Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 62

Văn bản gốc(Tây Tạng)

Trang 14 / 24 (50.000 ký tự/trang)
ཏང་བས་སོ། །དེ་ལྟ་བུའི་ཕྱག་རྒྱ་སྟེ། ཕྱག་རྒྱ་ཆེན་པོར་ལྷའི་རྣལ་འབྱོར་ཕྱག་རྒྱ་བཞིས་སྔོན་བཞིན་རྒྱས་བཏབ་པའོ། །དེ་ལྟ་བུ་དེ་ནི་ཐེག་པ་མཆོག་
ལས་མི་ཉམས་པར་འདོད་པ་དག་གིས་འདའ་བར་བྱ་བ་མ་ཡིན་པས་དེ་ཉིད་དམ་ཚིག་གོ། །དེ་ལྟར་ན་གང་གི་ཕྱིར་དེ་རྒྱུ་མཚན་འདི་དག་གིས་ཞེས་པའོ། །དེ་ལྟར་སྙིང་རྗེ་ཆེན་པོ་མཚོན་པའི་རྡོ་རྗེ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དྲན་པའི་ཡན་ལག་དྲིལ་བུ་དང་། ཐབས་དང་
ཤེས་རབ་དང་ལྡན་པས་འཁོར་བ་ཇི་སྲིད་དུ་ཇི་ལྟར་དགའ་བར་གནས་པའི་དམ་ཚིག་གི་ཕྱག་རྒྱ་བསྒོམ་པ་འདི་ནི་རྣལ་འབྱོར་ཆེན་པོ་བསྒྲུབ་པ་བརྟན་ཞིང་དོན་ཡོད་པར་བྱའོ། །དེ་ནས་དྲིལ་བུ་གསིལ་ཞིང་དམ་ཚིག་གསུམ་གྱི་གླུ་ཉེ་བར་སྦྱར་ཏེ་དེ་ནི་འདིའོ། །ཨོཾ་ནམ་མཁའ་ལས་བྱུང་
མཚན་ལྡན་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། འདིར་དམ་ཚིག་གསུམ་ནི་དེ་ཁོ་ནའི་དམ་ཚིག་དང་ཆོས་ཀྱི་དམ་ཚིག་དང་དམ་ཚིག་གི་ཕྱག་རྒྱའི་དམ་ཚིག་གོ། །དེ་ལ་དེ་ཁོ་ནའི་དམ་ཚིག་དེ་ཡང་རྣམ་པ་གསུམ་སྟེ། རང་བཞིན་གྱི་དེ་ཁོ་ན་དང་། དབང་འབྱོར་པའི་དེ་ཁོ་ན་དང་རྣམ་
པར་དག་པའི་དེ་ཁོ་ནའོ། །དེ་དག་ལས་དང་པོར་རང་བཞིན་གྱི་དེ་ཁོ་ནའི་དབང་དུ་བྱས་ནས་ནི། ཨོཾ་ནམ་མཁའ་ལས་བྱུང་ཞེས་བྱ་བ་ལ་སོགས་པའོ། །དབང་འབྱོར་པའི་དེ་ཁོ་ནའི་དབང་དུ་བྱས་ཏེ་ནི། ཀུན་མཆོག་ཅེས་བྱ་བ་ལ་སོགས་པའོ། །རྣམ་པར་དག་པའི་དེ་ཁོ་ནའི་
དབང་དུ་བྱས་ཏེ་ཡང་ཉེས་པ་མི་མངའ་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཀྱི་དམ་ཚིག་གི་དབང་དུ་བྱས་ཏེ་ནི། ཤིན་ཏུ་དག་པ་ཞེས་བྱ་བ་ལ་སོགས་པའོ། །དམ་ཚིག་གི་ཕྱག་རྒྱའི་དམ་ཚིག་གི་དབང་དུ་བྱས་ཏེ་ནི། ཀུན་མཆོག་ཅེས་བྱ་བ་ལ་སོགས་པའོ། །དེ་ལྟར་གླུ་དེ་ལྟ་བུ་ནི་བདག་

འཁོར་བ་ཇི་སྲིད་དུ་གནས་པ་ལ་དེ་བཞིན་གཤེགས་པ་ཁྱེད་ཀྱིས་གྲོགས་མཛད་པར་རིགས་ཏེ་བདག་ནི་སྣོད་དུ་གྱུར་པ་ལགས་སོ་ཞེས་གསོལ་བ་གདབ་བོ། །ཁ་ཅིག་ནི་འདིར་དམ་ཚིག་སྟེ་ལྷའི་རྣལ་འབྱོར་གཟུང་ནས་དེའི་རྗེས་སུ་གླུ་འདི་སྦྱར་བས་ན་དམ་ཚིག་དང་འབྲེལ་པའི་གླུ་ཞེས་ཟེར་
ཏེ། དེ་ལྟ་ན་གསུམ་ཞེས་བྱ་བ་མ་བརྗེད་པར་འགྱུར་རོ། །གཞན་དང་རྡོ་རྗེ་དང་དྲིལ་བུ་དང་ཕྱག་རྒྱ་སྟེ། དེ་གསུམ་ནི་དམ་ཚིག་གསུམ་ཡིན་ལ་དེ་གསུམ་བཟུང་ནས་གླུ་འདི་སྦྱར་བས་ན་དམ་ཚིག་གསུམ་དང་འབྲེལ་པའི་གླུ་ཞེས་ཟེར་ཏེ། དེ་ལྟ་ན་ཤུགས་ཀྱིས་གོ་བས་འབྲེལ་
བ་བསྟན་པའི་ཚིག་གི་དོན་མེད་དོ། །དེ་བཞིན་དུ་གཞན་དག་སྐུ་གསུང་ཐུགས་ཞེས་ཟེར་བ་ཡང་སྒྲུབ་པ་མེད་པས་གསལ་ཏོ། །དེ་ལྟར་བདག་ཉིད་བསྒྲུབས་ནས་ཕྱག་རྒྱ་ཆེན་པོས་ནམ་མཁའི་ཕྱོགས་སུ་འདུག་སྟེ་ཞེས་བྱ་བ་ལ་སོགས་པས་རྣམ་པ་དེ་སྙེད་ཀྱི་རིམ་གྱིས་སྲིད་པ་ཐ་
མ་པ་ལྟར་བྱང་ཆུབ་ཆེན་པོ་ལ་མཆོག་ཏུ་ཉེ་བར་བྱས་ལ། ད་ནི་བར་ཆད་མེད་པའི་ལམ་གྱི་ངོ་བོ་ལྔ་མངོན་པར་བྱང་ཆུབ་པར་བསྒོམ་པར་སྟོན་ཏེ། འདི་ཉིད་རྒྱུའི་མཐར་ཐུག་པའོ། །དེ་ལ་ནམ་མཁའི་ངོས་ནི་རི་རབ་ཀྱི་སྟེང་གི་ནམ་མཁའི་ཕྱོགས་ཏེ། དང་པོ་བསྲུང་བ་བསྒོམ་
པས་ན་དེར་མོས་པ་ཙམ་གྱིས་གནས་པས་སོ། །རླུང་གི་དཀྱིལ་འཁོར་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་དང་སྟོང་སྤྱི་ཕུད་འདིའོ། །དེ་ལ་དང་པོ་ལ་གྲུ་བཞི་ལ། གཉིས་པོ་ནི་ཟླུམ་པོ་སྟེ། དེ་ནས་བཾ་ལས་ཆུའི་དཀྱིལ་འཁོར་ཏེ་དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་རོ། །ཡང་དེའི་
སྟེང་དུ་བཾ་ལས་སྟེང་གི་རྒྱ་མཚོ་སྟེ། དེའི་དབུས་སུ་རི་རབ་བོ། །ཁོངས་སུ་འདུ་བ་ཐམས་ཅད་ནི་ཡིད་ཙམ་གྱིས་མོས་པར་བྱའོ། །སྔོན་བཞིན་དུ་ཞེས་བྱ་བ་ནི་བསྲུང་བ་བསྒོམ་པའི་ཆོ་ག་ལས་འོག་བཅིང་བའི་སྔགས་སྔོན་བཞིན་ཏེ། ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་བ་རཀྵ་སརྦཾ་སྭཱ་ཧཱ། ཞེས་བྱ་
བའོ། །རྡོ་རྗེ་བཅིངས་པས་བྱིན་གྱིས་བརླབ་བོ་ཞེས་བྱ་བ་ནི་སྔར་རྡོ་རྗེ་བཅིངས་པ་བརྐྱང་སྟེ་ས་ལ་གཞག་པས་འོག་བཅིང་བར་བྱའོ་ཞེས་བསྟན་པས་འདིར་ཡང་ངོ་། །འདིར་ཞིང་ཡོངས་སུ་སྦྱོང་བ་ཡིན་ལ། བསྲུང་བ་རྣམས་ནི་སྔར་རང་གི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་བས་བཀོད་པ་རྣམ་པར་

དག་པས་སྒྱུ་མ་ལྟ་བུར་འགྲུབ་པས་འདི་སྟོང་པ་ཉིད་དུ་བྱིན་གྱིས་བརླབ་ཏུ་མེད་པས་ད་ཡང་བསྒོམ་མི་དགོས་སོ། །འོན་ཀྱང་གནས་ཀྱི་གཞི་རི་རབ་དེ་གསར་དུ་རྣམ་པར་སྤྲུལ་པར་བྱས་པ་དང་། དེ་ལ་ཡང་ཐགས་བཟངས་རིས་ལ་སོགས་པའི་གནོད་པ་ཆེན་པོ་
ཡོད་པར་བཤད་པས། རྟོག་པ་བླང་ཐབས་པ་འབྱུང་བ་སྲིད་པ་དགག་པར་འོག་བཅིང་བ་འབའ་ཞིག་ཀྱང་བྱའོ། །དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ་ཞེས་བྱ་བ་ལ། འདིར་དཀྱིལ་འཁོར་ཆེན་པོར་བསྒོམས་ན་ངེས་པར་མངོན་པར་བྱང་ཆུབ་པ་ལྔ་བསྒོམ་པར་སྔར་
རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྐྱེད་དམ། དེ་བཞིན་གཤེགས་པའི་དམ་ཚིག་སེམས་དཔར་བསྐྱེད་ཀྱང་རུང་སྟེ་འདིར་རྣམ་པར་སྣང་མཛད་ཀྱི་གནས་སུ་འདུག་ལ་རྣམ་པར་སྣང་མཛད་དུ་གྱུར་པར་བྱའོ་ཞེས་པའི་དོན་ཏོ། །བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་
མངོན་དུ་བྱ་བ་ནི་ཁམས་གསུམ་ཆར་ལ་འདོད་ཆགས་དང་བྲལ་བ་བྱས་ལ། དེ་ནས་མངོན་པར་བྱང་ཆུབ་པ་བསྟན་པའི་ཕྱིར་རོ། །འདིར་ཐོད་རྒལ་གྱི་སྙོམས་པར་འཇུག་པ་དང་། དེའི་འོག་ཏུ་ཡང་བསམ་གཏན་བཞི་པའི་ཆུང་ངུའི་ཆུང་ངུ་ལ་སྙོམས་པར་འཇུག་ཅིང་། དེ་ནས་ཡིད་ཀྱི་
ལུས་ཀྱིས་འོག་མིན་གྱི་ཁང་པར་བསྐལ་པ་གྲངས་མེད་པ་གསུམ་གྱིས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པའི་གཟུགས་སུ་བདག་ཉིད་བསྐྱེད་པར་བསམས་ཏེ། སྔར་ངན་སོང་བ་ཐར་པར་བྱས་པའི་དུས་དང་། འདི་གཉི་གར་ཡང་བསྐལ་པ་གྲངས་མེད་
པ་གསུམ་གྱིས་ངེས་པར་བྱུང་བ་སྨོས་པ་ནི་གཉི་ག་ཡང་ས་བཅུ་པའི་དབང་ཕྱུག་ཏུ་འདྲ་བས་ན་སྟེ། འོན་ཀྱང་དེར་ནི་ཐ་མལ་པ་ཡིན་ལ། འདིར་སྐྱེ་བ་གཅིག་གིས་ཐོགས་པ་དང་། སྲིད་པ་ཐ་མ་པ་ལྟ་བུ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་འཁོད་པ་དག་ནི་ས་བཅུ་པའི་མཆོག་ཏུ་གྱུར་
པར་རིག་པར་བྱའོ། །ད་ནི་འདིར་སྔ་མ་དང་ཕྱི་མ་དག་གི་གོ་རིམས་དྲན་པར་བྱ་སྟེ། དང་པོ་གནས་ངེས་པར་བྱ་སྟེ། དེ་ནས་ཞིང་ཡོངས་སུ་སྦྱངས་ལ། གནས་བསྲུང་བ་དང་རྟེན་གྱི་དཀྱིལ་འཁོར་དང་གདན་བསྒོམས་ཏེ། དབུས་སུ་བདག་ཉིད་འདུག་ནས་ཁམས་གོང་མ་གཉིས་ཀྱི་ཏིང་ངེ་

འཛིན་བསྐྱེད་དེ། འོག་མིན་དུ་གནས་པས་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་རིགས་ལྔའི་དམ་ཚིག་ལ་ཞུགས་ཏེ། ཏིང་ངེ་འཛིན་མཁའ་ཁྱབ་ལ་སྙོམས་པར་ཞུགས་ལ། དེ་བཞིན་གཤེགས་པ་ལྔའི་ལུང་ལ་བརྟེན་ནས་མངོན་པར་བྱང་ཆུབ་པ་ལྔ་བསྐྱེད་དེ། དེ་བྱིན་གྱིས་བརླབ་
པའི་སངས་རྒྱས་ཐམས་ཅད་ལུས་ལ་བཅུག་ཅིང་། སེམས་མ་རྡོ་རྗེ་མ་ལ་སོགས་པས་གནས་བཞིར་བྱིན་གྱིས་བརླབས་ཏེ། རིགས་ལྔ་གོ་འཕང་ལ་གནས་པས་དབང་བསྐུར་བ་མནོས་ཏེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་ཀྱང་གནས་བཞིར་བྱིན་གྱིས་བརླབས་ལ། དེ་བཞིན་གཤེགས་པ་
བཞིས་བསྐོར་ཏེ་རི་རབ་ཀྱི་རྩེ་མོར་བཞུགས་པར་བྱའོ་ཞེས་བྱའོ། །དེ་ལ་འདིར་ཁ་ཅིག་ན་རེ་དཀོན་མཆོག་གསུམ་དྲན་པའི་སྔོན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་ཀྱི་ཞིང་འདི་ཏིལ་གྱི་གང་བུ་བཞིན་དུ་ཡོངས་སུ་གང་ངོ་ཞེས་བྱ་བ་འདི་ལ་དོན་མེད་པས་ངག་ལྷག་
པར་བརྗོད་དོ། །ཡང་གལ་ཏེ་དང་པོ་ནས་དེ་བཞིན་གཤེགས་པ་དེ་དག་བྱོན་ནས་སེམས་དཔའ་ཆེན་པོ་འདི་ཡང་མི་གཡོ་བའི་ཏིང་ངེ་འཛིན་ལ་འཇུག་པ་ལས་བཟློག་ནས་མངོན་པར་བྱང་ཆུབ་པ་སྟོན་པར་མཛད་ཀྱི་ཡལ་བར་མི་འདོར་རོ་ཞེས་བྱ་བ་དང་། རིགས་ལྔའི་དམ་ཚིག་ལ་འཇུག་པ་འདི་
ལ་དགོས་པ་མེད་དེ་སྔར་དམ་ཚིག་བཟུང་ཟིན་པས་འདིར་དེ་དྲན་པ་ལ་དགོས་པ་ཁྱད་པར་ཅན་མེད་དོ་ཞེས་ཟེར་ལ། གཞན་ཡང་མངོན་པར་བྱང་ཆུབ་པ་ལྔའི་དུས་སུ་དང་པོ་ནི་མཐོང་བའི་ལམ་ཡིན་ལ། གཉིས་པ་ནི་བསྒོམ་པའི་ལམ་སྟེ། གསུམ་པ་དང་བཞི་པ་ནི་བར་ཆད་མེད་པའི་ལམ་
ལ། ལྔ་པ་ནི་མཐར་ཕྱིན་པའི་ལམ་ཡིན་པ་ལས། སློབ་དཔོན་གྱིས་རྣམ་པར་དབྱེ་བ་མེད་པ་ཁོ་ནར་སྨོས་པས་འདིར་གཟུང་བར་བྱ་བ་མེད་པས་སྐབས་འདིར་ལེགས་པར་མ་བསྟན་ཏོ་ཞེས་ཟེར་རོ། །དེ་ནི་དམ་པ་མ་ཡིན་ཏེ་དང་པོ་དེ་བཞིན་གཤེགས་པ་འདུས་པ་ཁོ་ནའི་སྤྱན་སྔར་
རིགས་ལྔའི་དམ་ཚིག་བརྟན་པོར་དམ་བཅས་པས་དེ་བཞིན་གཤེགས་པ་དེ་དག་གིས་མངོན་པར་བྱང་ཆུབ་པའི་མན་ངག་བསྟན་པའི་བསྐལ་པ་བར་དུ་བྱེད་པ་སྟེ། གདུལ་བྱ་འབྱུང་བར་འགྱུར་བ་དག་ཀྱང་དམ་ཚིག་ལ་ལྷག་པར་ནན་ཏན་བྱེད་པ་ལྟ་ན་བླ་མས་མན་ངག་བསྟན་གྱི་གཞན་དུ་མ་

