Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 62

Văn bản gốc(Tây Tạng)

Trang 3 / 24 (50.000 ký tự/trang)
ོགས་བཟངས། ཏོག །ཡུལ་འཁོར་མེ་ཏོག །ཆོས་ཀྱི་བློ་གྲོས། རླུང་གི་ཤུགས་ལྟར་གཤེགས་པ། ལེགས་བསམ་གྲགས་པ། སྣང་ལྡན། ལྷ་ཚོགས།

ཡོན་ཏན་སྲུང་། དོན་གྱི་བློ་གྲོས། བསྙེངས་མེད། གྲོགས་བརྟན། འོད་གནས། མཚུངས་མེད། ནོར་བུའི་ཞབས། ཐར་པའི་གཟི་བརྗིད། ངོས་བཟངས། བློ་བཟངས། ཀུན་དུ་གཟི་བརྗིད། ཡེ་ཤེས་མཆོག །ཚངས་པར་གནས། བདེན་པ་གསུང་བ། བློ་
བཟངས། སྟོབས་བྱིན། སེང་གེ་སྟབས། མེ་ཏོག །ཡེ་ཤེས་འབྱུང་གནས། མེ་ཏོག་བྱིན། ཡོན་ཏན་སྙིང་པོ། རིན་ཆེན་གྲགས་པ། གྲགས་པ་རྨད་དུ་བྱུང་བ། མི་མཚུངས་པ། བསྙེངས་མེད། ཉི་མའི་འོད། ཚངས་པར་གཤེགས་པ། ལྷའི་མཐུ་རྩལ། ཡེ་ཤེས་དགྱེས། ལྷ་
བདེན། ནོར་བུའི་སྙིང་པོ། ཡེ་ཤེས་དཔལ། བཅིངས་མེད། བརྟུལ་ཞུགས་བརྟན། ལྷའི་གཟི་བརྗིད། ཚངས་པ་ཐུབ། དལ་གྱིས་བཞུད། བརྟུལ་ཞུགས། དཀའ་ཐུབ། འོད་ཟེར་ཕུང་པོ། གཟི་བརྗིད་ཆེན་པོ། ཙམ་པ་ཀ །དགའ་མཛད། ཚོགས་ཅན་བཟང་པོ། དབང་
པོའི་རྒྱལ་མཚན། དགྱེས་པ་ཆེན་པོ། །སྣ་མའི་མེ་ཏོག་འོད། ཚོགས་ཅན་འོད། བསྐྲུན་པར་མཛད། མདངས་འགྲོ། དོན་ལེགས་ངེས། ཁྱུ་མཆོག །ལག་བཟངས། འོད་ཟེར་ཆེན་པོ། བསམ་པས་བྱིན། བསོད་ནམས་འོད། རིན་ཆེན་དབྱངས། རྡོ་རྗེའི་སྡེ། འབྱོར་ལྡན།
སེང་གེའི་སྟོབས། དྲི་མ་མེད་པའི་སྤྱན། འོད་སྲུངས། བློ་གསལ། ཡེ་ཤེས་བློ་གྲོས། གཟི་བརྗིད་དྲག་ཤུལ་ཅན། འོད་ཟེར་ཆེན་པོ། ཉི་མའི་འོད། དྲི་མ་མེད་པའི་འོད། གཟི་བརྗིད་རྣམ་པར་འབྱེས་པ། ཁེངས་མེད། སྦྲང་རྩིའི་ཞལ། ཟླ་འོད་གློག་སྦྱིན། རབ་ཏུ་ཞི་བར་
གཤེགས། མི་འཁྲུགས་པ། དགྲ་བཅོམ་གྲགས་པ། ཆོས་ཀྱི་ཡོན་ཏན། ཞིང་བཟང་པོ། བཀོད་པའི་རྒྱལ་པོ། མངོན་པར་འཕགས་པ། སྦྱིན་སྲེག་འོད་འཕྲོ། པདྨའི་དཔལ། རིན་པོ་ཆེའི་བཀོད་པ། ཤིན་ཏུ་བཟང་པོ། རིན་པོ་ཆེའི་མཆོག །ཐུགས་ཤིན་ཏུ་གཞུངས་པ།
འོད་དཔག་མེད། རྒྱ་མཚོས་བྱིན། ཚངས་པའི་ཏོག །ཟླ་བའི་གདུགས། འོད་འཕྲོ་བ། དྲི་མེད་རྒྱལ་པོ། འདི་རྣམས་ནི་ལྷོ་ཕྱོགས་ཀྱི་ཁྱམས་ཀྱི་ནང་དུ་བྲི་བར་བྱའོ། །ཡེ་ཤེས་གྲགས་པ། ཀུན་ལས་རྒྱལ་བ། ཡོན་ཏན་འོད། སྒྲ་རྣམ་པར་གྲགས་པ། ཟླ་བ་རྒྱས་པ།

པདྨའི་འོད་ཟེར། བརྟུལ་ཞུགས་བཟང་པོ། སྒྲོན་མ་རྒྱལ་པོ། གློག་གི་ཏོག །འོད་ཟེར་རྒྱལ་པོ། སྐར་མཁན། གྲགས་པ་རྫོགས་ལྡན། པདྨའི་སྙིང་པོ། རྒྱལ་སྤྱན་མཛེས། རྙོག་པ་མེད་པའི་དོན། དྲག་ཤུལ་སྡེ། བསོད་ནམས་གཟི་བརྗིད། མཐུ་རྩལ་ཅན། ཐོགས་མེད་བློ།
སྒྲ་གཅན་ལྷ། ཡེ་ཤེས་ཕུང་པོ། ཁ་ལོ་སྒྱུར་བ། སྐྱེ་དབང་མཚུངས་པ། མེ་ཏོག་ཏོག །སྒྲ་གཅན་འཛིན། རྩི་སྨན་ཆེན་པོ། །རྒྱུ་སྐར་རྒྱལ་པོ། །སྨན་པའི་རྒྱལ་པོ། །བསོད་ནམས་གླང་པོ། གཅོད་པར་མཛད་པ། རྣམ་པར་གྲགས་པའི་རྒྱལ་པོ། ཉི་མའི་འོད་ཟེར། ཆོས་ཀྱི་མཛོད།
བློ་གྲོས་བཟང་པོ། །ཡོན་ཏན་དབང་མཚུངས། རྡོ་རྗེའི་སྡེ། ཤེས་རབ་བརྩེགས། ལེགས་པར་གནས། བློ་སྦྱངས། ཚངས་པའི་དབྱངས། ཡོན་ཏན་མཆོག །འབྲུག་སྒྲ་དབྱངས། མངོན་པར་ཤེས་པའི་ཏོག །ཏོག་གི་འོད། མི་འདྲེན་དགེ་བ། ཚངས་པ། སྐྱེས་མཆོག་སྤྱན་སྡུག །
ཀླུས་བྱིན། བདེན་པའི་ཏོག །བརྒྱན་པ། ཞུམ་པ་མེད་དབྱངས། རིན་ཆེན་འོད། དབྱངས་བྱིན། སེང་གེ་འོད་ཟེར་སྣ་ཚོགས། ཡེ་ཤེས་དཔའ་བོ། །པདྨའི་ཕུང་པོ། མེ་ཏོག་རྒྱས་པ། མཐུ་རྩལ་སྟབས། བསོད་ནམས་ཕུང་པོ། གཟུགས་མཆོག །སྐར་མཁན།
ཟླ་བའི་སྒྲོན་མ། གཟི་བརྗིད་ཕུང་པོ། བྱང་ཆུབ་རྒྱལ་པོ། མི་ཟད་པ། མངོན་པར་རྟོགས་པའི་སྤྱན། ཡན་ལག་བརྒྱད་པ། ཡུལ་འཁོར་ཤེས་རབ། མཆོག །གཟི་བརྗིད་ཚིམ་མཛད། ཤེས་རབ་བྱིན། འཇམ་དབྱངས། ཆགས་པ་མེད་མཛད། གཙོ་བོས་བྱིན། གཙོ་བོ། ཡེ་
ཤེས་མཐུ་ཙལ། འོད་འཕྲོ་ཅན། དབང་པོ། ཤུགས་འཆང་། སྐར་རྒྱལ། འོད་བཟང་པོ། གྲགས་པས་བྱིན་པ། གཟུགས་བཟང་པོ། །རྒྱལ་པོ། དོན་གྲུབ་པ། སེང་གེའི་སྡེ། ནོར་ལྷའི་བུ། གྲགས་པ། རྒྱལ་བ། བརྒྱ་བྱིན་སྙིང་པོ། བསོད་ནམས་འོད་ཟེར། འོད་ཟེར་
བཟང་པོ། སྨྲང་འདོན། སྒྲོན་མའི་རྒྱལ་པོ། ཡེ་ཤེས་བརྩེགས། ལྷ་མཆོག །སའི་བདག་པོ། རྣམ་པར་གྲོལ་བ་བརྙེས་པ། གཙུག་གི་གསེར། སྒྲ་གཅན་བཟང་པོ། ཐུབ་དཀའ། ཐུབ་གསལ། ཟླ་བའི་འོད་ཟེར། གསེར་གྱི་འོད། ལེགས་བྱིན། ལྷའི་ཡོན་ཏན་

དབང་པོ། ཆོས་ཀྱི་གདུགས། བསོད་ནམས་ལགས། ཆགས་པ་མེད་པ། ཡེ་ཤེས་གྱ་ནོམ། བློ་གྲོས་ཞིབ་མོ། གཟི་བྱིན་ཐམས་ཅད་པ། རྩི་སྨན་རྣམ་པར་གྲོལ་བའི་ཏོག །འོད་ཀྱི་མཛོད། ཡེ་ཤེས་རྒྱལ་པོ། འཇིགས་མཛད། ཆུ་བོའི་སྤོང་བ།
ཐོགས་མེད་གྲགས་པ། བདེན་པའི་ཕུང་པོ། དབྱངས་སྙན་པ། རི་དབང་མཚུངས། ཆོས་བརྩེགས། ཐར་པའི་གཟི་བྱིན། ལེགས་མཛད། རབ་ཏུ་ཞི་བའི་སྐུ། ཡིད་དུ་འོང་བའི་གསུང་། བློ་སྦྱངས། ཆུ་ལྷ། འགྲོ་བས་མཆོད། སེང་གེའི་ལེགས། ཆོས་ཀྱི་མཐུ་སྩལ། སྐལ་
པ་བཟང་པོ། མི་འཁྲུགས་པའི་མདོག །གཟི་བརྗིད་རྒྱལ་པོ། རྟོག་མཛད་སྤྱན་ལེགས། དོན་ལ་གནས་པའི་བློ་མངའ་བ། སྣང་བའི་འོད་ཟེར། སྤོས་ཀྱི་གཟི་བརྗིད། ཀུན་དུ་དགའ་བར་མཛད་པ། དོན་ཡོད་པར་གཤེགས་པ། ཁྲོ་བ་བཅོམ་པ། གཟུགས་མཆོག །
ལེགས་གཤེགས། རབ་ཏུ་སྦྱིན་པར་གྲགས་པ། འོད་བཟངས། ལྷའི་ཉི་མ། ཤེས་རབ་བྱིན། མཉམ་པར་བཞག་པའི་བདག་ཉིད། གཟི་མདངས། རྒྱལ་རིགས། སྐལ་ལྡན་ཤིང་རྟ། གསེར་མཆོག །རྣམ་པར་གྲོལ་བའི་གཙུག །ཆོས་ལྡན། སྤོས་གནས། དྲེགས་པ་
སྤངས། ཡེ་ཤེས་ཀྱི་མཛོད། ཚངས་པར་གཤེགས། ཙན་དན་མྱ་ངན་མེད་པ། སེང་གེའི་འོད་ཟེར། ཡུལ་འཁོར་ཏོག །པདྨའི་སྙིང་པོ། གཟི་བརྗིད་མཐའ་ཡས། ལྷའི་འོད་ཟེར། ཤེས་རབ་མེ་ཏོག །མཁས་པ། ཡེ་ཤེས་འབྱོར་ལྡན། ཚངས་པ་དབྱིག །ཕྱག་ན་རིན་ཆེན་
དབང་ལྡན་རྫོགས་པར་གསུང་བ། མཆོག་གསུང་། མཆོད་འོས། སྐར་རྒྱལ་ཉི་མ། འདམ་ལས་རྒལ་བ། ཡེ་ཤེས་བརྙེས། གྲུབ་པ། རྨ་བྱ། མཆོད་སྦྱིན། ཕན་པར་བཞེད་པ། ཡེ་ཤེས་ལྡན་པ། གྲགས་པ་འོད་ཟེར་གྱི་དྲ་བ། རྣམ་པར་བཅོམ་པ། བཻ་ཌཱུརྱའི་སྙིང་པོ། མེ་ཏོག་ལྷའི་
རྒྱལ་པོ། །ཟླ་བ་དྲན་པའི་འོད། དགེ་བའི་འོད། །ཡོན་ཏན་མཆོག་མ། ཀུན་འོད་རིན་པོ་ཆེའི་དཔལ། སྐྱེས་བུ་ཟླ་བ། སྒྲ་གཅན། བདུད་རྩིའི་འོད། འཇིག་རྟེན་མཆོག །སྐར་མའི་འོད། ཞི་བའི་སྟབས། ཡེ་ཤེས་རྒྱ་མཚོ། རིའི་དབང་པོ། རབ་ཏུ་ཞི་བ། ཡོན་

