ༀ་བཻ་རོ་ཙ་ན་དྲྀ་ཤྱ་ཧོ། ས་མ་ཡ་སྟྭཾ། ལྷག་མ་རྣམས་ཀྱི་ནི་རང་གི་མཚན་བརྗོད་པར་བལྟ་བར་བྱའོ། །ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་བྱས་ལ། མཛུབ་ མོ་གཉིས་གདུ་བུ་ལྟ་བུར་བྱས་ཏེ། མཐེ་བོའི་རྩེ་མོར་མིག་གི་ཚུལ་དུ་གཞག་པ་ནི་སྤྱན་གྱི་ཕྱག་རྒྱའོ། །རྡོ་རྗེ་བཅིང་བ་ལས་གུང་མོ་བསྒྲེང་བའི་ཚིགས་གསུམ་པར་མཛུབ་མོ་གཉིས་ནས་གང་ཙམ་གྱིས་མ་རེག་པར་རྡོ་རྗེའི་ཚུལ་དུ་གཞག་པ་ནི་མཱ་མ་ཀཱིའི་འོ། །ལག་པ་གཉིས་ཐལ་མོ་ ཁོང་སྟོང་དུ་བྱས་ཏེ། པདྨ་ཁ་བྱེ་བའི་ཚུལ་དུ་བྱས་པ་ནི་གོས་དཀར་ཅན་གྱིའོ། །ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། མཛུབ་མོ་གཉིས་བཀུག་པས་གུང་མོའི་སེན་མོ་མནན་ཏེ། མཐེ་བོ་གཉིས་དབུས་སུ་གཤིབས་ནས་གཞག་པ་ནི་སྒྲོལ་མའི་འོ། །རྡོ་རྗེ་སེམས་མ་ལ་སོགས་ པའི་ནི་སྔར་བཤད་པའི་རང་གི་ཕྱག་རྒྱ་ཉིད་དོ། །ལག་པ་གཉིས་ཐལ་མོ་སྦྱར་ཏེ། མཛུབ་མོ་གཉིས་གུང་མོའི་ཚིགས་དབུས་མར་གདུ་བུའི་ཚུལ་དུ་བཞག་ལ་མཐེ་བོང་གཉིས་མཛུབ་མོ་གཉིས་ཀྱི་གློའི་རྩ་བར་བཞག་པ་ནི་སྐུལ་བྱེད་མའི་འོ། །རྡོ་རྗེ་བཅིང་བ་བྱས་པ་ལས་མཛུབ་མོ་གཉིས་ མཐེ་བོའི་རྩེ་མོར་བཀུག་སྟེ་སྦྱར་ལ། རིན་པོ་ཆེ་ལྟ་བུར་གཞག་པ་ནི་རིན་ཆེན་སྒྲོན་མའི་འོ། །ལག་པ་གཉིས་ཀྱི་ཐལ་མོ་བརྐྱང་ལ་མཐེ་བོས་རང་རང་གི་མཐེའུ་ཆུང་གི་སེན་མོ་མནན་ནས། སོར་མོ་ལྷག་མ་རྣམས་སོ་སོར་སྦྱར་ཏེ། རྡོ་རྗེ་ལྟ་བུར་གཞག་པ་ནི་ཁྲོ་གཉེར་ཅན་གྱིའོ། །ལག་ པ་གཉིས་སོ་སོར་རྡོ་རྗེ་ཁུ་ཚུར་བཅིངས་ལ་མཛུབ་མོ་དང་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་ལྟར་བཅིང་བ་ནི། རྡོ་རྗེ་ལུ་གུ་རྒྱུད་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཐེ་བོ་དང་མཛུབ་མོ་དང་གུང་མོ་སོ་སོར་ཕན་ཚུན་ཕྱོགས་པར་ནཱ་ག་གེ་སར་གྱི་མེ་ཏོག་ལྟ་བུར་གཞག་པ་ནི་བྱམས་པའི་འོ། ། ལག་པ་གཡོན་པ་པང་པར་བཀན་ཏེ་བཞག་ལ། ལག་པ་གཡས་པ་བརྐྱང་ནས་གླང་པོ་ཆེའི་སྣ་ལྟར་བྱས་པ་ནི་སྤོས་ཀྱི་གླང་པོའི་འོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་སྤྱི་བོར་བཏེག་ལ། དེའི་འོག་ཏུ་ལག་པ་གཡས་པའི་སོར་མོ་བ་དན་གྱི་ཚུལ་དུ་བསྐྱོད་པ་ནི་ཡེ་ཤེས་ཏོག་གིའོ། །བཟང་ པོའི་འདུག་སྟངས་སུ་འདུག་ལ། ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་སྙིང་གར་གཞག་པ་ནི་བཟང་སྐྱོང་གིའོ། །ལག་པ་གཉིས་བརྐྱང་ལ་སོར་མོ་ཐམས་ཅད་ཀྱིས་ཆུ་རླབས་ལྟར་བྱ་བ་ནི་རྒྱ་མཚོའི་བློ་གྲོས་ཀྱིའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་ལ། གཡས་པ་མཆོག་སྦྱིན་དུ་བྱ་བ་ ནི་བློ་གྲོས་མི་ཟད་པའི་འོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་པང་པར་བཞག་ལ། ལག་པ་གཡས་པས་རྡོ་རྗེ་ཁུ་ཚུར་བྱས་ནས་མཐེ་བོ་དང་མཛུབ་མོ་གཉིས་ཀྱིས་སེ་གོལ་གཏོགས་པའི་ཚུལ་དུ་བྱེད་པ་ནི་སྤོབས་པ་བརྩེགས་པའི་འོ། །ལག་པ་གཉིས་པདྨ་ཅུང་ཟད་ཁ་བྱེ་བའི་ཚུལ་དུ་བྱས་པ་ནི་མཐུ་ཆེན་ ཐོབ་ཀྱིའོ། །ལག་པ་གཉིས་ཀྱིས་སྡིག་པ་འཐོར་བའི་ཚུལ་དུ་བྱེད་པ་ནི་ངན་སོང་ཐམས་ཅད་སྤོང་བའི་འོ། །ལག་པ་གཉིས་ཐལ་མོ་སྦྱར་བས་བསྣུན་པའི་ཚུལ་དུ་བྱས་པ་ནི་མྱ་ངན་ཐམས་ཅད་ཀྱི་མུན་པ་ངེས་པར་འཇོམས་པའི་བློ་གྲོས་ཀྱིའོ། །ལག་པ་གཉིས་བརྐྱང་ནས་འོད་འཕྲོ་བའི་ཚུལ་ དུ་བྱེད་པ་ནི་དྲ་བ་ཅན་གྱི་འོད་ཀྱིའོ། །ལག་པ་གཡས་པ་མཆོག་སྦྱིན་པར་བྱས་ལ། གཡོན་པའི་ཁུ་ཚུར་གྱི་མཛུབ་མོ་དང་མཐེ་བོ་ཐད་ཀར་བརྐྱང་བ་ཟླ་བ་ལྟ་བུར་བྱས་པ་ནི་ཟླ་བའི་འོད་ཀྱིའོ། །ལག་པ་གཉིས་བུམ་པའི་ཚུལ་དུ་བྱས་ལ་དབང་བསྐུར་བའི་གནས་སུ་ འཇོག་པ་ནི་འོད་དཔག་ཏུ་མེད་ཀྱིའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་རྐེད་པར་བཞག་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་ནམ་མཁའ་ལ་ཡོངས་སུ་བསྐོར་བ་ནི་ནམ་མཁའ་མཛོད་ཀྱིའོ། །ལག་པ་གཡོན་པས་ས་ལ་རེག་པའི་ཚུལ་དུ་བཞག་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་མཐེ་བོ་དང་། མཛུབ་མོ་སྤྲད་ནས་ ཞུ་བའི་ཚུལ་དུ་འཇོག་པ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའིའོ། །ལག་པ་གཉིས་ཀྱི་ཁུ་ཚུར་ནང་དུ་བཅངས་ལ། གུང་མོ་གཉིས་གཤིབས་ཏེ་སྲིན་ལག་གཉིས་ཀྱང་དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་བཅངས་པ་ལས་བསྒྲེང་ལ། མཛུབ་མོ་གཉིས་གདུ་བུའི་ཚུལ་དུ་བྱས་ནས། མཐེ་བོ་གཉིས་ཀྱི་ མདུན་དུ་བཞག་ལ་ཅུང་ཟད་བཀུག་ནས་ཁའི་ཚུལ་དུ་བྱས་པ་ནི། འཕགས་པ་གཤིན་རྗེ་གཤེད་ཀྱི་ཕྱག་རྒྱའོ། །གཡོན་པའི་ཁུ་ཚུར་སྙིང་གར་བཞག་ལ། ལག་པ་གཡས་པ་ཐལ་ལྕག་གི་ཚུལ་དུ་ཕྱར་བ་ནི་གཞན་གྱིས་མི་ཐུབ་པའི་འོ། །ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅངས་ལ། མཐེའུ་ ཆུང་གཉིས་ལུ་གུ་རྒྱུད་དུ་མདུད་པ་བྱ་སྟེ། མཛུབ་མོ་གཉིས་གཤིབས་ནས་བཟློག་ལ་སྨིན་མཚམས་སུ་གཞག་པ་ནི་རྟ་མགྲིན་གྱིའོ། །རང་གི་མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ལ་སོར་མོ་ལྷག་མ་རྣམས་རྡོ་རྗེའི་ཚུལ་དུ་བྱས་ནས་ལག་ངར་གྱི་རྡོ་རྗེ་བཅིངས་པས། མཆན་ཁུང་གི་རྩར་ གཞག་པ་ནི་བདུད་རྩི་ཐབ་སྦྱོར་གྱིའོ། །ལག་པ་གཉིས་བརྐྱང་ལ་མཐེ་བོས་རང་གི་སྲིན་ལག་དང་། མཐེའུ་ཆུང་གི་སེན་མོ་མནན་ནས། ལག་པ་གཡོན་པའི་ནང་དུ་ལག་པ་གཡས་པའི་གུང་མོ་དང་སྲིན་ལག་བཅུག་ལ་སྙིང་གར་བཞག་ནས་ཤུབས་ནས་འདྲེན་པའི་ཚུལ་དུ་དྲངས་ལ། ལག་པ་ གཡས་པ་རལ་གྲིའི་ཚུལ་དུ་གཞག་པ་ནི་འཕགས་པ་མི་གཡོ་བའི་འོ། །རྡོ་རྗེ་ཁུ་ཚུར་གཉིས་ཕན་ཚུན་རྒྱབ་སྤྲད་དེ། མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་བཅིངས་ནས་མཛུབ་མོ་གཉིས་བསྒྲེང་བ་ལས་ཞགས་པའི་ཚུལ་དུ་བྱ་བ་ནི་འདོད་པའི་རྒྱལ་པོའི་འོ། །གཡོན་པའི་ཁྲོ་བོའི་མཛུབ་ མོ་སྙིང་གར་བཞག་ལ། གཡས་པའི་ཁྲོ་བོའི་མཛུབ་མོ་བེ་ཅོན་གྱི་ཚུལ་དུ་བསྒྲེང་ནས་གཞག་པ་ནི་དབྱུག་སྔོན་ཅན་གྱིའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་བརྡེག་པའི་ཚུལ་དུ་བསྒྲེང་བ་ནི་སྟོབས་པོ་ཆེའི་འོ། །འདོད་པའི་རྒྱལ་པོའི་ཕྱག་རྒྱ་ ཉིད་ལས་མཛུབ་མོ་གཉིས་བསྒྲེང་བ་ནི་གནོད་མཛེས་ཀྱིའོ། །ལག་པ་གཉིས་ཀའི་མཐེའུ་ཆུང་དང་། མཐེ་བོ་གཅིག་ལ་གཅིག་ལུ་གུ་རྒྱུད་དུ་བྱས་ཏེ། སོར་མོ་ལྷག་མ་རྣམས་བ་དན་གསུམ་པའི་ཚུལ་དུ་གྱེན་དུ་བསྒྲེང་ལ། སྟང་སྟབས་དང་བཅས་པའི་ཧཱུཾ་བྱ་བ་ནི་རྡོ་རྗེ་ས་འོག་གི་ སྟེ། དམ་ཚིག་གི་ཕྱག་རྒྱ་རྣམས་སོ། །ཕྱག་རྒྱ་བཞིས་རྒྱས་བཏབ་པའི་བྱ་བ་ནི་རྒྱུད་འདིར་མ་ཐོས་ཏེ། འདི་དག་ཙམ་ཉིད་ཀྱིས་འབྲས་བུ་ཡོངས་སུ་རྫོགས་པར་བཅོམ་ལྡན་འདས་ཀྱིས་ལུང་དང་མན་ངག་གིས་བདག་ཅག་ལ་སོགས་པ་འཇུག་པ་ནི་འབྲས་བུ་དང་འདྲ་བར་མཐོང་སྟེ། མ་ཐོས་ པར་ཡོངས་སུ་བརྟག་པ་དེས་ཅི་ཞིག་བྱ། དེ་ལྟ་ན་ཡང་མགུ་བར་མ་གྱུར་ན། ལྕེ་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བཟང་པོ་རྣམ་པར་བསམས་ལ། རང་གི་སྔགས་ཉིད་ནི་ཆོས་ཀྱི་ཕྱག་རྒྱའོ། །རང་གི་སྙིང་གར་ཨ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་རྣམ་པར་བསམས་ལ། ཕྱག་རྒྱ་ཆེན་པོ་ལས་རང་ གི་མཚན་མ་མེད་པར་གར་ལས་བྱུང་བ་ནི་ལས་ཀྱི་ཕྱག་རྒྱའོ། །རང་གི་སྙིང་གའི་ཟླ་བ་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་བསམས་ལ། སྔར་བཤད་པའི་སྐུ་མདོག་ལ་སོགས་པ་དང་ལྡན་པའི་ཕྱག་རྒྱ་ཆེན་པོ་བསམ་པར་བྱའོ། །ཐལ་མོ་སྦྱར་ལ་སོར་མོའི་རྩེ་མོ་ཕན་ཚུན་བསྣོལ་བ་ནི་ རྡོ་རྗེ་ཐལ་མོའི་འོ། །དེ་བཞིན་དུ་སོར་མོ་རྣམས་ཀྱི་རྩ་བ་ཤིན་ཏུ་བསྡམས་པ་ནི་རྡོ་རྗེ་བསྡམས་པའོ། །མཐེའུ་ཆུང་དང་སྲིན་ལག་གི་བར་དུ་མཐེ་བོ་བཅུག་ལ་མཛུབ་མོ་བཀུག་པས་བསྡམས་པ་ནི་རྡོ་རྗེ་ཁུ་ཚུར་ཞེས་བཤད་དེ་ཕྱག་རྒྱ་བཅིང་བ་ཐམས་ཅད་ལ་སྦྱར་བར་བྱའོ། །དེ་ནས་ སྔར་བཤད་པའི་རིམ་གྱིས་དབང་བསྐུར་བར་གསོལ་བ་བཏབ་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་ཉིད་དབང་བསྐུར་བའི་ཕྱག་རྒྱ་སྔགས་དང་བཅས་པ་དང་གསང་བའི་མཆོད་པ་རྣམས་ཀྱིས་དབང་བསྐུར་བར་བྱའོ། །དེས་ཀྱང་གང་གི་དབང་བསྐུར་བའི་ཅོད་ པན་གང་ཡིན་པར་གསུངས་པ་དེའི་གཟུགས་སུ་ཡོངས་སུ་གྱུར་པར་བསམ་པར་བྱའོ། །དེ་ལྟར་དབང་བསྐུར་ནས་དར་དཔྱངས་དཔྱང་བ་སྔོན་དུ་འགྲོ་བས་ཐམས་ཅད་ལ་བཛྲ་ཏུ་ཥྱ་ཧོཿཞེས་བྱ་བ་ཉིད་དང་མཉམ་པའི་ཐལ་མོས་མཉེས་པར་བྱའོ། །དེ་ནས་རང་གི་ཕྱག་ རྒྱའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་རང་གི་ཐུགས་ཀའི་ཟླ་བ་ལ་བཀོད་པའི་སྔགས་ཀྱི་འོད་ཟེར་རྣམས་ཀྱིས་ཕྱོགས་ཀྱི་ཚོགས་མ་ལུས་པ་སྣང་བར་མཛད་ཅིང་། ལྷའི་འཁོར་ལོ་མ་ལུས་པ་ཕྱོགས་བཅུར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྤྲུལ་པའི་ སྤྲིན་གྱིས་རང་གི་ལས་ལ་བརྩོན་པར་མཛད་དོ། །དེ་ལ་བཅོམ་ལྡན་འདས་དཔལ་འཇམ་པའི་རྡོ་རྗེ་ནི་སེམས་ཅན་ཐམས་ཅད་ལ་ཤེས་རབ་དང་ཡེ་ཤེས་ཀྱི་སྣང་བ་མཛད་དོ། །དཔལ་རྣམ་པར་སྣང་མཛད་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྟོབས་རྫོགས་པར་མཛད་དོ། །མི་བསྐྱོད་པ་ནི་ སེམས་ཀྱི་སྟོབས་མཐའ་ཡས་པ་རྫོགས་པར་བྱེད་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཆེན་པོའི་ཤུགས་མཛད་དོ། །རིན་ཆེན་འབྱུང་ལྡན་ནི་རིན་པོ་ཆེ་མངོན་པར་མཐོ་བའི་ཡེ་ཤེས་ཀྱི་རྡོ་རྗེའོ། །འོད་དཔག་ཏུ་མེད་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་ཏུ་རྒྱས་པའི་ཆོས་ཀྱི་མཛོད་དོ། །དོན་ཡོད་ པར་གྲུབ་པ་ནི་ནམ་མཁའ་སྣང་བར་བྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེའོ། །སྤྱན་ནི་ཡེ་ཤེས་ཀྱི་སྤྱན་གྱིས་སྣང་བར་བྱེད་པའི་རྡོ་རྗེ་འཇོ་ཚུལ་ལོ། །མཱ་མ་ཀཱི་ནི་སྒྱུ་འཕྲུལ་བསྐྱེད་པའི་སྟོབས་ཀྱི་ཡེ་ཤེས་ཟབ་མོ་ཉིད་དོ། །ན་བཟའ་དཀར་མོ་ནི་པདྨའི་གཟུགས་ཀྱི་འཇོ་ཚུལ་དུ་སངས་རྒྱས་ཀྱི་རྒྱལ་ བ་འདྲེན་པའི་ཡེ་ཤེས་ཀྱི་རྡོ་རྗེའོ། །སྒྲོལ་མ་ནི་སེམས་ཅན་ཐམས་ཅད་དབང་དུ་འགྲོ་ཞིང་དགའ་བར་བྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེའོ། །རྡོ་རྗེ་སེམས་མ་ལ་སོགས་པ་བཞི་པོ་ནི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་རྗེས་སུ་མཉེས་པར་མཛད་དོ། །སྐུལ་བྱེད་མ་ནི་རྒྱལ་བ་ མཐའ་ཡས་པའི་ཡེ་ཤེས་སྐུལ་བར་བྱེད་པའི་སྟོབས་ཀྱིས་རྣམ་པར་རྒྱལ་བའོ། །རིན་ཆེན་སྒྲོལ་མ་ནི་རིན་པོ་ཆེའི་སྤྲིན་གྱི་ཡེ་ཤེས་ཀྱིས་སྣང་བར་བྱེད་པའོ། །ཁྲོ་གཉེར་མ་ནི་འཇིགས་པ་ཐམས་ཅད་འཇིག་པར་བྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེའོ། །རྡོ་རྗེ་ལུ་གུ་རྒྱུད་ནི་རྡོ་རྗེ་སྒྲོག་ འགྲོལ་བའི་ཡེ་ཤེས་སོ། །བྱམས་པ་ནི་བྱམས་པའི་སྟོབས་ཀྱི་ཡེ་ཤེས་ཀྱི་རྣམ་པར་རྒྱལ་བའོ། །འཕགས་པ་འཇམ་དཔལ་ནི་ཉོན་མོངས་པ་སྲ་བ་དང་བྲལ་བའོ། །སྤོས་ཀྱི་གླང་པོ་ནི་མི་ཤེས་པའི་དྲེགས་པ་སེལ་བའོ། །ཡེ་ཤེས་ཏོག་ནི་ཟག་པ་མེད་པའི་ཡེ་ཤེས་ཀྱི་རྒྱལ་ མཚན་བསྒྲེང་བའོ། །བཟང་སྐྱོང་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའོ། །རྒྱ་མཚོའི་བློ་གྲོས་ནི་མཐའ་ཡས་པའི་ཡེ་ཤེས་ཀྱི་རྒྱ་མཚོར་འདྲེན་པའོ། །བློ་གྲོས་མི་ཟད་པའི་ནི་ཟད་མི་ཤེས་ཤིང་ཚད་མེད་པའི་ཟག་པ་མེད་པའི་ཤེས་རབ་ཐོབ་པའོ། །སྤོབས་ པ་བརྩེགས་པ་ནི་མཐའ་ཡས་ཤིང་སྣ་ཚོགས་པའི་ཆོས་རྣམས་རབ་ཏུ་སྣང་བའོ། །མཐུ་ཆེན་ཐོབ་ནི་མི་སྣང་བའི་སྟོབས་ཆེན་པོ་ཐམས་ཅད་ཐོབ་པའོ། །ངན་སོང་ཐམས་ཅད་སྤོང་བ་ནི་ངན་སོང་གསུམ་པོ་མ་ལུས་པར་རྣམ་པར་སྦྱོང་བའོ། །མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་ པའི་བློ་གྲོས་ནི། མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པའི་མུན་པ་མ་ལུས་པར་ངེས་པར་འཇོམས་པའོ། །དྲ་བ་ཅན་གྱི་འོད་ནི་ཉོན་མོངས་པའི་དྲ་བ་མ་ལུས་པར་རྒྱུན་དུ་རབ་ཏུ་འཇིག་པའོ། །ཟླ་བའི་འོད་ནི་མི་ཤེས་པའི་མུན་པ་ཐམས་ཅད་ངེས་པར་འཇིག་པའོ། །འོད་དཔག་ཏུ་མེད་པ་ ནི་དཔག་ཏུ་མེད་པའི་ཡེ་ཤེས་ཀྱི་འོད་ཟེར་སྣང་བའོ། །ནམ་མཁའི་མཛོད་ནི་ཡིད་བཞིན་གྱི་ནོར་བུ་དང་། རིན་པོ་ཆེའི་ཆར་ལ་སོགས་པ་འབེབས་པའོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ནི་སྒྲིབ་པ་རྣམ་པ་ལྔ་སེལ་བའོ། །འདི་དག་ཀྱང་ཐོག་མ་ཉིད་དུ་བྱུང་ཞིང་གདོད་མ་ ནས་དག་པ་ངོ་བོ་ཉིད་དམ། ཡི་གེ་མེད་པའི་ཆོས་ཐུགས་སུ་ཆུད་པར་མཛད་པའོ། །འཕགས་པ་གཤིན་རྗེ་ནི་གཤེད་བྱེད་ཐམས་ཅད་སློང་བར་བྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་གཤིན་རྗེ་གསོད་པའི་འདུལ་བ་ལ་འཇུག་པར་མཛད་པའོ། །གཞན་གྱིས་མི་ཐུབ་པ་ནི་གཞན་གྱིས་མི་ཐུབ་པའི་ ཡེ་ཤེས་ཀྱི་རྡོ་རྗེའོ། །རྟ་མགྲིན་ནི་རྟ་མཆོག་གི་རྡོ་རྗེ་དྲག་པོ་རྩལ་ལོ། །བདུད་རྩི་ཐབ་སྦྱོར་ནི་བགེགས་ཐམས་ཅད་འཇིག་པའི་རྣམ་པར་རྒྱལ་བའི་རྡོ་རྗེའོ། །འཕགས་པ་མི་གཡོ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་ཆུད་པའི་མི་གཡོ་བའི་ཡེ་ཤེས་ཀྱིས་རྣམ་པར་རོལ་ པའོ། །འདོད་པའི་རྒྱལ་པོ་ནི་སྙིང་ཐམས་ཅད་འགུགས་པའི་རྣམ་པར་རྒྱལ་བའི་ཡེ་ཤེས་སོ། །དབྱུག་སྔོན་ཅན་ནི་ཅུང་ཟད་རྡེག་པའི་ཡེ་ཤེས་ཀྱི་རྣམ་པར་རྒྱལ་བའོ། །སྟོབས་པོ་ཆེ་ནི་འཆོལ་བའི་ཡེ་ཤེས་ཀྱི་སྟོབས་ཀྱིས་རྣམ་པར་རྒྱལ་བའོ། །རྡོ་རྗེ་ཧཱུཾ་མཛད་ནི་ ཁམས་གསུམ་མ་ལུས་པ་འདུལ་བའོ། །རྡོ་རྗེ་ས་འོག་ནི་ལྷ་མ་ཡིན་དང་། བདུད་ཐམས་ཅད་ངེས་པར་བསྲེག་པ་ལ་བསམ་པར་བྱའོ། །དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་རང་རང་གི་ལས་རྣམས་མཛད་ཅིང་བདག་ཉིད་ཀྱང་དེ་དང་ཐ་མི་དད་པར་ཤེས་རབ་དང་ཡེ་ཤེས་ཀྱིས་སྣང་བ་ འཇམ་པའི་རྡོ་རྗེ་འབྱུང་བའི་དཀྱིལ་འཁོར་ཆེན་པོའི་དབུས་ན་གནས་པར་རྣམ་པར་བསྒོམས་ལ། རང་གི་ཏིང་ངེ་འཛིན་ལས་བྱུང་བའི་གཟུགས་དང་སྒྲ་ལ་སོགས་པ་ནམ་མཁའི་ཁོངས་ཐམས་ཅད་ཁྱབ་པའི་གསང་བའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། སྒེག་མོ་ལ་ སོགས་པས་ཀྱང་མཆོད་པར་བྱ་སྟེ། ཡི་གེ་ཧཱུཾ་གིས་གླུ་ལེན་ཅིང་གར་བྱེད་པ་སྔོན་དུ་འགྲོ་བས་རྡོ་རྗེ་ཁུ་ཚུར་གཉིས་རྐེད་པའི་ཕྱོགས་ཀྱི་གཡས་དང་གཡོན་དུ་བཞག་ལ། འགྱིང་བག་དང་བཅས་པར་གཡོན་པའི་བརླ་ཅུང་ཟད་ཕབ་ནས་གནས་པ་ནི་རྡོ་རྗེ་སྒེག་མོའོ། །དེ་བཞིན་དུ་ཕྲེང་བ་ བཅིང་བ་ནི་ཕྲེང་བ་མའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་བསྒྲེང་བའི་ཡུ་བ་ལ་གཡས་པའི་མཛུབ་མོས་གར་བྱེད་པའི་རྣམ་པ་དང་། སྒེག་པས་ལུས་ཅུང་ཟད་བསྒུལ་ཞིང་པི་ཝང་བརྡུང་བ་ནི་གླུ་མའོ། །ལག་པ་གཉིས་བསྒོར་ཏེ་བཀྲོལ་ལ་རྩིབ་ལོགས་གཉིས་སུ་བསྐོར་ལ་སྒེག་ པའི་ཉམས་ཀྱིས་རྒྱས་པ་ཉིད་དང་། སྤྱི་བོར་བཞག་སྟེ་གར་བྱེད་པའི་ཚུལ་ནི་གར་མའོ། །དེ་བཞིན་དུ་གར་སྔོན་དུ་འགྲོ་བས་རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་སྟེ། སྙིང་གར་ཕབ་ནས་མེ་ཏོག་འབུལ་བ་ལྟར་བྱེད་པ་ནི་མེ་ཏོག་མའོ། །དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་ཕན་ཚུན་རྒྱབ་སྤྲད་ལ་གུང་མོ་བསྒྲེང་ སྟེ། བདུག་སྤོས་འབུལ་བ་ལྟར་བྱེད་ཅིང་ལག་པ་བསྐོར་བ་ནི་བདུག་པ་མའོ། །དེ་བཞིན་དུ་རྡོ་རྗེ་བསྡམས་པ་ལས་བྱུང་བའི་མཐེ་བོ་གཉིས་བསྒྲེང་ལ། མར་མེ་འབུལ་བ་ལྟར་བྱེད་ཅིང་ལག་པ་བསྐོར་བ་ནི་མར་མེ་མའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། མཐེ་བོ་ཟླུམ་པོར་བྱས་ ནས་མཛུབ་མོ་བརྐྱང་སྟེ། རྩེ་མོ་སྦྱར་ལ་ཡོངས་སུ་བསྐོར་ཏེ། མཆོད་ཡོན་འབུལ་བ་ལྟར་བྱས་ལ། གར་འགྲོ་སྔོན་དུ་འགྲོ་བས་ལག་པ་གཉིས་ཀྱིས་བྱུག་པ་ལྟར་བྱེད་པ་ནི་བྱུག་པ་མའོ། །འདི་དག་ཀྱང་རང་གི་ཕྱག་རྒྱ་བཅིང་བ་ལས་བྱུང་བའི་སྒེག་མོ་ལ་སོགས་པའི་ལྷ་མོ་རྣམས་འགྱིང་ བག་དང་བཅས་ཤིང་། རྣམ་པར་སྒེག་པའི་ལག་པ་མཆོག་གིས་གར་བྱེད་པས་ནམ་མཁའི་ངོས་མ་ལུས་པར་ཁྱབ་པ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་རེ་ཞིག་རང་གི་གཟུགས་དཔག་ཏུ་མེད་པས་མཆོད་པའི་སྤྲིན་གྱི་དྲ་བ་སྣ་ཚོགས་རྣམ་པར་སྤྲུལ་པས་བདག་ཉིད་དང་། དཀྱིལ་ འཁོར་གྱི་འཁོར་ལོ་མཆོད་པ་བྱེད་པར་རྣམ་པར་བརྟག་པར་བྱའོ། །ཨོཾ་བཛྲ་ལཱ་སྱེ། ཨོཾ་བཛྲ་མཱ་ལེ། ཨོཾ་བཛྲ་གཱི་ཏི། ཨོཾ་བཛྲ་ནྲྀ་ཏྱེ། ཨོཾ་བཛྲ་པུཥྤེ། ཨོཾ་བཛྲ་དྷཱུ་པེ། ཨོཾ་བཛྲ་ཨཱ་ལོ་ཀེ །ཨོཾ་བཛྲ་གནྡྷེ་ཞེས་བྱ་བ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་སྒེག་མོ་ལ་སོགས་པའི་སྔགས་ཡིན་ཏེ། ཧཱུཾ་གི་མཐའ་ ཅན་ནོ། །དེ་ནས་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཡ་ཧཱུཾ་ཞེས་རེ་རེ་ཞིང་བརྗོད་ལ་རྫ་རྔ་བརྡུང་བའི་ཚུལ་དུ་ལག་པས་བྱའོ། །དེ་བཞིན་དུ་ཟངས་དུང་ལ་སོགས་པའི་རོལ་མོའི་ཚུལ་དང་། གླིང་བུ་དང་དུང་འབུད་པའི་ཚུལ་གྱིས་སྦྱར་བར་བྱའོ། །རྔ་ཡབ་ལྟར་ལག་པ་གཉིས་བྱ་བ་ནི་རྔ་ཡབ་བོ། །ཉི་མ་ལ་འཛིན་ པའི་ཚུལ་དུ་བྱ་བ་ནི་ཉི་མ་འཛིན་པའོ། །བསིལ་ཡབ་ཀྱི་ཚུལ་གྱིས་ལག་པ་བསྐྱོད་པ་ནི་བསིལ་ཡབ་བོ། །ལག་པ་གཉིས་བརྐྱང་ལ་སྲིན་ལག་གཉིས་བ་དན་གསུམ་པའི་ཚུལ་དུ་བྱ་བ་ནི་རྒྱལ་མཚན་ནོ། །ལག་པ་གཉིས་གྱེན་དུ་བརྐྱང་ལ་རླུང་གིས་བཏེག་པ་ལྟར་ཀུན་དུ་བསྐོར་ལ་འོག་ཏུ་ཕབ་ པ་ནི་བ་དན་ནོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་རིན་པོ་ཆེའི་ཕྱེ་མ་འགྱེད་པའི་ཚུལ་དུ་བྱ་བ་ནི་ཚོན་གྱི་ཕྲེང་བ་འགྱེད་པའོ། །ལག་པ་གཡོན་པ་སྣོད་ཀྱི་ཚུལ་དུ་བཞག་ལ། གཡས་པས་ལྷ་བཤོས་འབུལ་བའོ། །རྡོ་རྗེ་ཐལ་མོ་བརྐྱང་པས་ནི་ན་བཟའ་དབུལ་བའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ན་ བཟའ་བསྐོན་པའི་ཚུལ་དུ་བྱའོ། །ལག་ངར་གཡས་པས་ཟུར་བཞིའི་ཚུལ་དུ་འཇམ་པ་ལྟར་བྱ་བ་ནི་ཁང་པ་བརྩེགས་མའོ། །མཁྲིག་མའི་གོང་དུ་གདུ་བུ་བཅིང་བ་ལྟར་བྱ་བ་ནི་གདུ་བུའོ། །བྲང་དུ་དོ་ཤལ་འདོགས་པ་ལྟར་བྱ་བ་ནི་དོ་ཤལ་ལོ། །དེ་བཞིན་དུ་ཞབས་ལ་ཞབས་གདུབ་ དང་། སྙན་ལ་སྙན་ཆ་དང་། མགུལ་དུ་མགུར་ཆུ་དང་། དཔུང་མགོར་དཔུང་རྒྱན་དང་། སོར་བཞི་དོར་བར་སྲུང་སྐུད་དང་། འོག་པག་ཏུ་སྐུ་རེགས་དང་། གཡོན་པ་དེ་བཞིན་གཤེགས་པའི་ཁུ་ཚུར་དུ་བྱས་པའི་སྟེང་དུ་ལག་པ་གཡས་པ་ཁ་སྦུབ་སྟེ་བརྒྱད་ བ་ནི་གདུགས་སོ། །ལག་པ་གཡོན་པ་པང་བར་བསམ་གཏན་གྱི་ཚུལ་དུ་བཞག་ལ། ལག་པ་གཡས་པ་ཁ་སྦུབ་སྟེ་ནམ་མཁའ་ལ་བསྐོར་བ་ནི་བླ་རེའོ། །མཚམས་སུ་དྲ་བ་དང་། དྲ་བ་ཕྱེད་པ་དང་། དྲིལ་བུ་གཡེར་ཀའི་དྲ་བས་བརྒྱན་པ་དབུལ་བར་བྱའོ། །དེ་ནས་སྤྱི་བོར་ ཐལ་མོ་ཁོང་སྟོང་དུ་བཞག་ལ། ཡི་གེ་ཨོཾ་ལས་བྱུང་བའི་གཟིམས་མལ་དང་། གདན་ཁྲི་དང་ཁྱམས་དང་། སྐྱེད་མོས་ཚལ་དང་། གླང་པོ་དང་རྟ་ལ་སོགས་པ་དང་། རིན་པོ་ཆེ་དང་། དཔག་བསམ་གྱི་ཤིང་ལ་སོགས་པས་ནམ་མཁའི་ཁམས་ཁྱབ་པ་དང་མཉམ་པས་བདག་ཉིད་ དང་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པར་བསམས་ལ། ལག་པ་གཡོན་དང་གཡས་ཀྱིས་རིམ་བཞིན་དུ་དྲིལ་བུ་དང་། རྡོ་རྗེ་ཨཱཿཧཱུཾ་ཞེས་བྱ་བའི་ས་བོན་གཉིས་ཀྱིས་བླངས་ནས་འདི་བརྗོད་ཅིང་དཀྲོལ་བར་བྱའོ། །ཨོཾ་བཛྲ་གྷཎྚེ་ར་ཎི་ཏ། པྲ་ར་ཎི་ཏ། སརྦྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནེེ། པྲཛྙཱ་པཱ་ ར་མི་ཏཱ་ནཱ་ད་སྭ་བྷཱ་བེེ། བཛྲ་དྷརྨ་ཧྲྀ་ད་ཡ། སནྟོ་ཥ་ཎི་ཧཱུཾ་ཧཱུཾ་ཧཱུཾ། དེ་ནས་དེ་བཞིན་དུ་རྡོ་རྗེ་དང་དྲིལ་བུ་འཆང་ཞིང་བསྟོད་པར་བྱའོ། །བདེ་བ་ལས་འཁྲུངས་རྡོ་རྗེ་འཆང་བ་ཡི། །དངོས་དང་དངོས་མིན་འབྱུང་གནས་ཆེན་པོར་མཁྱེན། །གང་དུ་དང་པོ་རྣམ་པར་སྣང་མཛད་ནི། །དག་ ཅིང་དྲི་མེད་བློས་ནི་ཨོཾ་དུ་སྤྲུལ། །གཟུགས་མང་ཚུལ་གྱི་ཕྲེང་བས་བསྐོར་བ་ཡི། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །གསུང་སྙན་ཡི་གེ་ཀུན་ལ་ཁྱབ་པ་ཡིས། །སྤྲོས་མེད་གསུང་དུ་འཇིག་རྟེན་དབང་ཕྱུག་བཞུགས། །མིག་གསུམ་ལྷ་མོ་དང་བཅས་འདུལ་ མཛད་པ། །རྫུ་འཕྲུལ་ཚུལ་མང་ལྡན་པ་འགའ་མ་མཆིས། །གང་དུ་བདེ་ཆེན་རང་བཞིན་རྗེས་ཆགས་པ། །ལྷ་མོ་དག་དང་ལྷན་ཅིག་བཞད་ཅིང་བཞུགས། །གཡས་པའི་ཕྱག་གིས་རྡོ་རྗེ་གསོར་ནས་སུ། །གཡོན་པའི་ཕྱག་གིས་དྲིལ་བུའི་སྒྲ་སྙན་དཀྲོལ། །ལྷ་མོ་མཐའ་དག་ བཙུན་མོར་གྱུར་པ་ཡི། །དམ་ཚིག་རྣམས་ཀྱིས་བྱ་བ་བྱས་པར་འགྱུར། །གཅིག་གི་ལག་པ་ཀུན་ནས་འཁྱུད་པ་སྟེ། །གཉིས་པ་རྗེས་སུ་ཆགས་ཕྱིར་བདེ་བའི་མཐུ། །གསུམ་པ་མི་བཟོད་མེ་ཏོག་ཕྲེང་བ་མཐོར། །བཞི་པ་བདེ་བ་ཡི་ནི་མདའ་ཡང་འཕེན། །གང་ཞིག་གླུ་འདི་ལེན་པར་བྱེད་ པ་དག །བདེ་བའི་རྡོ་རྗེ་ཅན་དང་མཉམ་པར་འགྱུར། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐའ་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་ འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། ། མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ ཤེས་སྐུ་ཉིད་ཁྱོད་ལ་འདུད། །དེ་ནས་མཆོད་པ་འདི་དག་ཐམས་ཅད་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་ཨ་ནུཏྟ་ར་སརྦྦ་པཱུ་ཛ་མེ་གྷ་ས་མུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་བདག་ཉིད་ཡང་དག་པར་མཆོད་པར་གྱུར་ཅིང་། ཐམས་ཅད་ ཀྱང་སྒྱུ་མ་ལྟ་བུ་དང་། མིག་ཡོར་ཙམ་དུ་ཤེས་པར་བྱས་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅ཧཾ་ཞེས་བརྗོད་དོ། །དེ་བཞིན་དུ་ཕྱག་རྒྱ་ཆེན་པོས་གནས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་འདིས་བསྒོམ་པར་བྱའོ། ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། དེ་ནས་རང་བཞིན་དག་པ་སྟེ། སྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་བྱ་བའོ། །དེ་ནས་ཐམས་ཅད་མཉམ་པ་ཉིད་ཀྱིས་ཀྱང་ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་བྱ་སྟེ། ༀ་སརྦྦ་ས་མོ྅ཧཾ་ཞེས་བྱ་བའོ། །དེ་ནས་རང་གི་སྔགས་བརྗོད་ལ་འདི་དག་ཐམས་ཅད་ནི་བདག་ཡིན་ ནོ་ཞེས་བརྟན་པ་དང་། གཡོ་བའི་དངོས་པོའི་ངོ་བོ་ཉིད་ལུས་དང་ངག་དང་སེམས་དམིགས་ན། ངོ་བོ་ཉིད་ཀྱིས་དམིགས་སུ་མེད། །སྔགས་ཀྱི་ལུས་སུ་སྦྱོར་བ་ལ། །བྱང་ཆུབ་མེད་ཅིང་བསྒོམ་པ་མེད། །ཅེས་བྱ་བ་འདིས། སྟོང་པ་ཉིད་ཀྱི་བདག་ཉིད་ཅན། །ཐབས་ དང་ཤེས་རབ་རོ་གཅིག་པ། །ཟག་པ་མེད་པ་ཟག་མེད་པ། །ཉམས་པ་མེད་པའི་བདེ་བ་ཆེན་པོ་སྒྲུབ་པའི་ཐབས་སྒྱུ་མ་ལྟ་བུའི་མཐའ་ཡས་པའི་ཏིང་ངེ་འཛིན་གྱི་བདེ་བའི་གནས་ནམ་མཁའ་ཁྱབ་པའི་ཏིང་ངེ་འཛིན་ལས་བྱུང་བའི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཀྱི་མཆོད་པའི་སྤྲིན་དང་། སྔར་བཤད་པའི་མཆོད་པའི་ཚོགས་དང་། ཀུན་དུ་སྣང་བར་གནས་པའི་ཡུལ་རྣམས་ཀྱིས་ཡང་དག་པར་མཆོད་ཅིང་དཀྱིལ་འཁོར་པ་ཐམས་ཅད་ཀྱང་རང་གི་སྙིང་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་དབྱེར་མི་ཕྱེད་ལ་ཐོག་མ་དང་དབུས་དང་ཐ་མ་དང་བྲལ་བས་སངས་རྒྱས་ དང་། བྱང་ཆུབ་སེམས་དཔའ་ལ་སོགས་པའི་འོད་ཀྱི་སྤྲིན་མཐའ་ཡས་པ་རྣམ་པར་འཕྲོ་བས་འགྲོ་བའི་དོན་མཛད་པའི་ཕྱིར་དང་། ནམ་མཁའི་གཏོས་ཐམས་ཅད་ཁྱབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པ། རྟག་པ་དང་ཆད་པ་ལ་ སོགས་པ་དང་བྲལ་བ། སོ་སོ་རང་རང་གིས་རིག་པ་རང་བཞིན་གྱིས་འོད་གསལ་བ། མཆོག་ཏུ་དགའ་བའི་ངོ་བོ་ཉིད་དཔལ་འཇམ་པའི་རྡོ་རྗེར་བདག་ཉིད་བསྒོམ་པར་བྱའོ། །གལ་ཏེ་སྐྱོ་བར་གྱུར་ན་རང་གི་སྙིང་གའི་ཟླ་བ་ལ་སྔགས་ཀྱི་ཕྲེང་བ་མར་མེ་གསལ་བས་ཁང་པའི་ནང་ སྣང་བར་བྱས་པ་ལྟར། ལུས་ཐམས་ཅད་སྣང་བར་བྱེད་པ་བཀོད་ལ། བློ་དང་ལྡན་པས་བཟླས་བརྗོད་བྱའོ། །མྱུར་ཆེས་པ་དང་བུལ་བ་དང་། །མི་གསལ་གུག་སྐྱེད་ཉམས་པ་དང་། །རྟོག་པ་ངན་པ་རྣམ་སྤངས་ནས། །དེ་ནས་གསང་སྔགས་བཟླས་བརྗོད་བྱ། །ཟློས་པ་ན་ ཡང་ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་བྱུང་བར་གྱུར་པར་བསམས་པར་བྱ་སྟེ། དེ་ལྟ་བུས་ནི་ལྷ་ཐམས་ཅད་ཀྱིས་བཟླས་པར་གྱུར་པ་ཡིན་ནོ། །བཟླས་པར་བྱ་བའི་སྔགས་ནི་འདི་ཡིན་ཏེ། ཨོཾ་མུཾ། ཡང་ན་རྒྱུད་གཞན་ལས་གསུངས་པའི་སྔགས། ཨོཾ་བཱཀྱེ་དཾ་ན་མཿ ཨོཾ་བཛྲ་ཏིཀྵྞ་ཞེས་བྱ་བ་ལ་སོགས་པ་འཕགས་པ་སྒྱུ་འཕྲུལ་དྲ་བའི་རྒྱུད་སྟོང་ཕྲག་བཅུ་དྲུག་པ་ལས་གསུངས་པའམ། བདག་ཅག་གི་རྨི་ལམ་དུ་རྙེད་པ་འདི་བཟླ་བར་བྱ་སྟེ། ཨོཾ་དྷརྨྨ་དྷཱ་ཏུ་ཝཱ་གཱི་ཤྭ་ར་ཧཱུཾ་ཞེས་བྱ་བ་དང་། ཡང་ན་ཨོཾ་ཨ་བཱི་ར་ཧཱུཾ། ཁེ་ཙ་ར་ཞེས་བྱ་བའི་ཡི་གེ་བརྒྱད་པའི་ སྔགས་འདི་ནི་ངན་སོང་ཐམས་ཅད་སྦྱོང་བར་བྱེད་པ། དོན་ཐམས་ཅད་སྒྲུབ་པར་བྱེད་པ། བཅོམ་ལྡན་འདས་འཇམ་དཔལ་རང་ཉིད་སྔགས་ཀྱི་གཟུགས་ཀྱིས་བཞུགས་པ་བཟླ་བར་བྱའོ། །ལྡང་བའི་དུས་སུ་ཡང་བསྟོད་པའི་མཆོད་པ་བྱས་ལ། མཆོད་ཡོན་ཕུལ་བ་སྔོན་དུ་འགྲོ་བས་ཛཿཧཱུཾ་ བཾ་ཧོཿཞེས་བརྗོད་ལ་ཡིད་གཉིས་ཀྱིས་རང་གི་ལུས་ལ་དཀྱིལ་འཁོར་གྱི་འཁོར་ལོ་ནང་དུ་བཅུག་ལ། རྡོ་རྗེ་བསྡམས་པ་ལས། མཐེ་བོ་གཤིབས་པར་མཛུབ་མོའི་རྩེ་མོ་སྦྱར་བའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་སྙིང་ག་ལས་བྱུང་བས། ཨོཾ་བཛྲ་རཏྞ་ཨ་བྷི་ཥིཉྩ་ཞེས་བྱ་བ་དང་། དབང་བསྐུར་ བ་ལ་སོར་མོ་གཉིས་ཀྱིས་ཕྲེང་བ་བཅིངས་ཏེ། སརྦྦ་མུ་དྲ་མཻ་དྲྀ་ཌྷི་ཀུ་རུ་བ་ར་ཀ་བ་ཙེ་ན་བཾ་ཞེས་བྱ་བ་དང་། གོ་བགོས་ལ་མཐར་མཉམ་པའི་ཐལ་མོས་མཉེས་པར་བྱའོ། །དེ་ནས་དྲིལ་བུ་དཀྲོལ་ལ། དམ་ཚིག་གསུམ་གྱི་གླུའི་མཆོད་པ་བྱ་སྟེ། ཡི་གེ་བརྒྱ་པས་རང་གིས་ཕྱག་རྒྱ་ཆེན་པོ་ བརྟན་པར་བྱས་ནས། རང་གི་ལྷའི་ང་རྒྱལ་ཉིད་ཀྱིས་སྟན་ལས་འགྱིང་བག་དང་བཅས་པར་ལངས་ལ། དབང་པོ་ཐམས་ཅད་ཀྱི་ཡུལ་དུ་གྱུར་པའི་དངོས་པོ་རྣམས་རང་གི་ལྷག་པའི་ལྷའི་སྦྱོར་བས་རང་གི་མཆོད་པ་ལ་སོགས་པའི་ངོ་བོ་ཉིད་དུ་བསམས་ལ། མཉམ་པར་མ་ བཞག་པའི་རྣལ་འབྱོར་པས་བྱ་བ་མ་ལུས་པར་རྫོགས་པར་བྱའོ། །དེ་ལྟར་ཐུན་མཚམས་དང་པོ་རྫོགས་ནས་བྱ་བ་ཐམས་ཅད་བྱས་ཏེ། ཉི་མ་གུང་ལ་ཡང་ལྷའི་ཁང་པར་ཞུགས་ཏེ། ཅི་བདེ་བར་འདུག་སྟེ། རང་གི་སྔགས་དང་རང་གི་དམ་ཚིག་གི་ཕྱག་རྒྱས་བྱིན་གྱིས་བརླབ་པ་ སྔོན་དུ་འགྲོ་བས་རང་གི་ལྷའི་ང་རྒྱལ་བྱས་ལ། རེ་རེའི་རང་གི་སྔགས་བརྗོད་པས་དཀྱིལ་འཁོར་གྱི་ལྷའི་འཁོར་ལོ་ཕྱུང་བའམ། སྐད་ཅིག་མར་རྫོགས་པར་བྱས་ལ། ཡང་དག་པར་མཆོད་ཅིང་ལེགས་པར་བསྟོད་ལ། དམ་ཚིག་གསུམ་བླང་བའི་གླུའི་མཆོད་པ་སྔོན་དུ་འགྲོ་བས་ ང་རྒྱལ་གསུམ་པོ་ཡང་དག་པར་བསྐྱེད་ལ་མཉམ་པར་བཞག་སྟེ་བཟླས་པ་དང་བསྒོམ་པར་བྱའོ། །དེ་ནས་ལངས་ལ་སྔ་མ་བཞིན་དུ་མཉམ་པར་མ་བཞག་པའི་རྣལ་འབྱོར་ལ་སྤྱོད་ཅིང་གནས་པར་བྱའོ། །དེ་ལྟར་ཐུན་གཉིས་རྫོགས་ནས་མཚན་ཕྱེད་ལ་ཇི་ལྟ་བ་ བཞིན་དུ་ཡང་དག་པར་མཆོད་ཅིང་ལེགས་པར་བསྟོད་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཉེ་བར་བསགས་པ་ཐམས་ཅད་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་ཡོངས་སུ་བསྔོས་ལ། བཟོད་པ་གསོལ་ཏེ་ལག་པ་གཉིས་ཀྱི་སྲིན་ལག་དང་མཐེའུ་ཆུང་དང་མཐེ་བོ་ལུ་ གུ་རྒྱུད་དུ་སྦྲེལ་ལ། གུང་མོ་དང་མཛུབ་མོ་བརྐྱང་བས་ཆན་པའི་ཚུལ་དུ་བྱ་བ་ནི་རྡོ་རྗེའི་ཆན་པ་སྟེ། དེས་བསྲུང་བ་བཤིག་པའི་ཚུལ་དུ་བྱ་བས་གསལ་ལ། རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་པ་གྱེན་དུ་དགྲོལ་བ་དང་། སྙིང་པོ་འདིས་བཅོམ་ལྡན་འདས་གཤེགས་སུ་གསོལ་ ལོ། །ཨོཾ་ཀྲྀ་ཏོ་བ་སརྦྦ་སཏྭཱརྠ། །སིདྡྷི་མ་དཏྟཱ་ཡཱ་ནུ་ག །གཙྪ་ཏྭཱཾ་བུདྡྷཱ་བི་ཥ་ཡཾ། །པུ་ན་ར་ག་མ་ན་ཡ་ཙྪ། ཨོཾ་མུཿམུཿདེ་ནས་སྤྲུལ་པ་རང་གི་ལུས་ལ་བཅུག་ལ་སྔ་མ་བཞིན་དུ་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བ་ལ་སོགས་པ་བྱས་ལ། ཤེས་རབ་དང་སྙིང་རྗེར་ལྡན་པས་སེང་གེའི་ཉལ་ ཐབས་སུ་རབ་ཏུ་བརྟག་པར་བྱའོ། །དེ་ལྟར་ཉིན་རེ་ཞིང་ཐུན་བཞིར་བྱ་སྟེ། ཇི་སྲིད་ཟླ་བའམ་ཟླ་བ་དྲུག་གམ་ལོ་གཅིག་གམ། ཇི་སྲིད་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་སྣང་བར་གྱུར་པའམ། ཇི་སྲིད་བྱེ་བ་གཉིས་ཡོངས་སུ་རྫོགས་པར་འགྱུར་བའམ། དུས་ཇི་སྲིད་ཀྱི་ལྷ་རྣམས་ ཀྱིས་རྗེས་སུ་གནང་བར་འགྱུར་བའམ། འགོག་པའི་རྡོ་རྗེ་བསྒོམ་པར་བྱ་སྟེ། དེ་བཞིན་དུ་རྣལ་འབྱོར་བྱས་ལ་རང་གི་སྙིང་གའི་ཟླ་བ་ལ་རང་གི་སྔགས་ཀྱི་ཡི་གེ་རང་གི་སེམས་དང་གཉིས་སུ་མེད་པར་གྱུར་པ། འོད་ཟེར་དཀར་པོ་དཔག་ཏུ་མེད་པ་དང་ལྡན་པར་སྲོག་རྩེ་གཅིག་ཏུ་བསྡུས་ ལ། ཇི་སྲིད་ཡིད་བརྟན་པར་གྱུར་པ་ཙམ་གྱིས་སྒྲ་ལ་སོགས་པ་ཉེ་བར་སོ་སོར་སྣང་བའི་འཛིན་པ་ཉེ་བར་སྤོང་བར་གྱུར་པ་དེ་སྲིད་དུ་བྱའོ། །ཡང་ན་རང་གི་སྙིང་གར་ནམ་མཁའ་དང་མཉམ་པའི་སྦྱོར་བས་ཞུགས་པའམ། མདུན་དུ་གནས་པའི་ཕྱོགས་སུ་དཀྱིལ་འཁོར་གྱི་འཁོར་ལོ་ སྤྲུལ་ལ། ཐམས་ཅད་གཞུག་ཅིང་དབང་བསྐུར་བ་ལ་སོགས་པའི་ཆོ་ག་རྒྱས་པས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེས་རྫོགས་པར་ཉིན་རེ་ཞིང་ཐུན་བཞིའི་རིམ་པས་ཇི་སྲིད་དེ་ལྟར་སྣང་བར་གྱུར་པའི་བར་དུ་བསྒོམ་མོ། །དེ་ནས་བརྩམས་ཏེ་རྒྱུད་ཐམས་ཅད་དུ་དབང་བསྐུར་བ་དང་། དངོས་ གྲུབ་ཐམས་ཅད་ཀྱི་སྣོད་དུ་རུང་བར་འགྱུར་རོ། །དེ་བཞིན་དུ་རིམ་པ་གཞན་དག་གིས་ཀྱང་བདག་ཉིད་ནུས་པ་དང་ལྡན་པར་རྟོགས་ནས་དཀྱིལ་འཁོར་བྲིས་ལ་ཟླ་བ་ཉ་ལ་བསྒྲུབས་ན་ངེས་པར་དཔལ་འཇམ་པའི་རྡོ་རྗེར་འགྱུར་རོ། །དེ་ལྟ་བུའི་ནུས་པ་དང་ལྡན་ན་རྒྱུད་འདི་དང་རྒྱུད་ གཞན་དག་ལས་གསུངས་པ། བུ་མོ་ལ་སོགས་པའི་སྒྲུབ་པ་ཆེན་པོ་དང་། གནོད་སྦྱིན་མ་ལ་སོགས་པའི་སྒྲུབ་པ་ཡང་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་ཡིན་ནོ། །དེ་ལྟ་བུའི་ང་རྒྱལ་བརྟན་པར་གྱུར་པ་ཉིད་དམ། རྒྱུན་མི་འཆད་པར་སློབ་པ་ལ་འཇུག་པའི་ལས་དང་པོ་པ་རྣམས་ལ་ ཡང་མཆོད་རྟེན་གྱི་ལས་རྣམས་དང་ཕྱག་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་དགག་པ་མཛད་པ་ནི་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་ཕྱིར་རྣལ་འབྱོར་འདི་ལས་ལྷག་པའི་ནན་ཏན་ཉམས་སུ་ལེན་པ་མེད་པའི་ཕྱིར་རོ། །གང་ཡང་ཐལ་མལ་པའི་རྣམ་པར་རྟོག་པ་ལ་གནས་པ་དེས་ནི་ མཆོད་རྟེན་ཀྱི་ལས་དང་བྱ་བ་ལ་སོགས་པ་བསོད་ནམས་སུ་བྱ་བའི་དངོས་པོའི་ཐ་སྙད་དུ་བྱ་བ་ཐམས་ཅད་ཉམས་སུ་བླང་བར་བྱ་བ་ཉིད་ཡིན་ཏེ། འདི་ལ་མ་ཞུ་བ་ཟ་བ་ལྟ་བུར་གང་རང་ཉིད་ཐ་མལ་པའི་རྣམ་པར་རྟོག་པ་ལ་གནས་བཞིན་དུ་སྔར་བཤད་པ་མི་བྱེད་པ་ནི་མི་རིགས་སོ། །མཉམ་ པར་གཞག་པ་ལ་གནས་པ་ན་ཡང་མཆོད་པ་དང་། མཆོད་པར་བྱ་བ་དང་། མཆོད་པ་བྱེད་པ་ལ་སོགས་པའི་ཐ་སྙད་ཀྱི་དབྱེ་བའི་རྣམ་པར་རྟོག་པ་ལས་རྣམ་པར་གྲོལ་བ་ལ་རང་གི་ལྷའི་སྦྱོར་བས་བཅོམ་ལྡན་འདས་ཀྱིས་གནང་བ་ཉིད་ཡིན་ཏེ། ཇི་སྐད་དུ། རང་གི་ལྷ་ཡི་སྦྱོར་བ་ཡིས། ། བདག་དང་གཞན་ལ་མཆོད་པར་བྱ། །ཞེས་གསུངས་སོ། །གཞན་དུ་ཇི་ལྟར་ན་ཤིན་ཏུ་བྱང་བར་བསླབས་པ་མེད་པར་ཟབ་ཅིང་རྒྱ་ཆེན་པོའི་བདག་ཉིད་ཀྱི་དངོས་པོ་རྫོགས་པར་འགྱུར་བ་དེ་བས་ན་དེ་དང་ཐ་དད་པ་ནི་སྤང་བར་བྱ་སྟེ། ཕྱག་བྱ་བའི་གནས་ལ་སོགས་པའི་རྟོག་པ་ དེ་ཉིད་ཐ་མལ་པའི་ཀུན་དུ་རྟོག་པ་ཡིན་པས། རང་རང་གི་དངོས་པོར་ཡོངས་སུ་རྟོག་པ་ཇི་ལྟར་སྤོང་བར་འགྱུར། བདག་ཉིད་ལ་བདག་ཉིད་མཆོད་པ་ནི་བཅོམ་ལྡན་འདས་ཀྱིས་རིགས་པར་གསུངས་ཏེ། འདི་ནི་རྣལ་འབྱོར་པ་དེ་ལས་སོ་སོའི་སྦྱོར་བས་རང་གི་ལྷའི་རྣམ་ པར་ཐར་པའི་སྒོ་མངོན་སུམ་དུ་བྱ་བ་ཉིད་སྐྱེ་བར་འགྱུར་གྱི། ཟབ་ཅིང་རྒྱ་ཆེན་པོའི་བདག་ཉིད་དངོས་པོ་རྫོགས་པའི་རྒྱུ་ཉིད་དུ་མཆོད་རྟེན་གྱི་ལས་དང་ཕྱག་བྱ་བ་ལ་སོགས་པ་དེ་ག་ལ་འགྱུར། གཞན་དུ་ན་གལ་ཏེ་བླ་མ་རྣམས་ལ་བསྙེན་བཀུར་མ་བྱས་པས་ཐོས་པ་མེད་ཅིང་ཤེས་རབ་མ་ སྦྱངས་པ་དེ་ཉིད་ནི་མངོན་པའི་ང་རྒྱལ་གྱིས་མཆོད་རྟེན་གྱི་ལས་ལ་སོགས་པ་མི་བྱེད་པ་ནི་ངན་འགྲོར་འགྲོ་བའི་རྒྱུ་ཡིན་ནོ། །ཤིན་ཏུ་སྤྲོས་པས་ཆོག་གོ། །གང་ཞིག་དམ་ཚིག་ཙམ་འདོད་པའི་ཕྱིར། དཀྱིལ་འཁོར་འདྲི་བར་འདོད་ན། དེས་བསྒོམས་པས་དགེ་བའི་མཚན་མ་ཅུང་ཟད་ཅིག་ རྙེད་པའམ། བསྒོམ་པ་མི་ནུས་པས་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་རེ་རེ་ཞིང་འབུམ་ཕྲག་གཅིག་གམ། ཡང་ན་དཔལ་འཇམ་པའི་རྡོ་རྗེའི་འབུམ་ཕྲག་གསུམ་གཞན་དག་གི་བཟླས་བརྗོད་ཁྲི་བྱས་ལ་བྲི་བར་བྱའོ། །ཏིང་ངེ་འཛིན་གསུམ་བསྒོམ་པ་ནི་འདིར་ཐོས་པ་མེད་དེ་རྒྱུད་གཞན་ལས་མཐོང་ བ་ལས་ལྟོས་མེད་དུ་བྱ་བ་ནི་ཧ་ཅང་ཐལ་ཆེས་སོ། །ཡང་ན་དོན་གྱི་བསྒོམ་པའི་རྗེས་སུ་འབྲངས་ནས་ཇི་ལྟར་འདོད་པའི་མིང་དུ་བྱ་བ་ལ་ཉེས་པ་མེད་དོ། །ཉིན་རེ་ཞིང་ཡང་ལྷའི་ཁང་པའི་ཕྱི་རོལ་དུ་དཔུང་བཟངས་ཀྱི་རྒྱུད་ལས་གསུངས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་འབྱོར་པ་དང་། རྗེས་སུ་ མཐུན་པའི་གཏོར་མ་མཚན་མོ་སྦྱིན་པར་བྱའོ། །དེ་ལྟར་མཁས་ཤིང་བྱང་བའི་སྔོན་དུ་བསྙེན་པ་འདི་བཤད་པའི། །བསོད་ནམས་འདིས་ནི་འགྲོ་ལ་ཕན་པའི་དངོས་གྲུབ་འབྱུང་གྱུར་ཅིང་། །བདག་ཀྱང་ཇི་སྲིད་ནམ་མཁའི་ཁམས་ཀྱི་མཐར་ཐུག་སྲིད་གསུམ་ལ། །ཕན་པ་མཛད་པ་འཇམ་ པའི་དབྱངས་དང་སྐུ་གཅིག་ཉིད་གྱུར་ཅིག །སྔོན་དུ་བསྙེན་པའི་ཆོ་གའོ། །རྣམ་པར་རྟོག་སྤངས་ཟབ་ཅིང་རྒྱ་ཆེ་ལ། །སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་མཛད་ཅིང་། །རྣམ་དག་རིག་དང་གཉིས་མེད་སྐུ་འཆང་བ། །འདོད་ལྷ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དེ་ལྟར་སྔོན་དུ་བསྙེན་ པ་བྱས་ནས་དཀྱིལ་འཁོར་གྱི་ཡོ་བྱད་ཡང་དག་པར་བསགས་ནས། ཚེས་གྲངས་དང་གཟའ་རྒྱུ་སྐར་དང་། བྱེད་པ་ལ་སོགས་པ་ཤིས་པ་ལ་སྔ་དྲོའི་དུས་སུ་གྲོགས་བཟང་པོ་དང་། དཀྱིལ་འཁོར་གྱི་ས་གཞི་ཡོངས་སུ་བརྟག་པར་བྱ་སྟེ། གཙུག་ལག་ཁང་དང་། ཀུན་དགའ་ ར་བ་དང་། གྲོང་ངམ། གྲོང་ཁྱེར་གྱི་ཤར་རམ། བྱང་གི་ཕྱོགས་ཀྱི་ཆ་མདོར་ན་ས་གཞི་བཟང་ཞིང་སྣུམ་པ། ཟུག་རྔུའི་ཉེས་པ་དང་བྲལ་བ། ཤར་རམ་བྱང་དུ་གཞོལ་བ། མེ་ཏོག་གི་ཤིང་ལ་སོགས་པ་དང་ལྡན་པ། ཉམས་དགའ་བའམ། ཡང་ན་ཡིད་མངོན་པར་དགའ་བ་ གང་ཡང་རུང་བ་དེར་བརྩམ་པར་བྱའོ། །དེ་ནས་བདག་པོའི་སྦྱོར་བ་བྱས་ལ། གནས་ཀྱི་བདག་པོ་ལ་སོགས་པ་ལ་གཏོར་མ་དང་མཆོད་པ་བྱས་ནས་ས་བླང་བར་བྱའོ། །གལ་ཏེ་རྨི་ལམ་ལ་སོགས་པས་དེ་ཐོབ་པར་མ་གྱུར་ན། དེའི་ཚེ་ཉིན་ཞག་གཞན་གྱི་ཉི་མའི་གུང་ལ་དཀྱིལ་ འཁོར་གྱི་སའི་དབུས་སུ་ཁྲོ་བོའི་ང་རྒྱལ་དང་ལྡན་པས་དུག་དང་ཁྲག་དང་། ལན་ཚྭ་བ་ལ་སོགས་པ་དང་། རུས་པའི་ཕྱེ་མ་དང་། ཕཊ་གྱི་མཐའ་དང་ལྡན་པས་མངོན་སྤྱོད་ཀྱི་སྦྱིན་སྲེག་གི་ཆོ་གས་གཡོན་པའི་མཛུབ་མོ་དང་མཐེ་བོ་སྦྱར་བ་དང་། དཀྱིལ་འཁོར་གྱི་བགེགས་ཉེ་བར་གཞོམ་ པའི་ཕྱིར་སྦྱིན་སྲེག་བྱས་ལ་ཕྱི་དྲོའི་དུས་སུ་ཁྲུས་བྱ་ཞིང་ལུས་དྲི་ཞིམ་པོས་བྱུགས་ལ་ཞི་བའི་སྦྱིན་སྲེག་དེའི་ཆོ་གས་བྱས་ལ། བདུད་རྩི་ཐབ་སྦྱོར་གྱིས་བགེགས་བསྐྲད་དེ་གནས་བསྲུང་བ་བྱས་ལ། དེ་ཡང་དེ་ཉིད་ཀྱིས་ཡུངས་ཀར་དང་ཆུ་ལ་སོགས་པ་ལ་ལན་བདུན་བཟླས་པས་ མངོན་པར་གཏོར་ཏེ། སའི་ཆ་དེ་པུས་མོའམ། ལྟེ་བའམ། རྐེད་པ་ཙམ་འོག་ཏུ་དངོས་གྲུབ་མཆོག་དང་བར་མའི་དབྱེ་བས་བརྐོས་ལ། ཕུབ་མ་དང་། རྡོ་བ་དང་། སོལ་བ་དང་། རུས་པ་དང་། གསེག་མ་དང་། གྱོ་མོ་ལ་སོགས་པ་བསལ་ནས་དྲི་བཟང་པོའི་ས་གཞན་དག་པ་ ཆུ་དྲི་ཞིམ་པས་བཀང་ལ། ཡི་གེ་ཧཱུཾ་ཡོངས་སུ་བཟླས་པའི་སྤོ