ཡིན་ནོ་ཞེས་ཀྱང་བསྟན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་དེ་དག་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་བྱོན་ཏེ། སེམས་དཔའ་ཆེན་པོ་དེ་ཁོ་ན་ལ་ལུང་འབོགས་པའི་ཕྱིར་འདུས་ཀྱང་དུས་ལ་གཟིགས་པས་ད་དུང་མངོན་པར་བྱང་ཆུབ་པར་མི་སྟོན་ཏེ། མི་
གཡོ་བའི་ཏིང་ངེ་འཛིན་གྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བར་མི་ནུས་པ་དང་། དེའི་འོག་ཏུ་གདོད་ལམ་སྦྱིན་པ་ནི་ཏིང་ངེ་འཛིན་དེ་ལ་དམ་པར་ལྟ་བ་དག་བཟློག་པར་འགྱུར་གྱི་གཞན་དུ་ན་མངོན་པར་བྱང་ཆུབ་པའི་ལམ་གྱིས་རྫོགས་པར་འཚང་རྒྱ་བ་ལྟར་མི་གཡོ་
བའི་ཏིང་ངེ་འཛིན་གྱིས་ཀྱང་འཚང་རྒྱ་བར་ནུས་པས་མཐུ་འདྲའོ་ཞེས་དེ་ལ་མངོན་པར་ཞེན་པ་མི་ལྡོག་པར་འགྱུར་བས་སོ། །དེས་ན་དེ་ལ་ཉེས་པ་མི་བརྗོད་དོ། །རིགས་ལྔའི་དམ་ཚིག་ལ་འཇུག་པ་ཡང་དོན་ཆེ་སྟེ། སྔར་བརྗོད་པ་ལྟར་བསྟན་པར་འགྱུར་བའི་རྒྱུ་དང་སྣོད་དུ་གཟིགས་པ་དང་།
གདུལ་བྱ་འབྱུང་བར་འགྱུར་བ་ལ་ཡང་ཕན་པར་འགྱུར་བ་དང་རང་བཞིན་གྱིས་ཀྱང་བློ་ཆེན་པོ་ཅན་དག་དོན་ཆེན་པོ་བསྒྲུབ་པར་ཉེ་བར་གནས་པ་ན་དེ་སྒྲུབ་པའི་རྒྱུདམ་བཅས་པ་ལྷག་པར་བརྟན་པ་དང་། མི་ཕྱེད་པར་དམ་བཅའ་སྟེ། དགོས་པ་སྒྲུབ་པ་ལ་མཁས་རྣམས་སྲན་ཐུབ་པས་
དཀའ་བ་རྣམས་ཀྱང་དཀའ་བ་མེད་པར་རྒྱལ། །ཞེས་བརྗོད་པ་ལྟ་བུའོ། །མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རྣམ་པར་བསྟན་པ་ནི་སློབ་དཔོན་གྱི་ཞལ་སྔ་ནས་རྩ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་སྣང་བའི་ནང་དུ་རེ་རེ་ནས་ཡེ་ཤེས་ལྔའི་དབང་དུ་བྱས་ཏེ་བསྟན་པས། དེ་ཉིད་ཀྱི་དོན་གོ་བས་འདིར་ཡང་
རྒྱུད་ཀྱི་ཚིག་རིམ་པ་མ་བསྟན་པས་འདི་ལ་ཡང་ཉེས་པ་མེད་དོ། །གང་དག་མངོན་པར་བྱང་ཆུབ་པ་དང་པོ་ནི་འཇིག་རྟེན་ལས་འདས་པ་དོན་དམ་པ་བྱང་ཆུབ་ཀྱི་སེམས་མཐོང་བས་མཐོང་བའི་ལམ་སྟེ། ཟླ་བའི་དཀྱིལ་འཁོར་དུ་ཡང་སྣང་ལ། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་
དང་བསྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང་། །འཇལ་དང་ངེས་རྟོག་བསྒོམ་པའི་ལམ། །ཞེས་བྱ་བའི་ལུས་ཀྱིས་བསྒོམ་པའི་ལམ་ནི་མཚན་ཉིད་མེད་ཀྱི་ལམ་སྔ་མ་ཉིད་གོམས་པར་བྱེད་པས་ན་ཟླ་བའི་དཀྱིལ་འཁོར་སྔ་མ་ཉིད་ཆེར་འཕེལ་བ་སྟེ་སྔ་མ་ནི་ཚེས་གཅིག་པའི་རྣམ་

པ་ལྟ་བུ་ལ་འདི་ཉ་གང་བ་ལྟ་བུའོ། །དེ་ནས་བསྒོམ་པའི་ལམ་དེ་ཉིད་རབ་ཏུ་བསྟན་ཏེ་སྐད་ཅིག་ཁོ་ནས་སྒྲིབ་པ་གཉིས་ཕྲ་བའི་ཕྲ་བ་ཡན་ཆད་སེལ་བས་སངས་རྒྱས་ཀྱི་སའི་སྒྲིབ་པ་འཇོམས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ངོ་བོ་དང་པོ་ནི་རྡོ་རྗེ་བསྒོམ་པ་ཡིན་ལ། དེའི་མཐར་ཐུག་ལ་ནི་རྡོ་རྗེའི་ང་རྒྱལ་བྱ་
བ་སྟེ། འདི་རྣམ་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུ་བརྙེས་ནས། དེའི་མཐུ་ལས་གཟུགས་ཀྱི་སྐུ་འབྱུང་བ་མངོན་པར་བྱང་ཆུབ་པ་ཐ་མ་སྟེ། ཇི་ལྟར་འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས། རྒྱལ་བ་ཆོས་ཉིད་ལུས་མེད་རབ་ཞི་བ། །གཉིས་མེད་རང་བཞིན་མེད་པ་
ཐུགས་ཆུད་ནས། །གཟུགས་སྐུ་བཟང་པོ་མཚན་གྱིས་བརྒྱན་པ་ཡིས། །འགྲོ་བ་མ་ལུས་བཀང་ཞིང་སྟོན་པར་མཛད། །ཅེས་གསུངས་པ་ལྟ་བུའོ། །དེས་ན་དང་པོ་ཟླ་བ་ཚེས་གཅིག་པ་ནས་བཟུང་བའི་བར་འདི་ནི་འཇིག་རྟེན་ལས་འདས་པའི་ལམ་མོ་ཞེས་ཟེར་རོ། །གཞན་དག་ནི་རྡོ་
རྗེ་རྩེ་མོ་ལས་ཟླ་བའི་དཀྱིལ་འཁོར་ཆེན་པོ་གཉིས་པ་ཞེས་འབྱུང་བས་ཟླ་བ་གཉིས་ཀ་ཉ་གང་བའོ་ཞེས་ཟེར་རོ། །གཞན་དག་ནི་གདུལ་བྱའི་ངོར་ཟླ་བ་ལ་སོགས་པ་བསྟན་ཀྱང་། རང་བཞིན་གྱིས་མངོན་པར་བྱང་ཆུབ་པ་ལ་མཚན་མར་སྣང་བ་དེ་དག་མེད་དོ་ཞེས་ཟེར་རོ། །སློབ་དཔོན་གྱི་
ཞལ་སྔ་ནས་ནི་ཡེ་ཤེས་ལྔའི་རྒྱུར་བསྟན་པས་མངོན་པར་བྱང་ཆུབ་པ་ལྔ་བཀོད་ཅིང་མི་བསྐྱོད་པ་ལ་སོགས་པས་བྱིན་གྱིས་བརླབ་པར་བཞེད་དེ། །མདོར་བསྡུས་ན་གསང་སྔགས་ཀྱི་ལམ་འདི་ནི་ཁྱད་པར་གྱི་ལམ་གྱི་བར་དུ་ཡང་བླ་མ་ལས་འཐོབ་ཀྱི་རང་གིས་མ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་
བྱ་བའི་ཕྱིར་བསྒོམ་པ་དེ་ཡང་སྔར་བསྐལ་པ་གྲངས་མེད་པ་གསུམ་གྱིས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་དང་འདྲ་བར་འགྱུར་ནས་ད་འདིར་མཐོང་བའི་ལམ་ནས་བརྩམས་ཏེ། ལམ་བསྒོམ་པ་ནི་ཆེས་འདོད་པར་བྱ་བ་མ་ཡིན་པས་ན། ཡེ་ཤེས་ལྔ་དང་སྦྱར་བ་འདི་ཉིད་
མཆོག་གོ། །གང་ཡང་རྒྱུད་དང་མདོ་སྡེ་དེ་དག་དེ་དག་ལས་མངོན་པར་བྱང་ཆུབ་པའི་ལམ་མི་འདྲ་བ་རྣམ་པ་མང་པོ་བསྟན་པ་དེ་དག་ཐམས་ཅད་ཀྱང་གདུལ་བྱའི་བསམ་པའི་བྱེ་བྲག་ལ་བརྟེན་པ་ཁོ་ན་སྟེ་རང་གི་མཚན་ཉིད་པའི་མངོན་པར་བྱང་ཆུབ་པ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལས་བསྟན་པ་ཁོ་ནར་ཟད་པས་ཐམས་ཅད་དུ་དེ་ཉིད་བསྔགས་ཏེ། དེ་བས་ན་བཅོམ་ལྡན་འདས་ནི་ཐབས་ཀྱི་རིམ་པ་མཐའ་ཡས་པ་ཞིག་གིས་གདུལ་བྱ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ལ་མངོན་པར་གཞག་པར་མཛད་པའོ། །འདི་ལ་རྒྱུ་ཇི་
ལྟར་བསྒོམས་པའི་འབྲས་བུ་ཐ་དད་པས་ལམ་ཐ་དད་པ་ལས་འབྲས་བུ་ཐ་དད་པར་འགྱུར་ཞེས་ཀྱང་མི་བརྗོད་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་འགྱུར་བའི་སྐད་ཅིག་གཅིག་ལ་རང་དང་སྤྱིའི་མཚན་ཉིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མཁྱེན་པས་རྒྱུ་ལ་ལ་སྤྱད་ལ།
ལ་ལ་མ་བསླབས་ཞེས་བརྗོད་པར་ཡང་མི་ནུས་པས་སོ། །ཞར་ལ་འོངས་པས་ཆོག་གི་རྣལ་མ་དཔྱད་དེ་དང་པོ་དཀོན་མཆོག་གསུམ་དྲན་པ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གོ། །དེ་ནས་བྱམས་པ་དང་སྙིང་རྗེ་དང་། འོག་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་
དང་བདེ་བའི་མཆོག་གྲུབ་པའི་ཕྱིར་ཞེས་པ་དང་། དགའ་བ་དང་བཏང་སྙོམས་ནི་སྡོམ་པ་ཐམས་ཅད་ཅེས་པ་དང་། མཆོད་པའི་ལས་ཞེས་བྱ་བས་ལས་ཀྱི་རིགས་སོ། །རིགས་ལྷག་མ་རྣམས་ཀྱི་དམ་ཚིག་ནི་གསལ་ལོ། །ཚུལ་ཐམས་ཅད་ཉེ་བར་བསྟན་པ་ནི་ཕྱི་རོལ་པའི་ལུང་
ཡང་བསྡུས་ཏེ་ཐམས་ཅད་དུ་གཏོགས་པ་དང་། རང་གི་ལུགས་ཀྱིས་ཀྱང་དེ་དཔྱད་པ་དང་ལྡན་པས་སོ། །སྔགས་ཀྱི་སྤྱོད་པའི་སྒོ་ནི་ཐེག་པ་ཆེན་པོ་ཉིད་ཀྱི་ཁྱད་པར་ཏེ། དེ་སྔོན་དུ་བྱ་བ་ནི་སྔར་དམ་བཅས་པ་དེ་བདག་གིས་མཐར་དབྱུང་ངོ་ཞེས་སོ། །མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་
སྙོམས་པར་ཞུགས་སོ་ཞེས་བྱ་བ་ལ་ཏིང་ངེ་འཛིན་འདིའི་ངོ་བོ་ཅི་ཞིག་ཡིན། ཅིའི་ཕྱིར་འདི་ལ་སྙོམས་པར་འཇུག །འདི་ཉིད་ཁོ་ནའི་འབྲས་བུ་ནི་ཅི་ཞེ་ན། དེ་དག་བརྗོད་པར་བྱ་སྟེ། ཏིང་ངེ་འཛིན་གང་གིས་ཤིན་ཏུ་སྟོང་པ་ཉིད་ལ་ཞུགས་ནས་སྣང་བའི་ཕྲེང་བ་མ་ལུས་པ་གསལ་ཏེ།
ཇི་སྲིད་ནམ་མཁའི་མཐས་ཀླས་པ་ཤིན་ཏུ་སྟོང་པ་སྐྱེས་བུ་མིག་བཙུམས་པའི་མིག་གི་ལམ་དུ་གཟུགས་ཐམས་ཅད་ཆད་ཅིང་མི་འཇུག་པ་ལྟ་བུ་ནི་འདིའི་ངོ་བོ་སྟེ། གཡོ་བ་མེད་ལ་དྲན་པ་དང་ཡིད་བདེ་བ་ཐམས་ཅད་ཆད་པས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཐབས་མཁས་པ་དང་

བྲལ་བའོ། །གང་དག་འདི་རྣལ་འབྱོར་སྤྱོད་པ་རྣམ་པ་མེད་པའི་གྲུབ་པའི་མཐའོ་ཞེས་ཟེར་བ་ནི་མི་འདོད་དེ། དེ་དག་ནི་རྣམ་པ་མི་འདོད་ཀྱིས་ཀྱང་འཕགས་པ་སོ་སོ་རང་རིག་པ་རང་བཞིན་གྱིས་འོད་གསལ་བ་མཐའ་ཡས་པར་ཁྱབ་པ་མཁས་པས་ནི་འདི་དང་མཐུན་པ་མ་ཡིན་ནོ། །
འདི་ལ་ཅིའི་ཕྱིར་སྙོམས་པར་འཇུག་ཅེ་ན། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མ་རྟོགས་ན་ཉི་ཚེའི་སྟོང་པ་དང་། ཆད་པར་བྱེད་པའི་རྣམ་པ་སུན་འབྱིན་པའི་སྟོང་པས་མངོན་པར་འཚང་མི་རྒྱའོ་ཞེས་བསྟན་པའི་ཕྱིར་ལ་འདིར་ནི་གཙོ་བོར་
བླ་མའི་དྲིན་གྱིས་མ་བསྐྱངས་ན་རང་གི་ཤེས་པའི་མཐུས་ནི་ལམ་ཁྱད་པར་ཅན་མི་རྟོགས་སོ་ཞེས་བླ་མ་ལ་གུས་པར་བྱ་བའི་ཕྱིར་རོ། །འོ་ན་བཅོམ་ལྡན་འདས་ཀྱིས་ཀྱང་། །ཉེར་འགྲོ་དང་ནི་སངས་རྒྱས་ཏེ། །ང་ལ་སློབ་དཔོན་སུ་ཡང་མེད། །ཅེས་གསུངས་ཤིང་རང་བྱུང་གི་ཡེ་ཤེས་
ཞེས་པ་བྱ་བའང་གསུངས་ལ། རང་སངས་རྒྱས་ཀྱང་རང་གི་ཤེས་པས་འབྲས་བུ་ཐོབ་ན། སྔགས་ཀྱི་ལམ་འདིར་ཅིས་ན་བླ་མ་ལ་རག་ལས་པ་གཙོར་བྱེད་ཅེ་ན། ལམ་འདིར་ནི་ཤིན་ཏུ་མཚན་མ་དང་བཅས་པའི་བྱ་བ་དང་། ཤིན་ཏུ་སྦྱང་བར་དཀའ་བའི་བྱ་བ་བུད་མེད་
བསྟེན་པ་ལ་སོགས་པ་ཡང་དང་ཡང་བསྟན་ཏེ། དེ་དག་བསྟན་པ་མེད་པར་ནི་ཐེག་པ་ཆེན་པོ་འདི་ལ་འདུན་པ་ཆེས་ཉུང་བར་འགྱུར་ཞིང་། དེ་དག་ཀྱང་དེ་ཁོ་ན་ལྟར་སྒྲ་ཇི་བཞིན་དུ་སྤྱད་པར་བྱ་བ་མ་ཡིན་པས་ན་དང་པོ་འདི་ལ་གཞུག་ཅིང་ཞུགས་ནས་སྒྲ་ཇི་བཞིན་པའི་ལམ་
གྱིས་ཡོངས་སུ་ཉམས་པ་དགག་པའི་ཕྱིར། ཆེས་ཐབས་དམ་པ་སྟོན་པའི་བླ་མ་ལ་རག་ལས་པར་རིགས་ཏེ་དགེ་སློང་གི་དངོས་པོ་རྙེད་ནས་གནས་བཞིར་བསྒྲགས་པ་ལྟ་བུའོ། །ཏིང་ངེ་འཛིན་འདིའི་འབྲས་བུ་ནི་དམ་པར་གྱུར་པ་ཅི་ཡང་མེད་དོ། །དངོས་པོའི་སྟོབས་ཀྱིས་མ་
ཞུགས་པའི་ཕྱིར་རོ། །དེ་ཡང་དངོས་པོ་ནི་རྣམ་པ་ཐམས་ཅད་དང་ལྡན་པ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དུ་རྣམ་པར་གནས་ལ། དེའི་བློ་ནི་རྣམ་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་ལ་ཞུགས་པས་སོ། །ལྷག་མ་རྣམས་ཀྱི་ཚིག་གི་དོན་