ཏན་མཐའ་སྟོབས། ལྷའི་དབང་པོ། དབྱངས་སྙན་པ། ངོས་བཟང་། དོན་ལ་གནས་པ། ཡོན་ཏན་གཟི་བརྗིད་དཔལ། མཁྱེན་ལྡན་ཟླ་མེད། ང་རོ་དཔག་མེད། འོད་བཟངས། ཤིན་ཏུ་ཐུགས་གཞུངས་པ། དོན་དགོངས་གཏི་མུག་བྲལ། དབྱངས་ཀྱི་ཡན་
ལགས་ཁྱད་འཕགས། མཆོག་ཏུ་མཛེས་པར་གཤེགས་པ། ཞི་བའི་དོན། སྐྱོན་མེད་བློ། དབྱངས་དགེ་བ། པདྨའི་མཛོད། འོད་ཟེར་བཟང་པོ། སྤོབས་པའི་མདོག །སྟེགས་བཟང་པོ། ཚོགས་ཀྱི་དབང་པོ། བསྙེངས་པ་དང་བྲལ་བ། ཡེ་ཤེས་བཞེད་པ། སྤོབས་པའི་
སྤྱན། བློའི་མཆོག །ཟླ་བ། རིན་ཆེན་ཟླ་འོད། བསྙེངས་པ་མེད་པ། གཟི་བརྗིད་ཆེན་པོ། ཚངས་པའི་དབྱངས། དབྱངས་བཟང་པོ། ཤེས་རབ་ཆེན་པོའི་སྟེགས། བློ་གྲོས་ཟླ་མེད། རྡོ་རྗེ་མཁྲེགས་པ། བྱང་ཆུབ་བློ་གྲོས། ལྗོན་ཤིང་དབང་པོ། གདངས་སྙན་པ། བསོད་ནམས་སྟོབས།
མཐུའི་དཔལ། འཕགས་པ་དགྱེས་པ། མཐུ་སྟོབས། སྐར་མ་ལ་དགྱེས་པ། སྤྲིན་གྱི་རྔ་སྒྲ། འདི་རྣམས་ནི་ནུབ་ཕྱོགས་ཀྱི་ཁྱམས་ཀྱི་ནང་དུ་བྲི་བར་བྱའོ། །སྤྱན་སྡུག་པའི་ཞལ། ཡེ་ཤེས་བཟང་ལྡན། འབྱོར་པར་ལྡན་པ། ཡོན་ཏན་ཕུང་པོ། གསལ་བ།
ཆོས་ཀྱི་རྒྱལ་མཚན། ཡེ་ཤེས་ང་རོ། ནམ་མཁའ། མཆོད་སྦྱིན་ང་རོ། ཤེས་རབ་རྣམ་དགོད་ང་རོ། ཡོན་ཏན་འོད་ཟེར་གཟི་བརྗིད། དྲང་སྲོང་དབང་པོ། །བློ་དང་ལྡན་པ། སྤོབས་པའི་ཚོགས། མཆོད་སྦྱིན། བཟང་པོ། ཟླ་བའི་ཞལ། ཤིན་ཏུ་གཟིགས་པ། རྡུལ་
དང་བྲལ་བ། ཡོན་ཏན་ཚོགས། ཏོག་དང་ལྡན་པ། བསོད་ནམས་རྒྱལ་མཚན། ཡུལ་འཁོར་སྤོབས་པ། རིན་ཆེན་རབ་སྦྱིན། ཟླ་བ་དགྱེས་པ། སེང་གེའི་སྟོབས། དབང་སྒྱུར་རྒྱལ་པོ། བདུད་རྩི་གསལ་བ། བསམ་གཏན་སྙོམས་པ། འཁྲུགས་པ་མེད་པ། དྲི་མ་
རབ་ཞི། ཕྱོགས་མ་བསླད་པ། མཛེས་པ་ཞལ་བཟངས། ཤུགས་གནས། ཡེ་ཤེས་ལྡན་པ། གསུངས་པའི་དབང་པོ། གཟི་བརྗིད་ཆེན་པོ། བློ་གྲོས་ཟབ་མོ། བདུད་རྩི། ཆོས་ཀྱི་སྟོབས། མཆོད་པར་ལྡན། མེ་ཏོག་འོད། ཁམས་གསུམ་མཆོད་གནས། སྒྲ་གཅན་ཉི་མའི་

སྙིང་པོ། ལྷའི་མཆོད་པ། ཐར་པའི་རྒྱལ་མཚན། དགེ་བའི་གཙུག །བདུད་རྩི་འོད། རྡོ་རྗེ་བརྟན་པ། རིན་ཆེན་ཕུང་པོ། མཛེས་པར་གཤེགས་པ། ཉི་མ་ལྟར་གཤེགས་པ། དགའ་བའི་འོད། ཡོན་ཏན་གཙུག །དཔལ་རྫོགས། སེང་གེའི་སྟབས། གྱེན་
དུ་འཕགས་པ། མེ་ཏོག་བྱིན། འོད་འགྱེད། པདྨ། ཡེ་ཤེས་དགྱེས། བཀོད་པ་མཛེས། གཏི་མུག་མེད་པར་གནས་པ། རྨ་མེད་པ། ཏོག་གི་རྒྱལ་མཚན། བདེ་བར་དགོངས། གཏི་མུག་མེད་པའི་རྒྱལ་པོ། །ཆོག་མཁྱེན། དག་པའི་རྒྱ་མཚོ། རིན་ཆེན་མངའ། མི་མངའ་བ། སྐྱེ་བོ་
དགའ་བར་མཛད་པ། རྨ་བྱའི་ང་རོ། མ་ཞུམ་པ། སྲིད་པའི་སྲེད་པ། དྲི་མ་སྤངས་པ། སྤྱོད་པའི་སྟེགས། ལྷ་མང་པོས་སྙན་པར་གྲགས་པ། རིན་པོ་ཆེའི་སྟབས། ཕྱག་ན་པདྨ་བསྣམས་པ། དཔལ། དགྲ་ལས་རྒྱལ་བ། འབྱོར་ལྡན་གྲགས་པ། ཡུལ་འཁོར་བཟང་པོ། མེ་ཏོག་འོད།
སེང་གེའི་ང་རོ། ཟླ་བ་ལྟར་ཤར་བ། འཇོམས་པའི་མཆོག །མི་གཡོ་བ། ཕན་པ་དང་ལྡན་པར་གཤེགས་པ། བསོད་ནམས་སྒྲོན་མའི་རྒྱལ་པོ། དབྱངས་ཀྱིས་བསྐུལ་བ། གཽ་ཏ་མ། མདངས་སྟོབས། བློ་གནས་པའི་རང་བཞིན། ཟླ་བ་བཟང་པོ། བྱང་ཆུབ་ཡན་ལག་མེ་
ཏོག །བཀྲ་ཤིས་ལེགས་དོན། ཡེ་ཤེས་གཟི་བརྗིད། སྟོབས། དགེ་བའི་སྒྲོལ་མ། མཐུ་སྩལ་བརྟན་པོ། ལྷ་སྒྲ། རབ་ཏུ་ཞི་བ། ཉི་མའི་ཞལ། ཐར་པའི་བརྟུལ་ཞུགས། ཚུལ་ཁྲིམས་འོད། བརྟུལ་ཞུགས་གནས། རྡུལ་མེད་སྙིང་པོ་འཕགས། མིག་སྨན། འཕེལ་བར་མཛད་
པ། སྤོས་ཀྱི་འོད། དུས་མཁྱེན་འོད། དྲན་པའི་དབང་པོ། །ཐོགས་པ་མེད་པའི་རྒྱལ་མཚན། བྱང་ཆུབ་མཆོག་བགྲོད། སྤྱོད་པ་གསལ། རིན་ཆེན་དགྱེས། ཆོས་ཀྱི་དབང་ཕྱུག །ལྷ་ཐམས་ཅད་པ། བཤེས་གཉེན་ཆེན་པོ། བཤེས་གཉེན་བཟང་པོ། །རབ་ཏུ་ཞི་བའི་སྟབས།
བདུད་རྩིའི་བདག་པོ། །ལྷུན་པོའི་འོད། འཕགས་པས་བསྟོད་པ། སྣང་ལྡན། གཟི་བརྗིད་འབར་བ། སྣང་བ་གཟིགས། ལེགས་སྤྱད་རྣམ་པར་སྨིན། ལེགས་དགྱེས། མྱ་ངན་བྲལ། རིན་ཆེན་འོད། སྤྱོད་པ་དང་ལྡན་པ། བསོད་ནམས་སྟོབས། ཡོན་ཏན་རྒྱ་མཚོ། རྨད་དུ་བྱུང་

བ། ང་རྒྱལ་སྤོང་། བདུད་བརླབ་པར་མཛད་པ། བག་ཆགས་ལས་རྒལ་བའི་སྟོབས། མི་ཕྱེད་པའི་བློ་མངའ་བ། རྒྱ་མཚོ། དག་པར་མཛད་པ། ཚོགས་ཅན་གྲོལ་བའི་རྒྱལ་པོ། དགའ་བའི་འོད། བྱང་ཆུབ་རྒྱལ་མཚན། ཡེ་ཤེས་རིན་ཆེན། ཤིན་ཏུ་བསིལ་བ།
ཚངས་པ་རྒྱལ་བ། ཡེ་ཤེས་དགྱེས། རྫུ་འཕྲུལ་ཏོག །སྐྱེ་དབང་མཚུངས་པ། སའི་དབང་ཕྱུག །ཉི་མ་དགྱེས། སྒྲ་གཅན་ཟླ་བ། མེ་ཏོག་འོད། སྨན་པའི་བདག་པོ། མདངས་མངའ། བསོད་ནམས་དགྱེས། དགའ་བའི་སྟོབས། དབྱངས་སྙན་པ། ཆོས་ཀྱི་
དབང་ཕྱུག །ཚངས་པའི་དབྱངས། སྤྱོད་པ་བཟང་པོ། །འཁྲུལ་པ་མེད་པའི་བློ། དབྱངས་ཆེན་པོ། སྙན་པར་གྲགས་པ། ཏོག་ལྡན། གཟི་བརྗིད། རྣམ་པར་གྲགས་པ། འགྲོ་བའི་དབང་ཕྱུག །ལྗོན་པ། གཏི་མུག་རབ་ཟད། དཔག་ཏུ་མེད་པ། ཟླ་བ་བཟང་པོ། སྤོབས་
པ་མཐའ་ཡས་ཏོག །བརྟུལ་ཞུགས་བསྟར་བ། མཆོད་པའི་གནས། མྱ་ངན་རྒལ། དགེ་བ་དགྱེས་པ། འགྲོ་བའི་བློ་གྲོས། དགྱེས་པར་གཤེགས་པ། ཞབས་མཛེས། ཨུཏྤལ། དུལ་གནས་མེ་ཏོག །སྤོབས་པ་མཐའ་ཡས། འོད་ཟེར། དྲང་སྲོང་གསལ་བ། ཡོན་
ཏན་བརྩོན་འགྲུས། སྙིང་པོ། ལྷའི་བདག་པོ། རིན་ཆེན་མཐོན་པོ། གསལ་བ། སྐལ་ལྡན་ཤིང་རྟ་ཅན། བསོད་ནམས་བློ་གྲོས། སྦྱིན་སྲེག་འོད་འཕྲོ། ཡོན་ཏན་མཐའ་ཡས། གཟི་བརྗིད་ཕུང་པོ། སེང་གེའི་སྟབས། མི་གཡོ་བ། རབ་གསལ། འོད་སྤྱོད་པ།
གླུ་དབྱངས། འཁོར་ལོ་འཛིན་པ། དབྱིག་གི་མཆོག །འཇིག་རྟེན་དགའ་བ། དགའ་བ་མཐའ་ཡས་གྲགས་པ། སྤྲིན་གྱི་ཏོག །ཤེས་རབ་འགྲོས། སྤོས་བཟངས། ནམ་མཁའི་དབྱིངས། ལྷའི་རྒྱལ་པོ། ནོར་བུ་གསལ་བ། ནོར་བཟངས། སྒྲོན་མ། རིན་
ཆེན་ང་རོ་དབྱངས། སྐྱེ་དབང་རྒྱལ་པོ། སྒྲ་གཅན་སྦེད་པ། དགེ་བ་མཛད། སེང་གེའི་བློ་གྲོས། རིན་ཆེན་གྲགས་པ། དོན་མཛད་པ། མཛད་མཐའ་གཟིགས་པ། སྲིད་པའི་མེ་ཏོག །མཛོད་སྤུ་ལྡན་པ། སྤོབས་པ་མཚུངས་མེད། རྒྱལ་པོ། ཡེ་ཤེས་རྣམ་འབྱེད་ང་རོ།

སེང་གེའི་མཆེ་བ། མཛེས་པར་གཤེགས་པ། བསོད་ནམས་སྒྲོན་མ། བཀྲ་ཤིས་ལྡན་པ། ཡུལ་འཁོར་མྱ་ངན་མེད་པ། བློ་གྲོས་སེམས་དཔའ། བློ་དང་ལྡན་པ། ཆོས་ཀྱི་སྒྲོན་མ། སྤྱན། ཤིན་ཏུ་གཟིགས་པ། ཤུགས་ཀྱིས་འདོར་བ། སྟོབས་ཆེན།
ཤེས་རབ་མེ་ཏོག །བརྟན་པའི་དབྱངས། བདེ་དང་ལྡན་པ། དོན་གསུང་བ། དགྱེས་པ་གསལ་བ། སེང་གེའི་ཞལ། གཙུག་ཕུད་སྣང་བར་མཛད་པ། འདི་རྣམས་ནི་བྱང་ཕྱོགས་ཀྱི་ཁྱམས་ཀྱི་ནང་དུ་བྲི་བར་བྱའོ། །ཡང་ན་བྱམས་པ་དང་། མཐོང་བ་དོན་ཡོད་དང།
ངན་སོང་ཀུན་འདྲེན་དང་། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས། སྤོས་ཀྱི་གླང་པོ། དཔའ་བར་འགྲོ་བ། ནམ་མཁའི་མཛོད། ཡེ་ཤེས་ཏོག །འོད་དཔག་ཏུ་མེད་པ། ཟླ་བའི་འོད། བཟང་སྐྱོང་། དྲ་བ་ཅན་གྱི་འོད། རྡོ་རྗེ་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་
པ་བརྩེགས་པ། ཀུན་དུ་བཟང་པོ་ཞེས་བྱ་བ། བཅུ་དྲུག་པོ་ཇི་ལྟར་མངོན་པར་དགའ་བའི་སྐུ་མདོག་དང་། རྒྱན་དང་ལྡན་པ། རིན་པོ་ཆེའི་ཅོད་པན་དང་། དར་དཔྱངས་ཀྱི་དབང་བསྐུར་བ་དང་ལྡན་པ་དགོད་པར་བྱའོ། །ཕྱོགས་བཞིར་ཡང་རྟ་བབས་བཞི་དང་ཀ་བ་བརྒྱད། ཁྲུ་དྲུག་གམ་བདུན་
གྱི་ཚད་ཙམ་རིན་པོ་ཆེ་ལ་སོགས་པའི་རྒྱུ་ལས་བྱས་པ། མེ་ཏོག་གི་ཕྲེང་བ་དང་། དྲིལ་བུ་དང་དར་ལ་སོགས་པས་བརྒྱན་པ། རྡོ་རྗེ་སེམས་དཔའ་མངོན་པར་བཟླས་པར་བྱའོ། །དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཤར་ལ་སོགས་པའི་ཕྱོགས་ཀྱི་ཆར། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
སྡོང་པོས་བརྒྱན་པ་དང་། དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་དང་། གསེར་འོད་དམ་པ་ཀློག་ཏུ་གཞུག་གོ། །ཆོས་སྨྲ་བ་དེ་དག་ཀྱང་སངས་རྒྱས་ལྟར་ཅི་ནུས་པས་མཆོད་པར་བྱའོ། །དེ་ལྟ་བུས་ནི་བགེགས་ཐམས་ཅད་ཉེ་བར་ཞི་བ་དང་། དཀྱིལ་འཁོར་གྲུབ་པར་འགྱུར་རོ། །ཕྱོགས་
མཚམས་བརྒྱད་དུ་སྤོས་སྣོད་བརྒྱད་ལས་ག་པུར་དང་། ཨ་ག་རུ་དང་། ཏུ་རུ་སྐ་དང་ཙནྡན་ལ་སོགས་པ་རྒྱུན་མི་འཆད་པར་གཏུལ་བར་བྱའོ། །དེ་ལྟར་དཀྱིལ་འཁོར་ལེགས་པར་བཀོད་ནས། ཕྱི་རོལ་ཉེ་འཁོར་ཀུན་དུ་དྲིས་ཉེ་བར་བྱུགས་ལ། མེ་ཏོག་གི་སིལ་མ་བཀྲམ་ནས། དགོངས་ཀའི་དུས་སུ།

རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱས་མེ་ཏོག་གི་ཕྲེང་བ་བླངས་ལ། རྡོ་རྗེ་ཤུགས་ཀྱིས་དཀྱིལ་འཁོར་དུ་འཇུག་པར་བྱ་ཞིང་། ཨོཾ་བཛྲ་སཏྭ་ཧཱུཾ། ཞེས་ཀྱང་བརྗོད་པར་བྱའོ། །ཡང་དཀྱིལ་འཁོར་ཐམས་ཅད་ཀྱི་ལྷག་པ་དང་། མ་ཚང་བའི་ཉེས་པ་ཞི་བར་བྱ་བའི་ཕྱིར་བལྟས་ལ།
རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་དཀྱིལ་འཁོར་ལན་བདུན་བསྐོར་བ་བྱས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ། ཕྲེང་བ་ཕུལ་ཏེ། རྡོ་རྗེ་གར་བྱས་ནས་བླངས་ལ་རང་གི་མགོ་ལ་བཅིང་བར་བྱའོ། །ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་ཀྱང་རྒྱུན་མི་འཆད་པ་ཁོ་ནར་བཟླ་བར་བྱའོ། །དེ་ཡང་། རྡོ་རྗེ་
དྲིལ་བུ་རབ་བསྐུལ་བས། །སངས་རྒྱས་མ་ཚང་ཡོངས་སུ་བསྐོར། །ལྷག་པ་གང་ཡིན་འདོར་མཛད་པས། །འགྲུབ་འགྱུར་སྨད་པར་མི་བྱའོ། །ཞེས་གསུངས་པ་ཡིན་ནོ། །དེའི་རྗེས་ལ་ཡི་གེ་ཧཱུཾ་ལས་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བསམ་པར་བྱའོ། །དེ་ནས་དབུས་སུ་འདུག་ནས་
ནི། །རྡོ་རྗེ་སློབ་དཔོན་མཉམ་གཞག་པས། །རྡོ་རྗེ་སྒོ་ནི་རྣམ་བཞིའོ། །ཡིད་ཀྱིས་སུ་ནི་དབྱེ་བར་བྱ། །ཨོཾ་བཛྲོ་གྷ་ཊཱ་ས་མ་ཡ། པྲཱ་བེ་ཤ་ཧཱུཾ། རྡོ་རྗེ་མཛུབ་མོ་ཡང་དག་སྦྱར། །སྦྱར་བ་བཀན་ཏེ་བསྡམས་ནས་སུ། །རབ་ཏུ་ཁྲོས་ནས་དབྱེ་བ་ནི། །སྒོ་དབྱེ་བ་ཡི་མཆོག་ཡིན་ནོ། །དེ་ནས་རིན་
པོ་ཆེའམ། ས་ལས་བྱས་པའི་བུམ་པ། རྩ་བ་མི་གནག་པ་གསུས་པ་ཆེ་བ་མགྲིན་པ་རིང་བ། མཆུ་འཕྱང་བ། བྱི་རུ་དང་། གསེར་དང་། དུང་དང་། མུ་ཏིག་དང་། པདྨ་རཱ་ག་སྟེ་རིན་པོ་ཆེ་ཐམས་ཅད་དང་། བྲྀ་ཧ་ཏི་དང་། ཀཎྜ་ཀ་རི་དང་། ཧ་ས་དང་། དཎྜོཏ་པ་ལ་དང་། ཤྭེ་ཏ་ཨ་པ་
ར་ཛི་ཏ་སྟེ་སྨན་ཐམས་ཅད་དང་། འབྲས་དང་། ནས་དང་། གྲོ་དང་། ཏིལ་དང་། མ་ཤ་སྟེ། འབྲུ་ཐམས་ཅད་དང་། སྤོས་ཆུ་དྲི་ཞིམ་པ་དང་། མེ་ཏོག་དཀར་པོ་དྲི་ཞིམ་པས་ཡོངས་སུ་བཀང་ལ། དྲིས་ཀུན་དུ་བྱུགས་པའི་མེ་ཏོག་གི་ཕྲེང་བ་བཏགས་ལ། མགུལ་པ་རས་དཀར་པོ་
བཟང་པོས་བཅིངས་པ། འདབ་མ་དང་འབྲས་བུ་དྲི་ཞིམ་པས་ཁ་བརྒྱན་པ། སྔར་བསྙེན་པ་བྱས་པས་མཆོད་ཡོན་ཕུལ་ལ། རྡོ་རྗེ་བསྡམས་པ་ལ་སེམས་མ་རྡོ་རྗེ་མས་ཡོངས་སུ་གཟུང་བའི་རྡོ་རྗེ་མེ་ཏོག་གི་ལྕུག་མ་ལས། ཨོཾ་བཛྲ་སཏྭ་ཧཱུཾ། ཞེས་ལན་བརྒྱ་རྩ་བརྒྱད་བཟླས་ནས།

བཛྲོད་ཀ་ཧཱུཾ་ཞེས་བྱ་བ་ཡང་བཟླས་བརྗོད་སྟོང་རྩ་བརྒྱད་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྤྱན་སྔར་གཞག་གོ། །གཉིས་པ་ལ་ཡང་རྡོ་རྗེ་སེམས་དཔའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། འཇུག་པའི་སྒོར་མངོན་པར་ཕྱོགས་པར་བྱ་ཞིང་། ཆུ་དེས་བདག་ཉིད་དབང་བསྐུར་བར་
བྱའོ། །འཇུག་པའི་དུས་སུ་སློབ་མ་བྱང་ཆུབ་སེམས་མའི་ཕྱག་རྒྱ་བཅིངས་པའམ། འཆིང་དུ་གཞུག་གོ། །དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་བུམ་པ་ལ་ཡང་། སོ་སོ་རང་རང་གི་མཚན་མས་མཚན་ལ། དེ་རྣམས་ཀྱི་རང་རང་གི་སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ལ། དཀྱིལ་འཁོར་གྱི་ཕྱི་རོལ་གྱི་
མཚམས་སུ་གཞག་པར་བྱའོ། །དེ་རྣམས་ཀྱི་ཡང་ཕྱི་རོལ་དུ་ནི་བུམ་པ་གང་བའོ། །མ་རྙེད་པར་གྱུར་ན་བཅུ་ལས་ཉུང་བར་མི་བྱའོ་ཞེས་གསུངས་པས། དཔལ་རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ལྔའི་བུམ་པ་དང་། བུམ་པ་གང་བ་ཡང་དབུལ་བར་བྱ་སྟེ། རྡོ་རྗེ་སེམས་
དཔའ་དང་། རིན་པོ་ཆེ་དང་། ཆོས་དང་། ལས་ཀྱི་རྡོ་རྗེས་མཚན་ལ། རང་གི་རིགས་ཀྱི་སྔགས་བརྒྱ་རྩ་བརྒྱད་མངོན་པར་བཟླས་པའི་བུམ་པ་བཞི་དང་། བུམ་པ་གང་བ་བཞི་དབུལ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་མངོན་སུམ་ལྟ་བུར་བསམས་ལ། མེ་ཏོག་
ལ་སོགས་པས་ཡང་དག་པར་མཆོད་དེ། ཕྱག་བཞི་ལ་སོགས་པ་སྔོན་དུ་འགྲོ་བས། སྡོམ་པ་གཟུང་ལ། རྡོ་རྗེ་སེམས་མ་ཇི་ལྟ་བ་བཞིན་དུ་བཅིངས་ལ་འཇུག་པར་བྱའོ། །དེ་ནས་རྡོ་རྗེའི་ཆུ་ཇི་ལྟ་བར་འཐུངས་ལ། བདག་ཉིད་ལ་དབབ་པར་བྱ་སྟེ། གཡོན་པའི་ཁྲོ་བོའི་ཁུ་ཚུར་
གྱིས་ལག་པ་གཡས་པའི་སེམས་མ་རྡོ་རྗེ་མའི་གུང་མོ་ཡང་དང་ཡང་དུ་དྲལ་ཞིང་། ཨ་ཞེས་བྱ་བས་ཇི་ལྟ་བ་བཞིན་དུ་བརྟན་པར་བྱས་ལ། དབབ་པ་ནས། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གི་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་
ནས་སྙིང་པོ་བཟླ། །ཞེས་བྱ་བའི་བར་གྱི་ཆོ་ག་སྔར་བཤད་པ་རྣམས་བྱས་ལ། འོག་ནས་བཤད་པའི་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་དང་། གཟེངས་བསྟོད་པ་དང་། ལུང་བསྟན་པ་དང་། དཔལ་རྡོ་རྗེ་སེམས་དཔའི་སྔགས་ཀྱང་བླང་བར་བྱའོ། །དེ་ནས་

བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། བདག་རབ་ཏུ་དགའ་བའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་མིང་གང་ཡང་རུང་བ་བརྗོད་ལ། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེའི་གནས་སུ་བཛྲ་དྷཱ་ཏུ་ཨ་ཞེས་པས། དེ་བཞིན་གཤེགས་པའི་རྡོ་རྗེའི་བདག་ཉིད་དུ་ཕབ་ལ། བཛྲ་
ཧཾ་ཞེས་བརྗོད་དོ། །དེ་ནས་བཛྲ་དྷཱ་ཏུ་ར་ཧཾ་བྱས་པས་རྡོ་རྗེ་དབྱིངས་སུ་བསྒོམ་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་འབེབས་པའི་བར་གྱིས་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེའི་གནས་སུ་བཛྲ་ཨཱ་བེ་ཤ་ཨཿཞེས་བྱ་བས། རྡོ་རྗེ་དྲིལ་བུ་བདག་ཉིད་ལ་ཕབ་སྟེ། བཛྲ་གྷཎྜོ྅ཧཾ། དེ་ནས་བཛྲ་ཨཱ་བེེ་ཤཱ་ཧཾ་ཞེས་བྱ་བས་དྲིལ་བུ་
དེར་བསྒོམ་པར་བྱ་སྟེ། དེ་ལྟར་ན་རྡོ་རྗེས་བསྒྲུབ་པར་འགྱུར་རོ། །རྡོ་རྗེ་སློབ་དཔོན་སེམས་དཔའ་ཡི། །རྡོ་རྗེ་ལྕགས་ཀྱུ་བཅིངས་ནས་ནི། །སེ་གོལ་མང་པོ་བརྡབས་བགྱིས་ལ། །སངས་རྒྱས་ཐམས་ཅད་བསྡུ་བར་བགྱི། །ཨོཾ་བཛྲ་ས་མ་ཡ་ཛ་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དོ། །དེ་ནས་རྡོ་རྗེ་སེམས་དཔའ་
ཡི། །ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང་། །མཚན་བརྒྱ་རྩ་བརྒྱད་དམ་པ་ནི། །ལན་ཅིག་རབ་ཏུ་བརྗོད་པར་བགྱི། །དེ་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས། དགུག་པ་དང་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་ཐམས་ཅད་བསྐྲད་པ་དང་། ར་བ་དང་དྲ་
བ་བྱས་ཏེ། དམ་ཚིག་གི་རྡོ་རྗེ་ཁུ་ཚུར་གྱིས་དཀྱིལ་འཁོར་གྱི་སྒོ་བཅད་ལ། ཡི་གེ་གཉིས་ཀྱིས་གོ་ཆའི་སྲུང་བས་ཐམས་ཅད་ཡང་དག་པར་བསྲུངས་ནས། མཆོད་ཡོན་ཕུལ་ལ་སྔོན་དུ་འགྲོ་བའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བལྟ་བ་བྱས་ལ། ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ། ཨ་ཧཾ་ཞེས་བརྗོད་
པར་བྱ་ཞིང་། རང་རང་གི་སྙིང་པོ་དང་། སྔགས་ཀྱིས་ཀྱང་མཐར་ཡང་དག་པར་བསྐུལ་ལ། ཆོས་དང་ལས་ཀྱི་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་ཀྱང་ཕྱག་རྒྱས་བཏབ་སྟེ། དེ་བཞིན་གཤེགས་པ་ལ་སོགས་པ་ནས། བསྐལ་པ་བཟང་པོའི་མཐར་ཐུག་པའི་བར་དུ་དབང་བསྐུར་བའི་ཕྱག་རྒྱ་
རྣམས་ཀྱིས་ཀྱང་དབང་བསྐུར་བར་བྱའོ། །དེ་ལ་རྡོ་རྗེ་སེམས་མ་ལ་སོགས་པའི་རང་གི་སྙིང་པོ་ཉིད་ཆོས་ཀྱི་ཕྱག་རྒྱ་ཡིན་ནོ། །རྡོ་རྗེ་དང་། རིན་པོ་ཆེ་དང་། ཆོས་དང་ལས་མ་རྣམས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་ལ་སོགས་པའི་ནང་དུ་ཚུད་པའི་བུད་མེད་ཀྱི་གཟུགས་འཛིན་

པ་དང་། ཡང་ན་དེ་རྣམས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཅན་ནོ། །གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་བཀན་ལ། ལག་པ་གཡས་པའི་མཐེ་བོང་དང་མཛུབ་མོ་གཉིས་ཀྱི་མཐེའུ་ཆུང་ནས་བརྩམས་ནས་ཕྱེ་ལ། ཐལ་མོ་ཁོང་སྟོང་དུ་བྱས་པ་
འདི་ནི། བྱམས་པ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་སྟེ། འདི་རྣམས་ཀྱི་རིག་པ་ནི་སྔར་བཤད་པ་ཡིན་ནོ། །རིག་པ་དེ་དག་ཉིད་དེ་རྣམས་ཀྱི་ལྗགས་ལ་བཀོད་པ་འདི་ནི་དེ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །ཡི་གེ་ཨ་ལས་རང་གི་ཐུགས་ཀར་སྣ་ཚོགས་རྡོ་རྗེ་བསྐྱེད་ལ། བྲིས་པ་དང་དེའི་རྗེས་
སུ་མཐུན་པར། དེ་རྣམས་ཕྱག་རྒྱ་ཆེན་པོར་བཅིང་བ་ནི། དེ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པར་བསམས་ལ། བྲིས་པ་དང་རྗེས་སུ་མཐུན་པ་ཁོ་ནར་དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །རིག་པ་དེ་ཉིད་ཀྱང་སྤྱིའི་ཡིན་ནོ། །དེ་ནས་མཆོད་ཡོན་ཕུལ་ནས་མཆོད་པར་བྱ་སྟེ།
རས་ཟུང་འབུམ་མམ། ཟུང་ཁྲིའམ། ཟུང་སྟོང་ངམ། ཟུང་བརྒྱའམ། ཟུང་རེ་རེའམ། ཐམས་ཅད་ལ་སྤྱིར་ཟུང་གཅིག་དབུལ་བའམ། བླ་རེ་རྣམ་པ་སྣ་ཚོགས་པ་དང་། གྲྭ་བཞིར་བ་དན་རྣམ་པ་སྣ་ཚོགས་གདགས་པ་དང་། གདུགས་དང་རྒྱལ་མཚན་དང་བ་དན་རྣམས་
ཀྱང་ཡི་གེ་ཨོཾ་དང་རྡོ་རྗེ་སེམས་དཔའ་ལན་བདུན་བཟླས་ལ་དབུལ་བར་བྱའོ། །མེ་ཏོག་གི་ཤིང་བརྒྱའམ། བཞིའམ་མེ་ཏོག་ཐམས་ཅད་ཀྱང་སྔ་མ་བཞིན་དུ་མངོན་པར་བཟླས་ལ། ཨོཾ་བཛྲ་སྥ་ར་ཎ་ཁཾ་ཞེས་བྱ་བས་དབུལ་བར་བྱའོ། །དྲི་ལ་རིག་པ་བཟླས་པའི་དྲིས་བྱུགས་
ལ། དྲི་ཞིམ་པའི་དྲི་བཟང་པོ་ཐམས་ཅད་དང་། བདུག་སྤོས་ཀྱི་རིག་པ་བཟླས་པའི། ག་པུར་ཨ་ཀ་རུ་དང་ཏུ་རུ་སྐ་དང་། ཙནྡན་ལ་སོགས་པ་ལེགས་པར་སྦྱར་བའི་བདུག་པ་གཏུལ་བའི་སྤོས་སྣོད་འབུམ་མམ། ཁྲིའམ། སྟོང་ངམ། བརྒྱ་དབུལ་བར་བྱ་སྟེ། བཅུ་ལས་
ཉུང་བ་ནི་མི་བྱའོ། །མར་མེའི་སྣོད་འབུམ་མམ། ཁྲིའམ་སྟོང་ངམ་བརྒྱའམ་བཅུའམ་བཞི་ལ་སྔ་མ་བཞིན་དུ་མར་མེའི་སྔགས་བཟླས་པ་དང་། སྭསྟི་ཀ་ལ་སོགས་པའི་ལྷ་བཤོས་ཀྱི་ཁ་ཟས་བཟའ་བ་དང་། བཅའ་བ་རྣམ་པ་སྣ་ཚོགས་པས་གང་བའི་སྣོད་འབུམ་མམ།

ཁྲིའམ། སྟོང་ངམ། བརྒྱའམ། བཅུ་ལ་ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་བཟླས་ཏེ། ལྷ་ཐམས་ཅད་ལ་དབུལ་བར་བྱའོ། །རོལ་མོའི་ཆ་བྱད་སྟོང་ཕྲག་བཅུ་སྙེད་ལ་ཡི་གེ་ཧཱུཾ་དང་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ལག་པའི་སོར་མོ་རྣམས་ཀྱིས་རོལ་མོ་བརྡུངས་པ་ལྟ་བུའི་
ཕྱག་རྒྱ་རྣམས་ཀྱིས། རོལ་མོ་བཅུ་པོ་འདི་ལྟ་སྟེ། པི་ཝཾ་དང་། གླིང་བུ་དང་། རྔ་དང་། ཅང་ཏེའུ་དང་། ཆ་ལང་དང་། རྔ་བོ་ཆེ་དང་། རྫ་རྔ་དང་། རྔ་རིངས་དང་། གུཉྫ་དང་། ཏི་མི་ལི་དང་། བརྡུང་བའི་ཚུལ་དུ་བྱེད་པས་དབུལ་བར་བྱའོ། །ཕྱི་རོལ་དུ་གར་མཁན་དང་། རོལ་མོ་
དང་། ཅོད་པན་དང་། གདུ་བུ་དང་། རྣ་རྒྱན་ལ་སོགས་པའི་མཆོད་པ་རྣམས་ཀྱང་། ཨོཾ་དང་ཧཱུཾ་མངོན་པར་བཟླས་ལ་དབུལ་བར་བྱའོ། །དེ་བཞིན་དུ་དར་དཔྱངས་དཔྱང་བར་བྱ་བ་དང་། མེ་ཏོག་གི་ཕྲེང་བ་དང་། རྔ་ཡབ་ཀྱིས་བརྒྱན་ཅིང་། དྲ་བ་དང་དྲ་བ་ཕྱེད་པས་སྤྲས་པ།
ཟླ་བ་ཕྱེད་པས་ཉེ་བར་མཛེས་པར་བྱས་པ། རྟ་དང་གླང་པོ་ཆེ་དང་། བ་ལང་གི་ཁྱུ་ཤིན་ཏུ་བཏགས་པ་རྣམས་ཀྱང་དབུལ་བར་བྱའོ། །རྟ་བབས་ཡིད་དུ་འོང་བའི་དྲིལ་བུ་ལ་སོགས་པ་དང་བཅས་པ་ཡང་དབུལ་བར་བྱའོ། །དེ་ནས་སྒེག་མོ་ལ་སོགས་པས་ཀྱང་ཡང་དག་པར་མཆོད་ལ།
དངོས་གྲུབ་ཐམས་ཅད་གྲུབ་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་དོན་མཛོད་ཅིག་ཅེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་སྒྲུབ་པའི་གྲོགས་མཆོག་དཀྱིལ་འཁོར་དུ་བཞག་ལ། ཕྱི་རོལ་དུ་གཏོར་མ་སྦྱིན་པར་བྱ་སྟེ། འབྲས་ཡོས་བཅས་
ཤིང་ཏིལ་དང་བཅས། །འབྲས་ཆན་མེ་ཏོག་ཆུ་དང་བཅས། །སྲན་ཆེན་བཅས་ཤིང་མང་དུ་བྱ། །སྣུམ་ཁུར་ལ་སོགས་བཟའ་བ་རྣམས། །ཞེས་བྱ་བའི་གཏོར་མ་ལ། ཨ་ཀཱ་རོ་ཞེས་བྱ་བ་ལ་སོགས་པ་བཟླས་ནས། ཤར་ཕྱོགས་ནས་བརྩམས་ནས། གཏོར་མ་གསུམ་གསུམ་གཏོར་
བར་བྱ་ཞིང་། དྲི་དང་སྤོས་དང་། མེ་ཏོག་དང་། མཆོད་ཡོན་རྣམས་ཀྱང་ཐོག་མ་དང་མཐའ་མར་དབུལ་བར་བྱའོ། །དེ་ལ་དང་པོར་རེ་ཞིག་མཎྜལ་རྣམས་བྱེད་དུ་གཞུག་པར་བྱའོ། །དེ་ནས་སྤྱན་དྲང་ངོ་། །དེ་ནས་དམ་ཚིག་བསྟན་ལ། མཆོད་ཡོན་ཡང་ཕུལ་ཏེ། དྲི་ལ་སོགས་

པས་ལེགས་པར་མཆོད་ལ་གཏོར་མ་ཕུལ་ཏེ། དེ་ནས་གཤེགས་སུ་གསོལ་བར་བྱའོ། །དེ་ལ་སྔགས་དང་ཕྱག་རྒྱ་ནི་འདི་རྣམས་ཡིན་ཏེ། ཤར་ཕྱོགས་སུ་ཁ་བལྟས་ཏེ། རྐང་པ་གཡས་པ་བརྐྱང་བའི་ཚུལ་གྱིས་འདུག་ནས། ལག་པ་གཡོན་པའི་རྡོ་རྗེའི་ཕྱག་རྒྱ་
བསྟན་ལ། གཡས་པ་རྡོ་རྗེའི་ཕྱག་རྒྱ་སྟ་ཟུར་ཕྱོགས་སུ་བཞག་སྟེ་གཡས་པའི་མཛུབ་མོའི་ལྕགས་ཀྱུས་སྤྱན་དྲང་བ་ནི། བརྒྱ་བྱིན་སྤྱན་དྲང་བའི་ཕྱག་རྒྱའོ། །དེ་མཛུབ་མོ་ལྕགས་ཀྱུ་ལྟར་མ་བྱས་པ་ནི་བརྒྱ་བྱིན་གྱི་དམ་ཚིག་གི་ཕྱག་རྒྱའོ། །རྐང་པ་གཡོན་བརྐྱང་བའི་ཚུལ་གྱིས་འདུག་ལ།
སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བརྐྱང་པ་ནི་སླར་བཏང་བའི་ཕྱག་རྒྱའོ། །དེ་ནས་དེའི་སྔགས་ནི། ན་མོ་བཛྲ་སྱ་ཙ་དི་ཤི་དི་ཤི་བཛྲ་པཱ་ཎི་རཀྵ་རཀྵ་སྭཱ་ཧཱ། མེའི་ཕྱོགས་སུ་བལྟས་ནས། ལག་པ་གཡས་པའི་མཛུབ་མོ་ཟླུམ་པོར་བཀུག་སྟེ། གུང་མོའི་ཚིགས་
གསུམ་པར་བཙུགས་ལ། མཐེ་བོང་ལག་མཐིལ་དུ་བཞག་པ་འདི་ནི། མེ་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཐེ་བོང་གི་ངོས་ལ། མཛུབ་མོ་བཙུགས་པ་ནི། མེ་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་མཐེ་བོང་ངོས་ལ་བཙུགས་
ཏེ། ཕྱིར་དྲག་ཏུ་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །འདིའི་སྔགས་ནི་ཨགྣི་ཨེ་ཧྱེ་ཧི་ཀ་པ་ལི་ཨ་ཀ་པ་ལི། ཛྭ་ལ་ཛྭ་ལ་ད་ཧ་ཤི་ཁི་ཏོད་རཱུ་པཱཀྵ་སྭཱ་ཧཱ། གཤིན་རྗེའི་ཕྱོགས་སུ་བལྟས་ནས་སྙིམ་པ་མདུན་དུ་བཞག་སྟེ། སོར་མོ་ཕན་ཚུན་བསྣོལ་བ་ལ་ཁུ་ཚུར་བཅིངས་ནས་སྲིན་
ལག་གཉིས་བསྒྲེངས་ཏེ་གཤིབས་ལ་གཡབས་ཏེ། དེ་ནང་དུ་བཞག་པ་ནི། གཤིན་རྗེ་སྤྱན་འདྲེན་པའི་ཕྱག་རྒྱའོ། །སྲིན་ལག་གཉིས་ཡང་ཕྱི་རོལ་དུ་དེ་བཞིན་དུ་གཤིབས་ཏེ། བསྒྲེངས་ལ་སྙིང་གར་གཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་ཉིད་ལས་སྲིན་ལག་སྦྱར་བ་ནི་སླར་
བཏང་བའི་ཕྱག་རྒྱའོ། །སྔགས་ནི་ཡ་མ་ཡེ་སྭཱ་ཧཱ། བདེན་བྲལ་གྱི་ཕྱོགས་སུ་བལྟས་ཏེ། རྐང་པ་མཉམ་པར་འདུག་ལ། ལག་པ་གཡས་པའི་ཁུ་ཚུར་བཅངས་པ་ལས། མཛུབ་མོ་དང་གུང་མོ་རལ་གྲི་འདྲ་བར་གཤིབས་ཏེ། བསྒྲེང་ལ་བཞག །ལག་པ་གཡོན་པ་ཡང་

དེ་ལྟར་བྱས་ཏེ། སྟ་ཟུར་ལོགས་སུ་བཞག་ལ། གཡོན་པའི་མཛུབ་མོ་བཀུག་སྟེ། གཡབ་པ་ནི་བདེན་བྲལ་སྤྱན་དྲངས་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གཡོན་པ་སྟ་ཟུར་ལོགས་སུ་རལ་གྲི་འདྲ་བར་བཞག་པ་ནི། བདེན་བྲལ་གྱི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲངས་
པའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི། སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་སརྦ་བྷཱུ་ཏ་བྷ་ཡཾ་ཀ་ར་ཀུ་རུ་ཀུ་རུ་སྭཱ་ཧཱ། ཆུ་ལྷའི་ཕྱོགས་སུ་རྐང་པ་མཉམ་པར་འདུག་ལ། ལག་པ་གཡས་པ་ཁུ་ཚུར་བཅིངས་ནས། མཐེ་བོང་དང་མཛུབ་མོ་གཉིས་གཅིག་ཏུ་སྦྱར་ཏེ།
ཞགས་མིག་ལྟར་བྱས་ལ་གཡོན་པའི་ཁུ་ཚུར་ཡང་དེ་ལྟར་བྱས་ཏེ། སྙིང་གར་བཞག་སྟེ། གཡས་པའི་མཛུབ་མོའི་ལྕགས་ཀྱུས་གཡབ་པ་ནི། ཆུ་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གཡོན་པའི་མཛུབ་མོ་ཁུ་ཚུར་གྱི་ཚུལ་དུ་བཞག་པ་ལས། ཞགས་
མིག་ལྟར་བྱས་པ་ནི་ཆུ་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །གཡོན་པའི་ཕྱག་རྒྱ་ལས། མཛུབ་མོ་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་ཏྲི་ཏྲི་པུ་ཤ །ཏྲི་ཏྲི་ཤི་གི་ཏོ་ལི་བི་རུ་པཱཀྵ་སྭཱ་ཧཱ། རླུང་ལྷའི་ཕྱོགས་སུ་བལྟས་ཏེ་འདུག་ལ། ལག་པ་གཡོན་པ་ཁུ་ཚུར་
བཅངས་ཏེ། གུང་མོ་བསྒྲེང་བའི་ཚིགས་དང་པོར། མཛུབ་མོ་བཀུག་པའི་ཐོར་ཏོ་བཙུགས་ལ། ལག་པ་གཡས་བརྐྱང་དེ་བཞིན་དུ་བྱ་སྟེ། སྟ་ཟུར་ལོགས་སུ་བཞག་ཅིང་། མཐེ་བོང་བསྐུལ་བ་ནི། རླུང་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་སྔ་མ་བཞིན་དུ་
གཞག་པ་ནི་རླུང་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་དམ་ཚིག་གི་ཕྱག་རྒྱ་ལས་མཐེ་བོང་བརྐྱང་བ་ནི། སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི། ཨོཾ་སཱ་སཾ་ཁཱ་ཁཱ་ཁུ་ཁ་སྭཱ་ཧཱ། ཀུ་བེ་ར་ལ་མངོན་དུ་བལྟས་ཏེ། འདུག་ནས། ལག་པ་གཉིས་ཐལ་མོ་སྦྱར་ལ། རྡོ་རྗེ་
བཅིང་བ་ནང་དུ་བཟློག་སྟེ། མཐེའུ་ཆུང་གཉིས་གཤིབས་ལ་བརྐྱང་། དེའི་རྒྱབ་ཏུ་སྲིན་ལག་གཉིས་སོ་སོར་བཞག་ནས། གུང་མོ་གཉིས་རྡོ་རྗེ་ལྟར་བཀུག་སྟེ། གཡབས་པ་ནི་ཀུ་བེ་ར་སྤྱན་དྲང་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་ནང་དུ་རྡོ་རྗེ་བཅིངས་