ནི་གོ་སླའོ། །གཞན་གྱི་དོན་དུ་དཀྱིལ་འཁོར་སྤྲུལ་པའི་དང་པོར་ཆོ་ག་དེ་སྙེད་ཀྱིས་བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྲུབ་པར་བྱ་བའི་རྣལ་འབྱོར་རབ་ཏུ་རྒྱས་པ་འདི་ཡིན་པས་ན་དང་པོའི་རྣལ་འབྱོར་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་སྨོས་ཏེ།
དེ་ཙམ་གྱིས་བདག་གི་དོན་ཕུན་སུམ་ཚོགས་པར་འགྲུབ་པར་ཁོང་དུ་ཆུད་པར་བྱའོ། །ད་ནི་བདག་གི་དོན་ཇི་ལྟ་བར་གྲུབ་ནས་དཔེ་མེད་པའི་འཁོར་དང་གནས་ཀྱི་ལོངས་སྤྱོད་བཀོད་པ་བསྟན་པ་སྔོན་དུ་འགྲོ་བས་ཕ་རོལ་ཏུ་ཕྱིན་པའི་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ལ་མཆོག་ཏུ་གཞོལ་
བ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་སྲིད་པས་སྐྱོ་ཞིང་ཡིད་བྱུང་བ་རྣམས་དང་། མུ་སྟེགས་བྱེད་ཕྱུགས་ལྟ་བུ་ལམ་ངན་པ་ལ་གནས་པ་དག་དང་། ཁ་ཅིག་ལྷ་དང་མིའི་འབྱོར་པ་ལ་ལྷག་པར་ཆགས་ནས་སྲིད་པ་ལ་གྱེན་དུ་འབྱུང་བར་མི་རྩོལ་བ་དག་ལ་ལྷ་དང་མི་ལས་ཡང་དག་
པར་འདས་པའི་རྒྱལ་སྲིད་ཀྱི་དབང་ཕྱུག་བྱིན་གྱིས་བརླབས་པས། དེ་དག་གིས་བདེ་བ་ཆེན་པོ་འདོད་པའི་ཡོན་ཏན་ལྔ་འདོད་ཆགས་དང་བྲལ་བ་དག་ཀྱང་ཡིད་འཕྲོག་པར་བྱེད་པ་འདིར་མངོན་པར་དགའ་བཞིན་དུ་འཇུག་པར་བྱ་བའི་ཕྱིར་བཙུན་མོ་དང་། བློན་པོ་དང་། སྲས་དང་། གཡོག་མོ་
དང་། རྩེ་དགོད་དང་བཅས་པའི་ནང་གི་ལོངས་སྤྱོད་དང་། དཔེ་མེད་པའི་གནས་དང་རྒྱན་བཀོད་པའི་དཀྱིལ་འཁོར་སྤྲུལ་པ་བསྟན་ཏེ། འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་ཆོས་ཀྱི་རྒྱལ་པོའོ། །དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་ནི་བློན་པོ་ཆེན་པོ་ལྟ་བུའོ། །རྡོ་རྗེ་
སེམས་མ་ལ་སོགས་པ་བཞི་ནི་བཙུན་མོ་དམ་པ་ལྟ་བུའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་ནི་སྲས་རྒྱལ་ཚབ་ལ་སོགས་པའོ། །རྡོ་རྗེ་སྒེག་མོ་ལ་སོགས་པ་ནི་བློན་པོའི་ཆུང་མ་སྟེ་རྒྱལ་པོའི་འབངས་མ་དམ་པ་རྣམས་སོ། །རྡོ་རྗེ་མེ་ཏོགས་ལ་སོགས་པ་ནི་གཡོག་མོ་དམ་པ་རྣམས་
སོ། །རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་ནི་རྩེ་དགོད་པ་རྣམས་སོ། །གཞན་ཡང་ཕྱི་རོལ་གྱི་འཁོར་སའི་སྣམ་བུ་ལ་མཐའ་ཡས་པར་མཆོད་པས་ལག་པ་སྦྲེལ་ཅིང་གླུ་ལེན་ལ། རྡོ་རྗེའི་གར་བྱེད་པའི་ལྷ་མོ་བུད་མེད་རིན་པོ་ཆེ་ཟིལ་གྱིས་གནོན་པ་རྣམས་ཀྱིས་སྐད་ཅིག་ཀྱང་འབྲལ་མི་ནུས་པར་དགའ་

བར་བྱེད་ལ་ཡིད་འཕྲོག་པའི་ལྷ་མོ་དང་། རིན་པོ་ཆེའི་གདུགས་དང་། བ་དན་དང་། ལྷའི་གོས་དང་། ལྡ་ལྡི་མཆོག་དང་། བླ་རེ་དང་། རྔ་ཡབ་དཀར་པོ་ནོར་བུ་དང་གསེར་གྱི་ཡུ་བ་ཅན་དང་མེ་ལོང་དང་མུ་ཏིག་གི་དོ་ཤལ་དང་དོ་ཤལ་ཕྱེད་པ་དང་མུ་ཏིག་དམར་པོའི་ཤམ་བུ་དང་དཔེ་མེད་
པར་དྲི་ཞིམ་པའི་བདུག་པ་དང་དྲི་དང་ལྷའི་ལས་འདས་པའི་བདུད་རྩིའི་བྱེ་བྲག་སྣ་ཚོགས་པའི་བཟའ་བ་དང་བཏུང་བ་དང་བཅའ་བ་དང་མྱང་བ་དང་བལྡག་པ་དང་། གཞིབ་པ་ཐམས་ཅད་ཁ་དོག་དང་དྲི་དང་རོ་དང་རེག་པ་ཕུན་སུམ་ཚོགས་པས་གང་བ། ལྷའི་ཚོགས་དེ་དག་ཀྱང་ཕན་ཚུན་
ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱིས་དགྱེས་ཤིང་འཛུམ་པ་ཟག་པ་མེད་པའི་བདེ་བ་དཔེ་མེད་པ་ཉམས་སུ་མྱོང་བས་བཞུགས་པ་སྟེ། དེ་ནི་འདི་ལྟར་བཅོམ་ལྡན་འདས་དང་པོ་གསང་སྔགས་ཀྱི་ལམ་དུ་སེམས་བསྐྱེད་པ་ནས་བརྩམས་ཏེ་ཡུན་རིང་ཞིག་ཏུ་དཀྱིལ་འཁོར་ཆེན་པོར་སྣང་བ་
ལྟ་བུའི་མཆོད་པ་བྱས་ཤིང་ཏིང་ངེ་འཛིན་དེ་ལྟ་བུ་ཡང་ཡུན་ཤིན་ཏུ་རིང་བར་གོམས་པར་བྱས་པས། དེའི་འབྲས་བུ་གྲུབ་པ་ལ་ལོངས་སྤྱོད་པའི་ཕྱིར་རོ། །རྣམ་པ་འདི་ལྟ་བུའི་དཀྱིལ་འཁོར་སྤྲུལ་པས་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་ཡང་ལམ་བདེ་
བ་འདིར་མོས་པར་བྱས་ལ་འདོད་པའི་ལྷའི་རྒྱལ་པོ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་འཛམ་བུའི་གླིང་དུ་རྒྱལ་པོ་ཀ་པི་ནི་ཡང་དགྲ་བཅོམ་པའི་འབྲས་བུ་ལ་བཀོད་ཅེས་གྲགས་པས། དོན་ཆེན་པོ་འདི་ལྟ་བུའི་ཕྱིར་ཡང་འདི་བསྟན་ཏོ། །དེ་ལ་འདིར་གོ་རིམས་ཀྱི་དོན་ནི་དང་པོའི་རྣལ་
འབྱོར་བྱས་མ་ཐག་ཏུ་ལྷ་རྣམས་ཀྱི་གནས་སུ་གདན་ཟླ་བ་བསམས་ལ། དེའི་འོག་ཏུ་མཚན་མ་སྤྲོས་ཏེ་དེ་ཡོངས་སུ་གྱུར་པ་ལས་སེམས་དཔའ་ཆེན་པོ་དེ་དང་དེ་ལ་སོགས་པའི་གཟུགས་སུ་གྱུར་པས་ཐུགས་ཀ་ནས་ཆེད་དུ་བརྗོད་པ་སྨྲ་ཞིང་། དེའི་འོག་ཏུ་དབང་བསྐུར་བའི་མཐར་
ཡང་ཆེད་དུ་བརྗོད་པ་སྨྲ་བར་བལྟ་སྟེ། དེ་ནི་གོ་རིམས་སོམོ། །དེ་ལ་དེ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་གནས་བཞིར་བདག་ཉིད་ལ་བྱིན་གྱིས་བརླབས་ལ་ཞེས་བྱ་བ་ནི་སྔར་དང་པོའི་རྣལ་འབྱོར་གྱི་མཐར་བྱ་བ་སྟེ། འདིར་བསྟན་པ་ནི་དང་པོ་རྣལ་འབྱོར་བྱས་མ་ཐག་ཏུ་

དཀྱིལ་འཁོར་སྤྲོ་བ་ཡང་འཇུག་པར་བྱའོ་ཞེས་བར་མ་ཆད་པར་བསྟན་པའི་ཕྱིར་རོ། །རང་གི་སྙིང་གར་སོན་པའི་རྡོ་རྗེ་སེམས་དཔའ་ནི། སྙིང་གའི་གནས་སུ་བླ་མས་རྡོ་རྗེ་ཕབ་པ་སྟེ། བརྗོད་པ་གཉིས་སྔོན་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་
ནི་རྣམ་པར་སྣང་མཛད་ཉིད་དོ། །དེ་ཉིད་ལ་སྔར་དེ་བཞིན་གཤེགས་པ་ཞུགས་པས་སོ། །གཞན་དག་ནི་རང་གི་རིགས་ཀྱི་གདན་རང་རང་གི་དེ་བཞིན་གཤེགས་པའི་ཐུགས་ཀ་ནས་སྤྲོས་པ་ཐམས་ཅད་ཀྱི་སྒྲས་སངས་རྒྱས་ལྔ་གཟུང་ཞེས་ཟེར་རོ། །དེ་ནས་དེ་དག་ལ་བྱམས་
པ་ལ་སོགས་པས་ནི་སེམས་དཔའ་ཆེན་པོ་རེ་རེ་ཐམས་ཅད་ཀྱི་བདག་ཉིད་དུ་བསྟན་པའི་ཕྱིར་ཕན་ཚུན་བསྡུས་པའི་རྒྱུར་སྦྱོར་བའོ། །ཚད་ཆེན་པོའི་རྡོ་རྗེ་བསྒོམ་པ་ནི་ཡང་དག་པར་ན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོའི་མཐུའི་འཕྲུལ་པ་སེམས་དཔའ་རྡོ་རྗེ་སྣང་བས་
འདི་ཆོས་ཀྱི་སྐུ་ལས་བྱུང་བར་བསྟན་པའོ། །ཡང་ཐུགས་ཀར་སོན་པའི་རྡོ་རྗེའི་ཚད་ཉིད་དུ་གྱུར་ཞེས་པ་ནི་རང་གི་ལུས་འབྱུང་བ་དང་འཚམ་པའི་རྒྱུར་བྱིན་གྱིས་བརླབ་པ་དང་། གཟུགས་ཀྱི་ལུས་ནི་ནམ་མཁའི་གཏོས་ཐམས་ཅད་ཁྱབ་པར་དམིགས་པར་མི་ནུས་པས་སོ། །རང་གི་
ལག་ཏུ་གནས་པར་བསམ་པ་ནི་འདི་དག་བཅོམ་ལྡན་འདས་འདིའི་ཕྱག་ལྟར་གནས་ཏེ་སྐྱེས་བུའི་ལག་པ་གཡས་པ་ལྟར་དགོས་པ་ཐམས་ཅད་བྱེད་པར་བསྟན་པའི་ཕྱིར་རོ། །ཐུགས་ཀར་གྱུར་པའི་རྡོ་རྗེ་ལ་ཞུགས་པ་ནི་དེ་ནི་ཕྱི་རོལ་གྱི་ལུས་མ་ཡིན་ཏེ་དེ་བཞིན་གཤེགས་པའི་
ཐུགས་ཉིད་དོ་ཞེས་བསྟན་པའོ། །ཆོ་ག་འདི་དག་གིས་ཀྱང་དཀྱིལ་འཁོར་གྱི་ལྷ་ཇི་སྙེད་པ་ནི་རང་གི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པའོ་ཞེས་བསྟན་པས་རྒྱུད་གཞན་དུ་འཛིན་པའི་རྟོག་པ་བཀག་པའོ། །སངས་རྒྱས་ལྔའི་དབུ་རྒྱན་གྱིས་དབང་བསྐུར་བས་ཀྱང་མངོན་པར་དབང་བསྐུར་ཏེ་ཞེས་
བྱ་བ་ལ་འདི་དག་ནི་རིགས་ལྔའི་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བ་ཡིན་ལ། རིགས་རེ་རེ་ཡང་རིགས་ལྔ་ལྔ་དང་མཚུངས་པར་ལྡན་པས་ན་རིགས་ལྔའི་བདག་པོས་དབུ་བརྒྱན་པར་བྱའོ། །གང་དུ་དེ་བཞིན་གཤེགས་པ་རྣམས་ལ་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་བ་དེར་ནི། དེ་

དག་ལ་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་ཕུལ་བའི་རྟགས་ཀྱིས་མཚན་པ་ཡིན་ལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་ལ་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་བ་ཡང་། དེ་དག་ནི་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཁོ་ན་ཡིན་ལ།
སྐྱེ་བ་གཅིག་གིས་ཐོགས་པ་དག་ལ་ནི་ངེས་པར་དེ་བཞིན་གཤེགས་པའི་དབུ་རྒྱན་ཉིད་གནང་བས་དེ་ཉིད་རིགས་ཏེ། ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་དགའ་ལྡན་དུ་ཉིད་ཀྱི་དབུ་རྒྱན་ཕུད་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་མགོ་ལ་གཞག་གོ་ཞེས་
གསུངས་པ་ལྟ་བུའོ། །བླ་ན་མེད་པའི་ཚུལ་ཁྲིམས་ལ་སོགས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་སྒྲུབ་པར་བྱེད་པ་དང་པོའི་རྡོ་རྗེ་དང་། དང་པོའི་རྡོ་རྗེས་མཚན་པའི་དྲིལ་བུ་ཞེས་བྱ་བ་ལ་སོགས་པ་ལ་
བླ་ན་མེད་པའི་ཚུལ་ཁྲིམས་ལ་སོགས་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཞེས་བྱ་བ་མི་སློབ་པའི་ཕུང་པོ་ལྔ་སྟེ། དེ་དག་དགྲ་བཅོམ་
པ་ལ་སོགས་པ་ཡང་ཡོད་པས་དེ་གསལ་བའི་ཕྱིར་བླ་ན་མེད་པ་སྨོས་ཏེ། སངས་རྒྱས་ཀྱི་སས་བསྡུས་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་སངས་རྒྱས་ཀྱི་སའི་ཆོས་ཐམས་ཅད་བསྡུ་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་དུ་མངོན་པར་རྫོགས་
པར་བྱང་ཆུབ་པ་ཞེས་སོ། །དེ་སྒྲུབ་པར་བྱེད་པ་ནི་དབང་བསྐུར་བ་སྟེ། དེ་ཡང་དང་པོའི་རྡོ་རྗེ་སྟེ་དེ་བཞིན་གཤེགས་པའི་རྡོ་རྗེ་དང་དེས་མཚན་པའི་དྲིལ་བུ་ལ་སོགས་པས་དབང་བསྐུར་བའོ། །ཕྱོགས་འདིས་ནི་སེམས་དཔའ་ཆེན་པོ་དག་ལ་མོས་པའི་གང་ཟག་དགའ་བར་བྱས་པ་ཡང་
བལྟ་སྟེ། དེ་དག་དེ་བཞིན་གཤེགས་པ་ཉིད་དུ་བསྒྲུབ་པས་སོ། །མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་རྣམས་འགྲུབ་པའི་ཕྱིར་དང་། ཀུན་དུ་བཟང་པོའི་ཕྱིར་སྦྱིན་ཞེས་གཉིས་ཀ་བཞི་པའི་མཐའ་བསྟན་པ་ནི། དབང་བསྐུར་བ་དེ་དག་གིས་སེམས་དཔའ་

ཆེན་པོ་དེའི་བདག་དང་གཞན་གྱི་དོན་འགྲུབ་པར་བསྟན་པའོ། །མིང་གི་དབང་བསྐུར་བ་ལ་སོགས་པ་ཞས་བྱ་བ་ལ་སོགས་པ་སྨོས་པས་ནི་རྗེས་སུ་གནང་བ་དང་ལུང་བསྟན་པ་དག་ཏུ་བསྡུའོ། །གཞན་དག་ནི་འདི་ལ་ལུང་བསྟན་པ་མི་འདོད་དེ་རྗེས་སུ་གནང་བ་ཙམ་
ཞེས་ཟེར་རོ། །ལུང་བསྟན་པ་ཁས་བླང་བ་ལ་ཉེས་པ་མེད་དེ་ཐ་དད་པ་མེད་ཀྱང་སེམས་ཅན་གྱི་དོན་དུ་ཐ་དད་པར་བསྟན་ནས་ནམ་ཞིག་ན་དེ་ཡང་རྫོགས་པར་བྱང་ཆུབ་པའི་དཀྱིལ་འཁོར་གྱི་བདག་པོར་འགྱུར་ཞེས་ཐབས་མཁས་པའི་དཀྱིལ་འཁོར་གྱིས་ཏེ་འདི་ལེགས་སོ། །གཞན་དག་
དང་པོ་ཆུའི་དབང་བསྐུར་བ་འདིར་སོགས་པའི་སྒྲ་སྨོས་པས་བསྡུས་ཞེས་ཟེར་རོ། །དེ་ནི་མི་འདོད་དེ་ཐ་མར་བསྟན་པས་དང་པོར་བྱ་བ་བསྡུ་བ་ནི་ཧ་ཅང་ཁྱབ་ཆེས་པའི་ཕྱིར་དང་། ཆུའི་དབང་བསྐུར་བ་ནི་ཤུགས་ཀྱིས་རྟོགས་ཏེ་གང་དུ་ཡང་བུམ་པ་མེད་པར་དབང་བསྐུར་བ་མི་འཚམ་
ལ། བུམ་པ་ཡང་ཆུས་མ་བཀང་བའི་སྟོང་པས་མིན་ཞེས་འཇིག་རྟེན་གྱི་ལུགས་ཉིད་ལ་ལྟོས་པས་སོ། །ཆོ་ག་དེ་དག་ནི་སེམས་དཔའ་ལྷག་མ་རྣམས་ལ་ཡང་བལྟའོ་ཞེས་བསྟན་པའི་ཕྱིར་ནི། དེ་ལྟར་སྐྱེས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྐྱེད་པ་ནི་ཟླ་བ་དང་རྡོ་རྗེ་ཆེན་པོ་དང་།
རྡོ་རྗེ་ཆུང་ངུ་དང་། སེམས་དཔའི་ལུས་རྣམས་སོ། །སྤྲོ་བ་ནི་དེ་དག་ལས་འོད་ཟེར་རྣམས་སོ། །བསྡུ་བ་ནི་སླར་དེ་དག་ཉིད་ལའོ། །དེས་ན། སྤྲོ་བའི་གནས་དང་བསྡུ་བའི་གནས། །ཞེས་སྦྱར་ཏེ་རྡོ་རྗེ་རྣམ་པ་གཉིས་པོ་དག་ནི་སྤྲོ་བ་དང་བསྡུ་བ་
གཉིས་ཀའི་གནས་སོ། །སེམས་དཔའི་ལུས་ནི་བསྡུ་བའི་གནས་སོ། །དེ་དག་བརྟན་པར་བསྒོམ་པ་ནི་སེམས་མི་གཡེང་བར་བྱ་བ་སྟེ། དེ་དག་ནི་རྡོ་རྗེ་ཁུ་ཚུར་གྱི་བར་དུ་བལྟའོ་ཞེས་སྦྱར་རོ། །སེམས་མ་རྡོ་རྗེ་མ་ལ་སོགས་པ་ནི་ལུགས་གཞན་ཡིན་པས་དེ་ནས་མི་བསྐྱོད་པའི་ང་
རྒྱལ་གྱིས་སེམས་མ་རྡོ་རྗེ་མ་བསྒྲུབ་པོ་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་དབུས་ན་གནས་པའི་འདུ་ཤེས་གཏད་པས་དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞུགས་པ་ལ་མཆོད་པའི་ཕྱིར་ཏིང་ངེ་འཛིན་འདི་ལྟ་བུ་བྱ་བ་སྟེ། ཇི་ལྟར་དང་པོ་རྒྱུད་ཀྱི་སེམས་དཔའ་

འབྱུང་བའི་བཤད་པའི་རྗེས་སུ་འབྲང་ཞེས་པའི་དོན་ཏོ། །འདི་ནི་དཀྱིལ་འཁོར་རྣམས་ཀྱི་རྒྱལ་པོ་ཡིན་པས་དཀྱིལ་འཁོར་རྒྱལ་པོ་སྟེ། འདིར་དབང་བསྐུར་ན་རིགས་ལྷག་མ་རྣམས་དང་རང་གི་གཟུགས་ཀྱི་དཀྱིལ་འཁོར་ལ་སོགས་པ་ཡང་དབང་བསྐུར་བར་གྱུར་པས་
སོ། །དེ་ཉིད་ཀྱི་ཕྱིར་ན་མཆོག་སྟེ་དམ་པ་ཞེས་བྱ་བའི་དོན་ཏོ། །དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་བཤད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་མོས་པར་བྱ་བའི་ཕྱིར་རོ། །འདིར་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་ལེགས་པར་ཁོང་དུ་ཆུད་པས་དཀྱིལ་འཁོར་འདི་ལྟ་བུ་བསྒོམས་
ན་འབྲས་བུ་རབ་ཏུ་མཐུ་ཅན་དུ་འགྱུར་བར་རིག་པར་བྱ་སྟེ། དེ་དག་ཀྱང་རྒྱུད་ཀྱི་འགྲེལ་པར་རྒྱ་ཆེར་བསྟན་པས་དེ་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་གཞན་གྱི་དོན་བྱེད་པ་དང་ཤིན་ཏུ་འཚམ་པའི་དཀྱིལ་འཁོར་ཆེན་པོའི་ཏིང་ངེ་འཛིན་བཀོད་པ་བསྟན་ནས། ད་ནི་འདིར་གཞན་གྱི་
དོན་ལ་ཇི་ལྟར་འཇུག་པ་གཞན་གྱི་དོན་གྱི་ཕྲིན་ལས་ལ་དཀྱིལ་འཁོར་པ་རྣམས་གཞག་པ་བསྟན་པའི་ཕྱིར། དེ་ནས་རྣམ་པར་སྣང་མཛད་དང་བདག་ཉིད་ལྷན་ཅིག་དབྱེར་མེད་པར་རྣམ་པར་བསམས་ལ་བསྡུ་བར་བྱའོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགའ་ཞིག་རྡོ་རྗེ་སེམས་
དཔའ་ལ་སོགས་པའི་རྣལ་འབྱོར་པ་ཡིན་ན་དེས་མངོན་པར་བྱང་ཆུབ་པ་བསྟན་ཏེ། དཀྱིལ་འཁོར་སྤྲུལ་ནས་སླར་དེའི་རྣལ་འབྱོར་གྱིས་ཐ་དད་པར་གནས་པ་སྲིད་ཅིང་དེ་བཞིན་གཤེགས་པའི་རྣལ་འབྱོར་ཅན་ཡང་ཐ་དད་པར་གནས་པས་ན་འདིར་ལྷན་ཅིག་ཐ་མི་དད་པ་སྨོས་ཏེ། དེ་ལ་
འཇུག་ཅེས་པའི་དོན་ཏོ། །བསྡུ་བར་བྱའོ་ཞེས་བྱ་བ་ནི་འོག་ནས་བསྟན་པའི་སྔགས་དང་ཕྱག་རྒྱས་སོ། །དེ་བཞིན་གཤེགས་པ་རྣམས་ནི་ཐུགས་དམ་གྱི་དབང་གིས་ངེས་པར་འཁོར་དང་བཅས་པ་བྱོན་པས་ན། དེ་ནས་འདུས་ཏེ་བྱོན་པའི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་
དཔའི་འཁོར་གྱི་དཀྱིལ་འཁོར་དང་ཐམས་ཅད་ཅེས་སྨོས་ཏེ། དེ་དག་ཀྱང་རྣལ་འབྱོར་པ་དཀྱིལ་འཁོར་གྱི་བདག་པོར་གྱུར་པ་ལ་ཕྱག་འཚལ་ཞིང་བསྟོད་པ་ནི་ཨོཾ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ཁྱོད་ཉིད་དེ་བཞིན་གཤེགས་

པ་ཐམས་ཅད་དོ་ཞེས་པའོ། །ཨེ་མ་ཞེས་བྱ་བ་ལ་སོགས་པ་ནི་བསྟོད་པ་སྟེ། ཨེ་ནི་སྤྲོ་བར་སྟོན་པའོ། །གང་ལ་ཡིད་སྤྲོ་ཞེ་ན་ཀུན་དུ་བཟང་པོའི་སྟེ། དཀྱིལ་འཁོར་ཆེན་པོའི་བདག་པོ་རྣལ་འབྱོར་པ་ཀུན་དུ་བཟང་པོའི་བྱང་ཆུབ་སེམས་དཔའི་བྱ་བ་
མཆོག་སྟེ། འདི་བྱང་ཆུབ་སེམས་དཔའ་ཡིན་དུ་ཟིན་ཀྱང་བྱ་བ་མཆོག་སྟེ་སངས་རྒྱས་ཀྱི་བྱ་བ་རྣམས་ད་ལྟ་ཉིད་དུ་བྱེད་པ་ནི་དེ་དང་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་མི་འཆད་པར་བྱེད་པའོ། །དེས་ན། གང་ཞིག་དེ་བཞིན་གཤེགས་འཁོར་ལོའི། །དབུས་ན་དེ་བཞིན་གཤེགས་
པ་མཛེས། ཞེས་པ་སྟེ། ཁྱོད་མི་བསྐྱོད་པ་ལ་སོགས་པ་བཞིའི་དབུས་ན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དུ་གྱུར་ཅིང་མཛེས་ལ་གསལ་ལོ་ཞེས་བསྟོད་པའོ། །དེ་ལྟར་ན་གསང་སྔགས་ཀྱི་ལམ་འདིར་ནི་དེ་བཞིན་གཤེགས་པའི་མཛད་པ་ལ་རྗེས་སུ་སློབ་ལ། ཕ་རོལ་ཏུ་ཕྱིན་
པའི་ལམ་དུ་ནི་བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་རབ་ཏུ་བཞུགས་པ་དག་གི་རྗེས་སུ་སློབ་ཅིང་། ཉན་ཐོས་རྣམས་ནི་དགྲ་བཅོམ་པ་དག་གི་རྗེས་སུ་སློབ་ལ། འཇིག་རྟེན་པ་རྣམས་ནི་ཁྱབ་འཇུག་ལ་སོགས་པ་དག་གི་རྗེས་སུ་སློབ་པས་གོང་ནས་གོང་དུ་ཁྱད་ཆེས་འཕགས་པའོ། །དེ་
ནས་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་ཞུགས་ཏེ་ཞེས་བྱ་བ་ནི་ཁྱོད་དེ་ཙམ་དུ་བྱ་བ་དོན་ཆེན་པོ་ལ་གནས་པ་ལ་ངེད་ཀྱང་ཕན་འདོགས་པས་ཁྱོད་ཀྱི་ཡིད་བྱིན་གྱིས་བརླབ་བོ་ཞེས་པས་བཞུགས་པའོ། །དེ་བཞིན་དུ་ཁྱོད་འབའ་ཞིག་མ་ཡིན་གྱི་ཁྱོད་ཀྱི་འཁོར་དཀྱིལ་འཁོར་དུ་ལྷག་པར་གནས་པར་
བྱས་པ་འདི་དག་ཀྱང་ངེད་ཀྱིས་བྱིན་གྱིས་བརླབ་བོ་ཞེས་ནས་ངེས་པར་འཐོན་ནས་སེམས་མ་རྡོ་རྗེ་ལ་སོགས་པ་རྣམས་དང་གཅིག་ཏུ་གྱུར་ཏེ་ཞེས་སྨོས་སོ། །དེ་དག་ཀྱང་ཅིག་ཅར་རམ་རིམ་གྱིས་རང་རང་གི་གཟུགས་ཀྱིས་རང་རང་གི་ལྷ་རྣམས་ལ་ཐིམ་ནས་སླར་ཡང་ཆེད་དུ་རྗོད་པར་བྱེད་པ་ནི།
ཨེ་མ་ཞེས་བྱ་བ་ལ་སོགས་པ་སྟེ། ཨེ་མ་ཞེས་པ་ནི་སྔོན་བཞིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །རྒྱ་ཆེན་ནི་གཟུགས་ཀྱི་སྐུ་སྟེ་གདོད་ནས་སྐྱེ་བ་མེད་པ་ནི་ཆོས་ཀྱི་སྐུའོ། །དེ་ལྟར་ན་རྒྱ་ཆེ་བས་ནི་ཐམས་ཅད་དུ་ཁྱབ་པར་ནུས་ལ། །

གདོད་མ་ནས་མ་སྐྱེས་པ་ནི་ངོ་བོ་ཉིད་མེད་པའི་ཕྱིར་ཕན་ཚུན་ཐོགས་པ་དང་ཐ་དད་པར་ཞེན་པ་དང་བྲལ་བས་སངས་རྒྱས་གཅིག་ཉིད་ཐམས་ཅད་ཀྱི་ངོ་བོ་ཡིན་ཏེ། ཐོགས་པ་མེད་པའི་སྐུ་ཅན་ཞེས་པའི་དོན་ཏོ། །དེས་ན་རྡུལ་ཕྲན་བགྲང་བ་གང་ཡིན་པའི་སངས་རྒྱས་ཐམས་ཅད་
གཅིག་ཏུ་བྱའོ་ཞེས་པ་ནི་འཐད་པའོ། །དེ་ལྟར་རྣལ་འབྱོར་གྱི་དབང་ཕྱུག་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་དེ་སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་ལ་བཀུར་བར་བྱས་པས་ལྷག་པར་མོས་པར་བསྟན་པར་བྱས་ནས་དཔེ་མེད་པའི་ཐབས་མཁས་པས་ཡང་སླར་ཐ་དད་
པའི་ལུས་ལ་གནས་པས་ལུས་ཀྱི་བྱ་བ་ལ་འཇུག་པའི་ཕྱིར། དེ་ནས་དཔལ་རྡོ་རྗེ་སེམས་དཔའི་གནས་ན་གནས་པའི་རྣལ་འབྱོར་པས་ཞེས་བྱ་བ་སྨོས་པ་སྟེ། འདིར་གང་ཞིག་གང་གིས་ཟློས་པ་པོ་ཡིན་ཡང་རུང་སྟེ། དཔལ་རྡོ་རྗེ་སེམས་དཔའ་དང་ཐ་མི་དད་པར་བྱ་བའི་ཕྱིར་རྣམ་
པར་སྣང་མཛད་ཀྱི་ཐུགས་ཀ་ནས་འཐོན་ལ་དེའི་གནས་སུ་བསྡད་ཅེས་པའོ། །དེར་གནས་ནས་ཅི་ཞིག་བྱེད་ཅེ་ན། དེའི་ཕྱིར་ཕྲེང་བའི་དབང་ལ་སོགས་པ་བླངས་ལ་ཞེས་སྨོས་ཏེ། དཀྱིལ་འཁོར་དུ་ཞུགས་ལ་མིག་ཕྱེ་སྟེ། ཕྲེང་བ་དོར་ལ་དེ་བླངས་ཏེ་སྤྱི་བོར་གདགས་པས་དབང་
བསྐུར་ནས་དབང་ལྷག་མ་ལྔ་དང་རྡོ་རྗེ་བརྟུལ་ཞུགས་བླང་བ་སྔོན་བཞིན་བྱ་ཞེས་བྱ་བའི་དོན་ཏོ། །ཅི་དེ་ཙམ་དུ་ཟད་དམ་ཞེ་ན། དེའི་ཕྱིར་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་བཅིང་བ་དང་དབང་དུ་བྱས་ལ་རྣམ་པར་སྣང་མཛད་ལ་སོགས་པ་ཕྱག་རྒྱ་བཞིས་རྒྱས་གདབ་པ་བྱ་སྟེ་
ཞེས་བྱ་བ་སྨོས་ཏེ། སྔ་མ་ནི་ཕྱོགས་བཅུའི་སངས་རྒྱས་འཁོར་དང་བཅས་པ་རྣམས་བསྡུ་བས་སྤྱིར་བྱ་བ་ཡིན་ལ། འདིར་དགུག་པ་ལ་སོགས་པ་ནི་རང་གི་དཀྱིལ་འཁོར་བ་ཉི་ཚེ་ལ་ཆོ་ག་ཐུན་མོང་མ་ཡིན་པའོ། །འོ་ན་བྱེ་བྲག་ནི་སྤྱིར་འདུས་པས་སྔ་མའི་སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་ཐམས་ཅད་བསྡུས་པའི་ཁོངས་སུ་རང་གི་དཀྱིལ་འཁོར་པ་ཡང་འདུས་པ་མ་ཡིན་ནམ། དེ་བཞིན་དུ་རིགས་པ་སྔ་མས་ལྷ་ཐམས་ཅད་བདག་ཉིད་གཅིག་མོད་ཅེ་ན། རང་བཞིན་ལ་ནི་ལྟ་གཅིག་ཁོ་ནའི་བྱ་བས་ལྷ་ཐམས་ཅད་ཀྱི་བྱ་བར་འགྱུར་བས་ན་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་