པའི་ཚུལ་དུ་བཞག་པ་དེ་ནི། ཀུ་བེ་རའི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས། གུང་མོ་གཉིས་བརྐྱང་བ་ནི། སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི། ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ། དབང་ལྡན་གྱི་ཕྱོགས་སུ་བལྟས་ཏེ་འདུག་ལ། ལག་པ་གཅིག་ཏུ་
སྦྱར་ཏེ། ཐལ་མོ་སྦྱར་བ་བྱས་ལ། སྲིན་ལག་དང་མཐེའུ་ཆུང་ནང་དུ་བཀུག་སྟེ། བསྣོལ་བ་གུང་མོ་གཉིས་གཤིབས་ཏེ། བསྒྲེང་བའི་རྒྱབ་ལོགས་སུ་མཛུབ་མོ་གཉིས་རྡོ་རྗེ་འདྲ་བར་བྱ། མཐེ་བོང་གཉིས་བར་དུ་གཤིབས་ཏེ་བཞག་ལ། དེ་ཉིད་ལས་མཛུབ་མོ་གཉིས་ཕན་
ཚུན་རྩེ་མོ་སྤྲད་ནས་ནང་དུ་གཡབ་པ་ནི། དབང་ལྡན་གྱི་སྤྱན་དྲང་བའི་ཕྱག་རྒྱའོ། །དེ་ཉིད་ལས་སྔ་མ་བཞིན་དུ་མཛུབ་མོ་རྡོ་རྗེའི་ཚུལ་དུ་བཞག་པ་ནི། དབང་ལྡན་གྱི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །
སྔགས་ནི། ཨོཾ་ཛུམ་ཛུམ་ཤི་བ་སྭཱ་ཧཱ། སྟེང་གི་ཕྱོགས་སུ་བལྟས་ཏེ་འདུག་ལ། གཡོན་བརྐྱང་པའི་གནས་པས་འདུག་ལ་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་བཞག་ལ་སྟེང་དུ་བལྟས་ཏེ་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་ནི། ཚངས་པ་ལ་སོགས་པ་སྤྱན་དྲང་བར་བྱའོ། །དེ་ཉིད་ལས་
མཛུབ་མོ་གཉིས་སྔ་མ་ལྟར་བཞག་པ་ནི། དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བརྐྱང་བ་ནི། སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་འདི་ཡིན་ཏེ། ཨོཾ་ཨུརྔྷཾ་བྲཧྨ་ནེ་སྭཱ་ཧཱ། སཱུརྱ་ཡ་གྲ་ཧ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ཙནྡྲ་ཡ་ན་ཀྵ་ཏྲ་ཡ་ཨ་དྷི་པ་ཏ་ཡེ་
སྭཱ་ཧཱ། རྐང་པ་གཉིས་མཉམ་པར་གནས་པས་འདུག་ལ། ལག་པ་གཉིས་གཅིག་ཏུ་སྦྱར་ཏེ་སོར་མོ་རྣམས་བར་མཚམས་མེད་པར་རྩེ་མོ་ཕན་ཚུན་སྦྱར་ཏེ། མཐེ་བོང་ཟླུམ་པོར་བྱས་ལ། འོག་གི་ཕྱོགས་སུ་བལྟས་ཏེ། སའི་ལྷ་མོ་ལ་སོགས་པ་མཛུབ་མོའི་ལྕགས་ཀྱུས་སྤྱན་
དྲངས་པ་ནི། འོག་གི་སའི་ལྷ་མོ་སྤྱན་དྲང་བའི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས། སྔ་མ་བཞིན་དུ་མཛུབ་མོ་བཞག་པ་ནི། དམ་ཚིག་གི་ཕྱག་རྒྱའོ། །མཛུབ་མོ་གཉིས་བཏང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི། ཨ་དྷི་པྲི་ཐྭི་དེ་བྱ་སྭཱ་ཧཱ། ཨ་སུ་རེ་བྷྱཿསྭཱ་ཧཱ། ནཱ་གེ་

བྷྱཿསྭཱཧཱ། དེ་ནས་རང་གི་སྔགས་དེ་ཉིད་ཀྱིས་ཐམས་ཅད་ལ་འཐོར་འཐུང་ཕུལ་ལ། བདག་དང་སློབ་མའི་ཚོགས་སུ་བཅས་པ་ལ། བགེགས་མེད་པར་མཛོད་ཅིག །ལས་ཀྱི་དངོས་གྲུབ་ཀྱང་བདག་ལ་སྩོལ་ཅིག་ཅེས་བརྗོད་ལ་ཐམས་ཅད་སླར་གཏང་ངོ་། །ཡང་ན་དཔུང་བཟངས་
ཀྱིས་ཞུས་པ་ལས་བྱུང་བའི་ཚིགས་སུ་བཅད་པ་རྣམས་ཀྱིས་གཏོར་མ་དབུལ་བར་བྱ་སྟེ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟངས་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །
བུ་སྨད་ཚོགས་བཅས་གཡོག་འཁོར་བཅས་རྣམས་ལ། བདག་གི་པུས་མོ་ས་ལ་བཙུགས་ནས་སུ། །ཐལ་མོ་སྦྱར་ཏེ་ཁྱོད་ལ་གསོལ་འདེབས་ཀྱིས། གསན་ནས་ཕན་གདགས་ཕྱིར་ནི་འདིར་སྤྱོན་ཅིག །འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་
དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང་། །རིན་ཆེན་གནས་ན་ལྷག་པར་གནས་པ་དང་། །མཚོ་དང་རྫིང་དང་ལྡེང་ཀའི་ཆུ་ངོགས་དང་། །གཡའ་ཆུ་སིལ་མ་
ཅན་ན་གང་གནས་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་། །ཁང་སྟོང་དག་དང་ལྷ་ཡི་ཁང་པ་དང་། །གཙུག་ལག་ཁང་ངམ་གྲོང་ཁྱེར་གནས་དག་གམ། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་དང་ནི། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་། །ལམ་
སྲང་བཞི་མདོ་དག་དང་སུམ་མདོ་དང་། །གང་དག་ལམ་ཆེན་དང་ནི་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོའམ། །སེང་གེ་དྲེད་དང་གཅན་གཟན་གནས་དག་དང་། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་། །གང་དག་གླིང་མཆོག་དག་ན་གནས་
པ་དང་། ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཏེ་མགུ་བར་གྱུར་ནས་སུ། །མེ་ཏོག་ཕྲེང་དང་དྲི་དང་བདུག་པ་དང་། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་བས། །འདི་དག་བཞེས་ཏེ་བཏུང་ཞིང་བསྣམས་ནས་སུ། །ལས་འདི་རྣམས་ཀྱི་

འབྲས་བུ་མཆིས་པར་མཛོད། །དེ་ལྟར་གདོན་ལ་མཆོད་པ་བྱས་ནས་ནི། །དེ་ནས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་སྦྱིན། །ཤར་ཕྱོགས་རྡོ་རྗེ་ཅན་དེ་ལྷ་ཚོགས་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་
བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་སྟེ། །དབང་ལྡན་ལྷ་དེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་དང་ནི་ས་ཡི་ཀླུ་རྣམས་དང་། །རི་ཡི་ལྷ་དང་གནོད་སྦྱིན་ཚོགས་རྣམས་ལ། །ས་ས་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་
པ་ཡིས་ནི་བཞེས་ནས་ཀྱང་། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང་། །ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ། །མེ་ཏོག་དྲི་དང་བྱུག་པ་གཏོར་མར་བཅས། །འདི་རྣམས་བཏུང་ཞིང་ལེགས་པར་གསོལ་ནས་
ཀྱང་། །བདག་གི་ལས་འདི་འབྲས་བུ་མཆིས་པར་མཛོད། །དེ་ནས་ཉེ་རེག་བྱས་ལ། དཔལ་རྡོ་རྗེ་སེམས་དཔས་ཞི་བའི་སྦྱིན་སྲེག་གི་ཆོ་གས། སྦྱིན་སྲེག་བརྒྱ་རྩ་བརྒྱད་དབུལ་ལོ། །དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་སྙིང་པོས་ནི། སྲེག་བླུགས་བདུན་བདུན་དབུལ་ལོ། །དེ་ནས་ཀྱང་དེ་
བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ། བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱིད། །བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་པ་ལ། སྣོད་དུ་
གྱུར་པ་དང་། མ་གྱུར་པ་བརྟག་མི་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཁ་ཅིག་ནི། སྡིག་པ་ཆེན་པོ་བགྱིས་པ་ཡང་མཆིས་ཏེ། དེ་དག་གིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཏེ་མཐོང་ན་ངན་སོང་ཐམས་ཅད་དང་བྲལ་བར་འགྱུར་རོ། །བཅོམ་
ལྡན་འདས་ནོར་དང་བཟའ་བ་དང་། བཏུང་བ་དང་། འདོད་པའི་ཡོན་ཏན་ཐམས་ཅད་ལ་སོགས་པ་དང་དམ་ཚིག་ལ་མི་དགའ་བ་དང་། སྔར་བཤད་པ་ལ་སོགས་པ་མི་ནུས་པའི་སེམས་ཅན་ཡང་མཆིས་ཏེ། དེ་དག་ཀྱང་འདིར་ཇི་ལྟར་འཚལ་བ་བཞིན་དུ་བགྱིད་ཅིང་ཞུགས་

པ་རྣམས་ཀྱིས་བསམ་ལ་ཐམས་ཅད་རྫོགས་པར་འགྱུར་རོ། །བཅོམ་ལྡན་འདས་སེམས་ཅན་ཁ་ཅིག་ནི་གར་དང་གླུ་དང་གད་མོ་དང་། རྩེད་མོ་དང་། ཁ་ཟས་སྤྱོད་པ་ལ་དགའ་བ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཆོས་ཉིད་ཁོང་དུ་
མ་ཆུད་པས། ལྷ་གཞན་གྱི་རིག་སྔགས་དང་། དཀྱིལ་འཁོར་དུ་འཇུག་གི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རེ་བ་ཐམས་ཅད་ཡང་དག་པར་རྫོགས་པར་གྱུར་པ། བླ་ན་མེད་པའི་དགའ་བ་དང་། མགུ་བ་དང་། རངས་པ་རྣམས་འབྱུང་བ་དེར་ནི། བསླབས་པའི་
ཚིག་གིས་འཇིགས་ཤིང་སྐྲག་ནས་མི་འཇུག་པ་དག་ཀྱང་མཆིས་ཏེ། དེ་དག་ངན་སོང་གི་དཀྱིལ་འཁོར་གྱི་ལམ་དུ་འཇུག་པར་ཁ་བལྟས་ཤིང་། གནས་པ་རྣམས་ཀྱང་དགའ་བ་དང་མགུ་བའི་དམ་པ་ཐམས་ཅད་འགྲུབ་ཅིང་། བདེ་བ་དང་ཡིད་བདེ་བ་མྱང་བ་བགྱིས་པ་དང་། ངན་སོང་གི་
རྒྱུད་ཐམས་ཅད་འཇུག་པར་ཁ་བལྟས་པའི་ལམ་ལས་བཟློག་པར་བགྱི་བའི་སླད་དུ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་འཇུག་ཏུ་རུང་ངོ་། །བཅོམ་ལྡན་འདས་ཆོས་ཅན་གྱི་སེམས་ཅན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་དང་།
ཤེས་རབ་དམ་པ་གྲུབ་པའི་ཐབས་ཀྱིས། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཚོལ་བ་ན། བསམ་གཏན་དང་། རྣམ་པར་ཐར་པ་དང་། ས་རྣམས་ཀྱང་འབད་ཅིང་ཉོན་མོངས་པ་དག་ཀྱང་མཆིས་ཏེ། དེ་དག་ཀྱང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་མ་ཐག་ཏུ། དེ་བཞིན་
གཤེགས་པ་ཐམས་ཅད་དཀྱིལ་འཁོར་རེ་བ་ཐམས་ཅད་ཡང་དག་པར་རྫོགས་པར་གྱུར་པ། བླ་ན་མེད་པ་ཐམས་ཅད་དུ་འགྲུབ་པར་དཀའ་བ་ཡང་མ་ལགས་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་འཚལ་ཞེས་ཞུ་བར་བྱའོ། །དེ་ནས་སློབ་མ་གཞུག་པར་བྱ་སྟེ། དེ་ལ་བསླབ་པའི་
གཞི་ལྔ་ཡོངས་སུ་གཟུང་བའི་དགེ་བསྙེན་ནམ། དགེ་སྦྱོང་ངམ། དགེ་སློང་གི་སྡོམ་པ་ཡོངས་སུ་བླངས་པ། སློབ་དཔོན་དུ་དབང་བསྐུར་བར་འོས་པ། སློབ་དཔོན་གྱི་ཞབས་གཉིས་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་བརྗོད་པར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་པ་

བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །རྡོ་རྗེ་སྲུང་བ་ཡོངས་སུ་
བཟླས་ལ། སྟོད་གཡོགས་དང་སྨད་གཡོགས་བསྐོན་ཞིང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྒོ་སྲུང་བཞིས། བཟླས་པའི་གདོང་གཡོགས་བཅིངས་ལ། ཕྱག་བཞི་བྱེད་དུ་གཞུག་པར་བྱའོ། །ཡང་ལག་ན་མེ་ཏོག་ཐོགས་པའི་སློབ་མས། སློབ་དཔོན་ལ་
ཕྱག་བྱས་ལ། ལག་ན་མེ་ཏོག་ཐོགས་པ་དེ་ཉིད་དང་། བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་ཡང་བྱས་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པའི་ཉི་མ་མ་ལུས་པའི། །སངས་རྒྱས་རྣམས་ནི་བདག་
ལ་དགོངས། །བདག་མིང་འདི་ཞེས་བྱ་བ་ནི། །སློབ་དཔོན་དབང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་བ། །མི་ལྡོག་པ་ཡི་འཁོར་ལོས་འབྱོར། །ཐར་པའི་རང་བཞིན་གྲོང་ཁྱེར་ཆེར། །གསང་བ་ཆེན་པོར་འཇུག་པར་བགྱི། །གསང་བ་ཆེན་པོར་བསྡུས་པ་ནི། །
སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀྱིས་ནི་རྒྱས་བཏབ་ཅིང་། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་ཀུན་གྱི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་
བསྐུར་ཆེན་པོ་རྨད་བྱུང་བ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་གྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ནས་སློབ་དཔོན་གྱིས་རིགས་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་ཞེས་བྱ་འདི་ཉིད་ནི། །བྱང་ཆུབ་སེམས་ནི་
ཡོངས་འཛིན་ཞིང་། །དམ་ཚིག་སྡོམ་དང་གསང་བ་ཡི། །འཁོར་ལོ་འདིར་ཡང་འཇུག་པར་འཚལ། །དེ་ནས་ཡང་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གསང་བ་ཆེན་པོའི་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་

དམ། །དེས་ཀྱང་འཚལ་ཞེས་བརྗོད་པར་བྱ། །ཡང་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་
རྒྱ་དག །བློ་ཆེན་ཁྱོད་ཀྱིས་གཟུང་བར་བགྱི། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བརྗོད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་
མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །འདི་ནི་རིན་ཆེན་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་
བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་པའི་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །གཞན་ཡང་བཅུ་བཞི་འདི་དག་ནི། །ཕས་ཕམ་
པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱའོ། །རྩ་བའི་ལྟུང་བར་ཤེས་པར་བྱ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ནི་བཀླག་པར་བྱ། །གང་ཚེ་ཉམས་ན་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་
ནི་བླང་མི་བྱ། །འདོད་པ་ལོག་པར་མི་སྤྱད་ཅིང་། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང་། །དམ་པ་ཉེ་བར་བསྟེན་བྱ་ཞིང་། །རྣལ་འབྱོར་པ་རྣམས་བསྙེན་
བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་རྣམས་དང་། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོང་། །ཐེག་པ་དམན་པ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་མི་ཕྱོགས། །འཁོར་བ་དག་ཀྱང་ཡོངས་མི་སྤང་། །རྟག་ཏུ་མྱ་ངན་

འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་ལ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །དེས་ཀྱང་འདི་སྐད་
བརྗོད་པར་བྱ་སྟེ། སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་ནི་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །ཞེས་བྱ་བ་ལ་སོགས་པ་ནས། །སེམས་ཅན་མྱ་ངན་འདས་ལ་
དགོད། །ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །གང་ཞིག་སྡོམ་པ་འཛིན་པར་མི་བྱེད་པ་དེ་ལ། དེང་ཁྱོད་ཅེས་བྱ་བ་ལ་སོགས་པ་ཡང་བརྗོད་པར་མི་བྱ་སྟེ། སློབ་དཔོན་དུ་རྗེས་སུ་གནང་བ་དང་། དབང་བསྐུར་བ་ཡང་མི་བྱའོ། །འཇུག་པ་ཙམ་ཅིག་བྱེད་དུ་གཞུག་གོ། །དེ་ནས་ཨོཾ་
སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བྱ་བ་འདིས། བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་ནས་སུ། །དེ་ཡི་སྙིང་གར་སྙིང་པོ་ནི། །རྡོ་རྗེ་རབ་ཏུ་གཞག་པར་བྱ། །སུ་ར་ཏེ་ས་མ་ཡ་སྟཾ་ཧོ་བཛྲ་སིད་དྷྱ་ཡ་ཐཱ་སུ་ཁཾ། དེ་ནས་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ། དྲི་དང་མེ་ཏོག་
ལ་སོགས་པས་མཆོད་དེ། མེ་ཏོག་གི་ཕྲེང་བ་གདགས་ཤིང་། གདོང་དྲི་ཞིམ་པར་བྱས་ལ། ཡོན་གྱི་མཆོག་བླངས་ལ། དེས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ། ས་མ་ཡ་སྟྭཾ་ཞེས་བྱ་བ་འདིས། རྡོ་རྗེ་སེམས་མའི་ཕྱག་རྒྱ་འཆིང་དུ་གཞུག་གོ། །དེ་ནས་གུང་མོ་གཉིས་ཀྱིས་མེ་ཏོག་གི་ཕྲེང་བ་
འཛིན་དུ་བཅུག་ལ། ས་མ་ཡ་ཧཱུཾ་ཞེས་བྱ་བ་འདིས་གཞུག་པར་བྱའོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་ཀྱང་། རང་རང་གི་སྒོ་ནས་བཛྲ་ཨཾ་ཀུ་ཤ་ཛཿ། བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་ཨཱ་བེ་ཤ་ཨཿ། ཞེས་བྱ་བས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱའོ། །དེ་ནས་ཡང་
ཤར་ཕྱོགས་ཀྱི་སྒོ་ནས། དེ་བཞིན་དུ་བཅུག་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་འགྲུབ་པ་ཡང་ཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་

དགོས་ཏེ། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག །ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་སློབ་དཔོན་རང་ཉིད་ཀྱིས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་དང་། གྱེན་དུ་བསྟན་པ་བཅིངས་
ལ་རྡོ་རྗེ་སློབ་མའི་སྤྱི་བོར་བཞག་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་གྱིས། གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། མནའི་སྙིང་པོ་འདི་ལན་ཅིག་བཟླས་པའི་ཆུ་རྡོ་རྗེ་སློབ་མ་འཐུང་
དུ་བཅུག་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །དེ་ལ་དམ་ཚིག་གི་སྙིང་པོ་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་བཛྲ་ཨུ་ད་ཀ་ཋ་ཞེས་བྱའོ། །དེ་ནས་སློབ་མ་ལ་
འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་ཡི་གེ་
ཨ་ཞེས་བྱ་བས་བདག་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོར་བསམ་པར་བྱའོ། །དེའི་རྗེས་ལ་རང་གི་སྙིང་གར་ཡི་གེ་ཨ་རྡོ་རྗེའི་འོད་ཟེར་གྱི་ཕྲེང་བ་དང་ལྡན་པ་བསམ་པར་བྱའོ། །ཡི་གེ་ཧཱུཾ་གིས་ཀྱང་སློབ་མ་རྡོ་རྗེ་སེམས་དཔའ་རྡུལ་དང་བྲལ་ཞིང་ཤིན་ཏུ་དང་བར་བསམས་ལ།
སྙིང་ག་དང་དཔྲལ་བ་དང་ལྕེ་དང་སྤྱི་བོར། ཧཱུཾ་ཏྲཱཾ་ཧྲཱིཿཀཾ་ཞེས་བྱ་བ་ལས་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེས་མཚན་པར་བྱས་ལ། སྒོ་དབྱེ་བའི་ཕྱག་རྒྱས་རང་གི་སྙིང་ག་དང་། སློབ་མའི་སྙིང་གར་དབྱེ་བར་བྱའོ། །དེ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེ་ཨ་ཞེས་བྱ་བས་ཕྱུང་
ལ། སློབ་མའི་སྙིང་གར་གནས་པའི་རྡོ་རྗེའི་དབུས་སུ་བློས་བཅུག་སྟེ། ལུས་ཐམས་ཅད་གང་བར་གྱུར་པར་བསམས་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག །

ཅེས་སྨྲོས་ཤིག །དེ་ནས་སློབ་དཔོན་གྱིས་མྱུར་དུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ལ། དེའི་སྙིང་གར་གཞག་སྟེ། འདི་སྐད་ཅེས་བརྗོད་དུ་གཞུག་གོ། །འདི་ནི་རྡོ་རྗེ་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དེ་རིང་
ཉིད་དུ་འབབ་པར་ཤོག །བཛྲ་ཨཱ་ཝེ་ཤ་ཨཿཞེས་བྱ་བ་བཅུ་ནས་ལན་བརྒྱའི་བར་དུ་བརྗོད་ན་ངེས་པར་འབབ་པར་འགྱུར་རོ། །དེ་ནས་གལ་ཏེ་འབབ་པར་མ་གྱུར་ན་དེའི་ཚེ་ཁྲོ་བོའི་ཁུ་ཚུར་བཅིངས་ལ། རྡོ་རྗེ་སེམས་མའི་ཕྱག་རྒྱ་དྲལ་བར་བྱ་ཞིང་། བཛྲ་སཏྭ་ཨཱ་ཨཱ་ཨཱ་ཨཱཿཞེས་བྱ་བ་
འདི་ཡང་བརྗོད་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འོད་ཟེར་དམར་པོ་འབབ་པས་ཀུན་དུ་ཁྱབ་པས་ཀུན་དུ་གང་བར་བསམས་ལ། ལན་བརྒྱའི་བར་དུ་བཟླ་བར་བྱའོ། །དེ་ལྟ་བུས་ཀྱང་གལ་ཏེ་འབབ་པར་མ་གྱུར་ན། དེའི་ཚེ་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་དྲིལ་བུ་དང་བཅས་པ་
བཅིངས་ལ། རྐང་པ་གཡོན་པས་དེའི་རྐང་པ་གཡས་པ་མནན་ལ། ནམ་མཁའི་ཕྱོགས་སུ་རྡོ་རྗེ་སེམས་དཔའི་སྟེང་ན་དཔལ་རྣམ་པར་སྣང་མཛད་དེ་ལ་དབབ་པར་བྱ་བའི་ཕྱིར་བྲིས་པས། ཡི་གེ་ཧཱུཾ་གི་འོད་ཟེར་གྱི་ཚོགས་ཀྱིས་འབེབས་པར་མཛད་པ་དང་། འོག་ནས་ཀྱང་རྡོ་རྗེ་རླུང་གི་དཀྱིལ་
འཁོར་དང་། ཡི་གེ་ཧཱུཾ་གིས་བཏེག་པར་བསམ་པ་དང་། དེ་བཞིན་དུ་མི་བསྐྱོད་པ་ལ་སོགས་པ་ཤར་ཕྱོགས་ལ་སོགས་པར་བཞུགས་པས། ཧཱུཾ་ཏྲཱཾ་ཧྲཱིཿཨ་ཞེས་བྱ་བའི་རང་རང་གི་ས་བོན་གྱི་འོད་ཟེར་གྱི་ཚོགས་ཡང་དག་པར་འབེབས་པར་མཛད་པར་བསམས་ལ། བཛྲ་སཏྭ་ཨཱ་ཨཱ་
ཨཱ་ཨཱཿཞེས་བྱ་བ་ཡང་དེ་བཞིན་དུ་བཟླ་བར་བྱའོ། །གལ་ཏེ་སྡིག་པ་ཤིན་ཏུ་ཆེ་བས་དེ་ལྟ་བུས་ཀྱང་འབབ་པར་མ་གྱུར་ན། དེའི་ཚེ་སྡིག་པ་དྲལ་བའི་ཕྱག་རྒྱས་ཡང་དང་ཡང་དུ་སྡིག་པ་དྲལ་ལ། ཡམ་ཤིང་དམར་པོ་རྣམས་ཀྱི་མེ། །རབ་འབར་རྡོ་རྗེ་ཁྲོ་བོ་ཡི། །མཉམ་པར་གཞག་
པས་སྙོམས་ཞུགས་ལ། ཏིལ་སྲེག་པས་ནི་སྡིག་བསྲེགས་ཤིང་། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་བྱ་བ་དང་། ལག་པ་གཡས་པའི་མཐིལ་དུ་ཏིལ་ནག་པོ་ལས་སྡིག་པའི་གཟུགས་བརྙན་བྱས་ལ། ཧཱུཾ་དབུས་སུ་བསམ་པའི་མཛུབ་མོ་དང་མཐེ་བོས་སྦྱིན་སྲེག་བྱའོ། །དེ་

ནས་སྦྱིན་སྲེག་གི་ཐབ་ཁུང་ལས་བྱུང་བའི་འབར་བའི་ཕྲེང་བ་ཀུན་དུ་འཁྲུགས་པའི་རྡོ་རྗེ་དེའི་ལུས་ལ་འབབ་པས། སྡིག་པ་རྣམས་བསྲེགས་པར་གྱུར་པར་བསམས་ན་ངེས་པར་འབབ་པར་འགྱུར་རོ། །ཡང་དེ་ལྟ་བུས་ཀྱང་འབབ་པར་མ་གྱུར་ན། དེ་ལ་དབང་བསྐུར་བར་མི་བྱའོ། །བབས་
ན་སྐད་ཅིག་མ་དེ་ཉིད་ལ་མངོན་པར་ཤེས་པ་ལྔ་ལ་སོགས་པ་རྟོགས་པར་འགྱུར་རོ། །དེ་ནས་བབས་པར་ཤེས་ནས། སློབ་དཔོན་གྱིས་ཀྱེ་རྡོ་རྗེ་སེམས་དཔའ། ཀྱེ་རྡོ་རྗེ་རིན་ཆེན། ཀྱེ་རྡོ་རྗེ་ཆོས། ཀྱེ་རྡོ་རྗེ་ལས་ཞེས་བྱ་བས། རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་འཆིང་དུ་
གཞུག་གོ། །ཡང་ནྲིརྟྱ་བཛྲ་ཞེས་བྱ་བས་སེམས་དཔའི་གར་བྱའོ། །གལ་ཏེ་བབས་ན་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འཆིང་དུ་བཅུག་ལ། དེའི་ཚེ་སློབ་དཔོན་གྱིས་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ཉེ་བར་བསྟན་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་བཞད་པའི་ཕྱག་རྒྱ་འཆིང་དུ་བཅུག་ལ། དེའི་
ཚེ་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ཉེ་བར་བསྟན་པའི་བར་དུའོ། །དེ་ལྟ་བུས་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐམས་ཅད་དགོངས་པ་མཛད་པར་འགྱུར་རོ། །དེ་ནས་འདིས་མངོན་པར་འདོད་པ་ཐམས་ཅད་བྲི་བར་བྱ་སྟེ། བབས་པ་དེའི་ལྕེ་ལ་རྡོ་རྗེ་བསམས་ལ། བྲུ་ཧི་བཛྲ་ཞེས་བརྗོད་པར་བྱ་སྟེ།
དེ་ནས་ཐམས་ཅད་སྨྲ་བར་འགྱུར་རོ། །དེ་ནས་པྲ་ཏཱིཙྪ་བཛྲ་ཧོཿཞེས་བྱ་བས་ཕྲེང་བ་དེ་དཀྱིལ་འཁོར་ཆེན་པོར་དོར་བར་བྱའོ། །དེ་ནས་གང་དུ་ཕྲེང་བ་དེ་བབས་པར་གྱུར་པ་དེ་འདི་ལ་འགྲུབ་པར་འགྱུར་རོ། །དེ་ནས་ཨོཾ་པྲ་ཏི་གྲྀཧྞ་ཏྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཞེས་བྱ་བས་ཕྲེང་བ་དེ་དེའི་མགོ་ལ་བཅིང་བར་
བྱའོ། །དེ་ནས། །ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པཱ་ཤྱ་ཞེས་བྱ་བ་འདིས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། བཅོམ་
ལྡན་འདས་རྣམ་པར་སྣང་མཛད་ཀྱི་བར་དུ་དཀྱིལ་འཁོར་ཆེན་པོ་བསྟན་པར་བྱའོ། །དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས། དབབ་པའི་ཕྱག་རྒྱ་སློབ་མའི་སྙིང་གར་དགྲོལ་དུ་གཞུག་པར་བྱའོ། །དེ་ནས་ཕྱི་རོལ་གྱི་ཕྱག་རྒྱའི་དཀྱིལ་འཁོར་གྱི་ནང་ངམ། ཕྱི་རོལ་དུ་ཤར་ཕྱོགས་ཀྱི་སྒོ་ལ་