བསྟན་པའོ། །འོན་ཀྱང་དཀྱིལ་འཁོར་ཆེན་པོའི་རྣལ་འབྱོར་འདི་ལྟ་བུ་ནི་ཤིན་ཏུ་སྤྲོ་བ་ལ་དགའ་བའི་གང་ཟག་གི་ངོར་བྱས་ཤིང་ཡང་དང་ཡང་དུ་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་བསྟན་པས་རྣལ་འབྱོར་སེམས་སྦྱངས་པ་ནི་འདི་ལ་ཡང་ཉེས་པས་འདིར་དོགས་པ་བསྐྱེད་
པར་མི་བྱའོ། །དེ་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་བྱ་བ་དང་ཕྱག་རྒྱ་བཞིས་རྒྱས་གདབ་པ་ནི་སྔ་ཕྱིར་ཞིབ་ཏུ་དཔྱད་པས་འདིར་བདག་གིས་ཀྱང་བརྗོད་མི་དགོས་སོ། །དེ་ལྟར་ལས་བྱེད་པ་པོ་རྣམས་ཀྱི་ཚུལ་རྒྱས་པར་བསྟན་ནས། ད་ནི་ཇི་ལྟ་བ་ལ་གཞག་པ་བསྟན་པའི་ཕྱིར། སངས་རྒྱས་
ཐམས་ཅད་གཅིག་ཏུ་བསྡུ་བ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རྣམ་པར་སྣང་མཛད་ནི་དང་པོ་མངོན་པར་རྫོགས་པར་བྱང་ཆུབ་མ་ཐག་ཏུ་ལུས་ལ་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་པས་རྡོ་རྗེའི་དབྱིངས་སུ་གྱུར་པས་དེ་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པའོ། །
མི་བསྐྱོད་པ་ལ་སོགས་པ་ཡང་སྔར་སངས་རྒྱས་ཐམས་ཅད་དུ་མོས་པས་ཕྱོགས་བཞིར་བཞུགས་ཞེས་བྱ་བའི་ཚུལ་གྱིས་སངས་རྒྱས་གཅིག་ཏུ་བསྡུས་པ་སྟེ། མདོར་བསྡུ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དུ་གང་ན་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་ལོངས་
སྤྱོད་རྫོགས་པའི་སྐུས་འདུལ་བ་དེ་དང་དེར་དེ་བཞིན་གཤེགས་པ་འདི་ལྔ་གཤེགས་ཏེ། ལྔ་མངོན་པར་བྱང་ཆུབ་པ་བསྟན་ནས་དེའི་རྗེས་སུ་འགྲོ་བའི་རིས་མང་པོ་འཇུག་པར་མཛད་ཅེས་པའི་དོན་ཏོ། །རིགས་ཐམས་ཅད་རྒྱས་གདབ་པ་དང་ཞེས་བྱ་བ་ལ་རིགས་ནི་དེ་བཞིན་གཤེགས་པའི་རིགས་
ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །འདི་ཐམས་ཅད་ཀྱང་ཡིན་ལ་རིགས་ཀྱང་ཡིན་པས་ན་རིགས་ཐམས་ཅད་དོ། །དེ་དག་ལ་རྒྱས་གདབ་པ་ནི་སེམས་མ་རྡོ་རྗེ་མ་ལ་སོགས་པས་དཔྲལ་བའི་སྟེང་ལ་སོགས་པར་རྒྱས་བཏབ་པས་སྔར་བསྟན་པ་ལྟར་རིགས་ལྔའི་དབུ་རྒྱན་གྲུབ་པར་
བྱ་བ་སྟེ། ཇི་སྐད་དུ་རྣལ་འབྱོར་གྱི་རྒྱུད་ཁ་ཅིག་ལས། རྒྱུ་ལ་འབྲས་བུས་རྒྱས་བཏབ་ཅིང་། །འབྲས་བུ་ལ་ཡང་རྒྱུས་རྒྱས་བཏབ། །གཞན་དུ་བསྐལ་པ་བྱེ་བར་ཡང་། །དངོས་གྲུབ་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པས་འདིར་རྒྱུ་སྟེ། དེ་བཞིན་གཤེགས་པའི་རིགས་རྣམས་ལ་

འབྲས་བུ་དེ་བཞིན་གཤེགས་པ་རྣམས་ཀྱིས་རྒྱས་གདབ་བོ། །དེ་ཡང་བུའི་རྒྱན་མས་འདོགས་པ་ལྟར་རིགས་ཀྱི་ཡུམ་རྣམས་ཀྱིས་རྒྱས་འདེབས་པའི་བྱེད་པ་པོར་བྱའོ། །དེ་ནི་ཆོས་ཀྱི་རྒྱལ་པོའི་སྲས་སུ་བྱིན་གྱིས་བརླབས་པས་སེམས་དཔའ་རྣམས་ལྷག་པར་མཐུ་དང་ལྡན་པར་
འགྱུར་རོ། །དེ་བཞིན་དུ་འབྲས་བུའི་ངོ་བོ་དེ་བཞིན་གཤེགས་པ་རྣམས་ལ་ཡང་རྒྱུ་སྟེ། རིན་ཆེན་རྡོ་རྗེ་མ་རིན་པོ་ཆེའི་དབུ་རྒྱན་དུ་གནས་པར་བྱས་ནས་འཁོར་རྣམས་ལ་ལྷག་པར་སྐྱོང་བའི་མཚན་མས་རྒྱལ་པོར་རུང་བར་མཚན་པའོ། །དེ་ལྟར་ན་ཕྱོགས་བཅུའི་འཇིག་རྟེན་གྱི་
ཁམས་རྣམས་སུ་སེམས་མ་རྡོ་རྗེ་མ་ལ་སོགས་པ་འཕྲོས་ཏེ་གང་ན་རྣལ་འབྱོར་པ་རིགས་དེ་དང་དེ་ལ་རྒྱས་གདབ་པར་འོས་པ་དེ་དག་ལ་རྒྱས་བཏབ་པར་བསམ་མོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། །ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་སེམས་མ་ལ་སོགས་པའིའོ། །དམ་པའི་ཆོས་ཀྱི་
གྲོང་ཁྱེར་བསྐྱང་བ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པའི་དབང་དུ་བྱས་པ་སྟེ། དེ་དག་ནི་གང་ན་དཀྱིལ་འཁོར་ཆེན་པོ་ཡོད་པ་དེར་སྔོན་གྱི་སྨོན་ལམ་དང་དཀྱིལ་འཁོར་དེའི་བདག་པོའི་མཐུ་དང་སྔོན་གྱི་དམ་ཚིག་གིས་ངེས་པར་འདུ་བ་ཡིན་པས། དེ་དག་ལ་
དམིགས་ཀྱིས་བཀར་བའི་སྤྱན་དྲང་བ་མེད་ཀྱང་འདུས་པར་ལྷག་པར་མོས་པར་བྱའོ། །དེ་ལ་འདིར་དོན་ནི་རྣལ་འབྱོར་པའི་བསྡུ་བའི་རྣལ་འབྱོར་གྱིས་བསྡུས་ཏེ། བསྡུས་པས་བྱོན་པའི་ལྷ་རྣམས་ཀྱིས་ཕྱག་འཚལ་བ་དང་བསྟོད་པ་བྱས་ནས་སྙིང་གར་ཞུགས་ཤིང་སླར་ཕྱི་རོལ་དུ་ལྷ་
རྣམས་ལ་ཐིམ་སྟེ་ཆེད་དུ་བརྗོད་ནས། དེའི་འོག་ཏུ་རང་གི་ལྷག་པའི་ལྷའི་ལུས་ཐ་དད་པ་ལ་བརྟེན་ཅིང་དཀྱིལ་འཁོར་དུ་འཇུག་པ་དང་དབང་བསྐུར་བ་བྱས་ལ། རྡོ་རྗེ་བརྟུལ་ཞུགས་བཟུང་ནས་ལྷ་རྣམས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་སྟེ། ཕྱག་རྒྱ་བཞིས་
རྒྱས་བཏབ་ལ་དེའི་འོག་ཏུ་འདི་ལྟར་མོས་པ་བྱའོ། །ཅི་ཙམ་ནམ་མཁའི་མཐས་ཀླས་པ་འདི་ནི་དཀྱིལ་འཁོར་ཆེན་པོ་འདིའི་ལྷ་རྣམས་ཀྱིས་གདུལ་བར་བྱ་བ་ནི་ཚད་མེད་པ་ཞིག་ཡོད་པས་བདག་གིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྒྲུབ་པའི་ཕྱིར་དཀྱིལ་འཁོར་

ཆེན་པོ་བསྒྲུབས་པ་ནི་ཕྱོགས་བཅུའི་འགྲོ་བའི་དོན་ལ་སྤྲོ་པར་བྱའོ་ཞེས་སོ། །དེ་ནས་དང་པོ་དེ་བཞིན་གཤེགས་པ་ལྔ་སྤྲོས་ཏེ་དེ་དག་གིས་ཕྱོགས་བཅུ་རབ་འབྱམས་མཐའ་མེད་པར་མཛད་པ་ལ་གནས་པར་བསམ་མོ། །རིམ་པ་འདི་ཐམས་ཅད་ཀྱང་སྤྲོས་ཏེ།
མཇུག་ཏུ་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་ལ་ཡང་། ཁྱེད་ཀྱང་ཕྱོགས་བཅུ་གང་ན་གདུལ་བྱ་ཆེན་པོའི་ཕྱིར་དཀྱིལ་འཁོར་བཀོད་པ་དེར་བཞུད་ལ་དཀྱིལ་འཁོར་གྱི་ཁང་པ་སེམས་དཔའ་ཆེན་པོས་གང་བར་མཛོད་ཅིག་ཅེས་བསྐུལ་བའི་ཡིད་ཀྱིས་དེ་དག་བཏང་བས།
ཕྱོགས་བཅུ་རབ་འབྱམས་མཐའ་མེད་པའི་དཀྱིལ་འཁོར་གྱི་ཕོ་བྲང་དུ་དེ་དག་གཤེགས་ཏེ། དཀྱིལ་འཁོར་རེ་རེ་ན་ཡང་སེམས་དཔའ་ཆེན་པོ་སྟོང་དུ་བཞིས་མ་ཚང་བ་རྣམས་འཁོད་ཅིང་དཀྱིལ་འཁོར་ཆེན་པོ་ཡོངས་སུ་བསྐྱང་བ་ལྟར་བསྐོར་ཏེ་གནས་པར་མོས་པར་བྱའོ། །འདིས་ནི་རང་
གི་ལྷའི་ཚོགས་ཇི་སྙེད་པ་སྟེང་འོག་དང་ཐད་ཀར་ཕྱོགས་དང་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཆེན་པོ་དག་གི་དོན་ལ་གཤེགས་པར་ལྷག་པར་མོས་པར་བསྟན་པའོ། །གཞན་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པར་སྒྲུབ་པ་ཞེས་བྱ་བ་ཐུན་མོང་གི་
དམ་ཚིག་སེམས་དཔའ་རྣམས་ཀྱི་འཇུག་པ་མོས་པ་ལྟར་དམ་པའི་ཆོས་ཀྱི་གྲོང་ཁྱེར་བསྐྱང་བ་ཞེས་བྱ་བ་འདི་ཡང་ཐུན་མོང་གི་ཚིག་ཡིན་པས་ན་ལྕགས་ཀྱུ་ལ་སོགས་པའོ་ཞེས་ཟེར་ཏེ། དེ་ནི་མི་འཐད་དེ་གལ་ཏེ་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་འདིར་བསྒོམ་པའི་དཀྱིལ་འཁོར་
ལ་མེད་ན་ཕྱིས་རྡུལ་ཚོན་ཡང་བྲི་བར་མི་རིགས་ཏེ། འདི་ཇི་ལྟར་ཕྱིས་རྡུལ་ཚོན་དུ་བྲི་བའི་རིགས་པས་སོ། །གཞན་དག་ནི་ཇི་ལྟར་བསྐལ་པ་བཟང་པོ་པ་རྣམས་འདིར་བསྒོམ་པ་བཞིན་དུ་དཔེ་མེད་པའི་སེམས་དཔའ་དང་། དག་པའི་སེམས་དཔའ་དག་ཀྱང་བསྒོམ་ཞིང་སྤྲོ་སྟེ། དེ་
དག་ཀྱང་དམ་པའི་ཆོས་ཀྱི་གྲོང་ཁྱེར་བསྐྱང་བས་སོ་ཞེས་ཟེར་རོ། །ཡང་གཞན་དག་ནི་ལྷ་དང་ལྷ་མ་ཡིན་དང་ཀླུ་དང་དྲི་ཟ་ལ་སོགས་པའི་འཁོར་བསྟན་པ་འདི་ལ་དད་པ་མི་ཕྱེད་པ་རྣམས་ཀྱང་འདིར་བསྒོམ་པར་བྱ་སྟེ། དེ་དག་ཀྱང་སྔོན་གྱི་དམ་ཚིག་གིས་འདུ་བར་བྱེད་ལ།

ཁ་ཅིག་དེ་དག་གིས་འདུལ་བ་དག་ཀྱང་ཡོད་པས་སོ་ཞེས་ཟེར་ཏེ། འདི་ལྟ་བུ་ནི་ངེས་པར་བསྒྲུབ་པ་ཡང་མི་བྱ་ལ། འགའ་ཞིག་དེ་ལྟར་ལྷག་པར་མོས་པར་བྱེད་ན་ཡང་སུན་དབྱུང་དུ་ཅི་ཞིག་ཡོད་དེ་རང་གིས་འདུན་པ་ཇི་ལྟ་བར་འཇུག་པ་ལ་ཉེས་པ་མེད་དོ། །སེམས་ཅན་ཐམས་ཅད་གསང་
སྔགས་ཀྱི་ལམ་དུ་འཇུག་ཅིང་ཡོངས་སུ་སྨིན་པར་བྱེད་པ་ནི་འདིར་ལས་ཏེ། ལས་རྣམས་ཀྱི་རྒྱལ་པོ་ལྟར་གཙོ་བོར་གྱུར་པས་ན་ལས་ཀྱི་རྒྱལ་པོའོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པའི་ལས་མཆོག་ཏུ་གྱུར་པས་ན་
མཆོག་སྟེ། ཐམས་ཅད་དུ་ཁྱབ་པ་དང་ཐེག་པ་ཆེན་པོར་འདྲེན་པ་དང་། སངས་རྒྱས་ཀྱི་ཕྲིན་ལས་སུ་གྱུར་པ་དང་། དཔེ་མེད་པའི་ཐབས་མཁས་པ་ལས་བྱུང་བའི་ཕྱིར་ན་མཆོག་ཅེས་བྱའོ། །དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་སེམས་རྩེ་གཅིག་པའི་མཚན་ཉིད་ཀྱི་ལས་ཞེས་པའི་དོན་
ཏོ། །དེ་ལྟར་ལུས་དང་ངག་དང་ཡིད་གསུམ་རྣམ་པར་དག་པས་བསྲུང་བ་བྱས་ཏེ་ཚོགས་རྣམ་པ་གཉིས་བསགས་ཤིང་གཞན་གྱི་དོན་བྱས་ནས་བདག་ལྷག་པར་གནས་པ་དང་བདག་ཉིད་རྫོགས་པར་བྱ་སྟེ། ལྔ་མངོན་པར་བྱང་ཆུབ་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་སྤྲུལ་ཏེ། ཡང་
དཀྱིལ་འཁོར་པ་ཐམས་ཅད་ཕྱོགས་བཅུའི་འཇིག་རྟེན་དུ་ཕྲིན་ལས་ལ་བཀོད་པར་གྱུར་ཅེས་འདས་པ་ཐམས་ཅད་ཀྱི་ཆོ་གའི་གོ་རིམས་ཀྱིས་དང་པོའི་རྣལ་འབྱོར་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་དང་། ལས་ཀྱི་རྒྱལ་པོ་མཆོག་རྣམས་རྫོགས་པར་གྱུར་པའོ། །དེ་ནི་ཕྱོགས་
བཅུར་རང་རང་གི་ཕྲིན་ལས་ལ་གཤེགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སླར་བསྡུ་བའི་རྣམ་པར་འཕྲུལ་པ་སྟེ། བཟླས་བརྗོད་བྱས་པས་མཚན་མ་ཐོབ་པར་བྱ་བ་དེ་སྟོན་ཏེ། དེ་ལྟར་ན་ལས་ཀྱི་རྒྱལ་པོ་མཆོག་གི་མཐར་ཐུག་པ་ནི་སྔོན་དུ་བསྙེན་པའི་ཆོ་ག་
ལས་སྔོན་དུ་བྱ་བ་ཞེས་བྱ་ལ། ད་འདི་དག་གི་སྔོན་དུ་བསྙེན་པ་དངོས་ཏེ། འདིར་ནི་བཟླས་བརྗོད་ཀྱི་བསྙེན་པ་གཙོ་བོར་གྱུར་ལ། བཟླས་བརྗོད་དེ་ཡང་ད་འདིར་ཤིན་ཏུ་སྐབས་སུ་གྱུར་པ་སྟོན་པས་སོ། །དེ་ལ་དང་པོ་ནི་ལྷ་རྣམས་སྤྱན་དྲང་བ་དང་མཆོད་པའི་ཕྱིར་མཆོད་པ་བྱིན་

གྱིས་བརླབ་ཅིང་། དེ་ནས་སྒོ་དབྱེ་ཞིང་བསྡུ་བ་དང་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དུ་གནས་པས་བསྟོད་པ་དང་། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། བགེགས་བསྐྲད་ཅིང་བསྲུང་བ་བྱས་ལ་སྒོ་བཅད་པ་དང་། མཆོད་
ཡོན་ཕུལ་ནས་བལྟ་ཞིང་བྱིན་གྱིས་བརླབས་ཏེ་སྙིང་པོ་དང་སྔགས་བརྗོད་ལ་ཕྱག་རྒྱ་གསུམ་གྱིས་ཀྱང་རྒྱས་བཏབ་སྟེ་དབང་བསྐུར་ལ་མཆོད་པ་རྣམས་ཀྱིས་མཆོད་ཅིང་ཕྱག་འཚལ་ཏེ། རྡོ་རྗེ་དང་དག་པ་དང་མཉམ་པར་བསྒོམས་ནས་ཡི་གེ་བརྒྱ་པ་བརྗོད་ཅིང་ཐམས་ཅད་བདག་ཏུ་
མོས་པས་ལྷ་ཐམས་ཅད་བཟླས་པའི་གནས་སྐབས་ལ་གཞག་སྟེ། བཟླས་པ་ལ་ཡིད་སྐྱོ་ན་བསྟོད་པ་དང་མཆོད་པ་བྱས་ཏེ་ཕྱག་བྱས་ལ་ཕྱག་རྒྱ་དགྲོལ་བ་དང་དབང་བསྐུར་བ་བྱ་སྟེ། བསྲུང་བའི་ཐལ་མོ་བརྡབས་པའི་བར་དུ་བྱས་ལ་ཡི་གེ་བརྒྱ་པ་བརྗོད་དེ། དགེ་བ་ཡོངས་སུ་
བསྔོ་བ་དང་བཟོད་པར་གསོལ་བ་དང་། མཆོད་ཡོན་དང་བཅས་པས་གཤེགས་སུ་གསོལ་བར་བྱ་ཞིང་ཇི་ལྟ་བར་སྤྲུལ་པའི་དཀྱིལ་འཁོར་བསྡུས་ལ་བསྲུང་བ་བྱས་ཏེ་མཉམ་པར་མ་བཞག་པའི་བྱ་བ་རྣམས་བྱ་བ་འདི་ནི་དཀྱིལ་འཁོར་ཆེན་པོའི་རྣལ་འབྱོར་གྱིས་སྔོན་དུ་བསྙེན་པ་སྟེ་དེའི་
དུས་ཀྱི་ཚད་ཀྱང་གང་ཟག་གི་དབྱེ་བས་རྣམ་པ་གསུམ་དུ་བསྟན་ཅིང་མཐར་ཐུག་པའི་དུས་ལྷས་གནང་བ་ཡིན་པར་བསྟན་ལ། གང་ཡང་རུང་སྟེ་བྱ་བ་གཞན་སྤངས་པས་སྔ་དྲོ་དང་ཉི་མ་གུང་དང་ཕྱི་འཕྲེད་དང་ནམ་ཕྱེད་དང་དུས་མཚམས་བཞིར་བྱའོ་ཞེས་ངེས་པར་བྱས་པའོ། །དེ་
བཞིན་དུ་གང་དག་ཕྱག་རྒྱ་བཞིའི་རྣལ་འབྱོར་ལ་མོས་པ་དེའི་དབང་དུ་བྱས་ཏེ་ཡང་ན་སྔོན་བཞིན་དུ་ཞེས་བྱ་བ་ལ་སོགས་པའོ། །གང་དག་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ལ་དགའ་བ་དག་གི་ཕྱིར་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྔགས་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་
པ་སྨོས་པའོ། །དཀྱིལ་འཁོར་གྱི་སློབ་དཔོན་གང་ཡང་རུང་སྟེ། མངོན་སུམ་གྱི་མཐུ་ཅུང་ཟད་ཐོབ་ན་བདག་དང་གཞན་སྔགས་ཀྱི་ལམ་ལ་ཡིད་ཆེས་པར་འགྱུར་ཞིང་ལྷག་པར་སློབ་མ་དཀྱིལ་འཁོར་དུ་འཇུག་པ་དག་ཆེས་བླ་མ་ལ་དད་ཅིང་གུས་ལ་ཕྱིར་མི་ལྡོག་པའི་རྒྱུའི་ཕྱིར་

ན་བཏེག་པ་དང་དབབ་པའི་ཆོ་ག་ངེས་པར་བསྟན་ཏེ། འདི་ནི་རྣལ་འབྱོར་གསུམ་ཆར་གྱི་སློབ་དཔོན་གྱིས་སྔོན་དུ་བསྒྲུབ་སྟེ། གཞན་དུ་ན་བྱིན་གྱིས་རླབས་གང་ཡང་མེད་པའི་དཀྱིལ་འཁོར་གྱི་བླ་མས་ནི་སེམས་ཅན་མགུ་བར་བྱེད་མི་ནུས་པས་སོ། །གང་དུ་ཡང་སྔར་བསྙེན་པས་མཐུ་ཅན་དུ་མ་
བྱས་པར་དཀྱིལ་འཁོར་དུ་གཞན་དབང་མི་བསྐུར་རོ་ཞེས་དགོངས་པས་ན་སྔོན་དུ་བསྙེན་པའི་ཆོ་གའོ་ཞེས་གཞུང་ཉེ་བར་བསྡུ་བ་བསྟན་ཏོ། །དེ་ལྟ་ཡིན་ན་ཅིས་ན་སྔར་བསྡུ་བ་དང་སྤྱན་དྲང་བ་ལ་སོགས་པ་དག་ལ་ཅིས་ན་སྒོ་དབྱེ་བ་ལ་སོགས་པ་དང་། མཆོད་པ་རྒྱས་པ་འདི་ལྟ་བུ་དང་སྒོ་
བཅད་པ་ལ་སོགས་པ་ཅིས་ན་མི་བྱ་ཞེ་ན། རྣམ་པར་སྤྲོས་པ་རྒྱས་པ་འདི་ལྟ་བུ་ལྷ་ལ་དམིགས་པ་དེ་སྙེད་དུ་བྱས་ནས་ཤིན་ཏུ་གཡེང་བར་འགྱུར་བ་དང་། བྱ་བའི་རྒྱུད་ལ་ཞུགས་པའི་གང་ཟག་ལྟར་བགེགས་ལ་སོགས་པའི་རྟོག་པ་ཤིན་ཏུ་མང་དུ་འབྱུང་ཞིང་དེ་ཉིད་ཀྱིས་གླགས་སུ་
འགྱུར་སྲིད་དེ། འཇིགས་ལས་ལྷག་པའི་བགེགས་གཞན་མེད། །ཅེས་བསྟན་པས་སོ། །གཞན་ཡང་ཐམས་ཅད་དུ་འདི་ལྟ་བུའི་བྱ་བ་རྫས་དང་ཡིད་ལ་བྱེད་པས་ནུས་པའང་རབ་ཏུ་དཀའ་བས་ན་སྔར་སྔོན་དུ་བྱ་བའི་ཡན་ལག་རྣམ་པ་གསུམ་གྱི་དུས་སུ་ནི་མདོར་བསྡུས་པའི་ཆོ་ག་ཙམ་གྱིས།
བྱས་ལ་འདིར་ནི་མཐར་ཐུག་པ་དངོས་གཞིའི་རྣལ་འབྱོར་ཡིན་པས་ཆོ་ག་ཐམས་ཅད་རྫོགས་པར་བྱའོ། །འདིར་གང་དག་ལས་ཀྱི་རྒྱལ་པོ་མཆོག་དང་བསྙེན་པའི་ཆོ་ག་དངོས་གཞི་སྤྱད་པ་གཉིས་ཀ་གཅིག་ཁོ་ནར་བྱས་ཏེ་ལས་ཀྱི་རྒྱལ་པོ་མཆོག་ཅེས་བརྗོད་ཅིང་སྔར་ལས་ཀྱི་རྒྱལ་པོ་
མཆོག་ཅེས་བསྡུས་པའི་གཞུང་ནི་མདོར་བསྟན་པ་ཡིན་ལ། དེ་ནས་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པ་ཞེས་བྱ་བ་ལ་སོགས་པ་ནི་རྒྱས་པར་བསྟན་པའོ་ཞེས་ཟེར་བ་དེ་དག་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་ལུགས་ལ་ཁ་ཕྱིར་བསྟན་པ་སྟེ་ཐམས་ཅད་དུ་ཡང་སྔར་བྱ་བ་གསུམ་བྱས་ནས་བསྙེན་པའི་
དངོས་གཞི་སྤྱད་པ་ཁོ་ནར་འདོད་པས་སོ། །དེ་ལ་རྡོ་རྗེ་བསྡུ་བས་དཀྱིལ་འཁོར་བ་ཁང་པ་བརྩེགས་མའི་ཉེ་འཁོར་དུ་བྱོན་པ་ནི་སྤྱན་དྲང་བ་དང་པོའོ། །དེ་ནས་ཡང་། དེ་ནས་སྒོ་རྣམས་ཐམས་ཅད་དུ། །ལྕགས་ཀྱུ་སོགས་ཀྱི་ལས་བགྱིས་ཏེ། །ཞེས་བྱ་བ་ལ་སོགས་པས་

ནི་ནང་དུ་སྤྱན་དྲང་བ་སྟེ་གཉིས་པའོ། །ལྟ་བ་ལ་སོགས་པས་ནི་གཉིས་སུ་མེད་པར་བྱ་བ་སྟེ། ལུས་ཀྱི་ནང་དུ་སྤྱན་དྲང་བས་ན་ཆོ་ག་གསུམ་པའོ། །ཐམས་ཅད་དུ་ཡང་མཚན་ཉིད་བཞི་བཞི་དང་ལྡན་པའི་ཕྱིར་ཛཿཧཱུྃ་བཾ་ཧོཿ། ཞེས་གནས་གསུམ་ཆར་དུ་
སྦྱར་རོ། །གང་དུ་རྟོག་པ་ཁྱད་པར་ཅན་ཡོད་པ་དེར་ནི་ལྷན་ཅིག་གི་རྣལ་འབྱོར་གྱིས་ནི་ཐམས་ཅད་ཀྱི་རྣལ་འབྱོར་བྱས་པར་འགྱུར་བས་ན། དང་པོར་དེ་བཞིན་གཤེགས་པ་ལ་སོགས་པའི་སྐུ་གསུང་ཐུགས་གང་ཡིན་པ་བདག་གི་ལུས་ངག་ཡིད་དོ་ཞེས་སྨོས་ཤིང་། དེ་ཡང་
གདོད་མ་ནས་མ་སྐྱེས་ཤིང་གང་མ་སྐྱེས་པ་དེ་ལ་དྲི་མ་མི་དམིགས་པས་གདོད་མ་ནས་དག་པ་དང་། དེ་ལྟར་མ་སྐྱེས་ཤིང་དྲི་མ་མེད་པ་ཅིའི་ཕྱིར་ཞེས་སེམས་དཔའ་སྲིད་པ་ལ་གང་ཟག་དང་ཆོས་ལ་བདག་མེད་པའི་ཕྱིར་རོ་ཞེས་སྨོས་པ་འདི་ལྟ་སྟེ་དེས་ནི་ལྷ་རྣམས་ཀྱི་སྐུ་གསུང་
ཐུགས་དང་བདག་གི་ལུས་དང་ངག་དང་ཡིད་མཉམ་པར་ཡང་ཡིད་ཆེས་པའི་རྒྱུར་བསྟན་ཏེ། དེ་དག་བདག་མེད་པར་འདྲ་ཞིང་བདག་དང་བྲལ་བའི་ཆོས་ཉིད་དབྱེར་མེད་པས་སོ། །ཁ་ཅིག་བཟླས་བརྗོད་ཀྱི་རྣལ་འབྱོར་ལ་ནི་བསྒོམ་པ་མི་དགོས་ཏེ། ངག་གཙོ་བའི་ཕྱིར་རོ་
ཞེས་རྟོག་པ་སྲིད་པས་ཇི་སྲིད་སྐྱོ་བ་མ་སྐྱེས་ཀྱི་བར་དུ་བསྒོམ་པར་བྱའོ་ཞེས་བྱ་བ་སྨོས་ཏེ། བསམ་གཏན་གྱི་ནི་ལམ་འདི་ཡིས། །གསང་སྔགས་ཚིག་རྣམས་བསམས་ན་ནི། །འབྲས་བུ་རྫོགས་པར་ཐོབ་འགྱུར་གྱིས། །འདོན་པ་ཉི་ཚེ་དེ་ལྟར་མིན། །ཞེས་བྱ་བའི་ལུགས་
ཀྱིས་བསྒོམ་པ་དང་བཅས་པར་ཁོ་ནར་བཟླས་ཀྱི་གཞན་དུ་ན། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །དུས་ནི་རིང་པོར་བྱས་གྱུར་ཀྱང་། །སེམས་གཞན་གཡེང་བར་བྱས་པ་ནི། །དེ་ཉིད་མཁྱེན་པས་དོན་མེད་གསུངས། །ཞེས་པའི་གནས་སྐབས་སུ་འགྱུར་རོ། །དེ་ལ་དེའི་
སྒོམ་པ་ཇི་ལྟ་བུ་ཞེ་ན། ལྷ་ཐམས་ཅད་བཟླས་བརྗོད་ལ་གནས་པར་དམིགས་པ་དང་། རང་གི་སྙིང་གར་སེམས་དཔའི་རྡོ་རྗེའི་དབུས་སུ་ཟླ་བ་ལ་ལྷག་པའི་ལྷའི་སྔགས་ཡིད་ཀྱིས་བྲིས་པ་ལ་དམིགས་པ་ནི་སྐབས་སུ་ཞར་ལ་དྲན་པར་བྱ་བའི་སྒོམ་པའོ། །དེ་དག་ལས་གཞན་པ།

རྣལ་འབྱོར་མེད་པའི་གསང་སྔགས་འདི། །དེ་ལྟར་འབྲས་བུ་སྟེར་མི་འགྱུར། །གསང་སྔགས་ཚིག་ནི་གསང་སྔགས་ཏེ། །དེ་ཕྱིར་རྣལ་འབྱོར་མེད་མི་བྱ། །ཞེས་བྱ་བ་འདིར་འདོད་པ་སྟེ། གསང་སྔགས་ཀྱི་ཚིག་གི་དོན་ལ་དམིགས་ཏེ་བཟླས་ཞེས་པའོ། །དེ་ལ་སྔར་བསྟན་པའི་
ཚུལ་གྱིས་བཛྲ་ནི་ཐབས་ཁྱད་པར་ཅན་ལ་སཏྭ་ནི་ཤེས་རབ་ཕུལ་དུ་བྱུང་བའོ་ཞེས་བྱ་བ་དང་དེ་ནི་དོན་ལ་འཇུག་པ་རྩོམ་པ་ནི་ཕྱག་འཚལ་བ་སྟེ། དེ་ལྟར་ཐབས་དང་ཤེས་རབ་དབྱེར་མེད་པ་བསྡུས་པ་རྣམས་ཐར་པའི་སྒོ་བཞིས་མཚན་པ་ནི་ཧཱུྃ་གི་ཡི་གེའོ། །དེ་ལྟར་བྱུང་བའི་ངག་གི་
སྤྱོད་ཡུལ་འདི་དག་ཉིད་དཔལ་རྡོ་རྗེ་སེམས་དཔའོ་ཞེས་དམིགས་པ་འདི་ཉིད་འདིའི་སྒོམ་པའོ། །མདོར་བསྡུས་ན་ལྷའི་དེ་ཁོ་ནའམ་ཕྲིན་ལས་སམ་མཚན་མའམ་མཚན་གྱི་རྗེས་སུ་འབྲང་ཡང་རུང་བས་དེའི་རྣམ་པར་ཐར་པ་ལ་དམིགས་ཏེ། རྣམ་པར་ཐར་པ་ཁྱད་པར་ཅན་གྱི་ལྷ་དེ་ནི་སྔགས་
འདིའོ་ཞེས་རྣམ་པར་གཡེང་བ་དང་བྲལ་བར་བཟླས་སོ། །དེ་ནས་འདིར་ཤིན་ཏུ་ཡིད་ནང་དུ་ཕྱོགས་པས་ནང་གི་རྣལ་འབྱོར་ལ་གནས་པ་ཁོ་ན་གཙོ་བོར་བྱའི། གཞན་དུ་ན་བྱ་བའི་རྒྱུད་ཀྱི་རྗེས་སུ་འབྲང་བའི་རྣལ་འབྱོར་པ་ལྟར་མི་བཟད་པའི་བརྟུལ་ཞུགས་འཛིན་པ་དང་ཡང་བྲལ་ལ།
ནང་གི་རྣལ་འབྱོར་ཡང་མེད་ན་ཤིན་ཏུ་མ་རུངས་པའི་གནས་སྐབས་ལ་གནས་པར་འགྱུར་རོ། །གཞན་ཡང་འདིས་ནི་སློབ་མའི་ཕྱིར་སྔོན་དུ་བསྙེན་པ་བྱེད་པ་མ་ཡིན་གྱི་འགའ་ཞིག་རང་གི་དངོས་གྲུབ་ཀྱི་ཕྱིར་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་ལ་སོགས་པ་བསྒོམ་ན་ཡང་དེས་སྔར་སྤྱད་པ་རྣམས་བྱས་
ལ། ཕྱི་ནས་འདིར་བསྒོམ་པ་ལ་འཇུག་གོ་ཞེས་ཀྱང་ཟུར་གྱིས་བསྟན་པར་རིག་པར་བྱའོ། །ཚིག་གི་དོན་རྣམས་ནི་གོ་སླ་བས་མ་བཀྲོལ་ལོ། །ཡང་ན་སྔོན་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ་ཞེས་བྱ་བ་ལ་སོགས་པ་ལ་ཕྱག་རྒྱ་བཞིའི་དཀྱིལ་འཁོར་བསྒོམ་པས་ནི་དང་པོ་ལུས་དང་
ངག་དང་ཡིད་རྣམ་པར་དག་པར་བྱ་བ་ནས་ཐ་མ་ཕྱག་རྒྱ་གཟུང་བའི་བར་དུ་བྱ་སྟེ། དམ་ཚིག་གསུམ་གྱི་གླུ་བླང་བ་བྱས་ལ། དེ་ནས་མངོན་པར་བྱང་ཆུབ་པའི་རིམ་པ་དཀྱིལ་འཁོར་རྒྱལ་པོ་མཆོག་དང་ལས་ཀྱི་རྒྱལ་པོ་མཆོག་མི་བསམས་པར་རྡོ་རྗེའི་བདག་ཉིད་བསྒོམ་པ་ལ་སོགས་པ་བྱས་ཏེ།