མངོན་པར་ཕྱོགས་པར་ཟླ་བའི་དཀྱིལ་འཁོར་བྲིས་ལ། རྡོ་རྗེ་སེམས་མ་ལ་སོགས་པའི་ཕྱག་རྒྱ་བཞི་དང་། རང་གི་དམ་ཚིག་གི་ཕྱག་རྒྱས་སློབ་མ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་སུ་བསམས་ལ། རང་གི་ཕྱག་རྒྱ་ཆེན་པོས་ཟླ་
བའི་དཀྱིལ་འཁོར་ལ་བཞག་སྟེ། དབང་བསྐུར་བ་ལ་མཆོད་ཡོན་བསྟབས་ནས་དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ། གདུགས་དང་རྒྱལ་མཚན་དང་། བ་དན་ལ་སོགས་པ་དང་། དུང་དང་རོལ་མོ་ལ་སོགས་པའི་སྒྲ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་བཀྲ་ཤིས་
ཀྱི་ཚིགས་སུ་བཅད་པ་ལ་སོགས་པས་མངོན་པར་དགའ་བར་བྱ་ཞིང་། དང་པོར་རེ་ཞིག་ཆུའི་དབང་བསྐུར་རོ། །དེ་ནས་ནི་ཕྱག་རྒྱའི་དབང་བསྐུར་བ་དང་། ཅོད་པན་དང་། དར་དཔྱངས་དང་། རྡོ་རྗེ་དང་། བདག་པོ་དང་མིང་གི་དབང་བསྐུར་ནས།
ཡང་མེ་ཏོག་ལ་སོགས་པ་དང་། སྒེག་མོ་ལ་སོགས་པ་མཆོད་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས། སློབ་མས་རྡོ་རྗེ་ཐལ་མོ་བསྐོར་བས་སློབ་དཔོན་ལ་ཕྱག་བྱས་ལ་ཡོན་གྱི་མཆོག་ཕུལ་ཏེ། མེ་ཏོག་ལ་སོགས་པའི་དབང་བསྐུར་བ་བླང་བར་བྱའོ། །སློབ་དཔོན་གྱིས་
དབང་བསྐུར་བ་ལ་ཇི་སྐད་བསྟན་པའི་གནས་སུ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་བཞག་ལ། དེའི་ལུས་ལ་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཀོད་དེ། སྤྱི་བོར་དཔལ་རྡོ་རྗེ་སེམས་དཔའི་སྐུ་གཟུགས་བཞག་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་
ཧོཿསུ་ར་ཏ་སྟྭཾ་ཞེས་བྱ་བའི་སྔགས་འདི་ལན་བརྒྱ་རྩ་བརྒྱད་བཟླས་ཤིང་ཆུས་དབང་བསྐུར་བ་སྦྱིན་པར་བྱའོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། སློབ་མ་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་སྦྱིན་ཞིང་། གཟེངས་བསྟོད་པ་དང་ལུང་བསྟན་
པས་སློབ་མ་ཐམས་ཅད་ལ་ལུང་བསྟན་པར་བྱའོ། །དེ་ནས་གསང་བའི་དབང་བསྐུར་བ་བཤད་པར་སྟེ། སློབ་དཔོན་དུ་དབང་བསྐུར་བར་འོས་པ་བཅུག་ལ། དཀྱིལ་འཁོར་དང་ལྷ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཐམས་ཅད་དང་། སློབ་དཔོན་གྱིས་ལས་ཐམས་ཅད་སློབ་པར་བྱ་སྟེ། འདི་ཙམ་གྱིས་ནི་

གསང་བའི་དབང་བསྐུར་བར་གྱུར་པ་ཡིན་ཏེ། མདོར་བསྡུས་པའི་རིམ་པའོ། །དེ་ནས་རིམ་པ་བར་མ་བརྗོད་པར་བྱ་སྟེ། རྩ་བའི་དཀྱིལ་འཁོར་ལས་ཁྲུ་གཉིས་ཙམ་ཡོངས་སུ་དོར་བས། དབུས་མའི་དཀྱིལ་འཁོར་གྱི་ཕྱེད་ཚད་ཀྱི་གྲུ་བཞི་པ་སྒོ་ནུབ་ཏུ་བལྟས་པ་འཇུག་པའི་སྒོ་ལ་མངོན་
པར་ཕྱོགས་པའི་དཀྱིལ་འཁོར་ཚོན་སྣ་ལྔས་བྲིས་ལ། དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་བྲིས་ཤིང་། དེའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་ཁ་དོག་དམར་པོ་འོད་ཟེར་དམར་པོ་འཕྲོ་བ་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་དེ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ། སེང་གེའི་ཁྲིའམ་
ཁྲིའུ་ཟླ་བའི་དཀྱིལ་འཁོར་དར་གྱིས་བཀབ་ལ། རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་ཏེ། སློབ་མ་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་དེར་བཞག་ནས་སེང་གེའི་ཁྲིའི་སྟེང་དུ་བླ་རེ་བྲེ་བ་དང་། གཡས་ལོགས་སུ་དར་དང་མེ་
ཏོག་གི་ཕྲེང་བས་བརྒྱན་པར་བྱའོ། །གདུགས་དཀར་པོ་རིན་པོ་ཆེའི་ཏོག་ཅན་ལ་ཡི་གེ་ཧཱུཾ་བཟླས་པ་དང་། གོས་སྣ་ཚོགས་དང་། རྒྱལ་མཚན་དང་བ་དན་སྣ་ཚོགས་ལ། ནམ་མཁའི་མཛོད་ཡོངས་སུ་བཟླས་ཏེ། གཡོན་ལོགས་སུ་བཞག་ལ། མཆོད་ཡོན་བྱིན་ནས་མེ་ཏོག་ལ་སོགས་
པ་དང་། སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་ཅིང་། དུང་དང་། རྔ་བོ་ཆེ་དང་། རྔ་རིངས་དང་། ཟངས་དུང་ལ་སོགས་པའི་རོལ་མོའི་ཕྱག་རྒྱས་བྱིན་གྱི་བརླབས་པ་དང་། ཕྱི་རོལ་དུ་གླུ་དང་གར་ལ་སོགས་པས་མཆོད་པར་བྱའོ། །ཡོན་གྱི་མཆོག་ཀྱང་བླངས་ལ། རྡོ་རྗེ་
སེམས་དཔའི་སྐུ་གཟུགས་དེའི་མགོ་བོར་བཞག་སྟེ་བཀྲ་ཤིས་གདོན་པར་བྱའོ། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པའི། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་
དེས་ནི་སྐྱེ་དགུ་ཞི་བྱེད་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་ཞིང་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པའི་ཆོས་ལྡན་

ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །སེམས་ཅན་ཀུན་ལ་ཕན་ཞིང་བྱང་ཆུབ་མངའ་བ་པོ། །དོན་
རྣམས་ཐམས་ཅད་འགྲུབ་པར་བརྟུལ་བ་ཡོངས་ལྡན་པ། །ཚོགས་ཀྱི་ལས་དགྱེས་ཐུབ་པའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །འགྲོ་ལ་ཕན་ཕྱིར་དེ་བཞིན་གཤེགས་པ་དགའ་ལྡན་ལྷའི། །གཞལ་མེད་ཁང་གི་སྙིང་པོ་ནས་ནི་འདིར་གཤེགས་
ཏེ། །དབང་བཅས་ལྷས་བསྐོར་བ་ཡི་བཀྲ་ཤིས་གང་བྱུང་བའི། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ལོ་མ་མེ་ཏོག་འོད་འབར་ཉམས་དགའ་ལུམྦིའི་ཚལ། །ལྷ་མང་དག་གིས་བསྟན་པར་མགོན་པོ་བལྟམས་པ་ན། །སྲིད་པ་མཐར་ཕྱིན་པ་ཡི་བཀྲ་ཤིས་གང་བྱུང་བའི། །
བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་སེར་སྐྱའི་གནས་ནས་རྒྱལ་པོའི་ཕོ་བྲང་དུ། །ལྷུམས་ནས་བལྟམས་པ་སྟོན་པ་བདེ་གཤེགས་ཟས་གཙང་སྲས། །མྱུར་བསྐྲུན་བདུད་རྩིའི་ཆུས་གཏོར་བ་ཡི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་
ཁྱེར་དམ་པ་སེར་སྐྱའི་གནས་ཞེས་བྱ་བ་ནི། །རྨད་དུ་གྲགས་པ་ཆེན་པོ་ལྷ་ཡིས་མངོན་བསྟོད་པ། །བསམ་ཡས་དགེ་བསྒྲུབས་བསོད་ནམས་ཕུང་པོའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དགྱེས་ཤིང་ནམ་ཕྱེད་གྲོང་ཁྱེར་མཆོག་ནས་མངོན་བྱུང་སྟེ། །དཀའ་ཐུབ་
ཚལ་དུ་མངོན་པར་གཤེགས་ཤིང་ཚངས་ལ་སོགས། །ལྷ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །རབ་ཏུ་འོད་འབར་གསེར་དང་འདྲ་བའི་སྐུ་མངའ་ཞིང་། །བཻ་ཌཱུརྱ་ལྟར་སྔོན་པའི་རྩྭ་བཏིང་སྟེང་བཞུགས་ཏེ། །སྐྱིལ་མོ་ཀྲུང་བཅས་མི་
གཡོ་མཆོག་གི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ཆུ་བོའི་འགྲམ་ན་རྩྭ་ཥའི་ཕྲེང་གིས་ཡོངས་བསྐོར་བ། །ཤིན་ཏུ་རྨད་བྱུང་བ་ཡི་སྲེད་པ་སེལ་མཛད་པ། །ཀླུ་ཡི་རྒྱལ་པོས་ཕྱག་བྱས་པ་ཡི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་

ཤོག །ཤིང་རྒྱལ་དྲུང་གཤེགས་བྱམས་པའི་སྟོབས་ཀྱིས་བདུད་ཀྱི་ཕྱོགས། །མང་པོ་བཏུལ་ཚེ་ས་སྟེང་དང་ནི་ནམ་མཁའ་ལ། །བཅོམ་ལྡན་བཀྲ་ཤིས་རྣམ་པ་སྣ་ཚོགས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །སྡུག་བསྔལ་མཐའ་དག་གཞིག་ཕྱིར་རྡོ་རྗེའི་གདན་བཞུགས་
ཏེ། །ནམ་གྱི་ཐོ་རངས་བདུད་བཞི་པོ་དག་རྣམས་བཏུལ་བ། །སྟོན་པ་བདེ་བར་གཤེགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་བཱ་རཱ་ཎ་སཱིར་དྲང་སྲོང་མཆོག་བཞུགས་ནས། །ཆོས་ཀྱི་འཁོར་ལོ་ཕྱོགས་བསྟན་པ་ཡི་བཀྲ་ཤིས་གང་། །
ལྷ་ཡུལ་དང་འདིར་ཤིན་ཏུ་རྨད་དུ་བྱུང་གྱུར་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །བཀྲ་ཤིས་གང་ཞིག་ཕན་བྱེད་དམ་པ་དག་བྱེད་པ། །བསོད་ནམས་བྱ་བྱེད་འཕགས་པའི་སྐྱེ་བོས་མངོན་བསྟོད་པ། །བཅོམ་ལྡན་ཤཱཀྱ་ཐུབ་པའི་སེང་གེས་གང་གསུངས་པ། །བཀྲ་ཤིས་
དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །མུ་སྟེགས་བྱེད་པ་ཀུན་གྱི་ང་རྒྱལ་གཞོམ་པར་བྱེད་པ་དང་། །འགྲོ་ལ་བདེ་བ་སྐྱེད་ཕྱིར་ཆོ་འཕྲུལ་དམ་པ་དག །ཉེ་བར་སྟོན་པ་རྒྱལ་བའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །འགྲོ་ལ་ཕན་ཕྱིར་མཐོ་རིས་ནས་
ནི་འདིར་གཤེགས་ཏེ། །ཚངས་པ་ལ་སོགས་ལྷ་ཚོགས་ལག་ན་རྔ་ཡབ་གདུགས། །སྣ་ཚོགས་ཐོགས་པས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དེ་བཞིན་གཤེགས་པ་ཞི་བ་མཆོག་ཏུ་ཉེར་གཤེགས་པ། །མནྡཱ་ར་ཡི་མེ་ཏོག་མང་པོས་མངོན་
མཆོད་པ། །ལྷ་ཚོགས་རྣམས་ཀྱིས་མངོན་པར་བསྟོད་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ལྷ་དབང་ཀླུ་དང་མི་ཡི་དབང་པོས་ཕྱག་བྱས་པ། །མཁའ་ལྡིང་གནོད་སྦྱིན་དྲི་ཟའི་དབང་པོས་མཆོད་གྱུར་པ། །དེ་བཞིན་གཤེགས་པ་སྟོབས་བཅུ་ལྡན་པའི་
བཀྲ་ཤིས་གང་། བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །མཚན་བརྒྱ་རྩ་བརྒྱད་པས་ཀྱང་བསྟོད་ལ། དང་པོ་ནི་བུམ་པ་གང་བས་སོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྙིང་པོ་ཟློས་ཤིང་དེའི་བུམ་པས་སོ། །དེའི་རྗེས་ལ་རྣམ་པར་རྒྱལ་བའི་བུམ་པ་ལས་རྡོ་རྗེ་ཁུ་ཚུར་གྱིས་