རང་གི་སྙིང་གར་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་སྔགས་དག་གིས་སྤྲུལ་ཏེ། སྒོ་སྲུང་བའི་སྔགས་ཇི་སྐད་སྔར་བསྟན་པ་རྣམས་ཀྱིས་ཕྱག་རྒྱ་བཞིའི་ལྷ་རྣམས་དགུག་པ་དང་གཞུག་པ་ལ་སོགས་པ་བྱས་ལ། བདག་དང་དཀྱིལ་འཁོར་ཐ་དད་པ་མེད་པའི་ཕྱིར། ནམ་མཁའ་
དང་མཉམ་པ་ཉིད་ཀྱི་རྣལ་འབྱོར་གྱིས་ཞུགས་ལ་དེ་རྣམས་དང་ལྷན་ཅིག་ཏུ་རྡོ་རྗེའི་བདག་ཉིད་ལ་སོགས་པ་བསྒོམ་པར་བྱ་སྟེ། རྣལ་འབྱོར་རྫོགས་པར་བྱས་ལ་གཤེགས་སུ་གསོལ་བའི་བར་དུ་བྱའོ། །གཞན་དག་འདིར་སྔར་བསྟན་པའི་སྙིང་པོ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་
པས་རྡོ་རྗེ་རྒྱུའི་སྔགས་དང་ཕྱག་རྒྱས་དཀྱིལ་འཁོར་ཆེན་པོ་སྤྲུལ་ཏེ་ཕྱག་རྒྱ་བཞིའི་དཀྱིལ་འཁོར་ལ་ནམ་མཁའ་དང་མཉམ་པས་སྦྱོར་བ་བསྟིམ་ཞེས་ཟེར་ན། དེ་ལྟ་ན་འདི་ལ་དགུག་པ་ལ་སོགས་པ་མེད་པར་འགྱུར་བས་སྤང་ངོ་། །ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ལ་ནི་རྣལ་འབྱོར་
ཆེན་པོ་ཙམ་ཁོ་ན་བྱའི། དེ་ཁོ་ན་གསུམ་བསྒོམ་པ་ལ་སོགས་པ་མེད་དེ། འོན་ཀྱང་དེའི་རྗེས་ལ་འདས་པ་དང་སླར་གཤེགས་པ་དང་བསྲུང་བ་དེ་གཉི་ག་ལ་འདོད་དོ། བུམ་པ་ལ་སོགས་པ་སྨོས་པས་ནི་འགྲོ་བ་སེམས་ཡོད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །མར་
གྱིས་སྦགས་པའི་སྲེག་བླུགས་སྟོང་གིས་རྡོ་རྗེ་དྲིལ་བུ་མངོན་པར་སྦྱངས་ལ་ཞེས་བྱ་བ་ནི་ཞི་བའི་སྲེག་བྱ་བ་གང་ཅི་གསུངས་པ་ཐམས་ཅད་མར་གྱིས་སྦགས་པ་ཁོ་ནར་བྱས་ལ་ཆོ་ག་སྔ་མས་བསྐྱེད་པའི་རྡོ་རྗེ་དྲིལ་བུ་ཐབ་ཁུང་གི་མཁར་བཞག་པ་ལ་དམིགས་ཏེ། དེ་དག་གི་ཉེས་པ་སྦྱངས་
པ་དང་གཟི་བྱིན་བསྐྱེད་པའི་ཕྱིར། སྲེག་བླུགས་སྟོང་བྱས་ན་དེ་ཉིད་ཐོགས་པས་སློབ་མ་ལ་དབབ་པའི་བྱ་བ་ཚེགས་མེད་པར་འགྲུབ་ཅེས་དགོངས་པའོ། །དཀྱིལ་འཁོར་ཆེན་པོའམ་ཕྱག་རྒྱ་བཞི། །ཡང་ན་ཕྱག་རྒྱ་གཅིག་པའང་རུང་། །བསྒོམ་ལ་གཞོལ་བ་དམིགས་པ་བརྟན། །
གྲངས་འབུམ་ལ་སོགས་བཟླས་པ་ཡིས། །མཚན་མ་ཐོབ་ན་དབབ་པའམ། །བཏེག་པའི་ཆོ་ག་འགྲུབ་པ་སྟེ། །དེ་ནས་དཔལ་ལྡན་སློབ་དཔོན་ནི། །རྙེད་དང་བཀུར་སྟི་རིང་དུ་སྤངས། །ནང་གི་སྙིང་རྗེ་ཁོ་ན་ཡིས། །སློབ་མའི་ཕྱིར་ནི་དཀྱིལ་འཁོར་བྲི། །གཞན་དུ་སྔར་

བསྙེན་མེད་པ་དང་། ནུས་པ་ཅུང་ཟད་མ་ཐོབ་ཅིང་། །རྙེད་དང་བཀུར་སྟིའི་ཕྱིར་དུ་ནི། །དཀྱིལ་འཁོར་བྲི་བའི་བླ་མ་ནི། །མྱུར་དུ་མནར་མེད་འདོང་བ་དང་། ཚེ་འདི་ལ་ཡང་རབ་སྡུག་བསྔལ། །སློབ་མ་རྣམས་ཀྱང་བརླག་པ་དང་། །ཡུལ་འཁོར་གཉེན་དང་རྒྱལ་པོའང་
ཕུང་། །དེ་ཕྱིར་སྔོན་དུ་བྱ་བ་འདི། །དཀྱིལ་འཁོར་ལས་ལ་ངེས་པར་སྦྱར། །དེ་ལྟར་མཐའ་ཡས་པའི་སེམས་ཅན་གྱི་ཁམས་རྣམས་ལ་ཕན་པ་དང་བདེ་བ་བྱེད་པའི་དཀྱིལ་འཁོར་ཆེན་པོ་སྤྲོ་ཞིང་བསྡུ་བ་དང་དེའི་བཟླས་བརྗོད་ལ་སོགས་པའི་བར་དུ་བསྟན་ནས་ད་ནི་ཤིན་ཏུ་སྐལ་བ་དང་
ལྡན་པའི་སེམས་ཅན་ཆེན་པོ་ཁ་ཅིག་ཡོངས་སུ་བསྡུ་བ་དང་། མཆོག་ཏུ་དོན་ཆེ་བ་ལ་དགོས་པའི་དཀྱིལ་འཁོར་ཆེན་པོར་སློབ་མ་དབང་བསྐུར་བའི་ཆོ་ག་སྟོན་པར་བཞེད་ནས། དེ་ལྟར་སྔོན་དུ་བསྙེན་པ་བྱས་ལ་དཀྱིལ་འཁོར་བྲིའོ། །ཞེས་བྱ་བ་ལ་སོགས་པ་ཇི་སྲིད་གཞུང་ཡོངས་སུ་
རྫོགས་ཀྱི་བར་དུ་གསུངས་པ་སྟེ། འདིར་དཀྱིལ་འཁོར་གྱི་ཆོ་ག་འདིའི་སྔོན་དུ་བྱ་བ་དེ་སྙེད་ནི་ཐུན་མོང་མ་ཡིན་པའི་ཆོ་ག་ཡིན་པས་འདིར་བདག་གིས་ཅུང་ཟད་བརྗོད་ཟིན་ལ་སློབ་མ་དབང་བསྐུར་བ་ལ་སོགས་པའི་ཆོ་ག་ནི་རྒྱུད་སྤྱིའི་མཚན་ཉིད་བྱ་བར་གྱུར་པས་གཞུང་གཞན་རབ་ཏུ་མང་བ་
དང་། ཚིག་གི་དོན་ཡང་གོ་སླ་བས་བརྗོད་དུ་མེད་དེ། གོ་རིམས་བསྡུས་པ་ཙམ་ཞིག་གིས་དྲན་པ་ལ་བཟུང་བདེ་བར་བྱའོ། །དེ་ལ་འདིར་དང་པོ་ཁོ་ནར་རྡུལ་ཚོན་གྱི་དཀྱིལ་འཁོར་ནི་ས་ལ་བྲི་བར་རིགས་པས་ས་སྦྱང་ཞིང་ཡོངས་སུ་གཟུང་བ་བྱ་ཞིང་། དེ་ནས་ཉེས་པ་དང་བྲལ་བའི་
ས་ལ་ལྷ་རྣམས་བྱིན་གྱིས་བརླབ་ཏུ་རུང་བས་དེར་ལྷ་རྣམས་སྟ་གོན་ལ་གནས་པར་བྱའོ། །དེ་ནས་ལྷ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་བུམ་པས་དབང་བསྐུར་དགོས་པས་བུམ་པ་སྟ་གོན་ལ་གནས་པར་བྱའོ། །བུམ་པས་དབང་བསྐུར་བའི་གནས་ནི་སློབ་མ་ཡིན་པས། དེའི་
འོག་ཏུ་སློབ་མ་སྟ་གོན་ལ་གནས་པར་བྱའོ། །སློབ་མ་སྣོད་དུ་རུང་བར་བྱས་པ་དེ་དཀྱིལ་འཁོར་དུ་གཞུག་ཅིང་མངོན་པར་དབང་བསྐུར་བར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་ཐིག་གི་ཆོ་ག་བསྟན་ཏོ། །དཀྱིལ་འཁོར་ཐིག་འདེབས་པའམ་རྡུལ་ཚོན་འགྱེད་པ་ན་བགེགས་འབྱུང་བ་སྲིད་

པས་བགེགས་བསལ་བར་བྱ་བ་བསྟན་ཏོ། །དེ་ལྟར་ཐིག་བཏབ་ཅིང་བགེགས་དང་བྲལ་ནས་རྡུལ་ཚོན་བྲི་བར་རིགས་པས་དེ་བསྟན་ཏོ། །དཀྱིལ་འཁོར་ལྷག་པར་བགེགས་མེད་ཅིང་མཐུ་དང་ལྡན་པར་བྱ་བའི་ཕྱིར་ནི་ཁོར་ཡུག་ཏུ་རྒྱན་དགོད་པ་དང་ཆོས་བསྒྲགས་
པ་དང་བདུག་པ་དབུལ་བ་ལ་སོགས་པ་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལས་རྣམས་བྱ་བའི་ཕྱིར་སློབ་དཔོན་དཀྱིལ་འཁོར་དུ་འཇུག་ཅིང་། དེའི་འོག་ཏུ་བུམ་པ་བཅུག་སྟེ་མཆོད་པ་དང་ཕྱག་རྒྱ་ལ་སོགས་པ་ཇི་སྲིད་ལུང་བསྟན་པའི་བར་དུ་བྱས་ལ། དེ་ནས་དཀྱིལ་འཁོར་ཆེན་
པོ་བྱིན་གྱིས་བརླབ་པའི་ཆོ་ག་རྒྱས་པར་བྱས་པས་ལྷ་རྣམས་གཞུག་པར་བྱ་སྟེ། མཆོད་ཅིང་གསོལ་བ་བཏབ་ནས་གཏོར་མ་བྱིན་ཏེ་འཇུག་པའི་སྦྱིན་སྲེག་བྱས་ལ་དཀྱིལ་འཁོར་ལ་སློབ་མ་གཞུག་པར་བསྒྲགས་ཏེ་ཐམས་ཅད་སྣོད་དུ་གྱུར་པར་བལྟ་བ་ནས་ཇི་སྲིད་འཇུག་པའི་
ཕྱག་རྒྱ་དགྲོལ་བའི་བར་དུ་སློབ་མ་གཞུག་པའི་ཆོ་ག་རྒྱ་ཆེར་བྱས་ལ། དེ་ནས་མདོར་བསྡུས་པའམ། བར་མའམ། རྒྱས་པའི་ཆོ་ག་གང་རིགས་པས་མངོན་པར་དབང་བསྐུར་བ་རྫོགས་པར་བྱས་ལ། གསང་བའི་ཡེ་ཤེས་སྦྱིན་ཞིང་སྔགས་དང་རྣལ་འབྱོར་བསླབ་པ་དང་
གསང་བར་བསྒོ་བར་བྱ་བ་དང་། མཆོད་པ་དང་སླར་གནང་བའི་ཆོ་ག་བྱ་སྟེ། བརྟུལ་ཞུགས་བྱིན་ལ་མནའ་བསྒགས་ལ་སློབ་མ་རྣམས་སླར་བཏང་ངོ་། །དེ་ནས་སློབ་དཔོན་དང་སྒྲུབ་པའི་གྲོགས་མཆོག་གི་བྱ་བ་བསྟོད་པ་དང་ཕྱག་བྱ་བ་ནས་ཇི་སྲིད་བསྲུང་བའི་སྲད་བུ་
བཅིངས་པ་དང་སྙིང་གར་བྱུགས་པའི་བསྲུང་བའི་བར་དུ་བྱ་སྟེ། འདི་ཙམ་ཁོ་ནས་འདིའི་གོ་རིམས་ཆེ་ལོང་བསྡུས་པའོ། །དེ་དག་རེ་རེ་ཡང་ཆོ་གའི་ཡན་ལག་དུ་མས་བརྒྱན་པ་ནི་གོ་སླ་བས་རྣམ་པར་སྤྲོས་པའི་གོ་རིམས་ཀྱིས་ཅི་ཞིག་བྱ། ད་ནི་འདི་ཙམ་ཞིག་བསམ་པར་བྱ་སྟེ།
དེ་ལྟ་བུའི་དཀྱིལ་འཁོར་གྱི་ཆོ་ག་དེ་དུས་ཇི་སྲིད་ཅིག་གི་དབང་དུ་བྱས་རྒྱུད་གཞན་ཁ་ཅིག་ལས་སའི་ལྷ་ཞེས་བྱ་བ་སྟ་གོན་ལ་གནས་པའི་ཆོ་ག་བསྟན་པ་ཅིས་ན་འདིར་མ་སྨོས། འདིར་བསྟན་པའི་དབང་བསྐུར་བའི་ཆོ་ག་གསུམ་གྱི་བྱེ་བྲག་ཇི་ཙམ་ཞིག་ཏུ་ངེས། ཆོ་ག་མ་ཚང་བ་ཇི་ལྟར་

རྫོགས་པར་བྱ་ཞེས་བྱ་བ་རྣམས་སོ། །དེ་ལ་དུས་ཀྱི་དབང་དུ་བྱས་ཏེ་དེ་ནི་ཡར་ངོའི་ཚེས་བརྒྱད་ནས་བརྩམས་ཏེ་བཅུའི་བར་དང་། བཅུ་གསུམ་ནས་བརྩམས་ཏེ་བཅོ་ལྔའི་བར་ཏེ། དེས་ན་ཞག་གསུམ་དུའོ། །དེ་ལྟར་ཡང་རྣལ་འབྱོར་གྱི་རྒྱུད་གཞན་ལས། དང་པོས་གཞི་ཡོངས་
སུ་གཟུང་། །གཉིས་པ་སྟ་གོན་གནས་པ་སྟེ། །གསུམ་པ་ལ་ནི་འཇུག་པའོ། །ཞེས་གསུངས་པས་སོ། །གལ་ཏེ་བརྟད་པའི་བྱ་བ་བྱུང་ངམ་ས་སྦྱང་བ་མི་དགོས་ན་ཞག་གཉིས་སུ་བྱ་བའི་ཕྱིར་བཅུ་བཞི་ནས་བརྩམས་ཏེ་ཇི་སྲིད་བཅོ་ལྔའི་བར་དུའམ་ཞེས་སོ། །གལ་ཏེ་ཤིན་ཏུ་
བརྟད་པའམ། །བྲིས་སྐུའི་དཀྱིལ་འཁོར་དུའམ། ཡིད་ཀྱི་དཀྱིལ་འཁོར་དུའམ། སློབ་མ་ཤིན་ཏུ་རྣམ་པར་དག་པའི་རྒྱུད་ཅན་ཞིག་ན་ཞག་གཅིག་ཏུ་བྱ་བའི་ཕྱིར་ཟླ་བ་ཉ་ལ་སྔ་དྲོ་ནས་བརྩམ་པར་བྱ་བ་ཡང་རུང་ཞེས་སྨོས་སོ། །ཁ་ཅིག་ན་རེ་གཞུང་ལ་ལས་དེ་ནས་སྔ་དྲོ་ཞི་བ་
ལ་སློབ་མ་དཀྱིལ་འཁོར་དུ་འཇུག་ཁར་རྒྱས་པའི་སྦྱིན་སྲེག་བྱ་ཞེས་བསྟན་པས། བརྟད་པ་མེད་ཅིང་ནུས་ན་དུས་ཞག་བཞི་ལ་སོགས་པ་ནས་ཇི་སྲིད་ལོའི་བར་དུ་ཡང་དཀྱིལ་འཁོར་དུ་མཆོད་པ་དང་བཟླས་པ་བྱས་ཏེ་མཇུག་ཏུ་དབང་བསྐུར་རོ་ཞེས་ཟེར་རོ། །གཞན་དག་ནི་ཇི་སྲིད་
ཞག་བདུན་གྱི་ནང་དུ་རྫོགས་པར་བྱ་སྟེ། གཞན་དུ་ན་བར་ཆད་དུ་འགྱུར་བ་སྲིད་པ་དང་། ཧ་ཅང་དུས་ཡུན་རིང་པོར་བྱས་ན་ཐུག་པ་མེད་པའི་དུས་སུ་འགྱུར་བའི་ཕྱིར་ཞེས་ཟེར་ཏེ། ཕྱོགས་ཕྱི་མ་འདི་བསྔགས་སོ། །སའི་ལྷ་སྟ་གོན་ལ་གནས་པ་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་རྩ་བའི་
རྒྱུད་འདི་ཉིད་དང་གཞན་ཁ་ཅིག་ལས་ཀྱང་མ་སྨོས་པས་ངེས་པར་བྱ་བའི་ངེས་པ་མེད་ཅིང་། རྒྱུད་འགའ་ཞིག་ལས་བསྟན་པའི་ཆོ་ག་ཐམས་ཅད་དུ་སྦྱར་བའི་ངེས་པ་མེད་ཅིང་ཧ་ཅང་ཐལ་བར་འགྱུར་བས་སོ། །གང་དག་ཆོ་ག་རྒྱས་པ་ལ་དགའ་བས་དེ་ལ་ཞེས་འདུན་པ་ཡོད་ན་ཡང་
སློབ་དཔོན་གྱི་ཞལ་སྔ་ནས་དེ་དགག་པ་མཛད་པ་དང་། གང་དུ་ལས་ནི་ཡོངས་གྱུར་ལ། །ལས་ཀྱི་ཆོ་ག་རྣམས་མེད་པ། །དེ་ནི་སྤྱིར་རྒྱུད་ལས་གྲགས་པའི། །ཆོ་ག་མཁས་པས་ཤེས་པར་བྱ། །ཞེས་བཤད་པའི་དབང་དུ་བྱས་ཏེ། འདིར་ཡང་སྟ་གོན་ལ་གནས་པའི་ཐོག་མ་ཁོ་