ཆུ་བླངས་ལ། །དེས་དབང་བསྐུར་ཞིང་འཐུང་དུ་ཡང་གཞུག་པ་དང་། བུམ་པ་ལྷག་མ་རྣམས་ཀྱིས་ཀྱང་ཆུའི་དབང་བསྐུར་བས་དབང་བསྐུར་རོ། །དེ་ལ་སྦྱོར་བ་ནི་འདི་ཡིན་ཏེ། ཨོཾ་བཛྲ་ཨཾ་ཀུ་ཤ་ཨོཾ་བཛྲ་སཏྭ་ཨ་བྷིཥིཉྩ་ཞེས་བྱ་བ་ནས། ཨོཾ་བཛྲ་སཏྭ་ཨ་བྷི་ཥིཉྩ་ཞེས་བྱ་བའི་
བར་དང་། ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་བཟླས་པར་བྱའོ། །ལྷག་མ་རྣམས་ནི་སྔ་མ་དང་འདྲ་བ་ཡིན་ཏེ། རིམ་པ་བར་མའོ། །དེ་ནས་དབང་བསྐུར་བའི་རིམ་པ་རྒྱས་པར་བརྗོད་པར་བྱ་སྟེ། དེ་བཞིན་དུ་ཐམས་ཅད་བྱས་ལ། སྒེག་མོ་ལ་སོགས་པའི་མཆོད་པ་བརྒྱད་
ཀྱིས་ཀྱང་ཡང་དག་པར་མཆོད་པར་བྱའོ། །དེ་ནས་རིན་པོ་ཆེའི་མིག་ཐུར་རམ། གསེར་ལ་སོགས་པའི་ཐུར་མ་ཐོགས་ལ་མདུན་དུ་འདུག་སྟེ་ཚིག་འདི་སྐད་དུ་གསལ་བར་བརྗོད་པར་བྱ་སྟེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་
མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །དེ་ལ་འདིའི་སྙིང་པོ་ནི། །ཨོཾ་བཛྲ་ཎེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཞེས་བྱ་བ་ཡིན་ནོ། །དེ་ལ་མེ་ལོང་བླངས་ལ་ཆོས་ཀྱི་མཚན་ཉིད་བསྟན་པར་བྱའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །
གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་པར་གྱིས། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །དེ་ནས་དྲིལ་བུ་བླངས་ལ་དཀྲོལ་ཏེ། ཆོས་རྣམས་ནམ་མཁའི་མཚན་ཉིད་དེ། །
ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱོར་བ་ཡིས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་བྱ་བས་དྲིལ་བུ་སྦྱིན་ནོ། །ཨ་ཞེས་བྱ་བ་ནི་དྲིལ་བུ་སྦྱིན་པའི་སྙིང་པོ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱིས་ཤིག་ཅེས་བརྗོད་དེ།
ཧོ་ཞེས་བྱ་བས་གཞུ་བྱིན་ལ། ཕྱོགས་བཞིར་མདའ་བཞི་དང་། སྟེང་དུ་གཅིག་དང་འོག་ཏུ་གཅིག་འཕེན་དུ་གཞུག་པར་བྱའོ། །ཡང་མེ་ལོང་བླངས་ལ་འདི་སྐད་ཅེས་བརྗོད་བྱའོ། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་

བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་ནི་འདི་ཡིན་པར་ཤེས་པར་གྱིས་ཤིག་ཅེས་བརྗོད་པར་བྱའོ། །དེ་ལ་མེ་ལོང་འདི་འཛིན་དུ་གཞུག་པའི་སྔགས་སོ། །ཨ་བཛྲ་སཏྭ་ཞེས་བྱའོ། །དེ་ནས་རྐང་པ་གཉིས་
ཀྱི་བར་དུ་ཆོས་ཀྱི་འཁོར་ལོ་བཞག་ལ། ལག་པ་གཡས་པར་དུང་བྱིན་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་
བླ་མེད་པས། །ཀུན་དུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང་། །དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱད་པའི་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་ཐོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་
འཛིན་པ་དེ་ཀུན་ཀྱང་། །ཀུན་དུ་ཁྱོད་ལ་སྲུང་བར་བྱེད། །ཅེས་བྱ་བ་རྡོ་རྗེ་འཁོར་ལོ་དང་། རྡོ་རྗེ་སྨྲ་བའི་ཆོས་ཀྱི་ཡི་གེ་དང་བཅས་པ་སྦྱིན་པར་བྱའོ། །ཡང་། འཇིག་རྟེན་ཀུན་ལས་ཁྱད་པར་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །ཆོས་ཀྱི་
འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ་རྡོ་རྗེ་དང་། འཁོར་ལོ་དང་། པདྨ་དང་། ནོར་བུའི་འཁོར་ལོ་རབ་ཏུ་བསྐོར་ཞེས་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་སྦྱིན་ནོ། །དེ་ནས་དངོས་པོ་ཐམས་ཅད་ཀྱི་རང་གི་ངོ་བོའི་བདག་ཉིད་ཅན་གྱི་གཟེངས་བསྟོད་ནས། ཀུན་སངས་རྒྱས་སུ་བདག་བསྒྲུབ་
པའོ། །རྡོ་རྗེ་མིང་དབང་བསྐུར་བས་ཀྱང་། །དེ་བཞིན་གཤེགས་པར་ལུང་བསྟན་ཉིད། །ཨོཾ་འདི་ནི་ངས་ཁྱོད་ལུང་བསྟན་ཡིན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཀུན་དུ་བསྒྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་དེ་
བཞིན་གཤེགས་པ་སིདྡྷ་ས་མ་ཡ་སྟྭཾ་བྷཱུར་བྷུ་ཝ་སྭཿདེ་ལ་གཟེངས་བསྟོད་པ་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིང་སྟེ། གཡོན་པས་ཆོས་གོས་འཛིན་པའི་ཚུལ་དུ་བྱས་ལ། གཡས་པ་མཆོག་སྦྱིན་པའི་ཚུལ་དུ་བྱའོ། །དེ་ནས་སློབ་མ་རྣམས་ལ་འདི་སྐད་ཅེས་བརྗོད་པར་

བྱ་སྟེ། གང་ལ་གཟེངས་བསྟོད་པར་བྱས་པ་འདི་དག་ཕྱག་རྒྱ་ཆེན་པོ་མཆོག་ཏུ་གསང་བའི་ཆོ་གས་ལུང་བསྟན་པར་བྱས་པ་དེ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཛིན་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་
འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་དམ་ཚིག་གི་སློབ་དཔོན་དང་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དོ། །དེ་ལྟར་གཟེངས་བསྟོད་པ་དང་། ཕྱག་རྒྱ་ཆེན་པོའི་མཆོག་ཏུ་གསང་བ་དམ་པའི་
དངོས་གྲུབ་བྱིན་གྱིས་བརླབ་པ་དང་སྔགས་ཀྱི་སྟོབས་ཡིན་ནོ་ཞེས་དད་པར་བྱའོ། །དབུགས་དབྱུང་བ་ལྷག་མ་ནི་དཔལ་མཆོག་དང་པོ་ལས་ཤེས་པར་བྱའོ། །དེ་ནས་ཐམས་ཅད་ལ་དཀྱིལ་འཁོར་གྱི་གསང་བའི་ཡེ་ཤེས་ཐམས་ཅད་བསླབ་པ་ཉིད་དུ་བྱ་སྟེ། འདོད་ཆགས་བྲལ་བ་
ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །མ་ཧཱ་ས་མ་ཡ་ཧ་ན་ཕཊ་ཅེས་བྱ་བའི་དམ་ཚིག་ཆེན་པོའི་སྔགས་འདི་ཡང་བརྗོད་པར་བྱའོ། །དེ་ནས་རང་གི་ལྷའི་སྔགས་བྱིན་ལ། ཕྱག་རྒྱ་བཞིའི་ཡེ་ཤེས་
བསླབ་པར་བྱའོ། །དེ་ནས་ཁྱོད་ཀྱིས་གཞན་ཕྱག་རྒྱལ་མི་མཁས་པ་གང་ལ་ཡང་ཕྱག་རྒྱ་གཅིག་ཀྱང་སྟོན་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་དེ་རྣམས་ཀྱིས་དཀྱིལ་འཁོར་མ་མཐོང་བར་སེམས་དཔའི་ཕྱག་རྒྱ་འཆིང་བ་ལ་སྦྱོར་བར་བྱེད་ཀྱང་། དེ་
རྣམས་ཀྱིས་དངོས་གྲུབ་ཇི་ལྟ་བ་བཞིན་དུ་ཐོབ་པར་མ་གྱུར་པ་དང་། དེ་ནས་དེ་སོམ་ཉི་ཟ་བར་གྱུར་པས། ཡང་བ་མ་སྤངས་པས་མྱུར་བ་ཉིད་དུ་དུས་བྱས་ནས། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྟུང་བར་འགྱུར་ལ། རྒྱུ་དེས་ཁྱོད་ཀྱང་ངན་འགྲོར་འགྲོ་བར་འགྱུར་རོ་ཞེས་བརྗོད་
པར་བྱའོ། །དེ་ནས་སྒེག་མོ་ལ་སོགས་པའི་མཆོད་པ་བརྒྱད་དང་། མེ་ཏོག་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་དག་པར་མཆོད་ལ། སློབ་མ་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཅི་ནུས་པར་མཆོད་ཅིག་ཅེས་བསྒོ་སྟེ། དེ་བཞིན་གཤེགས་པ་

ཐམས་ཅད་ལ་གསོལ་བ་གདབ་ཅིང་བདུག་སྤོས་ལ་སོགས་པ་ཅི་འདོད་པར་མཆོད་པ་བྱེད་དུ་བཅུག་ལ། ཇི་ལྟ་བ་བཞིན་དུ་ཞུགས་པ་རྣམས་ལ་འབྱོར་པ་ཅི་ཡོད་པའི་བཟའ་བ་དང་བཏུང་བ་ལ་སོགས་པ་ཐམས་ཅད་དང་། དཀྱིལ་འཁོར་ཆེན་པོར་ཕུལ་བའི་ཡོ་བྱད་ཐམས་ཅད་ཀྱིས་
ཚིམ་པར་བྱས་ལ། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཞེས་བྱ་བ་ལ་སོགས་པས་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པར་བྱའོ། །དེ་ནས་ཡང་ཐམས་ཅད་ལ་སུ་ལ་ཡང་སྨྲ་བར་མ་བྱེད་ཅིག་ཅེས་བསྒོ་ལ་མནའི་སྙིང་པོ་བརྗོད་པར་བྱའོ། །དེ་ནས་ཞུགས་པ་
རྣམས་སླར་བཏང་ལ། ཡང་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་ལ་ཕྱག་བྱ་སྟེ། མཆོད་ཡོན་ཕུལ་ནས་དགེ་བའི་རྩ་བ་མངོན་པར་འདོད་པའི་དངོས་གྲུབ་ཀྱི་དོན་དུ་བསྔོས་ལ། ཕྱག་རྒྱ་དགྲོལ་བར་བྱས་ནས། སེམས་མ་རྡོ་རྗེ་མ་
བཅིངས་ཏེ། དཀྱིལ་འཁོར་ལན་གསུམ་མམ། ལན་བདུན་བསྐོར་བ་བྱས་ལ། སྔ་མ་བཞིན་དུ་གཤེགས་སུ་གསོལ་བ་ལ་སོགས་པ་བྱས་ནས། ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་ཕྱགས་ལ། དམན་མ་ལ་སོགས་པ་ཆུ་བོར་དོར་བར་བྱའོ། །དེ་ནས་ཧཱུཾ་བཞིས་
ཕུར་བུ་ཐམས་ཅད་བཏོན་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནེ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་པའི་འོ་མས་ཕུར་བུ་དང་གཟུགས་བརྙན་ཐམས་ཅད་བཀྲུས་ལ་བུ་གུ་ཡང་དགང་བར་བྱའོ། །དེ་ནས་འཇུག་པའི་སྒོ་ལ་མངོན་པར་ཕྱོགས་པའི་ལས་ཐམས་ཅད་
པའི་ཐབ་ཁུང་བྱས་ལ། བདག་དང་སློབ་མ་དང་། ས་བདག་དང་སེམས་ཅན་ཐམས་ཅད་ལ་དམིགས་ཏེ། ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་སློབ་མའི་གཙོ་བོ་གཡོན་ལོགས་སུ་བཞག་སྟེ། རྡོ་རྗེ་སེམས་དཔའི་སྔགས་ཀྱིས་མར་གྱི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་
སངས་རྒྱས་སྤྱན་གྱིས་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་ཕྱག་རྒྱ་དེ་ཉིད་བཅིངས་ལ་མར་དང་ཞོ་དང་འདྲེས་པའི་ཏིལ་གྱིས་སྦྱིན་སྲེག་བརྒྱ་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་བཟླས་པའི་ཆུས་སྤྱི་བོར་གཏོར་ནས་དེ་ཉིད་བཟླས་པའི་སྲུང་སྐུད་མཁྲིག་མ་གཡོན་པར་བཅིང་བར་བྱའོ། །དེ་ནས་དེའི་སྙིང་

ཁར་ལག་པས་གཏུགས་ཏེ་སྤྱན་གྱི་སྔགས་ལན་བརྒྱ་བཟླ་བར་བྱའོ། །གཞན་དག་ལ་ནི་ཇི་སྐད་དུ་བཤད་པའི་སྦྱིན་སྲེག་ལན་བདུན་བདུན་བྱའོ། །དེ་ནས་བསང་གཏོར་དང་སྲུང་སྐུད་བཅིང་བ་དང་སྙིང་གར་གཏུགས་པ་དག་ཀྱང་བྱའོ། །རྡོ་རྗེ་སེམས་སོགས་སེམས་དཔའ་
མཆོག །དངོས་གྲུབ་ཐམས་ཅད་སྩོལ་མཛད་པ། །རྡོ་རྗེ་ཐམས་ཅད་འབྱུང་བྱས་ལས། །བདག་གིས་དགེ་བ་གང་བསགས་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཀུན་དགའ་སྙིང་པོ་རིག་པ་མཆོག །སེམས་ཅན་ཀུན་གྱི་གཉེན་གཅིག་པོ། །གཙོ་ཆེན་རྡོ་རྗེ་འཛིན་གྱུར་ཅིག །
དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ། ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྒྱུད་ཆེན་པོ་ལས་བཏུས་པ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག །རྡོ་རྗེ་ཐམས་ཅད་འབྱུང་བ་ཞེས་བྱ་བ། རྡོ་རྗེ་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོའི་ཞལ་སྔ་
ནས་