ནར་དེ་བྱ་བར་ངེས་པ་མེད་ཅེས་བརྗོད་དོ། །དེ་བཞིན་དུ་སྔོན་དུ་བསྙེན་པ་བྱེད་པའི་དུས་ཀྱི་དང་པོར་སློབ་མ་ལ་དྲི་བ་སྔོན་དུ་འགྲོ་བས་བསྲུང་བ་དང་། ས་སྦྱོང་བ་ན་སའི་ལྷ་ལ་མཆོད་པ་དང་བརྐོ་བའི་ཕྱོགས་དང་གང་ཡང་བཟླས་བརྗོད་པའི་བགྲང་ཕྲེང་གི་བྱ་བ་ལ་སོགས་
པ་འདིར་མ་སྨོས་པའི་ཆོ་ག་གཞུང་གཞན་ལས་སྣང་བ་ཐམས་ཅད་དེ་བཞིན་དུ་ཅི་དགའ་བར་བསྟན་ཏེ། མེད་དུ་མི་རུང་བའི་ཆོ་ག་མིན་པ་དང་། ཡོད་ཀྱང་ཉེས་པ་མེད་པའི་ཆོ་ག་ཡིན་པ་སྟེ། གཙུག་ཕུད་གཞག་པའི་བྱ་བ་ལྟ་བུའོ། །དེ་བཞིན་དུ་དབང་བསྐུར་བའི་ཆོ་ག་རྣམ་པ་
གསུམ་གྱི་བྱེ་བྲག་ནི་མདོར་བསྡུས་པའི་ཆོ་ག་ལ་ནི་དབང་བསྐུར་བའི་གནས་དཀྱིལ་འཁོར་ཙམ་དུ་ཟད་ལ། གསང་བའི་དབང་བསྐུར་བ་དང་དབུགས་དབྱུང་བ་མ་སྨོས་ཏེ། ཆོ་ག་ཉུང་ཟད་འདི་ཁྱད་པར་གྱི་སྡོམ་པ་མི་འཛིན་གྱི། ཐུན་མོང་གི་སྡོམ་པ་ལ་གནས་པ་རྣམས་དབང་བསྐུར་
ཞེས་དགོངས་པའོ། །རིམ་པ་བར་མ་ལ་དབང་བསྐུར་བའི་གནས་ཀྱི་དཀྱིལ་འཁོར་དང་བཅས་པར་གསང་བའི་དབང་གིས་དབང་བསྐུར་ཏེ། ལུང་བསྟན་པའི་བར་དུ་བྱ་བའོ། །དེ་ལ་གསང་བའི་དབང་ཞེས་བྱ་བ་ནི་ཐུན་མོང་གི་སྡོམ་པ་ཙམ་ལས་མི་འཛིན་པའི་གང་ཟག་ལ་གསང་
བ་ཡིན་པས་ན་གསང་བའི་དབང་སྟེ། དེ་ལ་དེ་བསྟན་པ་ལ་དགོས་པ་མེད་པས་སོ། །གཞན་དག་འདི་སྒྲུབ་པ་པོ་ལ་གསང་ཞེས་འདོད་པ་ནི་མི་འཐད་དེ། སྒྲུབ་པ་པོ་ནི་ངེས་པར་ལྷ་དང་དཀྱིལ་འཁོར་གྱི་དེ་ཁོ་ན་ཤེས་ནས་སྒྲུབ་པ་ལ་འཇུག་པར་རིགས་ཀྱི་གཞན་དུ་ན་མོས་
པ་མི་ཕྱེད་པར་མི་འགྱུར་བས་སོ། །བར་མ་འདི་ལ་ཡང་དབུགས་དབྱུང་བ་མེད་དོ། །རིམ་པ་རྒྱས་པར་འགྱུར་བ་ལ་ནི་གང་ཞིག་ཚེ་འདི་ཉིད་ལ་དངོས་གྲུབ་མཆོག་སྒྲུབ་པར་འདོད་ཅིང་དེའི་སྐལ་བ་ཅན་སོ་ཤིང་དོར་བ་དང་། མེ་ཏོག་ལྷུང་བ་དང་། ཡེ་ཤེས་དབབ་པས་ཁོང་དུ་ཆུད་པ་
ལ་དབང་བསྐུར་བའི་ཆོ་ག་ཐམས་ཅད་རྒྱས་པར་བྱ་ཞིང་། འདི་ནི་དབུགས་ཀྱང་དབྱུང་སྟེ། གསང་སྔགས་ཀྱི་ལམ་འདི་ནི་བསྒོམ་པས་རྣམ་པར་དག་པ་ཡིན་གྱི། ཐོས་པ་དང་ཤེས་པས་མ་ཡིན་ནོ། །དེ་ནས་དང་པོ་ཐུན་མོང་གི་སྡོམ་པ་ལ་གནས་ཏེ། རྒྱུད་ལ་སོགས་པ་མཉན་

པའི་སྐལ་བ་ཅན་དུ་བྱས་པ་དང་། བསོད་ནམས་འདོད་པ་ཙམ་གྱིས་དབང་བསྐུར་བ་ལེན་པའོ། །གཉིས་པ་ནི་སློབ་དཔོན་གྱི་དམ་ཚིག་ལ་གནས་ཏེ་འགྲོ་བ་རྣམས་ལ་དབང་བསྐུར་བ་དང་དཀྱིལ་འཁོར་དུ་འཇུག་པར་འདོད་པ་དང་། གསུམ་པ་ནི་སྒྲུབ་པ་པོའི་དམ་ཚིག་ལ་
གནས་ཏེ། ཚེ་འདི་ཉིད་ལ་མངོན་པར་མཐོ་བ་ལ་མི་ཉམས་ཤིང་ཆེས་ཁྱད་པར་དུ་འགྲོ་བར་འདོད་པའོ། །རིམ་པ་གསུམ་པོ་འདིས་ན་སྡོམ་པ་གསུམ་པོ་མི་འཛིན་པ་དེ་ནི་དབང་གང་ཡང་བསྐུར་བའི་སྐལ་བ་མེད་ཀྱི་དཀྱིལ་འཁོར་དུ་འཇུག་པ་ཙམ་ཞིག་བྱ་ཞེས་བྱ་བ་འདི་ལེགས་
པར་གནས་སོ། །རྒྱུད་གཞན་ལ་ལྟོས་པས་འདིར་མ་བསྟན་པའི་ཆོ་ག་མ་ཚང་བ་གང་ཞིག་རྫོགས་པར་བྱ་ཞེ་ན། ལྷག་མ་དབུགས་དབྱུང་བའི་ཆོ་ག་ནི་དཔལ་མཆོག་དང་པོར་བལྟའོ་ཞེས་བྱ་བ་སྟེ། དཔལ་མཆོག་དང་པོ་ནི་མིང་གཞན་རྟོག་པ་ཐམས་ཅད་ཀྱི་རྒྱལ་པོ་
ཞེས་བྱ་བ་སྟེ་དེ་ལས་ནི་དབུགས་དབྱུང་བ་འདི་སྐད་ཅེས་གསུངས་སོ། །མཆོག་གསང་དཀྱིལ་འཁོར་དམ་པ་ནི། །མཐོང་བ་དང་ནི་ཞུགས་གྱུར་པས། །སྡིག་པ་ཀུན་ལས་ངེས་གྲོལ་བར། །ཁྱེད་རྣམས་དེ་ཉིད་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །སླར་ཁྱེད་འཆི་བ་
ཡོད་མིན་པས། །མི་ཚུགས་པ་དང་མི་སོད་དེ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱེད་འདས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་པའི་མཆོག་ཏུ་གྱུར་པ་ཡིན། །དམ་ཚིག་སྡོམ་པ་གྲུབ་པ་འདི། །
རྟག་ཏུ་ཁྱོད་ཀྱིས་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་རྟག་པའི་བཀའ་ཡིན་ནོ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་གཏང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པའོ། །དམ་པའི་ཆོས་
ནི་མི་སྤང་ཞིང་། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །ཚུལ་ཆེན་བསྟན་པར་མི་བྱའོ། །བདག་ཉིད་ཡོངས་སུ་སྤངས་ནས་སུ། །དཀའ་ཐུབ་ཀྱིས་ནི་མ་གདུངས་ཤིག །ཅི་བདེ་བར་ནི་བདེ་བར་གཟུང་། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །

རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་མི་དོར་ཞིང་། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སློབ་མ་སློབ་དཔོན་སངས་རྒྱས་ནི། །ཀུན་དང་མཚུངས་ལ་གང་སྨོད་པ། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་ཏེ། །
རིམས་དང་དུག་དང་དབྱིག་དུག་ནད། །མཁའ་འགྲོ་རྣམས་ཀྱིས་གཙེས་པ་དང་། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་ལྟུང་། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་སྤྱོམས་
པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་དབུལ་བར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རྟག་ཏུ་རང་གི་དམ་ཚིག་བསྲུངས། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །
རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་ཕུལ་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་ཕུལ་བ་ཉིད་དུ་འགྱུར། །དེ་ཕུལ་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །གང་ཕྱིར་འདི་ནི་ལེགས་གནས་པར། །དེང་ཁྱེད་
སྐྱེ་བ་འབྲས་བུར་བཅས། །དམ་ཚིག་ལྷ་རྣམས་ཀུན་མཉམ་པར། །དེང་ཁྱོད་གྱུར་པར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པ། །ཀུན་གྱིས་དེང་ཁྱོད་དབང་བསྐུར་བ། །ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ། །རྒྱལ་བའི་བདག་པོར་བསྟན་པ་ཡིན། །དེང་ནི་བདུད་
ལས་རྣམ་རྒྱལ་ཏེ། གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་མཆོད། །དེ་ཉིད་ཐོབ་པར་ཐེ་ཚོམ་མེད། །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་བསྐྱེད་བསྟེན་པར་བྱོས། །དེ་རིང་འགྲོ་བ་ལ་བདེ་རྡོ་རྗེ་སེམས་
དཔའ་དང་། །རབ་ཏུ་མཉམ་ཞིང་རྟག་པ་ཉིད་དུ་རྟོགས་པར་འགྱུར། །ཞེས་སོ། །དེ་ལྟར་ན་ནི་ཇི་ལྟར་ནུས་པས་དམ་ཚིག་ཐམས་ཅད་ཕན་ཚུན་ལྡན་པར་བསྲུང་བར་བྱ་བ་ཡིན་ཡང་། ཁྱད་པར་དུ་དབུགས་དབྱུང་བ་དང་ལྷན་ཅིག་བསྟན་པའི་དམ་ཚིག་འདི་དག་ནི་སྒྲུབ་པ་པོའི་དབང་

དུ་བྱས་པའོ། །གཞན་དག་ནི་དབུགས་དབྱུང་བ་སློབ་དཔོན་དུ་དབང་བསྐུར་བ་ལ་ཡང་སྦྱིན་ཞིང་། སྨོས་པ་དང་མ་སྨོས་པའི་རྩ་བའི་ལྟུང་བ་དག་ལས་མ་སྨོས་པ་ནི་སྒྲུབ་པ་པོའི་དམ་ཚིག་སྟེ་སྨོས་པ་རྣམས་ནི་སློབ་དཔོན་གྱི་སའོ་ཞེས་ཟེར་རོ། །སྒྲུབ་པ་པོ་ནི་དེ་དག་མི་བསྲུང་བ་མ་ཡིན་
མོད་ཀྱི། སློབ་དཔོན་གྱིས་ཀྱང་གཉི་ག་ལ་དགག་པ་མི་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན། བརྟན་པར་འགྱུར་བའི་ཕྱིར་རོ། །སྒྲུབ་པ་པོ་ཚད་མེད་པའི་དངོས་གྲུབ་མཐོང་བའི་ཚེ་ལ་ཐོབ་པར་འདོད་པའི་ལྷ་ལ་སོགས་ཀྱང་དེ་བསྲུང་ཞེས་བྱའོ། །ཡང་འདིར་གཞན་དག་ནི་ཆོ་ག་འདིའི་
མཐར། དེ་ནས་བསངས་ཏེ་སློབ་མ་ཡི། །སྙིང་གར་ཉེ་བར་གཏུགས་ནས་ནི། །ཀུན་བྱེད་རིགས་ཀྱི་རིག་པ་བཟླས། །སྲུང་སྐུད་ལག་པ་གཡས་པར་གདགས། །དེ་ནས་བླ་མ་བདག་ཉིད་ཀྱིས། །དེ་ཡི་སྤྱི་བོར་གདུགས་ཀྱང་གཟུང་། །ཐལ་མོ་སྦྱར་བར་བྱས་ནས་ནི། །དཀྱིལ་འཁོར་
ལེགས་པར་བསྐོར་དུ་གཞུག །གདུགས་དང་བཅས་པའི་སྒོ་ཕྱོགས་སུ། །སྤྱི་བོ་འདུད་དེ་ཕྱག་འཚལ་གཞུག །སློབ་མ་འདི་ནི་ཕུལ་བ་ལགས། །གསང་སྔགས་རྒྱུད་ནི་འཛིན་པར་འགྱུར། །བླ་མས་དེ་སྐད་སྨྲས་ནས་སུ། །གདུགས་བཞག་ནས་ནི་བླ་མ་དེ། །ལག་པས་ལེགས་པར་
བསླང་བར་བྱ། །ད་ནི་དཀྱིལ་འཁོར་སློབ་དཔོན་འགྱུར། །གསང་སྔགས་རྒྱུད་ཀྱང་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱིས་བཀུར་བར་འགྱུར། །སེམས་ཅན་རྣམས་ལ་བརྩེ་བའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །
ནན་ཏན་བསྐྱེད་དེ་བྲི་བར་བྱ། །སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། །ཞེས་བྱ་བའི་རྒྱུད་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་གསང་བ་སྤྱིའི་རྒྱུད་ཅེས་བྱ་བ་ལས་གསུངས་པས་ཀྱང་འདིར་ཆོ་ག་མ་རྫོགས་པ་རྫོགས་པར་བྱའོ་ཞེས་ཟེར་རོ། །གང་ཞིག་དཀྱིལ་འཁོར་ཆེན་པོར་བྱང་ཆུབ་ཏུ་སེམས་
བསྐྱེད་ནས། དེ་སླར་གཏོང་ཞིང་ཉན་ཐོས་དང་རང་སངས་རྒྱས་སུ་འདུན་པས་མྱུར་དུ་འདོད་ཆགས་དང་བྲལ་བར་བྱེད་ན། བྱང་ཆུབ་ཀྱི་སེམས་བཏང་བ་དང་བླ་མ་བསླུས་པའི་ཕྱིར་སྡིག་པ་མཐའ་མེད་པས་ན། འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ།

ཐབས་ལ་མཁས་པའི་མདོ་ལས་བྱང་ཆུབ་ཀྱི་སེམས་བཏང་ན་རྩ་བའི་ལྟུང་བར་བསྟན་པ་དང་། གཞན་ལས་ཀྱང་། མི་གང་བྱང་ཆུབ་སེམས་བཏང་ཡང་། །དེ་དག་ཐར་པར་མཛད་པ་ནི། །ལས་ཚུལ་བསམ་གྱིས་མི་ཁྱབ་ཕྱིར། །ཐམས་ཅད་མཁྱེན་པ་ཁོ་ནས་
མཁྱེན། །ཞེས་བཤད་དོ། །དེའི་ཕྱིར་གསང་སྔགས་ཀྱི་ལམ་འདིར་བྱང་ཆུབ་ཀྱི་སེམས་མི་གཏང་བར་བྱ་བ་བསྒྲུབ་པར་བྱ་བའི་གཙོ་བོ་སྟེ་སྔར་རྒྱས་པར་བརྗོད་པ་བཞིན་ནོ། །ཡང་དག་པར་ཚིམ་པར་བྱ་བ་ནི་སྒྲུབ་པ་པོ་མ་ཡིན་གྱི་སློབ་མ་གང་དག་ཟས་ལ་སྲེད་པས་དེར་འདུས་པ་ལ་སོགས་
པའོ། །ཧཱུྃ་བཞི་པ་ནི་ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཞེས་པ་ལ་སོག